༄༅།། ས་ག་ཟླ་བ།

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

བོད་ཟླ་བཞི་པའི་ཚེས་བཅོ་ལྔའི་ཉི་མ་ནི། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྗོགས་པར་སངས་རྒྱས་པའི་དུས་ཆེན་རེད། ཉི་མ་དེར་ནི་བོད་པ་ཚོས་རང་རང་གི་ལུང་པའི་ནང་ལ་ཡོད་པའི་དགོན་པ་ཁག་ལ་མཆོད་མཇལ་ལ་འགྲོ་གི་ཡོད་པ་རེད། གཙུག་ལག་ཁང་དང་། མཆོད་རྟེན་ཅི་དག་ལ་སྐོར་བ་བརྒྱབ་གར་འགྲོ་གི་རེད། ས་ཟླའི་ཚེས་བདུན་ཉིན་སྟོན་པ་ཤཱཀྱ་མུ་ནེ་ལུམ་བྷིའི་ཚལ་དུ་སྐུ་བལྟམས་པ་དང་། བོད་ཟླ་བཞི་པར་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བ་ཟེར་ཞིང་། ས་ཟླའི་ཚེས་བཅོ་ལྔ་ཉིན་ཤཱཀྱ་མུ་ནེ་ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་པ་ཁྱད་འཕགས་ཞིག་ལ་བརྟེན་ལྷ་ལྡན་ཇོ་བོ་ཤཱཀྱ་རྣམ་གཉིས་ཀྱིས་མཚོན་རྩེ་ཤོད་རྟེན་གཙོ་ཁག་དང་གདན་ས་ཆེན་པོ་རྣམ་པ་གསུམ་གྱིས་མཚོན་དབུས་གཙང་ཁམས་སོགས་ཀྱི་རྟེན་མཆོག་རྣམས་ལ་གཞུང་དང་། དད་ལྡན་ཁག་ནས་ཞལ་གསེར་སྤྱན་འབྱེད་ཟབ་གཟེངས་དང་ལྡན། སྙན་དར། མཆོད་འབུལ། སྨྱུང་གནས་སྲུང་བ། སློང་མོ་བར་སྦྱིན་གཏོང་སོགས་རང་རང་འཁོས་དཔག་ལ་གཞིགས་ཏེ་རྣམ་དཀར་གྱི་ལས་ལ་བརྩོན་པ་དང་། ས་ཟླའི་རིང་སྲོག་གཅོད་སྤངས་པའི་ཤ་ཁྲིམས་བསྡམས་ཏེ་དགེ་སྡིག་ཇི་བྱས་འབུམ་འགྱུར་རེད་ཅེས་པའི་ཆོས་ལུགས་ཀྱི་ཤོད་རྒྱུན་དེར་དམིགས་ནས་ཤ་མི་ཟ་མཁན་མང་པོ་ཡོད་ལ་ནག་ཅན་བཙོན་པ་གློད་འགྲོལ། ངན་སློང་ལ་སྦྱིན་གཏོང་། ལྷག་པར་ཚེས་བཅོ་ལྔ་ཉིན་སྲིན་བུས་ཀྱང་ཤ་སྤངས་པའི་ངག་རྒྱུན་ལ་གཞིགས་ཏེ་མི་མང་ཆེ་བས་ཉིན་དེར་ཤ་རིགས་ཟ་ཡི་མེད་པ་རེད་ལ་བཀའ་ཤག་གིས་གཙོས་ཤོད་སྐོར་གཞུང་ཞབས་རྣམས་དང་། མང་ཚོགས་སྟོང་ཕྲག་མང་པོས་རྒན་སྐྱོར་བྱིས་འཁྲིད་ཀྱིས་གླིང་སྐོར་དང་། རྩེ་སྐོར་དུ་འགྲོ་བའི་སྐབས་དང་བསྟུན་ནས་རྫོང་རྒྱབ་ཀླུ་ཁང་དུ་ཀོ་གྲུར་བསྡད་ནས་གཞས་དང་རྣམ་ཐར་གཏོང་བ། ཇ་ཆང་དང་། ཁ་ཟས་སྣ་ཚོགས་འཁྱེར་ནས་དགའ་སྤྲོའི་རྣམ་པའི་ཁྲོད་དུ་དུས་ཆེན་གཏོང་སྲོལ་ཡོད་པ་རིད་ལ་ཉེ་འཁོར་ཡུལ་མི་མང་པོ་གུང་ཐང་མེ་ཏོག་མཆོད་པ་མཇལ་བར་ཡང་འགྲོ་སྲོལ་ཡོད་པ་རེད།

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

འདི་དོན་ལ་ཡོད་པའི་སྒྲུབ་བྱེད་ཏག་ཏག་མི་འདུག་ལགས།

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]