Jump to content

ཀ་ལིངྐ་

ཡོང་ཁུངས་Wikipedia

༡སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་གཞུངནས་བཤད་པའི་ཡུལ་ཉེར་བཞིའི་ནང་ཚན་ཞིག་སྟེ། བུསྟོན་རིན་པོ་ཆེས་མཛད་པའི《བདེ་མཆོག་ཆོས་འབྱུང》ལས། ཡུལ་འདི་མངའ་རིས་གུ་གེའི་མང་ནང་གི་རྒྱབ་ཕྱོགས་རྒྱགར་རྡོ་རྗེ་གདན་ནས་དཔག་ཚད་བཅུ་གཉིས་ཀྱིས་ཆོད་པའི་སར་གླང་པོ་འཛིན་ཞེས་བྱ་བའི་སྒྲུབ་གནས་ཤིག་ཡོད་པ་དེ་ལ་གོ་དགོས་པ་དང་། ༢མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི《རྒྱ་གར་གནས་ཡིག》ལས། ཀ་ལི་ཀ་ཏཱ་ནས་མེ་རྡིལ་ས་ལ་འགྲོ་བའི་མེ་འཁོར་ནང་ཞུགས་ཏེ་ཕྱིན་པས་ཐོག་མར་ཨོ་རིས་ས་ལ་སླེབས། ཡུལ་དེ་ནི་ཨོ་ཊ་བི་ཤའམ་ཀ་ལིང་ཀའི་ཡུལ་ཏེ། སྔོན་དུས་ནངབསྟན་གསང་སྔགས་དར་བའི་གནས་ཡིན་པ་དང་། ད་ལྟ་ཡང་གསང་སྔགས་ཉམས་སུ་ལེན་པ་མང་པོ་ཡོད། ཡུལདེའི་རྒྱ་མཚོའི་འགྲམ་དང་ཉེ་བ་ན། ཛ་གད་ན་ཐ་ཟེརབའི་ཁྱབ་འཇུག་གི་ལྷ་ཁང་ངོ་མཚར་ཅན་དེ་ཡོད་ཅེས་གསལ། ཉེ་རབས་རྒྱ་གར་ཕྱོགས་ཀྱི་མཁས་པ་དགེ་སློང་སཱ་བམ་གི་མེ་གྷར་ཀ་རས་མཛད་པའི《ཆོས་རྒྱལ་མྱ་ངན་མེད་ཀྱི་རྣམ་ཐར》ཨཙརྱ་ཐུབ་བསྟན་བྱམས་པས་བོད་སྐད་དུ་བསྒྱུར་བ་ལས་རྒྱལ་པོ་མྱ་ངན་མེད་ཀྱིས་ཀ་ལིངྐའི་ཡུལ་དབང་དུ་མ་བསྡུས་གོང་གི་ཀ་ལིངྐའི་རྒྱལ་ཁབ་ཀྱི་སྲིད་དབང་ཁྱབ་ཁོངས་ནི། རྒྱ་གར་གྱི་ཤར་མཐའ་ཆུ་བོ་མ་ཧཱན་དི་དང་། གོ་ད་བ་རི་དང་། ཀྲི་ཤྐའི་དབུས་སུ་གནས་པའི་རྒྱལ་ཕྲན་སྟོབས་ཤུགས་ཆེ་བ་ཞིག་ཡིན་པ་དང་མྱ་ངན་མེད་ཀྱི་ཡབ་བིན་དུ་ས་ར(སྙིང་པོ་ཐིག་ལེ)འཚོ་བསྡདསྐབས་ཀ་ལིངྐ་ལ་དམག་དྲངས་ཏེ་ཐེངས་གསུམ་གྱི་བར་མཐའ་བསྐོར་ཡང་དབང་དུ་བསྡུས་མ་ཐུབ། སྐབས་དེརཀ་ལིངྐ་ལ་རྟ་དམག་ཆིག་སྟོང་དང་། གླང་པོ་ཆེ་བདུན་བརྒྱ། རྐང་དམག་ཁྲི་དྲུག་ཡོད། རྒྱལ་པོ་མྱ་ངན་མེད་ཀྱིས་སྲིད་དབང་བཟུང་ནས་ལོ་བརྒྱད་ལ་སླེབས་སྐབས་དམག་ཤུགས་ཆེན་པོས་ཀ་ལིངྐ་ལ་དམག་དྲངས་ནས་མཐའ་བསྐོར་ཞིང་ཡུལ་དེའི་དཔའ་བོ་ཕོ་མོ་མང་པོས་དཔའ་ངར་ཆེན་པོསརྒོལ་ལན་སློག་ཀྱང་མཐར་ཕམ་སྟེ་མི་གྲངས་ཆིག་འབུམ་ལྔ་ཁྲི་ཉིས་སྟོང་ལྷག་ཙམ་གསོན་བཟུང་བྱས་ཤིང་། དམགཐོག་ཏུ་བསད་པ་ནི་གྲངས་ལས་འདས། སྐབས་དེར་གཞི་ནས་ཀ་ལིངྐའི་ཡུལ་དེ་རྒྱལ་པོ་མྱ་ངན་མེད་ཀྱི་མངའ་ཁོངས་སུ་བསྡུས། དམག་འཁྲུག་དེ་རྒྱལ་པོ་མྱ་ངན་མེད་ཀྱིས་ཡུལ་གཞན་ལ་དམག་དྲངས་པའི་ཐ་མ་དེ་ཡིན་ཞེས་གསལ། ཞིབ་པར་གོང་གསལ《རྒྱལ་པོ་མྱ་ངན་མེད་ཀྱི་རྣམ་ཐར》ལས་གསལ་ལོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།