Jump to content

དགའ་ལྡན་གསེར་ཁྲི་རིམ་བྱོན་

ཡོང་ཁུངས་Wikipedia

འཇམ་མགོན་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་རྗེ་བཙུན་བློ་བཟང་གྲགས་པ་མཆོག་རབ་བྱུང་དྲུག་པའི་མེ་བྱ་ཕྱི་ལོ་ ༡༣༥༧ ལོར་སྐུ་འཁྲུངས། དགུང་ལོ་གསུམ་གྱི་དུས་སུ་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོར་བདུན་ལ་ཕེབས་པ་ན་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ། དགུང་ལོ་བཅུ་དྲུག་ལ་ཕེབས་པ་རབ་བྱུང་དྲུག་པའི་ཆུ་བྱི་ལོ་ལ་དབུས་སུ་སློབ་གཉེར་ལ་ཕེབས་ཐོན་མཛད། དབུས་སུ་འབྱོར་ནས་བཟུང་སྟེ་དབུང་གཙང་གི་མཁས་བཙུན་གྲུབ་པའི་རྣམ་ཐར་ཅན་གྱི་བླ་མ་མང་པོའི་ཞབས་ལ་གཏུགས་ཏེ་ཆོས་གྲྭ་ཆེ་ཁག་ཐམས་ཅད་ཀྱི་ནང་དུ་སློབ་གཉེར་དང་གྲྭ་སྐོར་སོགས་མཛད་ཅིང་། མདོ་སྔགས་ཀྱི་གཞུང་ཆེན་པོ་ཁག་གཙོ་བོར་གྱུར་པའི་བཅུ་ཕྲག་རིག་པའི་གནས་མཐའ་དག་ལ་འདི་མ་གཟིགས་བྱ་བ་དང་འདི་མ་གསན་བྱ་བ་ཞིག་མེད་པར་མཛད་པས་མཁས་པའི་སྙན་གྲགས་གངས་རིའི་ལྗོངས་ཙམ་མ་ཟད་རྒྱ་སོག་གི་ཡུལ་གྲུ་ཀུན་ཏུ་ཁྱབ་སྟེ་རྒྱ་ནག་གོང་མས་ཀྱང་གདན་ཞུ་ལན་གཅིག་མིན་པ་འབྱོར་ཡང་རྒྱལ་བསྟན་རིན་པོ་ཆེའི་མདོ་སྔགས་ཀྱི་གཞུང་དང་ལག་ལེན་ཆུང་ས་ནས་ཆོ་ག་ཆོས་སྤྱོད་ཚུན་ཆད་དང་། གཙོ་བོ་བསྟན་པའི་གཞི་མ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཕྱོགས་ཡོངས་ནས་དག་ཐེར་ལེགས་པར་མཛད་བཞིན་པའི་འཕྲོ་སྐྱོང་བ་དང་། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ཐེག་པ་ཆེན་པོའི་བསྟན་པ་ཡུན་དུ་གནས་པ་ལ་མདོ་སྔགས་ཡོངས་སུ་རྫོགས་པ་གང་ཟག་གཅིག་འཚང་རྒྱ་བའི་ལམ་ཉམས་ལེན་གྱི་རིམ་པའི་ལྟ་སྒོམ་སྤྱོད་གསུམ་གྱི་ཕྱོགས་གང་ནས་ཀྱང་འཁྲུལ་བའི་དྲི་མ་དང་བྲལ་བ་ཞིག་གནས་དགོས་ཤིང་།

དེ་ནི་མཉམ་མེད་ཇོ་བོ་ཆེན་པོས་རྒྱལ་བའི་མདོ་སྔགས་ཀྱི་གཞུང་གི་དགོངས་པ་འགལ་མེད་དུ་བཀྲལ། དགེ་བཤེས་སྟོན་པས་སྲོལ་བཏོད། སྐུ་མཁྱེན་གསུམ་གྱིས་དར་ཞིང་རྒྱས་པར་མཛད་པའི་ཕྱག་སྲོལ་བཟང་པོ་བཀའ་གདམས་གཞུང་པ་བའི་ལུགས་ལྟར་འཛིན་སྐྱོང་གནད་ཆེ་བ་དང་། བོད་བརྒྱུད་ནང་བསྟན་དར་རྒྱས་ཡུན་གནས་ཡོང་བ་ལ། མདོ་སྔགས་ཀྱི་གཞུང་བཟང་པོ་རྣམས་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་ཚུལ་ལས་གཞན་པའི་བསྟན་པ་འཛིན་ཚུལ་མེད་པའི་ཚུལ་ལ་ཐུགས་རྩེ་གཅིག་ཏུ་འགྲུས་ཏེ་རྒྱ་སོག་གི་ཡུལ་དུ་མ་ཕེབས་ཅིང་། གདན་འདྲེན་ཞུ་བའི་མི་སྣ་སོགས་ལ་ཐུག་འཕྲད་ཙམ་ཡང་བཤོལ་བར་མཛད། མ་ཟད་རང་གི་གཅེས་པའི་ཨ་མར་ཐུག་ཏུ་ཡང་མ་ཕེབས་པར་འཆད་རྩོད་རྩོམ་པའི་སྒོ་ནས་སློབ་མ་གསོ་སྐྱོང་གི་བྱ་བ་ཉིད་གནད་ཆེ་བར་མཛད་དེ་སློབ་ཚོགས་ནམ་མཁའི་སྐར་ཚོགས་ལྟར་ཉིན་རེ་བཞིན་འཕེལ། སྐབས་དེ་དག་ཏུ་རྗེ་བླ་མ་འདི་ཉིད་ཀྱི་མཚན་སྙན་ཤིན་ཏུ་རྒྱས་ཏེ་དབུས་གཙང་གི་ཆེ་རྒུའི་གཙུག་ནོར་ལྟ་བུར་གྱུར། རྗེ་ཉིད་འབྱོན་བཞུད་མངས་པས་ཐུགས་སུན་ཞིང་། གནས་གཞི་དགོན་པ་གཏན་ཁེལ་ཞིག་དགོས་གལ་ཆེ་བ་ཡོད་པ་དང་། སློབ་ཚོགས་ཀྱི་ནང་ནས་དགོན་པ་རྙིང་པ་འབུལ་མཁན་དང་གསར་བ་གདིངས་བའི་བདག་རྐྱེན་བྱེད་ཟེར་མཁན་མང་དུ་བྱུང་བའི་སྐབས་སུ། ཇོ་བོ་རིན་པོ་ཆེའི་མདུན་དུ་བརྟག་པ་མཛད་པས་འབྲོག་རི་བོ་ཆེ་དགེ་ལྡན་དུ་དགོན་པ་བཏབ་ན་བཟང་བར་བབས་ཏེ། རྗེ་བླ་མ་དགུང་ལོ་ ༥༣ པ་རབ་བྱུང་དྲུག་པའི་ས་གླང་ཕྱི་ལོ་ ༡༤༠༩ ལོར་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་པ་ནས་རི་བོ་དགེ་ལྡན་པ་ཞེས་པའི་ཆོས་བརྒྱུད་ཆེན་པོ་འདི་དབུ་བརྙེས། དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཁྲི་པ་དང་པོ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ཉིད་ཀྱིས་མཛད། རྗེ་དགུང་ལོ་ ༦༣ ཕྱི་ལོ་༡༤༡༩ ལོར་དགོངས་པ་ཆོས་དབྱིངས་སུ་བཏད་པའི་སྔོན་ཙམ་དུ་བཀའ་བཅུ་བ་དར་མ་རིན་ཆེན་ལ་དབུ་ཞྭ་དང་གོས་བེར་གནང་སྟེ་དོན་དེ་གོ་བར་གྱིས་ཞེས་གསུངས་ཏེ། དོན་གྱིས་རྒྱལ་ཚབ་ཏུ་བསྐོ་བར་མཛད་པ་ལྟར་བཀའ་བཅུ་པ་དར་མ་རིན་ཆེན་ཞེས་རྒྱ་གར་པཎ་ཆེན་ལྟ་བུའི་མཁས་གྲུབ་ཆེན་པོ་ཁོང་གསེར་ཁྲིར་མངའ་གསོལ་མཛད་དེ་དགའ་ལྡན་ཁྲི་ཐོག་གཉིས་པ་ཡིན། 

སྐབས་དེར་རྗེ་བླ་མའི་ནང་ཐུགས་སྲས་ཀྱི་བུ་ཆེན་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས། དཔལ་ལྡན་ཡོན་ཏན་ཚོགས་ཀྱི་བྱེད་པོ་ཡིས། ། མི་འཇིགས་སེང་གེའི་ཁྲི་ལ་དབང་བསྐུར་བ། ། རྒྱལ་བ་གཉིས་པའི་རྒྱལ་ཚབ་ཆོས་ཀྱི་རྗེ། ། མི་ཕམ་བླ་མ་གཉིས་པ་རྒྱལ་གྱུར་ཅིག ། ཅེས་སོགས་ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་ངག་གི་ལམ་ནས་བསྟོད་ཚིག་གི་མེ་ཏོག་འཐོར་བར་མཛད་པ་ནས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཅེས་པའི་ཆེ་བསྟོད་ཀྱང་དུས་དེ་ནས་བྱུང་བར་གྲགས།

རྒྱལ་ཚབ་དར་མ་རིན་ཆེན་གྱིས་ཕྱི་ལོ་ ༡༤༣༡ བར་ལོ་བཅུ་གསུམ་རིང་དགའ་ལྡན་ཁྲི་པ་གནང་སྟེ་རྗེ་བླ་མའི་མཛད་པ་འཕྲིན་ལས་ཀྱི་རྒྱུན་སྐྱོང་ཞིང་། མདོ་སྔགས་གཉིས་ཀ་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པའི་སྙིང་པོ་གསལ་བར་མཛད་པས་རྗེའི་དངོས་སློབ་རྣམས་ཀྱིས་ཀྱང་རྗེ་བླ་མ་དང་འདྲ་བར་དད་གུས་བླ་མེད་ཞུ་ཞིང་ཕ་རྗེས་བུས་ཟིན་པའི་བཤད་སྒྲུབ་ཀྱི་རྐང་ཚུགས་པར་མཛད། 

ཕྱི་ལོ་ ༡༤༣༡ ལོར་རྒྱལ་ཚབ་དར་མ་རིན་ཆེན་ཁྲི་ཟུར་མཛད་པ་དང་། རྒྱལ་ཚབ་ཐམས་ཅད་མཁྱེན་པས་བཀའ་བཀོད་དང་བུ་སློབ་རྣམས་ཀྱི་ཐུགས་རེ་ལྟར་མཁས་གྲུབ་དགེ་ལེགས་དཔལ་བཟང་ཁོང་རྗེ་བླ་མའི་གསེར་ཁྲིར་མངའ་གསོལ་མཛད། དགའ་ལྡན་ཁྲི་ཐོག་གསུམ་པ་ཡིན། ལོ་བརྒྱད་ཀྱི་རིང་ཁྲི་པ་གནང་སྟེ་རྗེ་བླ་མའི་ལྟ་སྒོམ་སྤྱོད་གསུམ་གང་གི་ཐད་ནས་ཀྱང་བསྲེས་ལྷད་ཅུང་ཟད་ཀྱང་ཞུགས་ཏུ་མ་བཅུག་པར་གསེར་སྦྱངས་བཙོ་མ་ལྟ་བུའི་རྣམ་ཐར་སྐྱོང་། དགའ་ལྡན་དུ་གཞུང་ཆེན་བཀའ་པོད་ལྔའི་འཆད་ཉན་གྱི་བཤད་གྲྭ་བཙུགས་པ་དེ་ནས་ད་བར་རི་བོ་དགེ་ལྡན་པའི་དགོན་པ་ཕལ་ཆེ་བར་བཀའ་པོད་ལྔའི་འཆད་ཉན་གྱི་རྒྱུན་བཟང་པོ་འདི་བྱུང་།

འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོ་ཁོང་ཞལ་བཞུགས་དུས་སུ། ཁོང་དང་ཁོང་གི་བུ་སློབ་རྣམས་རྙེད་བཀུར་སྙན་གྲགས་དང་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བའི་དབང་དུ་ཅུང་ཟད་ཀྱང་མ་ཤོར་བར་བསྟན་འགྲོའི་དོན་མཛད་པའི་ལུགས་སྲོལ་བཟང་པོའི་ཤུགས་རྐྱེན་དང་། ཁོང་སྐུ་འདའ་ཁར་བུ་ཆེན་རྣམས་ལས་མཁས་བཙུན་བཟང་པོའི་རྣམ་ཐར་ཁོ་ནར་གཞིག་སྟེ་ཁོང་གི་རྒྱལ་ཚབ་ཏུ་བཀའ་བཅུ་པ་དར་མ་རིན་ཆེན་བསྐོ་བཞག་མཛད་པ་དང་། 

དེའི་རྗེས་སུ་སྲས་ཀྱི་ཐུ་བོ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་རྒྱལ་ཚབ་མཛད་པ་སོགས་རྗེ་བླ་མའི་ལུང་རྟོགས་ཀྱི་བསྟན་པ་འཛིན་པའི་བརྒྱུད་པ་དགའ་ལྡན་ཁྲི་པ་ཞེས་པ་འདི། སྤྲུལ་སྐུའི་ལམ་ལུགས་ཀྱིས་བྱས་མེད་ལ། རྒྱལ་པོའི་ལམ་ལུགས་ལྟ་བུ་ཡང་མ་ཡིན་ཞིང་། མ་ཟད་ཐོབ་གོ་ས་དང་རྒྱུ་ནོར་དཔལ་འབྱོར་གྱིས་ཕྱུག་མིན་སོགས་ལ་མི་བལྟ་བར་རྗེ་བླ་མའི་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་དང་དེ་དོན་སྒྲུབ་པ་ལ་འགྲུས་པའི་ཐོག་ནས་མཁས་བཙུན་གྲུབ་པའི་ཚུལ་གྱིས་ལུང་རྟོགས་ཀྱི་ཡོན་ཏན་ཆེ་ཆུང་ཁོ་ན་ལ་བལྟས་ཏེ་གདན་ས་གསུམ་པོ་གང་རུང་ནས་བསྐོ་བཞག་མཛད་པ་དང་། དེ་འདྲ་མང་ཆེ་བ་གྲྭ་རྐྱང་དཀྱུས་མའི་ལུགས་ཀྱིས་ལྟོ་སྐྱ་གོས་ཧྲིལ་གྱི་སྒོ་ནས་སྐུ་ཚེ་ཐོས་བསམ་སྒོམ་གསུམ་ལ་འབད་བརྩོན་བྱས་པ་དག་གིས་མ་གཏོགས་མི་ཐོབ་པས། སྤྲང་པོའི་བུ་ལ་ཡོན་ཏན་ཡོད་ན། ། དགའ་ལྡན་གསེར་ཁྲིར་བདག་པོ་མེད། ། ཅེས་པའི་གཏམ་དཔེ་དེ་ཡོངས་གྲགས་སུ་བྱུང་ཞིང་། འདི་ནི་རུལ་སུངས་ཀྱི་སྤྱི་ཚོགས་ལས་ཡོངས་སུ་བརྒལ་ནས་ཡོན་ཏན་ཅན་ལ་གོང་བཀུར་བྱས་པའི་བླ་ན་མེད་པའི་མཛད་བཟང་ཞིག་དང་། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས། ཁོང་གི་ཆོས་བརྒྱུད་འདི་ལ་རིགས་མི་གཙོ་རུས་མི་གཙོ་སྒྲུབ་པ་གཙོ་གསུངས་པའི་དགོངས་དོན་ཡང་འདི་ཁོ་ནའོ། །

དགའ་ལྡན་ཁྲི་པ་བསྐོ་བཞག་བྱེད་སྟངས་དེ་བཞིན་དུ་བྱས་ཏེ། དགའ་ལྡན་ཁྲི་ཐོག་བཞི་པ་ཞ་ལུ་བ་ལེགས་པ་རྒྱལ་མཚན་ནས་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་འབྲས་བློ་གླིང་རི་རྫོང་རིན་པོ་ཆེ་དང་། དགའ་ལྡན་ཁྲི་ཐོག་བརྒྱ་དང་གསུམ་པ་འབྲས་བློ་གླིང་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དང་། དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གི་བར་མཁས་བཙུན་བཟང་གསུམ་འཛོམས་པའི་སྐྱེས་ཆེན་ཤ་སྟག་ཕེབས། དེའི་དབང་གིས་རྗེ་བླ་མའི་ཡང་སྲིད་སྤྲུལ་སྐུ་ངོས་འཛིན་བྱས་ཏེ་དགའ་ལྡན་དགོན་པའི་བསྟན་བདག་བྱེད་པའི་སྲོལ་ཞིག་གཏན་ནས་བྱུང་མྱོང་མེད་ལ། དེ་ལ་བརྟེན་ནས་སེ་ར་ནས་བྱམས་ཆེན་ཆོས་རྗེའི་སྤྲུལ་སྐུ་ངོས་འཛིན་བྱས་མི་འདུག་ཅིང་། འབྲས་སྤུངས་ནས་འཇམ་དབྱངས་ཆོས་རྗེའི་སྤྲུལ་སྐུ་ངོས་འཛིན་བྱས་མེད་པ་རེད། དགའ་ལྡན་ཁྲི་ཐོག་དང་པོ་ནས་ཁྲི་ཐོག་སོ་ལྔའི་བར་ཁྲི་བཞུགས་ལོ་ཚད་གཏན་ཁེལ་མེད་ཀྱང་། ཁྲི་ཐོག་སོ་དྲུག་པ་ནས་ཁྲི་འཛིན་ལོ་བདུན་རེ་བྱེད་རྒྱུ་སྡེ་པ་གཙང་བས་གཏན་འབེབས་བྱས་པ་རེད་འདུག ། 

དེ་ནས་བཟུང་སྟེ་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་སྲིད་དབང་བཟུང་བའི་བར་གདན་ས་སེར་འབྲས་དགའ་གསུམ་གྱི་ནང་ནས་དགའ་ལྡན་ཁྲི་པའི་ལམ་ལུགས་དེ་བསླད་མེད་དམ་གཙང་གི་སྐྱེས་ཆེན་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུ་དག་ཕེབས་ཏེ་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་ཚུལ་གཞན་དང་མི་མཚུངས་པ་ཞིག་བྱུང་བ་རེད། དགའ་ལྡན་ཁྲི་པར་ཕེབས་པར་རྨང་གཞིའི་ཆ་རྐྱེན་གདན་ས་ཆེན་པོ་གསུམ་གང་རུང་ནས་ལོ་ངོ་ཉི་ཤུ་ལྷག་གི་རིང་གུས་རྟག་བརྩོན་པ་ཆེན་པོས་མདོ་ཕྱོགས་ཀྱི་གཞུང་ཆེན་དག་ལ་སློབ་གཉེར་གནང་སྟེ། དགེ་བཤེས་ཀྱི་མཚན་རྟགས་བཞེས། དེ་ནས་རྒྱུད་གྲྭ་སྟོད་སྨད་གང་རུང་དུ་ཆོས་ཐོག་ལེགས་པར་འགྲིམས་ཏེ། གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་གཞུང་ཆེན་ཁག་གི་གཙོས་ཁྲིད་ལུང་མན་ངག་ཡོངས་རྫོགས་ཆད་ལུས་མེད་པ་ཞུ་དགོས་པ་དང་། སྔགས་ཀྱི་སློབ་གཉེར་གོ་རིམ་ལྡན་པ་བྱས་ཏེ་སྔགས་ཀྱི་རྩོད་རྒྱུགས་ལེགས་པར་འཕྲོད་པ་བྱས། དེ་ནས་མཚན་ཐོའི་གོ་རིམ་ལྟར་རྒྱུད་གྲྭ་གང་རུང་གི་དབྱར་དགུན་གྱི་དགེ་བསྐོས་གང་རུང་ཞིག་བྱེད། དེ་ནས་བླ་མ་དབུ་མཛད་ལོ་གསུམ། དེ་ནས་མཁན་པོ་ལོ་གསུམ་བཅས་རིམ་པ་བཞིན་གནང་སྟེ། དེ་དག་གི་རིང་ལ་བསྐྱེད་རྫོགས་ཀྱི་གཞུང་ཆེན་ཁག་དང་འགྲེལ་བ་བཞི་སྦྲགས་ཀྱི་འཆད་ཉན་ངེས་པར་འགྲོ་དགོས་པ་དང་། བརྩི་བཞག་བློ་འཛིན་དགོས་པ་སོགས་མ་ཚང་བར་མེད་པར་སྒྲུབ་དགོས་ཤིང་། ཆོ་ག་ཕྱག་ལེན་ཐིག་རྡུལ་ཚོན་སོགས་གང་ཅིའི་ཐོག་ནས་གསང་སྔགས་ཀྱི་གཞུང་མན་ངག་ཕྱག་ལེན་ཀུན་མཐར་ཕྱིན་པ་གནང་དགོས་པས། མདོར་ན་དགའ་ལྡན་ཁྲི་པར་ཕེབས་མཁན་དེ་དག་ཆོས་ཕྱོགས་ཀྱི་ཡོན་ཏན་ནི་མདོ་སྔགས་ཀྱི་གཞུང་ལུགས་དང༌།

ལག་ལེན་ཀུན་ལ་མཁས་པའི་མཐར་སོན་པ་ཤ་སྟག་ཡིན་པ་མ་ཟད། ཀུན་སྤྱོད་སོགས་ཀྱི་ཆ་ནས་སྐུ་ཚེའི་རིང་ལ་གྱོད་ཁ་མཆུ་དང་ཚུལ་མིན་གྱི་བྱ་སྤྱོད་འདྲ་མིན་ལ་ཞུགས་པའི་མིང་ཙམ་ཡང་མེད་པ་ཞིག་དགོས་པ་ཡིན། རྒྱུད་པའི་མཁན་ཟུར་གནང་ནས། རྒྱུད་སྨད་ནས་ཡིན་ན་བྱང་རྩེ་ཆོས་རྗེ་དང་། རྒྱུད་སྟོད་ནས་ཡིན་ན་ཤར་རྩེ་ཆོས་རྗེ་ལ་ཕེབས་དགོས་པ་དང་། དེ་ནས་ཁྲི་པ་གོང་མ་དག་རིམ་བཞིན་དགོངས་ཞུ་གནང་མཚམས་སུ་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་རྒན་རིམ་ལྟར་དགའ་ལྡན་ཁྲི་པར་ཕེབས་འགྲོ་བ་ཡིན། རྗེ་ཡབ་སྲས་གསུམ་ཕེབས་རྗེས་སུ་དགའ་ལྡན་ཁྲི་པར་ཕེབས་པར་དགུང་ལོ་ ༦༠ ཡན་ཆད་ལ་མ་སླེབས་པ་ཞིག་ཧ་ཅང་ཉུང་བ་ཡིན། གདན་སའི་གྲྭ་རྒན་པ་རྣམ་ཀྱིས་དགའ་ལྡན་ཁྲི་གདན་ཟུར་གསུམ་དུས་གཅིག་ཏུ་འཛོམས་པ་ཡིན་ན་རྗེ་ཡབ་སྲས་གསུམ་ཞལ་མཉམ་འཛོམས་ཀྱི་རྟེན་འབྲེལ་ཡོད་ཅེས་གསུངས་སྲོལ་ཡོད་ཀྱང་ཤིན་ཏུ་དཀོན། 

རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་ཀྱི་སྲིད་དབང་བཟུང་བའི་སྐབས་སུ། བསྟན་པ་སྤྱི་ལ་ཡང་དགའ་ལྡན་ཁྲི་པའི་ལམ་ལུགས་འདི་སྲ་བརྟན་འགྱུར་མེད་ངོས་གཙང་ཞིག་དགོས་གལ་ཆེ་བར་གཟིགས་ཏེ། དགའ་ལྡན་ཁྲི་པར་ཕེབས་མཁན་དག་གདན་ས་ཁག་ཏུ་སློབ་གཉེར་མཐཪ་ཕྱིན་ཅིང་། དགེ་བཤེས་ལྷ་རམས་པའི་གོ་གནས་མ་ཐོབ་ན་དགའ་ལྡན་ཁྲི་པར་ཕེབས་མི་ཆོག་པ་བཟོས། སྐབས་དེར་སྐུ་ཕྲེང་བཅུ་གསུམ་པ་རང་གི་དགོངས་བཞེད་ལྟར། མདོ་སྔགས་ཀྱི་གཞུང་ཆེན་དག་གཞིར་བྱས་ནས་དགེ་བཤེས་ལྷ་རམས་པའི་རྒྱུགས་ཆེན་བླངས་ཏེ་རྒྱུགས་སྤྲོད་ཀྱི་ཚད་གཞི་ལོན་ངེས་དག་སྔར་རྒྱུན་ལྟར་རྒྱུད་གྲྭ་གཉིས་ཀྱི་དགེ་བསྐོས་དང་། བླ་མ་དབུ་མཛད་དང་། མཁན་པོ་སོགས་རིམ་བགྲོད་ཀྱིས་ཤར་བྱང་གང་རུང་གི་ཆོས་རྗེ་ལ་ཕེབས། དེ་ནས་མཚན་ཐོའི་རྒན་རིམ་ལྟར་དགའ་ལྡན་ཁྲི་པར་ཕེབས་ཆོག་པ་བཟོས་ཏེ། ལྷ་རམས་པའི་རྒྱུགས་སྤྲོད་བཞེས་ནས་དགའ་ལྡན་ཁྲི་པར་ཕེབས་མཁན་དང་པོ་དེ་དགའ་ལྡན་ཁྲི་ཐོག་༩༣ པ། དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་མི་ཉག་དགེ་བཤེས་ཨ་མེས་ཡེ་ཤེས་དབང་ལྡན་ཕྱི་ལོ་ ༡༩༣༣ ལོར་ཁྲིར་ཕེབས། དེ་ནས་བཟུང་དགེ་བཤེས་ལྷ་རམས་པ་མ་གཏོགས་དགའ་ལྡན་ཁྲི་པར་ཕེབས་ས་མེད་པ་གཏན་ཁེལ་གནང་ཡོད། དགའ་ལྡན་ཁྲི་པར་ཕེབས་མཁན་རྣམས་བཞུགས་ཡུལ་དགའ་ལྡན་ཁྲི་ཐོག་ཁང་དུ་བཞུགས་དགོས་པ་དང་། ལས་ཐོག་ཁྲི་བཞུགས་རིང་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་གསུམ་གྱི་ཆོས་འཆད་ཉན་གྱི་ཐུགས་འགན་གཙོ་བོར་བཞེས་ཏེ་སྤྱིའི་བཀོད་འདོམས་གནང་དགོས་པ་དང་། ལྷ་ལྡན་སྨོན་ལམ་ཆེན་མོ་སོགས་ཀྱི་ཚོགས་དབུ་མཛད་དགོས་པ། དེང་སྐབས་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་དང་། འཇང་དགུན་ཆོས་ཆེན་མོ་སོགས་༌གདན་ས་གསུམ་གྱི་མཉམ་དུ་སྒྲུབ་དགོས་པའི་ཕྱག་ལས་མང་པོ་ཞིག་གི་གཙོ་འཛིན་ཡང་གནང་དགོས་པ་བཅས་སོ། །


དགའ་ལྡན་ཁྲི་ཐོག་གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གཉིས་པ་རྒྱལ་ཚབ་དར་མ་རིན་ཆེན་ནི། རབ་བྱུང་དྲུག་པའི་ཤིང་འབྲུག་༡༣༦༤ལོར་གཙང་ཉང་སྟོད་དུ་རི་ནང་བློན་པོ་རྦ་ཡི་རིགས་རྒྱུད་ཡབ་རྟ་དཔོན་དང༌། ཡུམ་ཇོ་མོ་ཤེས་རབ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་པ་ནས་གནས་ར་སྙིང་མཁན་པོ་རིན་ཆེན་རྒྱལ་མཚན་ལས་རབ་ཏུ་བྱུང་བའི་མཚན་ལ་དར་མ་རིན་ཆེན་གསོལ། ། གངས་ཅན་པ་ཀུན་དགའ་དཔལ་གྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་ལ་བསླབས། དཀའ་བཞི་བ་རིན་ཆེན་རྡོ་རྗེ་དང༌། རྗེ་རེད་མདའབ་གཞོན་ནུ་བློ་གྲོས། ཉ་དབོན་པ་སོགས་ལས་བྱམས་ཆོས་དང༌། རིགས་ཚོགས། མངོན་པ་གོང་འོག ཚད་མ་སྡེ་བདུན། འདུལ་བ་སོགས་མདོ་ཕྱོགས་དང༌། བདེ་དགྱེས་གསང་འདུས་ཀྱཻ་རྡོར་སོགས་མདོ་སྔགས་ཀྱི་བཀའ་བསྟན་གཞུང་ལུགས་ཀུན་ལ་ཞིབ་ཏུ་བསླབས་པས་གཙང་ཕྱོགས་སུ་མཁས་པའི་མཚན་སྙན་འབར། རེད་མདའ་བའི་ཐུགས་སྲས་རབ་འབྱམས་སྨྲ་བའི་བཤེས་གཉེན་བདུན་ལས་རྩོད་པའི་ཁྱུ་མཆོག་དར་མ་རིན་ཆེན་ཞེས་བགྲངས་པ་བྱུང༌། དགུང་ལོ་ཉེར་ལྔ་པར་ཉ་དབོན་ཀུན་དགའ་བཟང་པོས་མཁན་པོ་དང༌། རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་ལས་སློབ། གངས་ཅན་པ་ཀུན་དགའ་དཔལ་གྱིས་གསང་སྟོན་མཛད་དེ་མཁན་སློབ་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས། ས་སྐྱ་དང༌། གསང་ཕུར། རྩེད་ཐང་བཅས་སུ་སྔ་ཕྱིར་བཀའ་བཅུའི་གྲྭ་སྐོར་མཛད། རོང་སྟོན་སྨྲ་བའི་སེང་གེ་དང༌། གཡག་ཕྲུག་སངས་རྒྱས་འཕེལ་ལྟ་བུའི་གངས་ཅན་ལྗོངས་སུ་རྩོད་པའི་ཁྱུ་མཆོག་ཏུ་གྲགས་པ་དེ་དག་དང་གསུང་རབ་བཀའ་བསྟན་ཀྱི་བཀའ་གནད་བགྲོ་གླེང་མཛད་པས། རྨོངས་པ་དང་ཕྱོགས་ལྷུང་ཅན་དག་མགོ་འཐོམས་ཤིང་གཟུར་གནས་དཔྱོད་ལྡན་མཁས་པའི་སྐྱེས་ཆེན་ཀུན་གྱིས་དད་གདུང་ཡིད་རང་གི་མེ་ཏོག་འཐོར་བས་དབུས་གཙང་གཉིས་སུ་མཁས་པའི་མཚན་སྙན་གྱིས་ཡོངས་སུ་ཁྱབ།

ལོ་རྒྱུས་ཐོག་དཀའ་བཅུའི་གྲྭ་སྐོར་འཇོག་པའི་སྲོལ་ཡང་འདི་ནས་དར་བར་བཤད། གསང་ཕུར་རོང་སྟོན་ཤཱ༷་རྒྱལ་མཚན་དང་ཐེག་གསུམ་རྣམ་བཞག་ལས་འཕྲོས་ཏེ་རྩོད་པའི་བགྲོ་གླེང་སྐོར། དེ་དུས་ཚོགས་སུ་ཡོད་པའི་མཁས་པ་ཚོས་ཡི་གེར་བཀོད་པའང་ཡོད་སྐད། དེ་ནས། དབུས་སུ་གྲྭ་སྐོར་དུ་ཕེབས་པ་ན་རྗེ་ཙོང་ཁ་པ་ཆེན་པོའི་མཚན་སྙན་ཐོས་ཏེ་རྩོད་པའི་ཆེད་གཉལ་སྟོད་ར་གྲོང་དུ་བྱོན། རྗེ་ཙོང་ཁ་པ་ཆེན་པོས་སློབ་ཚོགས་བརྒྱ་ཕྲག་དུ་མར་བཀའ་ཆོས་གསུང་བཞིན་པ་དང་འཁེལ། ཐད་ཀར་རྗེ་བླ་མའི་སྐུ་མདུན་དུ་བཅར་ཏེ། མདོ་སྔགས་ཀྱི་དཀའ་གནད་དུ་མ་ལས་བརྩམས་པའི་དྲི་བ་དུ་མ་ཕུལ་བ་ལ་རྗེ་བླ་མས། དཀའ་གནད་དོགས་སེལ་གྱི་ལན་ཐོགས་མེད་དུ་གནང་བར་མ་ཟད། ད་དུང་རྟོགས་ལྡན་ལ་སྐྱེ་འོས་པའི་དཀའ་གནད་དོགས་སློང་འགའ་ཞིག་གི་དྲི་བ་གནང་བར་ལན་གྱི་དཔག་པ་མ་བྱུང་བ་དང༌། ཆོས་ཀྱི་གྲགས་པའི་རིགས་ལམ་ལ་བརྟེན་ནས་གསུང་རབ་དགོངས་འགྲེལ་དང་བཅས་ཐར་འདོད་སྐྱེས་བུའི་ལམ་དུ་འགལ་མེད་སྒྲུབ་ཚུལ་དང༌། རྗེ་བླ་མའི་མཁས་བཙུན་བཟང་པོའི་ཡོན་ཏན་གྱི་ཐུགས་ཡིད་དབང་མེད་དུ་འཕྲོག་སྟེ་ཞབས་ལ་གཏུགས་ནས་ཕྱག་བྱས། བླ་མ་རྗེ་བཙུན་རེད་མདའ་བ་ལ་གནང་བ་ཞུས་ཏེ་རྗེ་ཙོང་ཁ་པ་ཆེན་པོ་འདི་ལ་ལུས་དང་གྲིབ་མ་བཞིན་ཞབས་འབྲིང་དུ་ཐུགས་རྗེས་བཟུང་བའི་གསོལ་བ་བཏབ་པར་རྗེ་ཉིད་ཀྱིས་ཀྱང་ཞལ་བཞེས་མཛད།

དེ་ནས་བཟུང་རྗེ་ཙོང་ཁ་པ་ཆེན་པོའི་དྲུང་ནས་མདོ་སྔགས་ཀྱི་བཀའ་ཆོས་མཐའ་ཡས་པ་གསན་པར་མ་ཟད། གསུང་ལས། ཇི་སྲིད་རྗེ་བཙུན་བླ་མ་མ་རྙེད་བར། ། དེ་སྲིད་སྲིད་པའི་རྩ་བ་གཅོད་བྱེད་པའི། ། རྟེན་འབྱུང་མཐའ་དང་བྲལ་བའི་དབུ་མ་ནི། ། ཕྱོགས་ཙམ་ཞིག་ཀྱང་རྙེད་པ་མ་གྱུར་རམ། ཞེས་རྗེ་བླ་མ་དང་མཇལ་ནས་ཟབ་མོའི་ཆོས་ཀྱི་འབྲེལ་བ་མ་བྱུང་བར་དུ་དབུ་མའི་ལྟ་བའི་གནད་ལ་ཕྱོགས་ཙམ་ཡང་བློ་ཁ་མ་ཕྱོགས་པར་གསུངས། རྗེའི་དྲུང་ན་འཁོད་པའི་སློབ་མ་རྣམས་ལ་ཕར་ཚད་སོགས་ཀྱི་བཀའ་ཁྲིད་ཀྱང་རྒྱ་ཆེར་གནང༌། རྗེ་བླ་མས་ས་གླང་༡༤༠༩ལོར་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་དུས་ཁ་འཛིན་གྱི་འགན་ཆ་ཚང་བླངས་ནས་ལེགས་གྲུབ་བྱུང༌། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་དང༌། ལས་དང་སྨོན་ལམ་གྱི་མཐུ་བཙན་པོས་དགེ་ལྡན་བསྟན་པ་འཛིན་ཅིང་སྤེལ་པའི་ཆེད་དུ་བསམ་བཞིན་སྐྱེ་བ་བཞེས་པར་དགོངས་ནས། རྗེ་བླ་མ་རང་ཉིད་ཞིང་གཞན་དུ་གཤེགས་ཁར། དགའ་ལྡན་འོད་གསལ་ལྷ་ཁང་དུ་བུ་སློབ་གཙོ་གྲས་ཐམས་ཅད་ཚོགས་པའི་དབུས་སུ། ན་བཟའ་བེར་ཐུལ། དབུ་ཞྭ་བཅས་རྗེ་འདི་ཉིད་ལ་གནང་སྟེ། དོན་དུ་རྗེ་རང་གི་རྒྱལ་ཚབ་ཏུ་དབང་བསྐུར་བ་ལྟར། དགུང་ལོ་ང་དྲུག་པ་རབ་བྱུང་བདུན་པའི་ས་ཕག་ ༡༤༡༩ ལོར་འདུལ་འཛིན་གྲགས་པ་རྒྱལ་མཚན་ཀྱིས་ཐོགས་དྲངས།

རྗེའི་བུ་སློབ་ཀུན་གྱིས་དགའ་ལྡན་གསེར་ཁྲིར་གདན་དྲངས་ནས། མཁས་གྲུབ་ཆོས་ཀྱི་རྒྱལ་པོས། དཔལ་ལྡན་ཡོན་ཏན་ཚོགས་ཀྱི་བྱེད་པོ་ཡིས། ། མི་འཇིགས་སེང་གེའི་ཁྲི་ལ་དབང་བསྐུར་བའི། ། རྒྱལ་བ་གཉིས་པའི་རྒྱལ་ཚབ་ཆོས་ཀྱི་རྗེ། ། མི་ཕམ་བླ་མ་གཉིས་པ་རྒྱལ་གྱུར་ཅིག ཅེས་སོགས་ཀྱི་གསོལ་འདེབས་དང་བཅས། རྗེ་བླ་མའི་རྒྱལ་ཚབ་ཏུ་མངའ་གསོལ་བས། རྒྱལ་ཚབ་ཆོས་རྗེ་ཞེས་གྲགས་པ་བྱུང༌། དགེ་འདུན་གྱི་བཅས་ཁྲིམས་ཤིན་ཏུ་དམ་པར་མཛད། དབྱར་དགུན་གཉིས་སུ་དགའ་ལྡན་དུ་བཞུགས་ཏེ་གཙོ་བོར་བྱང་ཆུབ་ལམ་རིམ་དང་སྔགས་བསྐྱེད་རྫོགས་ཀྱི་བཀའ་འཁྲིད་གནང་ཞིང༌། སྐབས་འགར་མཚམས་དམ་པོར་མཛད་ནས་མདོ་སྔགས་ཀྱི་ལམ་རིམ་ལ་གོམས་པའི་བསམ་གཏན་ལྷུར་བཞེས་མཛད།

དཔྱིད་སྟོན་གཉིས་སུ་སེར་འབྲས་དང༌། གསང་ཕུ། འོལ་ཁ། གནས་རསྙིང་སོགས་སུ་ཕེབས་ཏེ་སྙང་མར་གནས་པ་དང་ཕྱོགས་ནས་ཕེབས་པའི་དགེ་འདུན་སྡེ་སྣོད་འཛིན་པ་རྣམས་ལ། བཀའ་ཆེན་བཞི་དང༌། དབུ་མ་རྩ་འཇུག དྲང་ངེས་རྣམ་འབྱེད་སོགས་མདོ་ཕྱོགས་ཀྱི་བཤད་པ་དང༌། ཡི་དམ་གསང་བདེ་འཇིགས་གསུམ་གྱི་བཤད་ཁྲིད་དང༌། ལུང་དང་མན་ངག་དབང་དང་རྗེས་གནང་སོགས་གནང་བ་མཛད། ལྷག་པར་ལྕགས་ཕག་༡༤༣༡ལོར་གནས་ར་སྙིང་དུ་སྙང་མར་གནས་པ་དང་ཕྱོགས་ཕེབས་ཀྱི་སྡེ་སྣོད་འཛིན་པ་སྟོང་ཕྲག་ཚོགས་པར་གཞུང་ཆེན་པོ་རྣམས་ཀྱི་དཀའ་གནད་དོགས་གཅོད་དང༌། རྣམ་འགྲེལ་གྱི་ཞིབ་བཤད་རྒྱ་ཆེར་མཛད་དེ། སྔ་ཕྱི་མི་ལོ་བཅུ་གསུམ་རིང་འཆད་རྩོད་རྩོམ་པ་དང་མཁས་བཙུན་བཟང་པོའི་ཡོན་ཏན་ཤིན་ཏུ་ཟབ་པ་ལ་བརྟེན་ནས་རྗེའི་སློབ་མ་ཡོངས་ཀྱིས་རྗེ་བླ་མ་དངོས་དང་ཁྱད་མེད་ལྟ་བུར་བཀུར་བར་བྱེད། བཤད་སྒྲུབ་ལས་གསུམ་གྱིས་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲི་ཚུལ་བཞིན་སྐྱོང༌། དགུང་གྲངས་རེ་བརྒྱད་པ་རབ་བྱུང་བརྒྱད་པའི་ལྕགས་ཕག་༡༤༣༡ལོར། གསང་བའི་བདག་པོས་ལྷོ་བྲག་གྲུབ་ཆེན་པ་ལ་ལུང་གི་རྗེས་སུ་བསྟན་པ་བཞིན མཁས་གྲུབ་ཆོས་རྗེ་དགའ་ལྡན་གསེར་ཁྲིར་མངའ་གསོལ་ནས་རང་ཉིད་རྒྱལ་ཁང་རྩེར་ཟུར་བཞུགས་མཛད། ཟབ་ལམ་རིམ་པ་གཉིས་ཀྱི་ཐུགས་དམ་ཉམས་བཞེས་ཀྱིས་རྩེ་གཅིག་སྒྲུབ་པ་ལ་བརྩོན་པར་མཛད།

རྗེ་འདིའི་འཕྲལ་གྱི་མཛད་པའི་དབང་དུ་བྱས་ན་སྲིདཔའི་ཕུན་ཚོགས་ལ་སྙིང་པོ་ཏིལ་འབྲུ་ཙམ་ཡང་མི་འཛིན་པར་ལོངས་སྤྱོད་ཀྱི་ཡོ་ལངས་དང་འཇིག་རྟེན་མཐུན་འཇུག་ནམ་ཡང་མི་མཛད་པ། མཚམས་སུ་བཞུགས་དུས་བསྔོ་རྟེན་སོགས་མཚམས་ཁང་འགག་ཏུ་འབུལ་བའི་བརྡ་ལན་དུ་ཕྱག་མདུད་རེ་གནང་བ་ལས་སྐུ་དྲུང་དུ་བཅར་དུ་མི་འཇུག སྐབས་ཤིག་ཤར་པ་རིན་ཆེན་རྒྱལ་མཚན་གྱིས། སྦྱིན་བདག་ཚོ་སྐུ་མདུན་དུ་མ་བཏང་ན་ཡིད་མི་ཆེས་པ་འདུག་ཞུས་པས། རྗེ་འདིས་དབུ་ཞྭ་ཕུད་ནས་ངས་འཇིག་རྟེན་མཐུན་འཇུག་གི་ལས་ལ་བརྩོན་པའི་ལོང་འདུག་གམ། ངའི་མགོ་ལ་ལྟོས་དང་ཞེས་གསུངས་སྐུད། ལུང་གི་ཡོན་ཏན་གྱི་དབང་དུ་བྱས་ན་མདོ་སྔགས་བཀའ་བསྟན་ཀྱི་གཞུང་ལུགས་དུ་མ་ཐུགས་ཐོག་ནས་ཞལ་འདོན་གནང་བ་དང༌། གཞུང་དོན་གདམས་པ་ཤར་བ་དང༌། རྟོགས་པའི་ཡོན་ཏན་གྱིདབང་དུ་བྱས་ན་སྡོམ་པ་གསུམ་གྱི་བཅས་མཚམས་ལས་ཕྲ་མོ་ཙམ་ཡང་མ་གོས་པར་ཚུལ་ཁྲིམས་ཀྱི་དྲི་བསུང་མངར་མོ་རྒྱང་རིང་དུ་ལྡང་བ་དང༌། སེམས་ཅན་སྡུག་བསྔལ་གྱིས་མནར་བར་སྙིང་རྗེའི་སྤྱན་ཆབ་ངང་གིས་འབྱུང་བ། ཟབ་མོའི་ལྟ་བ་དང༌། རིམ་གཉིས་ཀྱི་རྟོགས་པའི་གདེང་ཐོབ་པ་སོགས་ཁུངས་ལྡན་གྱི་རྣམ་ཐར་དུ་མ་ལས་འབྱུང་བ་ལྟར་རོ། ། སྣེའུ་པས་པོ་ཏ་ལར་གདན་དྲངས་པ་ལྟར་ཕེབས་ལམ་དུ། ཀོ་གྲུ་ནང་ལྷ་སའི་གཙང་ཆུ་བརྒལ་དུས་གྲུབ་ཐོབ་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོ་བྱོན་ནས། སྐུ་ཚེ་རིང་པོ་མེད་པས་ལྕགས་ཟམ་འོག་ལ་ཀོ་གྲུ་ཐོངས་གསུངས་ཀྱང༌། ཀོ་གྲུ་ལྕགས་ཟམ་གོང་དུ་ཆོད། ལྕགས་ཟམ་འོག་ཏུ་གྲིབ་ཆེ་གསུང་ནས་མ་བྱོན། ཀོ་གྲུ་ལས་ཚུར་ཕེབས་དུས། སྣེའུ་དཔོན་གྱིས་ཕུ་དུང་ཚ་ཕྱིས་མཛད་ནས་ཚུར་འཐེན་གྲབས་ཞུས་པར། སྡིག་ལག་དེ་ཕར་བསྡུས་གསུངས། དེ་ནས་པོ་ཏ་ལར་ཕེབས་ཏེ་མདོ་སྔགས་ཀྱི་ལམ་རིམ་གཉིས་ཀྱིས་མཚོན་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར། རྗེ་འདིས་ཆོས་འཁོར་རྒྱ་ཆེར་བསྐོར་བའི་མཐའ་མ་ཡང་འདི་ཉིད་ཡིན་ནོ། དེ་སྐབས་སྐུ་ཅུང་ཟད་སྙུན་བའི་ཚུལ་བསྟན་ཏེ་དགུང་ལོ་རེ་དགུ་རབ་བྱུང་བདུན་པའི་ཆུ་བྱི་༡༤༣༢ལོའི་བོད་ཟླ་ལྔ་པའི་ཚེས་བརྒྱད་ཉིན་མེ་ཏོག་གི་ཆར་འབབ་པ་སོགས་ཡ་མཚན་པའི་བལྟས་དུ་མ་དང་བཅས། གྲུ་འཛིན་གཉིས་པའི་ཁང་བཟང་པོ་ཏ་ལར་དགོངས་པ་གཞན་དོན་དུ་གཤེགས། མཁས་གྲུབ་ཆོས་ཀྱི་རྒྱལ་པོས་སྡེ་པ་སྣེའུ་པ་ལ་མངགས་དོན་བཞིན་སྐུ་གདུང་པོ་ཏ་ལ་ནས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གདན་དྲངས་པའི་སྐབས་ཀྱང་མེ་ཏོག་གི་ཆར་དང་འཇའ་ཁ་དོག་སྣ་ཚོགས་པས་ལྷ་ས་ནས་དགའ་ལྡན་བར་དུ་སྦྲེལ། ཞུགས་ལ་ཕུལ་བས་རིང་བསྲེལ་དུ་མ་བྱུང་ཞིང་དེང་སང་གི་བར་དུའང་རྒྱལ་ཚབ་རིང་བསྲེལ་ཞེས་འབྲེལ་ཡོད་དད་ལྡན་དུ་མའི་རྟེན་ཁྲོད་དུ་ཡོད་པར་བཤད། རྗེ་འདིའི་སྐུ་རྟེན་ཇོ་ཁང་དུ་ཇོ་བོ་རིན་པོ་ཆེའི་གསེར་སྐུ་ཆེན་མོ་དང༌། ཐུགས་རྟེན་དངུལ་གྱི་མཆོད་སྡོང༌། རྗེའི་གསེར་གདུང་ཆེན་མོའི་གཡས་ན་བྱིན་རླབས་ཀྱི་ཚན་ཁ་འབར་བཞིན་བཞུགས།

རྗེ་འདིའི་སྐྱེ་རབས་སྔ་མ་སྤྲུལ་གཞི་འཕགས་མཆོག་སྤྱན་རས་གཟིགས་དང༌། དེའི་སྤྲུལ་པ་རིགས་ལྡན་པདྨ་དཀར་པོ་སོགས་ཡིན་པར་བཤད། གསུང་གི་ལེགས་བཤད་ནི་ཚད་མ་རྣམ་འགྲེལ། རྣམ་ངེས། རིག་ཐིགས་གསུམ་གྱི་དར་ཊིཀ་ཆེན་མོ། ། ཚད་མ་མདོའི་དར་ཊིཀ། རྣམ་འགྲེལ་གྱི་ས་བཅད་ཆེན་པོ། རིགས་གཏེར་ྜྲིཀ། ཕར་ཕྱིན་རྣམ་བཤད་སྙིང་པོ་རྒྱན། དབུ་མ་རིན་ཆེན་ཕྲེང་བའི་ཊིཀྐ། རྒྱུད་བླ་མའི་ཊིཀྐ། བཞི་བརྒྱ་པའི་དར་ཊིཀྐ། སྤྱོད་འཇུག་དརཊིཀ། ཀུན་བཏུས་དར་ཊིཀ་སོགས་མདོ་སྔགས་ཀྱི་གཞུང་ཆེན་པོའི་དགོངས་འགྲེལ་གྱི་གསུང་འབུམ་པོད་ཆེན་བརྒྱད་ཙམ་དཔྱོད་ལྡན་མཁས་པའི་དགའ་སྟོན་དུ་འཕྲིན་ལས་ཀྱི་འོད་སྣང་འབར་བཞིན་བཞུགས། གསུང་སྐྱེས་སློབ་མ་ཡང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་རྗེའི་དངོས་སློབ་ཕལ་ཆེ་བ་དང༌། མཁས་པ་རིན་ཆེན་བཀྲིས། པཎ་ཆེན་བྱམས་པ་གླིང་པ། རིན་ཆེན་དཔལ། འདུལ་དཀར་བ་གྲགས་པ་དཔལ་ལྡན། བློ་གྲོས་མགོན་པོ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བསྐྱངས།


དགའ་ལྡན་ཁྲི་ཐོག་གསུམ་པ་མཁས་གྲུབ་སྨྲ་བའི་སེང་གེ་དགེ་ལེགས་དཔལ་བཟང་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གསུམ་པ་མཁས་གྲུབ་སྨྲ་བའི་སེང་གེ་དགེ་ལེགས་དཔལ་བཟང་པོ་ནི། ཡབ་བྱང་པའི་དཔོན་ཞལ་ངོའི་རིགས་ཀུན་དགའ་བཀྲ་ཤིས་དཔལ་བཟང་དང༌། ཡུམ་བུ་འདྲེན་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཤིང་གླང་༡༣༨༥ལོར་གཙང་ལ་སྟོད་ཆུ་འོག་ཏུ་འཁྲུངས། སྐུ་ན་ཆུང་དུས་ནས་མཁས་གྲུབ་ལྷ་དབང་བློའི་རྣམ་འཕྲུལ་དུ་སྔོན་གནས་རྗེས་དྲན་གྱིས་ངོས་འཛིན་གནང་བས། མཁས་གྲུབ་དགེ་ལེགས་གྲགས། བ་སོ་ཆོས་ཀྱི་རྒྱལ་མཚན་དང༌། བསོད་ནམས་བཀྲིས་གཉིས་ཀྱང་རྗེ་འདི་ཉིད་དང་ཡབ་ཡུམ་གཅིག་པའི་སྐུ་མཆེད་ཡིན་ནོ། སྔོན་གྱི་བག་ཆགས་སད་དེ་ཆུང་དུས་ནས་རིགས་ལམ་ལ་ཆགས་ཐོགས་མེད་པའི་མཁྱེན་རབ་རྒྱས། ཕྱག་དྲུག་པའི་རྗེས་གནང་ཞུས་ཏེ་བསྙེན་སྒྲུབ་གཏོར་འབུལ་ཆགས་མེད་མཛད་པས་མགོན་པོའི་བཞོན་པ་ཕག་གི་སྐུད་མཆོད་གཡོག་ཚོས་ཀྱང་ཐོས་སྐད། དཔལ་ལྡན་ས་སྐྱ་བའི་ལམ་འབྲས་པ་ཡེ་ཤེས་དཔལ་དང༌། ཀུན་དགའ་རྒྱལ་མཚན། རྗེ་བཙུན་རེད་མདའ་བ་བཅས་ལ་བསྟེན་ནས། ཐ་སྙད་རིག་པ་དང་མདོ་སྔགས་གསུང་རབ་དགོངས་འགྲེལ་བཅས་པར་བསླབས་པས་རིགས་པའི་དབང་ཕྱུག་ཏུ་གྱུར། མཁས་གྲུབ་སེང་གེ་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་སྔར་གྱི་མཁས་གྲུབ་དགེ་ལེགས་ཐོག་དཔལ་བཟང་པོ་ཞེས་པ་བསྣན་པས། མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ཞེས་གྲགས་པ་བྱུང༌།

དགུང་ལོ་བཅུ་དྲུག་པར་གཙང་ངམ་རིང་དུ་བོ་དོང་པཎ་ཆེན་འཇིགས་མེད་གྲགས་པས་རིགས་གཏེར་དགག་པའི་གཞུང་བརྩམས་ཏེ་དམ་བཅའ་མཛད་པར་སུས་ཀྱང་རྒོལ་བར་མ་ནུས་པས་རྗེ་འདི་ཉིད་ཀྱིས་སྡེ་སྣོད་འཛིན་པ་མཁས་པ་སྟོང་ཕྲག་ཚོགས་པའི་དབུས་སུ་བོ་དོང་པ་ལ་བདེན་གཉིས་སྐོར་ལས་འཕྲོས་ཏེ་དྲི་མ་མེད་པའི་རིགས་པའི་ལམ་ནས་བརྒལ་བར་མཛད། མཐར་པཎ་ཆེན་ཕྱོགས་རྒྱལ་བས་མདོ་སྡེ་པའི་གྲུབ་མཐའི་ནང་འགལ་ཡིན་ཞེས་སྨྲ་དགོས་པར་བཟོས། སྐབས་དེར་རྩོད་པའི་དཀྱིལ་འཁོར་ནང་བཞུགས་པའི་མཁས་པ་ཚོས་ཟུར་བྲིས་སུ་ཕབ་པ་རྣམས་དུས་ཕྱིས་ཕྱོགས་བསྒྲིགས་ཏེ་ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ་མཛད་པར་གྲགས། བོ་དོང་པཎ་ཆེན་ཡང་ཐུགས་ཡིད་དབང་མེད་དུ་འཕྲོག་སྟེ་མཁས་གྲུབ་རྗེ་ལ་བསྟོད་པ་བུང་བ་རྣམ་པར་རྩེན་པ་ཞེས་པ་མཛད་སྐད་གྲགས་ཤིང༌། བསྟོད་པ་དེའི་ནང༌། རྟོག་གེ་རྣམ་ལྡན་མྱུར་འདྲ་རྣམས། ། ཁྱོད་ཀྱི་མདུན་སར་བརྒལ་ལན་གྱི། ། གཏམ་ལ་ཞུགས་ཚེ་མགྲིན་པ་ནང༌། ། རང་སྲོག་གིས་འགག་མི་སྨྲ་ཐོབ། ཅེས་སོགས་བྲིས་འདུག་ལ། འདི་ཉིད་རྩོམ་པ་པོ་བོ་དོང་པཎ་ཆེན་ཡིན་མིན་ནི་མིཤེས། ངམ་རིང་གི་དབྱར་ཆོས་ཤིག་ཏུ་ཚོགས་སུ་མཁས་གྲུབ་གཡག་པ་ཡང་རྩོད་པ་ཕམ་པར་བྱས་ཞེས་ཟེར། སྐབས་དེ་ཙམ་ནས་གཙང་གི་ཁུལ་དུ་རྩོད་པའི་ཁྱུ་མཆོག་ཏུ་གྲགས། དགུང་ལོ་བཅོ་བརྒྱད་པ་ནས་འཇམ་དབྱངས་སྨྲ་སེང་གི་བསྟོད་པ་མཚན་དཔེས་རབ་རྒྱན་མ་རྩོམ་པས། རྩོམ་པའི་ཁྱུ་མཆོག་ཏུའང་གྲགས་པ་བྱུང༌། དགུང་ལོ་ཉེར་གཅིག་པ་རབ་བྱུང་བདུན་པའི་ཤིང་བྱ་༡༤༠༥ལོར་རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མཁན་པོ་དང༌། ཆོས་རྗེ་དཔལ་འབྱོར་ཤེས་རབ་ཀྱིས་ལས་སློབ། མཉམ་མེད་བློ་གྲོས་མཚུངས་མེད་ཀྱིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས།

དགུང་ལོ་ཉེར་གསུམ་པར་མེ་ཕག་༡༤༠༧ལོར་དབུས་སུ་ཕེབས་ཏེ་རྗེ་ཙོང་ཁ་པ་ཆེན་པོ་སེ་ར་ཆོས་སྡིངས་སུ་བཞུགས་པ་དང་མཇལ། མདོ་སྔགས་ཀྱི་བཀའ་བའི་གནད་དུ་མའི་བཀའ་འདྲི་ཞུས་པས་རྗེ་བླ་མས་ལན་ཐོགས་མེད་དུ་གནང་བར་མ་ཟད། ད་དུང་རྟོགས་ལྡན་དོགས་པ་སྐྱེ་བའི་གནད་དུ་མའི་བཀའ་འདྲི་གནང་བ་དང་འབྲེལ་དོགས་གཅོད་ཀྱི་བཀའ་སློབ་ཟབ་རྒྱས་གནང་བས། རྩོད་པའི་སྤོབས་པ་ཡོངས་སུ་ཞི་ནས་དད་པའི་ཡིད་དབང་འཕྲོག་སྟེ་རྗེ་བླ་མའི་སློབ་མར་རྗེས་སུ་འཛིན་པར་སྐྱབས་འཇུག་ཞུས་པ་ལྟར་ཐུགས་དགྱེས་པའི་ངང་ཞལ་གྱིས་བཞེས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་འཇམ་དབྱངས་ཨ་ར་པ་ཙའི་རྗེས་གནང་བསྩལ། དེ་ནས་བཟུང་རྗེ་བླ་མའི་མདུན་ནས་མདོ་སྔགས་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་ཀུན་ལ་ཕུ་མཐའ་ཆོད་པའི་དོགས་གཅོད་ཞུས། ཡི་དམ་རྒྱུད་སྡེ་ཁག་གི་དབང་ལུང་མན་ངག་མཐའ་ཡས་པ་ཞུས། གཞན་ཡང་རྗེའི་དངོས་སློབ། རྒྱལ་ཚབ་ཆོས་རྗེ་དང༌། འདུལ་འཛིན་པ། འཇམ་དཀར་བ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་ལའང་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་ཞུས། རྗེ་ཙོང་ཁ་པའི་རིང་ལུགས་གཙང་མ་རང་ལུགས་སུ་བཞེད་དེ་འཆད་རྩོད་རྩོམ་པའི་མཛད་པ་རླབས་པོ་ཆེ་སྐྱོང་བས་དབུས་གཙང་གཉིས་སུ་མཁས་པའི་མཚན་སྙན་གྱིས་ཡོངས་སུ་བརྡལ། གཙང་ཉང་སྟོད་དུ་ཕེབས་ནས། ལི་ཡུལ་ལྕང་ར་ལ་གདན་ས་མཛད་པས་ལྕང་ར་ཆོས་མཛད་ཅེས་གྲགས། རྒྱལ་རྩེ་སྡེ་པ་རབ་བརྟན་ཀུན་བཟང་པས་མཐུན་རྐྱེན་སྦྱར་བ་ལ་བརྟེན་ནས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དགོན་ཕྱག་བཏབ་ནས་འཆད་མཉན་རྒྱ་ཆེར་སྤེལ། གཞན་ཡང༌། ནོར་བུ་དགའ་ལྡན་དང༌། བྲང་མོ་ཆེ་བ། ལེགས་གྲུབ་པ། ཤར་ཆེན་པ། ཞི་གནས་པ། གསེར་ཁང་གོང་འོག་གཉིས། ལྷ་ཁང་པ་སོགས་དགེ་ལྡན་རིང་ལུགས་འཛིན་པའི་ཆོས་སྡེ་དུ་མ་ཕྱག་བཏབ། དབུས་གཙང་ཁུལ་གྱི་སྡེ་སྣོད་འཛིན་པ་ཤིན་ཏུ་མང་པོ་ངང་གིས་འདུས་ནས་རྗེ་འདི་ཉིད་ཀྱི་ཞབས་ལ་བཏུགས། མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་ཞུས། སྐབས་ཤིག་ཆོས་རྗེ་རོང་པོ་བ་ཤཱཀྱ་རྒྱལ་མཚན་གྱིས་ས་དགེ་ལྟ་བའི་ཁ་འཛིན་ལྟ་བུས་རྩོད་པའི་དཀྱིལ་འཁོར་བཤམ་དགོས་པའི་ཕྱག་བྲིས་སྔ་ཕྱིར་འབྱོར་བ་དང༌། སྡེ་བ་རབ་བརྟན་ཀུན་བཟང་རྩེ་བས་ཀྱང་རྩོད་པའི་དཀྱིལ་འཁོར་ཀྱི་གྲ་སྒྲིག་ཞུ་རྒྱུའི་ཆོ་གར་བརྩོན་པ་ལྟར། མཁས་གྲུབ་རྗེ་དགུང་ལོ་སོ་གཅིག་པ་ཤིང་ལུག༡༤༡༥ལོར། རྒྱལ་རྩེ་སྡེ་བས་གཙུག་ལག་ཁང་དུ་གྲ་སྒྲིག་ལེགས་པར་བྱས་ཤིང༌། གནས་ར་སྙིང་དང་ཞ་ལུ་སོགས་ནས་ཀྱང་ལུང་རིགས་ལ་མཁས་པའི་སྡེ་སྣོད་འཛིན་པ་ཤིན་ཏུ་མང་པོ་བར་དཔང་གི་ཚུལ་དུ་འབྱོར། རྩོད་མེད་ཡོངས་གྲགས་ཀྱི་མཁས་པ་ཆེན་པོ་གཉིས་ཀྱི་རྩོད་པའི་དཀྱིལ་འཁོར་དངོས་སུ་བཤམས་པའི་མཚན་སྙན་གང་སར་ཁྱབ། ལུག་ལོ་ཟླ་བ་བརྒྱད་པའི་ཚེས་བཅུའི་ཉིན་དངོས་སུ་རྩོད་པའི་མགོ་ཚུགས་ལ་ཉེ་བ་ན་རོང་པོ་ཆོས་རྗེས་ཨུ་ཚུགས་ཀྱིས་ཕྱི་གཤོལ་གནང་བ་དང༌། རྒྱལ་རྩེ་སྡེ་བས་ཐབས་མཁས་ཀྱིས་རྩོད་པའི་དོར་ཕྱིར་སྡུད་བྱེད་དགོས་པ་བྱུང༌། མཁས་གྲུབ་རྗེས། ཨོཾ་བདེ་ལེགས་སུ་གྱུར་ཅིག བློ་བཟང་གསུང་གི་ལེགས་བཤད་མེ་ཏོག་ཕྲེང༌། ཞེས་པ་ནས། བཟང་པོ་ལས་གཞན་སྨྲ་བའི་སེང་གེ་གང༌། ཞེས་པའི་བར་གྱི་རྩོད་པའི་གླེང་སློང་བ་ནས་ཕྱི་བཀྱེད་བྱས་པའི་བར་གྱིས་ངོ་སྤྲོད་དང་འབྲེལ་ཕྱོགས་ལས་རྣམ་པར་རྒྱལ་བའི་བསྒྲགས་གཏམ་སྙན་ངག་ཏུ་སྡེབ་ནས་རྒྱལ་རྩེ་ཆོས་སྡེའི་སྒོ་ཆེན་ལ་སྦྱར།

ཆོས་རྗེ་ངོར་ཆེན་པས་དགག་བཞག་གི་གསུང་རྩོམ་འབྱོར་བའི་ལན་དུ་སྨྲ་བ་ངན་པ་འཐག་པར་བྱེད་པའི་གནམ་ལྕགས་ཀྱི་འཁོར་ལོ་ཞེས་པ་བརྩམས་ཏེ། རྟགས་བསལ་ཁྱབ་གསུམ་གྱིས་འཁོར་གསུམ་དང་དངོས་འགལ་ཕྲེང་བ་ལྟར་བསྒྲིགས་ནས་གནང་བར། དཔལ་ལྡན་ས་སྐྱ་བའི་ཁྲོད་དུ་སློབ་མ་འགས་དེ་དོན་ཁོང་ལ་ཞུས་པས། སྐྱོན་མེད་ལྕང་ར་ཆོས་མཛད་དང་ང་གཉིས་ཆོས་ཅན་མི་གཅིག་པས་ཡིན་གསུངས་པར། ངེད་ཀྱི་ངོར་བ་ཀུན་དགའ་བཟང་པོ་འདི། ། ལྕང་ར་ཆོས་མཛད་པ་དང་རྩོད་པའི་ཚེ། ། འཁོར་གསུམ་དངོས་འགལ་བརྒྱ་ཕྲག་བྱུང་ན་ཡང༌། ། ཆོས་ཅན་མི་གཅིག་གསུང་ལ་གསོལ་བ་འདེབས། ། ཞེས་པ་ད་ལྟའི་བར་དུ་གྲགས་པ་བཤད།

དཔལ་འཁོར་ཆོས་སྡེའི་མཁན་ཐོག་དང་པོ་མཛད། དབྱར་གནས་ཀྱི་ལྗོངས་རྒྱུར་ཉང་སྟོད་རི་ནང་ཕེབས་ཏེ་སྤང་གཤོང་ཞིག་ཏུ་གསོལ་ཇ་མཛད་ནས་བཞུགས་པའི་སྐབས་གཞན་ཕྱོགས་ཀྱི་འཕྲུལ་ལས་གློ་བུར་དུ་གནམ་ནས་ཐོག་འབེབས་བྱུང་བ་དང་རྗེ་འདི་ཉིད་ཀྱིས་འཛུབ་རྩེས་འཁྲིད་ནས་རྒྱང་རིངགི་བྲག་རི་ཞིག་ལ་འཕངས། བ་སོ་ལྷུན་གྲུབ་བདེ་ཆེན་ཞིག་གསོ་སྐབས་སྨོན་འགྲོ་རྒྱལ་པོའི་ཆོ་འཕྲུལ་བསྟན་པར་འགུགས་ཞུགས་བྱས་ཏེ་འདུ་ཁང་གི་ཉེ་འཁོར་ཞིག་ཏུ་རྒྱལ་རྟེན་དང་བཅས་བསྐྲད། དུས་ཕྱིས་ས་ཕྱོགས་དེར་མི་དང་ཁྱི་སོགས་དྲན་པ་ཐོར་ཏེ་བརྒྱལ་བ་སོགས་ཡོང་སྐད། འཆད་རྩོད་རྩོམ་པའི་འཕྲིན་ལས་ཀྱི་འོད་སྣང་ཕྱོགས་བརྒྱར་འབར་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་ན། སྡེ་པ་རབ་བརྟན་རྩེ་བས་དཔལ་འཁོར་ཆོས་སྡེར་སླར་ཡང་གདན་དྲངས་ཀྱང་མ་བྱོན་པར་རི་བོ་མདང་ཅན་དུ་བྱོན་ནས་ཐུགས་དམ་ཉམས་བཞེས་དང་སྐུལ་ལྡན་གྱི་སློབ་མ་ཤིན་ཏུ་མང་པོར་མདོ་སྔགས་ཀྱི་གཞུང་ལུགས་དུ་མའི་བཀའ་ཁྲིད་དང༌། གསུང་རབ་ཀྱི་དགོངས་པ་འགྲེལ་པའི་ལེགས་བཤད་དུ་མ་གསར་དུ་རྩོམ་པ་སོགས་ཀྱིས་དུས་འདའ་ནས་བཞུགས།

དགུང་ལོ་ཞེ་བདུན་པ་རབ་བྱུང་བདུན་པའི་ལྕགས་ཕག་༡༤༣༡ལོར་རྒྱལ་ཚབ་ཆོས་རྗེ་གནས་རྙིང་དུ་བཀའ་ཆོས་གསུང་ནས་བཞུགས་པ་དང་མཇལ་སྐབས་རྗེ་བླ་མའི་གསེར་ཁྲི་ལ་ཕེབས་དགོས་ཀྱི་ཞལ་ཏ་གནང༌། དེ་ནས་དབུས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕེབས་པ་དང་གཞུང་ལུགས་བརྒྱ་ཕྲག་ལ་བློ་འོད་འཕྲོ་བའི་གངས་ཅན་མཁས་པའི་ཁྱུ་མཆོག་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན་པས་ཤིན་ཏུ་གུས་པས་སྣེ་འཁྲིད། གདན་ས་འབྲས་སྤུངས་པའི་སྡེ་སྣོད་འཛིན་པ་སྟོང་ཕྲག་དུ་མས་སེར་སྦྲེང་ཀྱིས་བསུ་བ་ཞུས། དེ་བཞིན་སེ་ར་ཕེབས་པར་རང་དང་གཞན་གྱི་གྲུབ་བའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པ་མཚུངས་མེད་ཆོས་རྗེ་གུང་རུ་རྒྱལ་མཚན་བཟང་པོས་གཙོས་སེ་ར་བའི་དགེ་འདུན་སྟོང་ཕྲག་གིས་སེར་སྦྲེངས་ཀྱིས་བསུ་བ་ཞུས། དེ་ནས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་པ་ན་ཤར་པ་རིན་ཆེན་རྒྱལ་མཚན་དང༌། ཧོར་སྟོན་ནམ་མཁའ་དཔལ་བ་སོགས། དགེ་ལྡན་པའི་གནས་བརྟན་བགྲེས་མགོ་ཚོས་གུས་ཞབས་དང་ཕེབས་བསུ་ལྷུར་ལེན་ཏེ་ལོ་དེ་རང་ལ་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་བླ་མའི་གསེར་ཁྲིར་མངའ་གསོལ། ཤིང་རྟ་ཆེན་པོ་གཉིས་ཀྱི་བཞེད་པ་ཕྱིན་ཅི་མ་ལོག་པའི་ལེགས་བཤད་ཞྭ་སེར་རིང་ལུགས་གཙང་མའི་སྲོལ་བཟང་གི་རྒྱལ་མཚན་འཆད་རྩོད་རྩོམ་གསུམ་གྱིས་བླ་ནས་བླ་ན་འདེགས། བདེ་གསང་འཇིགས་གསུམ་དང་དུས་ཀྱི་འཁོར་ལོ་སོགས་ཀྱི་དབང་ལུང་མན་ངག་རྒྱ་ཆེར་བསྩལ། དགའ་ལྡན་དུ་གྲྭ་ཚང་བཞི་བཙུགས་ནས་འཆད་མཉན་གྱི་སྲོལ་བཏོད། དུས་ཕྱིས་ཤར་བྱང་གཉིས་སུ་ཐིམ།

རྗེ་ཙོང་ཁ་པ་ཞི་བར་གཤེགས་རྗེས་སུ་ཤུགས་དྲག་གདུང་བས་གསོལ་བ་ཡང་ཡང་བཏབ་པ་ལས་སྒྱུ་ལུས་ཀྱིས་ཞལ་གཟིགས་ནས་གསུང་གིས་དབུགས་དབྱུང་བ་ཡང་ཐེངས་ལྔ་བྱུང་བ་དེ་ལ་རྗེ་གཟིགས་པ་ལྔ་ལྡན་དུ་གྲགས། མགོན་པོ་ཕྱག་དྲུག་པ་དང༌། དཔལ་ལྡན་ས་སྐྱ་པའི་མགོན་པོ་ཆེ་ཆུང་གཉིས། པུ་ཊ་མིང་སྲིང༌། ཆོས་རྒྱལ་ཕྱི་ནང་གསང་གསུམ་ཡུམ་དང་བཅས་པས་ཞལ་གཟིགས་ཤིང་འཕྲིན་ལས་ཚུལ་བཞིན་སྒྲུབ་པའི་བྲན་དུ་འཁོར། རྗེབཙུན་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་མཁས་གྲུབ་ཆོས་རྗེའི་གསང་བའི་རྣམ་ཐར་ལས་ཆ༡༢༠ཡང་ལན་ཅིག་མགོན་པོ་ཞལ་བཞི་པ་བྱོན་ནས། ས་སྐྱ་པ་རྣམས་ཀྱིས་བདག་ཉིན་མཚན་དུ་བསྒྲུབས་ནས་ཁྱོད་ལ་གཏོར་ཟོར་ནང་མར་འཕེན་གྱིན་འདུག ། བླ་མའི་བཀའ་བསྒོ་ང་ཁོང་ཚོས་རྦད་པའི་སྣ་ལ་འོངས་ཁྱོད་ཀྱི་རྩར་སླེབ་པ་དང༌། ཨེ་ཙམ་བསྟན་པ་འཛིན་མཁན་གཅིག་འདུག་པ་འདི་མེད་ན་ཅི་ཙུག་བྱེད། ཀླུ་སྒྲུབ་ཀྱི་ལྟ་བ་ནས་ལེགས་པར་བརྒྱུད་པའི་རྗེ་བླ་མ་ཡབ་སྲས་ལ་གནོད་པ་བསྐྱལ་ནས་སུ་ལ་སྐྱོབ་སྙམ་ནས་ལོག་ཕྱིན། འོན་ཀྱང་མི་ཁྱོད་སོང་ནས་མ་སྡོད་པར་ཟོན་རེ་གྱིས་གསུང་ངོ༌། ། ཡང་མགོན་པོ་ཞལ་བཞི་པ་བྱོན་ནས། ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པ་འདི་བསྟན་པའི་སྲོག་ཤིང་དུ་འདུག་ཅིང་ཁྱད་པར་ཀླུ་སྒྲུབ་ཀྱི་ལྟ་བ་རྣམ་དག་འདི་མིན་པ་སུས་ཀྱང་ཤེས་པ་མི་འདུག་པས་འདི་ལ་འཁོར་གྱིན་ཡོད་ནའང་གཏོར་མ་རེ་ཡང་སྟེར་མ་ཉན་ཨ་རེ་ཚིག་པ་ཟ་རེ་བྱུང་གསུང་ངོ༌། ། ཞེས་གསུངས་པ་ལས་ཀྱང་དཔོག་ནུས་པ་ཡིན་ནོ། །

ཐེངས་ཤིག་དབྱངས་ཅན་མའི་ཞལ་གཟིགས་ནས་ད་ལྟར་གངས་རིའི་ལྗོངས་ན་ཁྱོད་ལས་སྙན་ངག་མཁས་པ་སུ་ཡང་མེད། འོན་ཀྱང་ཐུགས་རྒྱལ་གནང་མི་ཉན་ཞེས་ལུང་བསྟན། ལྟ་སྤྱོད་སྒོམ་གསུམ་གང་ལའང་རྗེ་བླ་མའི་བཞེད་པ་ལས་ཅུང་ཟད་ཙམ་ཡང་མི་འདའ་བར་མཛད་དེ། གཞན་ཕྱོགས་ཀྱི་སྨྲ་བ་ངན་པ་རྣམས་རྩོད་པས་ཕམ་པ་དང་རང་ཕྱོགས་ཀྱི་ལྟ་སྤྱོད་མི་མཐུན་པ་རྣམས་ལུང་རིགས་ཀྱི་དཔྱོད་པ་སོགས་མདོར་ན་རྗེ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ད་ལྟའི་བར་དུ་གྲ་མ་ཉམས་པ་གནས་ཐུབ་པ་བྱུང་བ་ནི། རྗེ་འདི་ཉིད་ཀྱིས་ཐུགས་རྗེ་ལ་བརྟེན་ནས་ཡིན་པས་བཀའ་དྲིན་ཤིན་ཏུའང་ཆེ་ལ། དེར་བརྟེན་རྗེ་བླ་མའི་ནང་སྲས་ཀྱི་ཐུ་བོ་གཅིག་པུར་བགྲངས་པར་བྱེད་དོ། །མཐར་དགུང་ལོ་ང་བཞི་པ་རབ་བྱུང་བདུན་པའི་ས་རྟ་༡༤༣༨ལོར་དགའ་ལྡན་དུ་ཞི་བར་གཤེགས་པའི་གདུང་རྟེན་དངུལ་གྱི་མཆོད་སྡོང་རྗེའི་གསེར་སྡོང་ཆེན་པོའི་གཡོན་ཕྱོགས་ཀྱི་དང་པོར་བཞུགས། རྗེ་འདིའི་སྐྱེས་རབས་སྔོན་མ་ནི་རིགས་ལྡན་འཇམ་དབྱངས་གྲགས་པ་དང༌། ཉན་ཐོས་རབ་འབྱོར། རྒྱ་གར་ཤར་ཕྱོགས་ཀྱི་སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད། རྡོ་རྗེ་གདན་དུ་ཀརྨ་དེ་བ། སློབ་དཔོན་ཆོས་ཀྱི་གྲགས་པ། མཁས་གྲུབ་ལྷ་དབང་བློ་གྲོས། བོད་དུ་བཻ་རོ་ཙཱ་ན། ཨ་བྷ྄ཡ་ཀ་ར། སྣ་སྣམ་ཡེ་ཤེས། འགོས་ལོ། བསོད་ནམས་བླ་མ། ས་པཎ་སོགས་ཡིན་ཞིང༌། སྐུ་ཕྲེང་ཕྱི་མ་ནི་བསོད་ནམས་ཕྱོགས་ཀྱི་གླང་པོ་ནས་ཉེ་བར་བཟུང་ད་ལྟའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མའི་བར་རིམ་པར་བྱོན་ཅིང༌། མ་འོང་ཤམ་བྷ་ལ་རུ། རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱི་སྐྱེ་བར་བཞེས་ཏེ་ཀླ་ཀློའི་སྡེ་རྣམས་བཅོམ་ནས་ཤམ་བྷ་ལ་རུ་འཇམ་མགོན་བླ་མའི་བསྟན་པ་རིན་པོ་ཆེ་རྒྱ་ཆེར་སྤེལ་བར་ཡང་བཤད་དོ། །འདིའི་གསུང་གི་ལེགས་བཤད་ནི། ཕར་ཕྱིན་རྟོགས་དཀའི་སྣང་བ་དང༌། འདུལ་བ་ཐུབ་བསྟན་བྱི་དོར། ཚད་མའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ། དབུ་མ་སྟོང་ཐུན། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། དུས་འཁོར་ཊིཀ་ཆེན་དེ་ཉིད་སྣང་བ་སོགས་དཔྱད་གསུམ་དག་པའི་ལེགས་བཤད་པོད་ཆེན་བཅུ་གཉིས་ཙམ་བཞུགས། རྗེས་འཛིན་སློབ་མ་ཡང་དགའ་ལྡན་ཁྲི་ཐོག་བཞི་པ་ཞ་ལུ་ལེགས་པ་རྒྱལ་མཚན། ལྔ་པ་བློ་གྲོས་ཆོས་སྐྱོང༌། དྲུག་པ་ཅུང་པོ་བ་སོ་ཆོས་ཀྱི་རྒྱལ་མཚན། རྗེ་ཤེས་རབ་སེང་གེ མཁས་ཆེན་བསོད་ནམས་མཆོག་གྲུབ། ཀུན་མཁྱེན་འཕགས་པ་འོད། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན། ཞང་ཞུང་ཆོས་དབང་གྲགས་པ། ཆོས་རྗེ་དོན་གྲུབ་དཔལ་སོགས་དགེ་ལྡན་བསྟན་པའི་རྒྱལ་མཚན་འཆང་བའི་སྐྱེས་ཆེན་དམ་པ་ཤིན་ཏུ་ཡང་མང་པོ་བྱུང༌། །

དགའ་ལྡན་ཁྲི་ཐོག་བཞི་པ་ཞ་ལུ་བ་ལེགས་པ་རྒྱལ་མཚན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བཞི་པ་ཞ་ལུ་བ་ལེགས་པ་རྒྱལ་མཚན་ནི། རབ་བྱུང་དྲུག་པའི་ཤིང་ཡོས་༡༣༧༥ལོར་གཙང་ཞ་ལུར་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ཞ་ལུ་དགོན་པའི་ཆོས་སྒོར་ཞུགས་ནས་རབ་བྱུང་མཛད། ཡི་གེ་འབྲི་ཀློག་དང་དགོན་དེའི་ཆོས་སྤྱོད་ཆོ་ག་སོགས་ལ་བརྩོན་པར་རྒྱ་ཆེར་བྱས་ཏེ་དབུ་མཛད་ཀྱང་གནང༌། ཞ་ལུ་གྲགས་པ་རྒྱལ་མཚན་དང༌། ཤངས་པ་ཀུན་མཁྱེན་བསྟེན་ནས་མདོ་རྒྱུད་གཞུང་ལུགས་ལ་བསླབས་པས་མཁས་པར་གྱུར། རྗེ་ཙོང་ཁ་པ་ཆེན་པོ་གཙང་ནས་དབུས་སུ་ཕེབས་དུས་ཞབས་ཕྱིར་བྱོན་ཏེ། རྗེ་བླ་མ་དང༌། རྒྱལ་ཚབ་ཆོས་རྗེ། འདུལ་འཛིན་གྲགས་པ་རྒྱལ་མཚན། མཁས་གྲུབ་དགེ་ལེགས་དཔལ་བཟང༌། བླ་མ་བཟང་སྐྱོང་བ། ཤར་པ་རིན་ཆེན་རྒྱལ་མཚན་སོགས་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་གཞུང་ལུགས་དུ་མར་ཐོས་བསམ་ཉམས་བཞེས་མཛད་པས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོར་གྱུར།

རྗེ་ཙོང་ཁ་པ་ཆེན་པོས། ནམ་ཞིག་ཆོས་སྐུ་གཅིག་ཏུ་མ་གྱུར་བར་དུ། ངས་ཁྱོད་ཀྱི་བཤེས་གཉེན་བྱེད་པ་ཡིན་ནོ། ཞེས་ཐུགས་ཤིན་ཏུ་མཉེས་པའི་དབུགས་དབྱུང་བ་ཡང་བཤད། གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དབུ་མཛད་གནང་བཞིན་པའི་མུར། རབ་བྱུང་བདུན་པའི་ས་ལུག་དགུང་ལོ་རེ་བཞི་པ་༡༤༣༩ལོར་འཇམ་མགོན་ཙོང་ཁ་པ་ཆེན་པོའི་རྒྱལ་ཚབ་ཏུ་དགའ་ལྡན་གསེར་ཁྲིར་ཞབས་སེན་འཁོར་ལོའི་རེ་ཁ་མངོན་པ་བཀོད་དེ་མི་ལོ་བཅུ་གཉིས་རིང་ཚོགས་པ་བསྐྱངས། རྗེ་བླ་མའི་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་ཀུན་དང་ཁྱད་པར་མན་ངག་གསུམ་གྱི་གདམས་པས་སྐལ་ལྡན་གྱི་མཁས་གྲུབ་དུ་མ་སྨིན་པར་མཛད། དགེ་འདུན་གྱི་སྡེ་ཡང་ཆོས་འཇིག་རྟེན་གཉིས་ཀས་བསྐྱངས་བས་དགེ་འདུན་གྱི་སྡེ་འཕེལ་ཞིང༌། ལོངས་སྤྱོད་ཀྱི་འདུ་ལོངས་ཡང་འདི་ཁོ་ནའི་དུས་ཆེ་བ་བྱུང༌། དགའ་ལྡན་གསེར་ཐོག་གི་འཕྲོ་ཡང་རྗེ་གདིས་གྲུབ་པར་མཛད། མཁས་ཤིང་བཙུན་པའི་རྣམ་ཐར་གཙང་མ་བདག་གིར་བཞེས་པ་ལས་རྩོད་མེདཡོངས་གྲགས་གྱི་སྡེ་སྣོད་འཛིན་པ་ཆེན་པོ་རྣམས་ཀྱང་ཞབས་ལ་བཏུགས་ཏེ་ཤིན་ཏུ་གུས་པ་ལྷུར་ལེན་པ་དང༌། ས་འབྲིའི་འཁོན་འགྲས་བྱུང་བར་མཐུ་ཟློག་གི་རྟགས་མཚན་ཆེ་བ་བསྟན་པས་མི་བསྲུན་པའི་སྐྱེ་བོ་ཀུན་ཀྱང་སྐྲག་ནས་ཞུམ་པར་གྱུར། དེར་བརྟེན་མཐུ་སྟོབས་དབང་ཕྱུག་ཞ་ལུ་བ་ཞེས་གྲགས་པ་བྱུང་སྟེ་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་གཙང་མའི་རྒྱལ་མཚན་བླ་ན་བསྒྲེངས།

གྲུབ་ཆེན་ཐང་སྟོང་རྒྱལ་པོས་བྲག་རལ་གྱི་ལྕགས་ཟམ་འཛུགས་པར་དགའ་ལྡན་གྲྭ་པ་ཚོ་ཟམ་རྡོའི་ཞལ་འདེབས་ཞུ་མཁན་གཏོང་བ་སོགས་ལུགས་གཉིས་གནས་ལ་གཟིགས་པ་ཤིན་ཏུ་ཡང༌། འཕྱོངས་རྒྱས་ནང་སོ་དང༌། སྡེ་པ་སྣེའུ་གདོང་པ་གཉིས་འཁོན་པའི་འཁྲུག་ཟིང་བྱུང་སྐབས། འཕྱོངས་རྒྱས་པས་ཞུས་ངོར་དམག་བརྒྱབ་ཀྱི་སྐུ་བསྲུང་ཕྱག་མདུད་ཅིག་གནང་བ་ལས་གཡུལ་སར་རྟ་ལ་མདུང་ཐེབས་ཀྱང་མ་ཕིགས་པ་སྲུང་མདུད་ཀྱིས་སྐྱོབ་པར་བཤད། འཕྱོངས་རྒྱས་ནང་སོ་དཀོན་མཆོག་རིན་ཆེན་ལ་གདུང་རྒྱུད་མ་བྱུང་བར། སོ་སོར་འབྲངས་མའི་སྒོ་ནས་སྲིད་བསྐྱེད་པས་བུ་རྡོ་རྗེ་ཚེ་བརྟན་བྱུང་ཞིང་ཕྱིས་དེས་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་འདེབས་པའི་ཡོན་བདག་བྱས། གོང་ས་ལྔ་པ་ཆེན་པོ་ཡང་འདིའི་གདུང་རྒྱུད་ལས་འཁྲུངས་པ་ཡིན་ནོ། རྗེ་འདི་ཉིད་ཞལ་བཞུགས་རིང་སྡེ་པ་འཕྱོངས་རྒྱས་པས་དཔོན་སློབ་ཐམས་ཅད་ལ་ཟས་གོས་ཀྱི་མཐུན་རྐྱེན་ལྷུག་པོར་སྦྱོར། གཟིམ་ཁང་ཤོད་དུ་གསང་བདེ་དུས་འཁོར་གསུམ་གྱི་གསེར་སྐུ་མི་ཚད་མ་བཞེངས་པ་སོགས་སྐུ་གསུང་ཐུགས་རྟེན་ཡང་རྒྱ་ཆེར་བཞེངས་པར་མཛད། མཐར་རབ་བྱུང་བརྒྱད་པའི་ལྕགས་རྟ་ ༡༤༥༠ ལོའི་ཧོར་ཟླ་དྲུག་པའི་ཚེས་ཉེར་བཞི་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་དུས་གསེར་གྱི་མེ་ཏོག་གི་ཆར་བབས། སྐུ་གདུང་ཞུགས་སུ་ཕུལ་བ་ལས་དབུ་ཐོད་ལ་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་སུ་རྫོགས་པར་བྱོན་པ་གཟུངས་གཞུག་ཏུ་བྱས་ཏེ་དངུལ་གྱི་རྣམ་རྒྱལ་མཆོད་རྟེན་བཞེངས་པ་དགའ་ལྡན་གསེར་གདུང་ཁང་གི་གཙོ་བོའི་གཡས་ཀྱི་གསུམ་པར་བཞུགས། འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་གྱིས་ཀྱང་རྗེ་འདིའི་དུས་མཆོད་སྲུང་པར་བྱེད། རྗེ་འདི་ཉིད་སྟོན་པའི་སྤྱན་སྔར་བྱང་སེམས་དྲི་མེད་གྲགས་པའི་སྐྱེ་བར་བཤད་ཅིང༌། སྐུ་རབས་ཕྱི་མ་རྣམས་ནི་རྗེ་འཇམ་དབྱངས་བཞད་པ་སྐུ་ཕྲེང་རིམ་བྱོན་རྣམས་ཡིན་ཞེས་ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་རྗེའི་རྣམ་ཐར་བདེ་ལེགས་ཀུན་གྱི་འབྱུང་གནས་སུ་གསུངས། གསུང་སྐྱེས་སློབ་མ་ཡང་རྗེ་ཡབ་སྲས་ཀྱི་བུ་སློབ་ཕྱི་ཚར་ཕལ་ཆེ་བ་རྗེ་འདིའི་སློབ་མ་ཡིན་ནོ། །

དགའ་ལྡན་ཁྲི་ཐོག་ལྔ་པ་གཡག་སྡེ་བློ་གྲོས་ཆོས་སྐྱོང་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ལྔ་པ་གཡག་སྡེ་བློ་གྲོས་ཆོས་སྐྱོང་ནི། རབ་བྱུང་བདུན་པའི་ས་སྦྲུལ་ ༡༣༨༩ ལོར་གཙང་གཡག་སྡེར་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་གཙང་གི་ཆོས་ལུང་ཚོགས་པར་སྟོད་འདུལ་ལུགས་ཀྱིས་རབ་ཏུ་བྱུང༌། ན་སོན་པ་དང་དབུས་སུ་ཕེབས་ཏེ། སྦལ་ཏི་ཆེན་པོའི་གདན་ས་སྐྱོ་མོ་ལུང་གི་གདན་རབས་བཞི་པ་དབོན་ཆོས་སྐྱོང་བཟང་པོའི་དྲུང་ནས་འདུལ་བ་སུམ་བརྒྱ་པ་དང༌། ལས་བརྒྱ་བ། མདོ་རྩ་བ། ལུང་གཞི་སོགས་དང༌། མངོན་པ་ཀུན་ལས་བཏུས་རྩ་འགྲེལ་དང་མཛོད་རྩ་འགྲེལ་སོགས་མངོན་པ་གོང་འོག་ལ་གསནཔཎ་ཆེན་འདུལ་བའུ་ཆོས་འབྱུང་༤༡། རྗེ་ཙོང་ཁ་པ་ཆེན་པོ་དང༌། རྒྱལ་ཚབ་ཆོས་རྗེ་ཟུང་དང་ལྷག་པར་མཁས་གྲུབ་ཐམས་ཅད་མཁྱེན་པ་ཡུན་རིང་དུ་བསྟེན་ནས། འདུལ་མངོན་དང་ཡང་དགོས་དབུ་ཕར་གྱི་གཞུང་གིས་མཚོན། མདོར་ན་མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གཞན་དྲིང་མེད་པའི་མཁས་པ་བསླབ། དགའ་ལྡན་དུ་དགེ་བསྐོས་མཛད་ནས་དགེ་འདུན་གྱི་སྐུ་སྤྱོད་དང་ཆོས་ཚོགས་རྩོད་གྲྭ་ཤིན་ཏུ་འཕེལ་བར་མཛད། རྗེ་འདིར་དགེ་བསྐོས་སྐབས་ཀྱི་ལྕག་རྒྱུག་དགའ་ལྡན་རྡོ་ཁང་དུ་ཡོད་པས་དུས་ཕྱིས་ཀྱང་རྡོ་ཁང་ནས་དགའ་ལྡན་གསེར་ཁྲིར་ཕེབས་མཁན་དུ་མ་བྱུང་བ་སྣང༌། རྗེའི་སྲས་ཀྱི་ཐུ་བོ་རྣམས་ཀྱིས་རྗེས་ནས་གཡག་སྡེ་པ་འདི་ཉིད་ཁོ་ན་མཁས་བཙུན་བཟང་པོའི་ཡོན་ཏན་བཟང་བ་ལ་བརྟེན་ནས། ཆོས་རྗེ་ཞ་ལུ་བའི་རྗེས་སུ་དགའ་ལྡན་གསེར་ཁྲིར་མངའ་གསོལ་ལ་ཉེ་བ་ན། རྗེ་འདི་ཉིད་ཀྱིས་རྗེ་བླ་མའི་གསེར་ཁྲིར་བཞུགས་པ་མ་འདོད་ནས་མཚན་མོར་བྲོས་ནས་བྱོན་པ་ན། དམ་ཅན་ཆོས་ཀྱི་རྒྱལ་པོའི་འཕྲུལ་གྱིས་ཞབས་བསྙུངས་ནས་ཕེབས་མ་ཐུབ་པས། ཕྱིས་གདན་དྲངས་ཏེ་ཆོས་རྗེ་ཞ་ལུ་བ་ཁྲི་ལས་འཕོས་མཚམས། དགུང་ལོ་རེ་གཉིས་པ་རབ་བྱུང་བརྒྱད་པའི་ལྕགས་རྟ་༡༤༥༠ལོར་དགའ་ལྡན་གསེར་ཁྲིར་ཞབས་སོར་འཁོད་དེ་མི་ལོ་ཧྲིལ་པོ་བཅུ་གསུམ་རིང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། ལམ་རིམ་ཆེ་ཆུང་དང༌། བླ་མ་ལྔ་བཅུ་པ། རྩ་ལྟུང་རྣམ་བཤད་ཆེ་ཆུང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོགས་བདུན་དང་རྟོགས་པ་གསུམ་པ། རྭ་ལོའི་ཤོག་དྲིལ་གསུམ། དུས་འཁོར། འཇིགས་བྱེད་བསྐྱེད་རྫོགས། བརྟག་གཉིས་ཊིཀྐ། འདོད་འཇོ། རྒྱུད་བླ་མ་སོགས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གསར་མ་ལྷ་ཁང་གསར་བཞེངས་གནང༌། དགུང་ལོ་དོན་ལྔ་པ་རབ་བྱུང་བརྒྱད་པའི་ཆུ་ལུག་༡༤༦༣ལོར་ཁྲི་ལས་ཟུར་ནས་ལོ་དེའི་བོད་ཟླ་དགུ་པའི་ཚེས་ལྔ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ། ཞེས་བཀའ་གདན་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དུ་གསུངས་ཤིང༌། གཞན་དུ་ཀུན་སྤངས་མཛད་ནས་ལོ་གསུམ་བཞུགས་པའི་རྗེས་དགུང་ལོ་དོན་བདུན་པ་མེ་ཁྱི་ ༡༤༦༦ ལོར་སྐུ་གཤེགས་པར་བཤད། གདུང་རྟེན་དངུལ་གྱི་མཆོད་སྡོང་དགའ་ལྡན་དུ་རྗེའི་གསེར་སྡོང་ཁང་ན་བཞུགས།

རྗེ་འདིས་རྩོམ་པའི་ལེགས་བཤད་ནི། མཁས་གྲུབ་ཆོས་རྗེའི་འཇིགས་བྱེད་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་འཕྲོ་དང༌། དུས་འཁོར་འགྲེལ་ཆེན་དེ་ཉིད་སྣང་བའི་འཕྲོ་སོགས་རྩོམ་པ་མཛད་སྣང༌། དགའ་ལྡན་དུ་མཆོད་ཁང་གསར་མ་བཏབ་པ་དང༌། སྟོན་པའི་གསེར་སྐུ་ཆེན་མོ་དང་དངུལ་གདུང་ཆེན་པོ་གཅིག་གསར་བཞེངས་མཛད་པས་མཚོན་བཤད་སྒྲུབ་ལས་གསུམ་གྱིས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཕྲིན་ལས་བཟང་པོ་འཕེལ་བ་བྱུང་སྣང༌། གསུང་ལས་སྐྱེས་པའི་སློབ་མ་ཡང༌། ཞང་ཞུང་ཆོས་དབང་གྲགས་པ་དང༌། རྒྱུད་ཆེན་འཇམ་དབྱངས་དགེ་འདུན་འཕེལ། དགའ་ལྡན་ཁྲི་རབས་བརྒྱད་པ་རྗེ་སྨོན་ལམ་དཔལ་བ། ཆབ་མདོ་འཕགས་པ་ལྷ་སྐུ་ཕྲེང་དང་པོ། གྲུབ་ཆེན་ཆོས་གྲགས་པ། འཇམ་དབྱངས་གཞོན་ནུ། མཁས་གྲུབ་ནོར་བཟང་རྒྱ་མཚོ་སོགས་ཚད་མའི་སྐྱེས་བུ་དམ་པ་ཤིན་ཏུ་མང་པོ་བྱུང༌། །འདི་ཉིད་མི་ལི་སྐྱབས་མགོན་སྐུ་ཕྲེང་དང་པོ་ཡིན་ཞིང༌། འདིའི་སྐུ་རབས་ཕྱི་མ་མི་ལི་སྐྱབས་མགོན་སྐུ་ཕྲེང་གཉིས་པ་སངས་རྒྱས་རྒྱ་མཚོ། གསུམ་པ་མི་ལི་སྐྱབས་མགོན་འཇམ་དབྱངས་བཟང་པོ། བཞི་པ་མི་ལི་སྐྱབས་མགོན་ངག་དབང་དཀོན་མཆོག་བསྟན་པའི་རྒྱལ་མཚན། ལྔ་པ་མི་ལི་ངག་དབང་ཕུན་ཚོགས་བསྟན་པའི་རྒྱལ་མཚན། དྲུག་པ་མི་ལི་ངག་དབང་དཔལ་ལྡན་རྒྱ་མཚོ་སོགས་རིམ་པར་བྱོན་པ་རྣམས་ཡིན་ནོ། །

དགའ་ལྡན་ཁྲི་ཐོག་དྲུག་པ་བ་སོ་ཆོས་ཀྱི་རྒྱལ་མཚན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་དྲུག་པ་བ་སོ་ཆོས་ཀྱི་རྒྱལ་མཚན་ནི། གཙང་སྟོད་བྱང་པའི་དཔོན་རིགས་བཀྲ་ཤིས་དཔལ་བཟང་དང༌། ཡུམ་བུ་འདྲེན་རྒྱལ་མོའི་སྲས་སུ་རབ་བྱུང་བདུན་པའི་ཆུ་རྟ་ ༡༤༠༢ ལོར་སྐུ་འཁྲུངས། རྗེ་འདི་ཉིད་མཁས་གྲུབ་ཆོས་རྗེ་དང་ཡབ་ཡུམ་གཅིག་པའི་གཅུང་པོ་ཡིན། སྐུ་ན་ཆུང་དུས་ནས་རབ་ཏུ་བྱུང་སྟེ་རྗེ་ཡབ་སྲས་ཀྱི་ཞབས་ལ་གཏུགས། ལྷག་པར་རང་གི་ཕུ་བོ་མཁས་གྲུབ་ཆོས་རྗེ་ཡོངས་འཛིན་དུ་བསྟེན་ནས་མདོ་སྔགས་གསུང་རབ་དགོངས་འགྲེལ་དང་བཅས་པར་གཞན་དྲིང་མེད་པའི་མཁས་པ་བསླབས། བྱང་ཆུབ་ལམ་རིམ་ཆེ་ཆུང་གི་ཁྲིད་དང༌། བདེ་གསང་འཇིགས་གསུམ་སོགས་བླ་མེད་རྒྱུད་སྡེ་དུ་མའི་དབང་ལུང་མན་ངག་རྒྱ་ཆེར་ཞུས། དེ་ནས་དགེ་ལྡན་སྙན་རྒྱུད་བསྟན་པའི་བདག་པོ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལས་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཁྲིད། གསང་བདེ་འཇིགས་གསུམ་གྱི་ཁྲིད་རྒྱུན་མན་ངག ཟབ་ལམ་གཅོད་ཀྱི་ཁྲིད་མན་ངག་ཞལ་ཤེས་དང་བཅས་པ། ལྷག་པ་རྗེ་ཙོང་ཁ་པ་ལ་འཇམ་དབྱངས་ཀྱིས་གནང་བའི་ཟབ་ལམ་བླ་མའི་རྣལ་འབྱོར་གྱི་སྒོ་ནས་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཟུང་འཇུག་སྒྲུབ་པའི་ཐབས་བླ་ན་མེད་པའི་གསང་བ་དགེ་ལྡན་སྙན་རྒྱུད་ཀྱི་མན་ངག་ཡོངས་སུ་རྫོགས་པ་ཞུས། རྗེ་དེ་ཉིད་ཀྱིས་འཇམ་དབྱངས་ཀྱི་ལུང་བསྟན་ལྟར་དགའ་ལྡན་སྤྲུལ་པའི་གླེགས་བམ་ཡང་ཆིག་རྒྱུད་ཀྱི་ཚུལ་དུ་གསང་བས་རྒྱས་བཏབ་སྟེ་གནང༌།གསང་ཕུའི་འཆད་ཉན་པར་གདན་དྲངས་པ་ལྟར་ཕེབས་ཏེ། སྡེ་བདུན་སོགས་ཀྱི་འཆད་ཉན་སྤེལ། དེ་ནས་གཙང་ལྷ་ལྡན་དུ་ཕེབས་ཏེ། བ་སོ་ལྷུན་གྲུབ་སྡེ་ཆེན་དུ་གཙོ་བོ་སྒྲུབ་པ་ལ་གཞོལ་བའི་ཞོར་དུ་སྐུལ་ལྡན་ལས་འཕྲོ་ཅན་གྱི་གདུལ་བྱ་མང་པོར་ཟབ་རྒྱས་ཆོས་ཚུལ་རྒྱ་ཆེར་གསུངས་པས་རྗེ་བ་སོ་བ་ཞེས་གྲགས།

ཤབ་སྟོད་སེང་གེ་རྩེ་དང་ཉེ་བའི་སར་དབེན་གནས་རི་བོ་བདེ་ཆེན་ཕྱག་བཏབ་སྟེ་ཐུགས་དམ་ལ་རྩེ་གཅིག་ཏུ་གཞོལ། ཐུན་མཚམས་རྣམས་སུ་སྐལ་ལྡན་དུ་མར་ཆོས་ཚུལ་རྒྱ་ཆེར་གསུངས། སྐབས་ཤིག་གནས་དབེན་པ་ཞིག་ཏུ་འདུ་འཛི་ཡི་བྱ་བ་ཡོངས་སུ་བཏང་སྟེ་དཔལ་ལྡན་ཤ་ཝ་རི་ལྟ་བུ་སྒྲུབ་པ་མཐར་ཕྱིན་པ་ཞིག་མཛད་པར་བཞེད་པར། ནུབ་གཅིག་གནལ་ལམ་དུ་རྗེ་ཙོང་ཁ་པ་ཆེན་པོས་དགའ་ལྡན་གསེར་ཁྲིར་ཕེབས་ན་དགེ་ལྡན་བསྟན་པ་ལ་ཕན་པའི་ལུང་གིས་བསྐུལ་མ་བྱུང་བ་དང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་ཀྱང་རྗེའི་གསེར་ཁྲིར་ཕེབས་ན་དགའ་ལྡན་སྙན་རྒྱུད་ཀྱི་མན་ངག་འཛིན་པའི་སྐྱེས་ཆེན་དུ་མ་འབྱུང་བར་ལུང་བསྟན།  
སྐབས་དེར་ཆོས་རྗེ་གཡག་སྡེ་བ་བློ་གྲོས་ཆོས་སྐྱོང་ཁྲི་ལས་བཤོལ་ནས་ཀུན་སྤོང་དུ་ཕེབས་པར་བ་སྡེ་སྣོད་འཛིན་པ་རྒན་གྲས་ཀུན་བཀའ་བགྲོས་ཏེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་འཕྲིན་ལས་ནམ་མཁའ་ལྟར་རྒྱས་པའི་སྐབས་ཡིན་པས་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་དགའ་ལྡན་གསེར་ཁྲིར་གདན་དྲངས་པ་ཞལ་འཆམ་པ་ལྟར་ཞུས་ཀྱང༌། ཁོ་བོ་གདན་ས་བཀྲ་ཤིས་ལྷུན་པོ་དགྲ་ས་ཡོད་པ་འདི་ཁ་འཛིན་སྐྱོང་སྤེལ་གསུམ་གྱིས་དགེ་ལྡན་ལུགས་བཟང་ལ་སྨོན་རེ་ལགས་པས། མཁས་གྲུབ་ཆོས་རྗེའི་གཅུང་པོ་བ་སོ་ཆོས་ཀྱི་རྒྱལ་མཚན་ཁོང་ལུང་རྟོགས་ཀྱི་ཡོན་ཏན་བླ་ན་མཐོ་ཞིང་འཕྲིན་ལས་ཀྱི་འོད་སྣང་གང་སར་ཁྱབ་པས་དགའ་ལྡན་གསེར་ཁྲི་ལ་གདན་དྲོངས་ན་ཞེས་གསུངས་པ་ལྟར། ཆོས་རྗེ་འདི་ཉིད་ཤབ་སྟོད་ནས་ཐོག་མར་བཀྲ་ཤིས་ལྷུན་པོ་གདན་དྲངས། རྗེ་དགེ་འདུན་གྲུབ་པས་ཀྱང་གུས་ཕྱག་ལྷུར་མཛད་དེ་ཁྱོད་རྗེ་བླ་མའི་གདན་ས་བ་མངའ་གསོལ་ཟིན་པས་ཕྱག་ལན་གནང་མི་ཉན་པ་གསུངས། དེ་ནས་དགའ་ལྡན་དུ་ཕེབས་ཏེ་རབ་བྱུང་བརྒྱད་པའི་ཆུ་ལུག་ ༡༤༦༣ ལོར་དགའ་ལྡན་གསེར་ཁྲིར་ཞབས་སོར་འཁོད།

སྐལ་ལྡན་གྱི་གདུལ་བྱ་ཤིན་ཏུ་མང་པོར་རབ་བྱུང་དང་བསྙེན་རྫོགས་གནང༌། མདོ་སྔགས་ཀྱི་ཆོས་སྐོར་སྤྱི་དང་ལྷག་པར་བྱང་ཆུབ་ལམ་གྱི་རིམ་པའི་ཆོས་འཁོར་རྒྱ་ཆེར་བསྐོར། རྗེ་འདིའི་ལུང་རྟོགས་ཀྱི་ཡོན་ཏན་དང་རྗེ་བླ་མའི་སྙན་རྒྱུད་མན་ངག་གི་བྱིན་རླབས་ཀྱི་བཀའ་བབ་གཞན་ལས་ཆེ་བས། གནས་རྙིང་ཞབས་དྲུང་ཀུན་དགའ་བདེ་ལེགས་ལྟ་བུ་མཁས་པས་ཀྱང༌། ཁོ་བོ་གནས་རྙིང་བའི་རིགས་སུ་སྐྱེས་པའི་ང་རྒྱལ་མེད་ཀྱི་ཆོས་རྗེ་བ་སོ་བའི་སློབ་མ་ཡིན་སྙམ་པའི་ང་རྒྱལ་ཡོད། ཅེས་ཀྱང་གསུངས་སྐད། གསེར་ཁྲི་སྐྱོང་རིང་དགའ་ལྡན་གཙུག་ལག་ཁང་དུ་དྲི་གཙང་ཁང་གསར་བཏོད་དང་རིན་པོ་ཆེ་ལས་གྲུབ་པའི་རྒྱལ་བ་སེང་གེའི་ང་རོའི་སྐུ་བརྙན་བྱིན་རླབས་ཀྱི་ཚན་ཁ་འབར་བ། རྗེ་བླ་མ་ནས་གཡག་སྡེ་བ་བློ་གྲོས་ཆོས་སྐྱོང་བར་ཀྱི་གདན་ས་རྣམས་ཀྱི་སྐུ་འདྲ་ཡང་བཞེངས་ཏེ་བཞུགས་སུ་གསོལ་བ་སོགས། མདོར་ན་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་བླ་ནས་བླ་ན་བཏེགས། ལྷག་པར་འཇམ་དབྱངས་ཀྱི་ལུང་གིས་ཟིན་པའི་སློབ་མ་གྲུབ་ཆེན་ཆོས་རྡོ་རྗེ་དང༌། སྟོད་ལུང་བ་དཔལ་ལྡན་རྡོ་རྗེ། ཁམས་པ་རྡོ་རྗེ་དཔལ་གསུམ་ལ་དགེ་ལྡན་སྙན་རྒྱུད་ཀྱི་མན་ངག་ལྐོག་ཆོས་སུ་མཛད་པས་སྐུ་ཚེ་དེ་ཉིད་ལ་ཟུང་འཇུག་གི་གོ་འཕང་བསྙེས། བཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས། འཇམ་མགོན་བླ་མའི་རྗེས་སུ་སློབ་པར་འདོད་པ་རྣམས་ལ་གདུལ་བྱ་རང་ངོས་ནས་ཉམས་ལེན་བྱུང་ཕྱིན་བསྟན་པ་འདི་ལ་འདི་ལྟ་བུའི་ཆོས་འགྲུབ་པའི་ཐབས་ཡོད་དོ་ཞེས་ཡིད་ཆེས་པའི་གནས་སུ་གྱུར་པ་ཡིན་པས་རྗེས་འཇུག་གདུལ་བྱ་རྣམས་ཀྱིས་ཚུལ་འདི་ངེས་པར་དུ་གོ་དགོས་པ་ཡིན་ནོ། །ཞེས་ཀྱང་གསུངས་སྣང༌། རྗེ་འདིས་དབེན་ས་སྙན་རྒྱུད་ཀྱི་དགའ་ལྡན་སྤྲུལ་པའི་གླེགས་བམ་གྲུབ་ཆེན་ཆོས་རྡོ་རྗེ་ལ་གནང༌། དེས་རྗེ་དབེན་ས་པ་བློ་བཟང་དོན་འགྲུབ་ལ་གནང་བ་ནས་རྒྱུད་པའི་མན་ངག་བཟང་པོ་འདི་ལ་བརྟེན་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཤིན་ཏུ་མང་པོ་བྱུང༌། གསུང་གི་ལེགས་བཤད་ཀྱང་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་དང༌། དགེ་ལུགས་ཀྱི་ཐུན་མོང་མ་ཡིན་པའི་སྙན་རྒྱུད་ཡིག་ཆུང་ཉེར་གཅིག དབུ་མའི་ལྟ་ཁྲིད། གསང་འདུས་བསྐྱེད་རྫོགས་ཀྱི་དམར་ཁྲིད། འཇིགས་བྱེད་བསྐྱེད་རིམ་རྣམ་བཤད། རྫོགས་རིམ་རིམ་ལྔའི་ཁྲིད་སོགས་པོད་ཆེན་གཅིག་ཙམ་བཞུགས་སྣང་ཞིང༌། རྗེས་འཛིན་སློབ་མ་ཡང་གོང་དུ་བགྲངས་པ་ལྟར་ཟུང་འཇུག་བརྙེས་པའི་སློབ་མ་གསུམ། གནས་རྙིང་ཀུན་དགའ་བདེ་ལེགས། འབྲས་སྤུངས་འཇམ་དབྱངས་དགའ་བའི་བློ་གྲོས། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཁྱུང་པོ་དགེ་འདུན་བཟང་པོ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱོན།སྔ་ཕྱིར་ལོ་ངོ་བཅུ་གཅིག་རིང་གསེར་ཁྲི་བསྐྱངས་ཏེ་འགྲོ་དོན་རྒྱ་ཆེར་སྐྱོང་བཞིན་པའི་མུར་རླུང་གི་རྒྱུ་བ་ལོག་པའི་ལྟས་བྱུང་བ་དང༌།

དགུང་ལོ་དོན་གཉིས་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ་ ༡༤༧༣ ལོར་ཆོས་རྗེ་བློ་གྲོས་བརྟན་པ་གསེར་ཁྲིར་བཀོད་དེ་རང་ཉིད་ཀུན་སྤངས་མཛདདེ། དགུན་དུས་སུ་མེ་ཏོག་གི་ཆར་འབབ་པ་སོགས་ཡ་མཚན་པའི་ལྟས་དུ་མ་བྱུང༌། གདུང་རྟེན་དངུལ་གྱི་མཆོད་སྡོང་དགའ་ལྡན་དུ་རྗེ་ཞ་ལུ་བའི་དངུལ་གདུང་གི་གཡས་ན་བཞུགས།འདིའི་སྐུ་ཕྲེང་གཉིས་པ་དབོན་པོ་ལྷ་སྐྱབས སྐུ་ཕྲེང་གསུམ་པ་ལི་ཡུལ་ཆོས་རྒྱལ། སྐུ་ཕྲེང་བཞི་པ་བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན། སྐུ་ཕྲེང་ལྔ་པ་ངག་དབང་ཆོས་ཀྱི་དབང་ཕྱུག སྐུ་ཕྲེང་དྲུག་པ་ངག་དབང་དཀོན་མཆོག་ཉི་མ། སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་རྒྱལ་མཚན། སྐུ་ཕྲེང་བརྒྱད་པ་རྟ་ཚག་བློ་བཟང་བསྟན་པའི་མགོན་པོ། སྐུ་ཕྲེང་དགུ་པ་རྟ་ཚག་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། སྐུ་ཕྲེང་བཅུ་པ་རྟ་ཚག་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན། སྐུ་ཕྲེང་བཅུ་གཅིག་པ་རྟ་ཚག་ངག་དབང་སྐལ་བཟང་བསྟན་པའི་སྒྲོན་མེ། སྐུ་ཕྲེང་བཅུ་གཉིས་པ་རྟ་ཚག་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱལ་མཚན། སྐུ་ཕྲེང་བཅུ་གསུམ་པ་རྟ་ཚག་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ད་ལྟར་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཐུགས་གཉེར་གནང་བཞིན་འཚོ་ཞིང་བཞུགས་པ་འདི་ཉིད་དོ། །

དགའ་ལྡན་ཁྲི་ཐོག་བདུན་པ་གཙང་བློ་གྲོས་བརྟན་པ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བདུན་པ་གཙང་བློ་གྲོས་བརྟན་པ་ནི།ཡུལ་གྱི་ལྷུམས་སུ་ཞུགས་པའི་ཚེ་ཌ་ཀི་མ་རྣམས་ཀྱིས་ཁྱོད་ནི་ཐུབ་བསྟན་རྒྱ་མཚོའི་མགོན་དུ་འགྱུར་ཞེས་ལུང་གིས་བསྟན། རབ་བྱུང་བདུན་པའི་ཆུ་རྟ་ ༡༤༠༢ ལོར་གཙང་ཤངས་མགྲོན་ཁང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་སྔོན་གྱི་བག་ཆགས་བཟང་པོའི་མཐུ་ཡོངས་སུ་བརྟས་ཏེ་བྱིས་པ་ཕལ་བ་གཞན་དང་མའི་འདྲ་བར་སྤྱོད་ལམ་དུལ་བ་སོགས་དམ་པའི་ཡོན་ཏན་ལྷན་སྐྱེས་སུ་མངའ། བཟོ་དང་སྒྱུ་རྩལ་གྱི་ཤེས་བྱ་མང་པོ་མ་བསླབས་པར་མཁྱེན། དད་ལྡན་སྐྱེ་བོ་གཞན་གྱིས་བསྐུལ་བ་ལྟར་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བའི་གདན་ས་གཙང་གནས་རྙིང་དུ་རབ་ཏུ་ཞུགས་ནས་ཆོས་ཞུགས་དང་སློབ་གཉེར་གནང་བས་ཕྱི་ནང་གི་གྲུབ་མཐའ་ཀུན་ལ་མཁས་པར་མ་ཟད་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་མ་འདྲེས་པར་འབྱེད་དཀའ་བ་རྣམས་ལེགས་བཤད་སྙིང་པོ་ལ་བརྟེན་ནས་ཇི་ལྟར་བ་བཞིན་འབྱེད་པས་། གཙང་ཁུལ་དུ་མཁས་པའི་མཚན་སྙན་འབར།

ཐེངས་གཅིག་གཟིམས་ལམ་དུ་སང་ཉིན་བུ་སྟོན་ཆོས་རྗེ་འི་གདན་ས་ཞ་ལུ་དགོན་དུ་ཕེབས་ན་དེར་སྤྱན་རས་གཟིགས་ཀྱི་དབང་སྐུར་གནང་བཞིན་ཡོད་པ་དེ་ཞུས་ན་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་རླབས་ཚུལ་ལུང་བསྟན་བྱུང་བས། སང་ཉིན་དེར་ཕེབས་སྐབས་སྤྱན་རས་གཟིགས་ཀྱི་དབང་གནང་གི་ཡོད་པ་དང་འཕྲོད་དབང་གནང་མཁན་བླ་མ་སུ་ཡིན་ཤེས་མ་བྱུང་པས་རྨི་ལམ་ལ་ངེས་ཤེས་རྙེད་པ་བྱུང༌། དབང་ཞུས་ནས་སྒྲུབ་པ་ལ་བཞོལ་བས་དངོས་གྲུབ་བརྙེས་པའི་རྟགས་ཐོན། སྐུ་ན་སོན་པ་དང༌།དྭགས་པོ་ངག་དབང་གྲགས་པས་མཛད་པའི་རྗེ་འདིའི་གསོལ་འདེབས་ལས། པད་དཀར་ཅན་གྱི་ཞིང་དུ་ལེགས་བཞུགས་ཚེ། ། འཇམ་དཔལ་སྙིང་པོའི་ཡོངས་རྫོགས་གདམས་པའི་གནད། ། དཔའ་བོ་ཁྱོད་ཀྱིས་དབུས་ནས་ལོངས་ཤིག་ཅེས། །རྒྱལ་བས་རབ་ཏུ་སྐུལ་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་གཙང་གི་གནས་རྙིང་གདན་ས་ལ་བཞུགས་པའི་སྐབས་རྒྱལ་བ་མ་ཕམ་པས་ཁྱོད་དབུས་སུ་སོང་ལ་རྗེ་ཙོང་ཁ་པའི་དྲུང་ནས་སྐྱེས་བུ་གསུམ་གྱི་གདམས་པའི་གནད་མཐའ་དག་ཞུས་ཤིག་ཅེས་ལུང་བསྟན་ཚད་མ་བྱུང་བ་ལ་བརྟེན་ནས་དབུས་སུ་ཕེབས་ཏེ། རྗེ་ཙོང་ཁ་པ་ཆེན་པོ་དང༌། རྒྱལ་ཚབ་ཆོས་རྗེ་སོགས་ལ་བརྟེན་ནས། བྱམས་ཆོས་ལྔ་དང༌། རིགས་ཚོགས་དྲུགམངོན་པ་གོང་འོགའདུལ་བ༌། ཚད་མ། མདོ་སྔགས་ཀྱི་ལམ་རིམ། དྲང་ངེས་རྣམ་འབྱེད། རྩ་འཇུག་བཞི་གསུམ་གྱི་རྩ་འགྲེལ་སོགས་འཕགས་བོད་ཀྱི་གཞུང་ལུགས་ཆེན་པོ་དུ་མར་བརྩོན་པར་མཛད་པས་མཁས་མང་ཚོགས་པའི་མདུན་སར་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པར་འཆད་རྩོད་རྩོམ་གསུམ་ལ་གཞན་དྲིང་མི་འཇོག་པའི་མཁས་པར་གྱུར། ལྷག་པར་བྱམས་ཆོས་ལ་མཁས་པའི་མཚན་སྙུན་གང་སར་འབར། གསང་ཕུ་ཁུ་སྤེ་གྲྭ་ཚང་གིས་འཆད་ཉན་པ་གདན་དྲངས་པ་ལྟར་ཕེབས་ནས་སྡེ་བདུན་མདོ་དང་བཅས་པའི་བཤད་པ་རྒྱ་ཆེར་མཛད། རྗེ་ཡབ་སྲས་རྣམསཀྱི་མདུན་ནས་སྨིན་ལམདབང་བཞི་ནོད་པ་དང་སྐྱེས་བུ་གསུམ་གྱི་སྲུང་མ་དང་འདོད་ཁམས་དབང་ཕྱུག་མ་སོགས་བདུད་འདུལ་དངོས་གྲུབ་སྟེར་པའི་བསྟན་སྲུང་རྣམས་དང༌།

དཔལ་ལྡན་འདུས་པ་དང་འཇམ་དབྱངས་དྲག་པོ།དུས་ཀྱི་འཁོར་ལོ་དང་འཁོར་ལོ་སྡོམ་པ་སོགས་རྒྱུད་སྡེ་རྒྱ་མཚོའི་ཤིན་ཏུ་ཟབ་པའི་དོན་མཐའ་དག་གདམས་པར་ཤར། དེ་ནས་རྗེ་ཙོང་ཁ་པ་ཆེན་པོས་རྗེ་འདི་ཉིད་ལ་བྱང་ཆུབ་ལམ་རིམ་ཆེན་མོའི་གླེགས་བམ་ཞིག་གནང་ནས་ལྷོ་ཁ་དང་དྭགས་པོའི་ཕྱོགས་སུ་བྱང་ཆུབ་ལམ་གྱི་རིམ་པའི་འཆད་ཉན་སྤེལ་བའི་ཆེད་ཆོས་སྡེ་ཞིག་གསར་འདེབས་དགོས་པའི་ལུང་གི་ཞལ་བཀོད་གནང་བ་ལྟར་ཨེ་དྭགས་ཀྱི་ཕྱོགས་སུ་བྱོན་ཏེ། རང་ཉིད་མ་གྲོལ་བར་གཞན་སྒྲོལ་བའི་སྲོལ་དེ་ཀོ་དགེ་ལྡན་པའི་ལུགས་མིན་པས་དེས་ན་ཐོག་མར་ཡ་ཀླུང་ཨེ་དྭགས་ཀྱིཕྱོགས་སུ་བྱ་བྲལ་ལ་ཕེབས་ཏེ་རྩེ་གཅིག་སྒྲུབ་པ་ལ་གཞོལ་བས་རྣམ་འབྱོར་དབང་ཕྱུག་མི་ལ་བཞེད་པའི་རྡོ་རྗེས་རྗེས་སུ་བཟུང༌། རྒྱལ་བའི་རྒྱལ་ཚབ་ཨ་ཏི་ཤཱ་དང་མཇལ། སྐྱེ་བ་སྔ་མ་རྣམས་ལག་མཐིལ་གྱི་རྫས་བཞིན་གཟིགས། དཔལ་ལྡན་འཇིགས་མེད་བསྟན་པའི་ཉི་མའི་དྲུང་ནས་འཇམ་དབྱངས་ཀྱི་ཆོས་སྐོར་ཞུས་པས་ཇི་སྲིད་འཇམ་དབྱངས་ཆོས་སྐོར་ཞུས་པ་དེ་སྲིད་དུ་འཇམ་དབྱངས་ཀྱིས་ཞལ་དངོས་སུ་གཟིགས། སྒྲིབ་པ་བྲལ་བ་དང་རྟོགས་པ་སྨིན་པའི་རྟགས་དང་མཚན་མ་དུ་མ་བྱུང༌། ཐ་མལ་སྣང་ཞེན་ཀུན་སྨུན་སྤྲིན་བཞིན་ཡལ། ཐུན་མོང་གྲུབ་པ་བརྒྱད་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཀྱི་མཛོད་ལ་དབང་འབྱོར།

དེ་ལྟར་རྟོགས་པའི་ཀློང་བརྡོལ་བ་ན་གནས་དེར་སྡེ་སྣོད་སྤྱི་དང་ཁྱད་པར་བྱམས་ཆོས་སྡེ་ལྔ་དང་དེའི་མན་ངག་བྱང་ཆུབ་ལམ་རིམ་ཆེན་མོ་ཐུགས་ཐོག་རང་ནས་འཆད་སྤེལ་ལན་མང་དུ་མཛད་པས། དྭགས་པོ་མཁན་ཆེན་ངག་གི་དབང་པོ་བློ་གྲོས་མཐའ་ཡས་དང་དྭགས་པོ་དཀའ་བཅུ་གྲགས་པ་མཐའ་ཡས། སྤྱན་སྔ་བ་རྡོ་རྗེ་རྒྱལ་མཚན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་འདུས། ཤར་ཕྱོགས་བསྟན་པའི་སྒྲོན་མེ་དྭགས་པོ་གྲྭ་ཚང་ཕྱག་བཏབ་སྟེ་དེ་ཉིད་གདན་ས་མཛད། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱི་བཞེད་པ་གཞིར་བཟུང་གིས་ལམ་རིམ་ཆེ་ཆུང་དང༌། སྔགས་བསྐྱེད་རྫོགས།དབུ་ཕར། འདུལ་མཛོད་སོགས་ཀྱི་བཤད་པ་རྒྱ་ཆེར་མཛད་དེ་དྭགས་པོའི་ཁུལ་དུ་སྤྱི་ཐུབ་པའི་བསྟན་པ་དང་སྒོས་སུ་དགེ་ལྡན་གསེར་སྦྱངས་རིང་ལུགས་གཙང་མའི་སྲོལ་བཟང་ཤིན་ཏུ་དར་བ་མཛད་པས་དུས་ཕྱིས་ཀྱང་གདན་ས་འདི་ནས་དགའ་ལྡན་ཁྲི་ཆེན་སོ་ལྔ་པ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་དང༌། དགའ་ལྡན་ཁྲི་ཐོག་སོ་དྲུག་པ་ཀོང་པོ་བསྟན་འཛིན་ལེགས་བཤད། དགའ་ལྡན་ཁྲི་ཐོག་སོ་བརྒྱད་པ་དྭགས་པོ་བསྟན་པ་རྒྱལ་མཚན་དང༌། ཁྲི་ཐོག་ཞེ་གསུམ་པ་ཆོས་རྗེ་བྱམས་པ་བཀྲིས། ང་གཉིས་པ་ངགས་པོ་ངག་དབང་ཚེ་འཕེལ། གཞན་ཡང་ལམ་རིམ་འཁྲིད་ཆེན་བརྒྱད་ཀྱི་ཡ་གྱལ་དྭགས་པོའི་མཆན་ཞེས་སུ་གྲགས་པ་དེ་ཉིད་མཛད་པ་པོ་ཐུགས་སྲས་ངག་དབང་གྲགས་པ་དང༌། མདོ་སྨད་བྱང་རྒྱུད་ཀྱི་གདན་ས་ཆེན་པོ་དགེ་ལུང་བྱམས་པ་གླིང་ཕྱག་འདེབས་པ་པོ་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ།དྲུང་པ་རྒྱལ་ཚབ་བློ་བཟང་བརྩོན་འགྲུས། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཡིག་ཆ་དཔལ་གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་སྐོར་རྩོམ་པ་མཛད་མཁན་དྭགས་པོ་ནམ་མཁའ་གྲགས་པ། བྱང་ཆུབ་ལམ་གྱི་རིམ་པའི་བཀའ་བབ་བསྟན་པོའི་བདག་པོ་དྭགས་པོ་བསྐལ་བཟང་མཁས་གྲུབ་དང༌། དྭགས་པོ་འཇམ་དཔལ་ལྷུན་གྲུབ་སོགས་མཐོན་པོའི་ཁྲི་ལ་མཛེས་པའི་བླ་ཆེན་དང༌། འཕྲིན་ལས་ཕྱོགས་བརྒྱར་བརྡལ་བའི་སྐྱེས་ཆེན། རྩེ་གཅིག་སྒྲུབ་པ་མཛད་པའི་བྱ་བཏང་རྣལ་འབྱོར་པ་ཤིན་ཏུའང་མང་པོ་བྱུང་སྣང་ལ། དབུས་ཀྱི་གདན་ས་ཆེན་པོ་གསུམ་གྱི་འོག་ནས། རྗེ་དགེ་འདུན་རྒྱ་མཚོའི་གདན་ས་རྒྱལ་བ་གྲྭ་ཚང་དང༌། མངའ་རིས་གྲྭ་ཚང༌།

རྗེ་འདིས་ཕྱག་བཏབ་པའི་དྭགས་པོ་གྲྭ་ཚང་གསུམ་ལ་མངའ་དྭགས་རྒྱལ་གསུམ་ཞེས་བར་ལམ་ཞིག་ནས་མདོ་སྔགས་ཀྱི་འཆད་ཉན་ཆེས་ཆེར་འཕེལ་བའི་དབུས་ཀྱི་དགེ་ལྡན་པའི་གདན་ས་ཆེ་གྲས་སུ་ཆགས་མྱོང་པའི་ལོ་རྒྱུས་ཀྱང་གྲགས་ཆེ། གདན་སར་ཞེ་ཆགས་མི་འབྱུང་བའི་ཆེད་ས་གནས་གཅིག་ཏུ་ཡུན་རིང་མ་བཞུགས་པར་གདན་ས་དེར་འཆད་ཉན་པ་མཛད་ཞོར། འོལ་ཁ་དང༌། དྭགས་སྟོད། དྭགས་སྨད། ཨེ། རོང༌། དང་ཆུ་ལྷོ་རྒྱུད་ཡར་ཀླུང་སོགས་སུ་བྱོན་ཏེ་མདོ་སྔགས་ཀྱི་ལམ་རིམ་དང་བྱམས་ཆོས་ཀྱི་འཆད་ཉན་སྤེལ་བ་དང༌། གཞི་གསུམ་གྱི་ཉམས་ལེན་སོགས་ཆད་ཉན་སྒོམ་སྒྲུབ་ཁོ་ནས་དུས་འདའ་བར་མཛད་པས་ཆུ་ལྷོ་རྒྱུད་ཀྱི་ཁུལ་དུ་འཕྲིན་ལས་ཤིན་ཏུ་འཕེལ་བར་མ་ཟད། སྐབས་དེར་དགེ་ལྡན་པའི་ཁྲོད་ནས་ཉམས་དང་རྟོགས་པའི་གདིངས་ཐོབ་པ་དང་འཕྲིན་ལས་རྒྱས་ཤས་ཡིན་པས། དགའ་ལྡན་ཁྲི་ཐོག་དྲུག་པ་ཆོས་རྗེ་བ་སོ་པ་རྗེའི་གསེར་ཁྲི་ལས་ཟུར་པའི་ཚབ་ཏུ། དགེ་ལྡན་རིང་ལུགས་འཆང་བའི་གནས་བརྟན་རྒན་གྲས་ཀུན་གྱིས་རེ་དགོངས་ལྟར་རྗེ་འདི་ཉིད་བྱང་རྩེ་བརྒྱུད་ནས་དགའ་ལྡན་གསེར་ཁྲིར་ཕེབས་དགོས་ཀྱི་སྙན་སིང་བྱུང་བར་རྗེ་འདིས་སློབ་འབངས་རྣམས་ལ་རྗེ་བླ་མའི་གསེར་ཁྲིར་ཐོག་མར་ང་རང་འགྲོ། དེ་ནས་ཁྱོད་རྣམས་རིམ་པར་བཞིན་ཕེབས་ཏེ་རང་རེ་བླ་སློབ་ཚོས་རྗེའི་ལྟ་སྤྱོད་གཙང་མའི་བསྟན་པ་རིན་པོ་ཆེ་འདི་ཉིད་རྗེ་རང་གི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཛིན་སྐྱོང་སྤེལ་གསུམ་གྱིས་རྒྱལ་བ་གཉིས་པའི་བསྟན་པའི་མཛེས་རྒྱན་དུ་འགྱུར་ངེས་བྱེད་དགོས།ཞེས་གདན་ས་འདི་ཉིད་ནས་འཇམ་མགོན་བླ་མའི་གདན་ས་འཛིན་པའི་འབྱུང་འགྱུར་སྐྱེས་ཆེན་དུ་མར་འབྱོན་པ་ཤུགས་ལ་ལུང་གིས་བསྟན་ནས། དྭགས་པོ་གྲྭ་ཚང་གི་གདན་ས་རང་གི་སློབ་མ་དྭགས་པོ་ངག་དབང་གྲགས་པར་བསྐོས་ནས་རང་ཉིད་དགའ་ལྡན་དུ་ཕེབས།
དགུང་ལོ་དོན་གཉིས་པ་རབ་བྱུང་བརྒྱད་པའི་ཆུ་སྦྲུལ་ ༡༤༧༣ ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མི་འཇིགས་སེང་གེའི་ཁྲི་ཕང་མཐོན་པོར་ཞབས་སོར་འཁོད།

དགའ་ལྡན་དུ་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། མྱུར་མཛད་མགོན་དང་རྣམ་སྲས་དུས་དགྲ་དམག་ཟོར་མ་སོགས་ཆོས་སྲུང་བྲན་དུ་ཁོལ། ཞྭ་སེར་བསྟན་ལ་རྒྱལ་བ་གཉིས་པ་སླར་ཡང་བྱོན་པ་ལྟར་བསྟན་པའི་ཁུར་རླབས་ཆེར་བཞེས་བཞིན་པའི་མུར། དགུང་ལོ་དོན་བརྒྱད་པ་རབ་བྱུང་བརྒྱད་པའི་ས་ཁྱི་ ༡༤༧༧ ལོར་གདན་ས་རང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་གདུང་རྟེན་དངུལ་གྱི་དབྱེན་ཟླུམ་མཆོད་རྟེན་རྗེའི་གསེར་གདུང་གི་གཡོན་གྲལ་བཞི་པར་བཞུགས། དྭགས་པོ་གྲྭ་ཚང་དུ་དུས་མཆོད་ཚུགས། གསུང་གི་ལེགས་བཤད་ཀྱང༌། མདོ་སྡེ་རྒྱན་དང༌།ཆོས་དབྱིངས་རྣམ་འབྱེད། དབུས་མཐའ་རྣམ་འབྱེད།རྒྱུད་བླ་མ་སྟེ་བྱམས་ཆོས་ཕྱི་མ་བཞིའི་ཊིཀྐ་དང༌། རྣམ་འགྲེལ་ལམ་བསྒྲིགས། འདུལ་བའི་ལས་ཆོས་རིན་ཆེན་ཕྲེང་བ།དགེ་ལྡན་ཆོས་འབྱུང་སོགས་དུ་མ་ཡོད་པར་སྣང༌། གསུང་ལས་སྐྱེས་པའི་སློབ་མ་ཡང་གཡའ་བཟང་བ་རྡོ་རྗེ་རིན་ཆེན་དང༌། དྭགས་པོ་བློ་གྲོས་མཐའ་ཡས། དྭགས་པོ་གྲགས་པ་མཐའ་ཡས། དྭགས་པོ་ངག་དབང་གྲགས་པ། སྤྱན་སྔ་བ་རྡོ་རྗེ་རྒྱལ་མཚན་སོགས་སྐྱེས་ཆེན་དམ་པ་དུ་མ་བྱུང་སྣང༌།

དགའ་ལྡན་ཁྲི་ཐོག་བརྒྱད་པ་ཆོས་རྗེ་རབ་འབྱམས་པ་སྨོན་ལམ་དཔལ་བ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བརྒྱད་པ་ཆོས་རྗེ་རབ་འབྱམས་པ་སྨོན་ལམ་དཔལ་བ། རབ་བྱུང་བདུན་པའི་ཤིང་རྟ་ ༡༤༡༤ ལོར། གཙང་གཡས་རུ་བྱང་གི་ཆར་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་རྩ་བའི་ཡོངས་འཛིན་དུ་བསྟེན་ནས་མདོ་ཕྱོགས་ཀྱི་གསུང་རབ་མཐའ་ཡས་པར་གསན་བསམ་རྒྱ་ཆེར་མཛད། རྗེ་ཤེས་རབ་སེང་གེ་ལས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་སོགས་རྒྱུད་སྡེ་རྒྱ་མཚོར་གསན་བསམ་རྒྱ་ཆེར་ཞུས། དབུས་སུ་ཕེབས་ནས་རྩེད་ཐང་དུ། པོ་ཏི་སུམ་ཅུ་སོ་དྲུག་གི་གྲྭ་སྐོར་མཛད། དཔལ་ལྡན་ས་སྐྱ་བའི་མཁས་པ་ཆེན་པོ་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ་དང༌། འབྲས་སྤུངས་པའི་མཁས་པ་གཞུ་བསོད་པ་ཡང་རྩོད་པས་ཕམ་པར་མཛད་ཅེས་གྲགས། དབུས་གཙང་ཁུལ་དུ་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ཀའི་ཆ་ནས་འགྲན་ཟླ་མེད་པའི་སྙན་པ་ཆེས་ཆེར་འཕེལ། གསང་ཕུར་ཆོས་རྗེ་ཡོན་ཏན་རྒྱ་མཚོ་དང༌། འབྲས་སྤུངས་སུ་འཇམ་དབྱངས་ཆོས་རྗེ་གཉིས་ལ་གཞུང་ལུགས་དུ་མའི་ཆོས་འབྲེལ་གསན།

སླར་ཡང་གཙང་དུ་ཕེབས་ཏེ། རིམ་པར་བཞིན་གཙང་པོའི་ལྷོའི་གྲྭ་ཚང་ཆེན་མོ་དང༌། དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོ། གསེར་ཁང་གོང་རྣམས་སུ་འཆད་ཉན་པར་ཕེབས་ཏེ། འཕགས་བོད་ཀྱི་གཞུང་ལུགས་བརྒྱ་ཕྲག་དུ་མ་རྗེ་ཡབ་སྲས་ཀྱི་བཞེད་སྲོལ་གཙང་མའི་སྟེང་ནས་འཆད་ཉན་རྒྱ་ཆེར་སྤེལ་བས་གཙང་གི་ཁུལ་དུ་འཕྲིན་ལས་ཉི་ཟླའི་འོད་སྣང་ལྟར་གསལ་བར་མཛད། སླར་ཡང་དབུས་སུ་ཕེབས་ནས། སེ་རའི་རྒྱ་གྲྭ་ཚང་དང༌། ཤར་ཀྱི་མཚན་ཉིད་ཁང༌། ཐང་སྐྱ་སོགས་སུ་གདན་དྲངས་པ་ལྟར་ཕེབས་ནས་གཞུང་ཆེན་དུ་མའི་འཆད་ཉན་རྒྱ་ཆེར་མཛད་བཞིན་པའི་མུར་ཤར་རྩེར་ཕེབས་ནས་ལུགས་གཉིས་ཀའི་སྒོ་ནས་མཉམ་མེད་དགེ་ལྡན་རིང་ལུགས་ཀྱི་བསྟན་པ་རིན་པོ་ཆེ་བླ་ན་སྤེལ། སླར་ཡང་གཙང་ཕྱོགས་སུ་ཕེབས་ཏེ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པའི་ཞབས་དྲུང་ནས་བཀའ་གདམས་གླེགས་བམ་ཆ་ལག་དང་བཅས་པ་གསན། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཀའ་གདམས་གླེགས་བམ་གྱི་ལུང་རྒྱུན་སྤེལ་བ་དང༌། བཀའ་གདམས་པའི་བསྟན་པའི་ཁུར་ཆེན་པོ་བཞེས་དགོས་པའི་ཞལ་བཞེས་ཀྱང་དོན་གྱིས་མཛད།

རྗེ་ཙོང་ཁ་པ་ཆེན་པོ་ཞི་བར་གཤེགས་ནས་བགྲང་བྱ་རེ་གཅིག་འཁོར་བའི་ས་ཕག་ ༡༤༧༩ ལོར་ཤར་རྩེ་དང་བྱང་རྩེ་བར་འཁྲུག་རྩོད་བྱུང་བ་རྗེ་འདིས་ཐུགས་སྨོན་དང་ཐབས་ཇུས་རྒྱ་ཆེར་གནང་ནས་རྩོད་པ་ཆོས་ཕྱོགས་སུ་ཞི་བར་མཛད། དེའི་ཕྱི་ལོ་རབ་བྱུང་བརྒྱད་པའི་ལྕགས་བྱི་ ༡༤༨༠ ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་མི་འཇིགས་སེང་གེ་ཁྲི་ལ་ཞབས་སེན་འཁོར་ལོའི་རེ་ཁ་མངོན་པར་བཀོད་དེ། བཤད་སྒྲུབ་འཁོར་ལོ་གསུམ་གྱིས་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་བླ་ན་སྤེལ། 
དེའི་ཕྱི་ལོ་རབ་བྱུང་བརྒྱད་པའི་ལྕགས་གླང་ ༡༤༨༡ ལོར་ཆོས་རྗེ་རིན་ཆེན་བྱང་ཆུབ་པ་གདན་སའི་མཁན་ཁྲི་ལས་ཟུར་པའི་ཚབ་དུ་གདན་ས་འབྲས་སྤུངས་ཀྱི་ཁྲིར་ཕེབས་ཏེ་གདན་ས་དགའ་ལྡན་འབྲས་སྤུངས་གཉིས་ཀར་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་གསུངས། ལྕགས་གླང་ ༡༤༨༡ ལོར་རི་སྤུངས་ནོར་བུ་བཟང་པོའི་བུ་ཀུན་ཏུ་བཟང་པོ་དང༌། དོན་ཡོད་རྡོ་རྗེ་གཉིས་ཀྱིས་གཙང་དམག་ཁྲི་གཅིག་ལྷག་ཙམ་དྲངས་ནས་དབུས་ཕྱོགས་ཀྱི་སྣེའུ་རྫོང་དཔོན་ངག་དབང་བསོད་ནམས་ལྷུན་པོ་དང༌། ངག་དབང་བསོད་ནམས་རྣམ་རྒྱལ་ཡུལ་ལ་བྱོལ་དུ་འགྲོ་དགོས་པ་བཟོས། ཕག་གྲུ་སྡེ་སྲིད་ཀྱང་མིང་ཙམ་ལས་དབུས་གཙང་གཉིས་ཀྱི་བདག་དབང་ཕལ་ཆེ་བ་རི་སྤུངས་པའི་ལག་ཏུ་ལྷུང་ཞིང༌། གཙང་གི་རི་སྤུངས་དང་ཀཾ་ཚང་དབར་མཆོད་ཡོན་གྱི་འབྲེལ་བ་ཟབ་པ་དང༌། སྣེ་གདོང་དང་དབུས་ཀྱི་དགེ་སྡེ་པ་མཐུན་ལམ་ཟབ་པས་སྲིད་ཀྱི་ཁེ་དབང་ལ་འདོད་རྔམས་ཆེ་བའི་དབུས་གཙང་གི་སྡེ་པ་ཚོའི་ཇུས་ངན་འོག་བཀའ་དགེ་དབར་དྲི་ནག་འདྲེ་མཐོང་གིས་དོགས་ཟོན་བྱེད་པའང་བྱུང་སྣང་སྟེ། 
སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ཤོག་གྲངས་ ༡༠༥ ལས། ཀུན་བཟང་གི་བུ་རི་སྤུངས་སྡེ་པ་སྒར་པ་དོན་ཡོད་རྡོ་རྗེ་ནི་ཞྭ་དམར་ཆོས་གྲགས་རྒྱ་མཚོས་བསྐུལ་ཏེ་དབུས་སུ་ལྕགས་གླང་ནས་དམག་ཁྲི་ཙམ་དྲངས་ནས་དགེ་ལྡན་པའི་སྦྱིན་བདག་སྣེའུ་པ་རྫོང་པ་བཏོན་ནས་བོད་དབུས་བདག་ཏུ་བཟུང་ཡང་ཁྲི་སྨོན་ལམ་པས་གཏོར་ཆེན་གྱི་སྒོ་ནས་ལན་གཉིས་སུ་བཟློགས་པར་མཛད། ཞེས་བྲིས་འདུག་པ་ལས་དཔོག་ནུས་པས་སོ། ། 
  རབ་བྱུང་དེ་གའི་མེ་རྟ་ ༡༤༨༦ ལོར་འབྲས་སྤུངས་པའི་གདན་སའི་ཁྲི་རྗེ་དབོན་བློ་བཟང་ཉི་མ་ལ་བཏོད། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་སྐྱེ་བར་ཞལ་གྱིས་བཞེས།

ལྷ་ས་ནས་སྡེ་བ་རི་སྤུངས་པས་དགའ་ལྡན་དུ་དམག་ཐེངས་གཉིས་དྲངས་པར་རྗེ་འདིས་མགོན་པོའི་གཏོར་ཆེན་རེ་རེ་འཕངས་པས། ཕ་རོལ་བའི་དམག་དཔུང་ལ་ནད་རིམས་ཀྱིས་འཆི་གད་ཅི་ཆེར་བྱུང་པས། དམག་རྣམས་ཕྱིར་འཐོན་བྱེད་དགོས་པ་བྱུང༌། མཐུ་སྟོབས་ནུས་པ་དང༌། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ། ལྟ་སྒོམ་སྤྱོད་གསུམ་གྱིས་བསྡུས་པའི་བྱིན་རླབས་དང་བསོད་ནམས་ཀྱི་དཔུང་བ་བརྟན་པོའི་མཐུས་དགེ་ལྡན་རིང་ལུགས་འཛིན་པའི་འདུས་སྡེ་ཀུན་དང་བསྟན་པའི་སྦྱིན་བདག་ཀུན་ཀྱང་དད་དང་འདུན་པའི་མོས་གུས་ཀྱིས་དཔལ་དང་འབྱོར་པའི་མཐུན་རྐྱེན་དཔེ་མེད་སྦྱོར་བ་ལས། གཞིས་ཀ་བྲག་དཀར་དུ་རྒྱལ་བ་བྱམས་པའི་ཕོ་བྲང་བཞེངས་པ་སོགས་རྣམ་པར་དཀར་བའི་འཕྲིན་ལས་རྒྱ་ཆེར་སྤེལ། ས་བྱ་ ༡༤༨༩ ལོར་རྒྱལ་དབང་ཀརྨ་པ་ཆེན་པོ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ་རྒྱ་ནག་ནས་ཕྱིར་ལྷ་ལྡན་དུ་ཕེབས་སྐབས་ཁྲི་ཆེན་འདི་ཉིད་དང་འཇམ་དབྱངས་ལེགས་པ་ཆོས་འབྱོར་སོགས་ཀྱིས་གཙོས་པའི་སེར་འབྲས་དགེ་གསུམ་དང༌། བདེ་སྐྱོ་ཟུལ་གསུམ་སོགས་དགེ་ལྡན་པའི་དགེ་སློང་ཁྲི་ཕྲག་དུ་མའི་སེར་སྦྲེང་གིས་ཕེབས་བསུ་ཞུས་པ་སོགས་ཞྭ་དམར་སེར་གྱི་ཕྱོགས་འཛིན་མེད་པར་རེས་མེད་ཀྱི་རྣམ་ཐར་གཙང་མ་བདག་གིར་བསྐྱངས། སྔ་ཕྱི་མི་ལོ་བཅུ་རིང་ཁྲི་པ་མཛད།

དགུང་ལོ་དོན་བདུན་པ་རབ་བྱུང་བརྒྱད་པའི་ལྕགས་ཁྱི་ ༡༤༩༠ ལོར་ཁྲི་ལས་ཟུར་ནས་རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་མཐོན་པོ་སྒྲེངས་བཞིན་པའི་མུར། དགུང་གྲངས་དོན་བརྒྱད་པ་རབ་བྱུང་བརྒྱད་པའི་ལྕགས་ཕག་ ༡༤༩༡ ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་པོ་ཏ་ལར་དགོངས་པ་དག་ཞིང་དུ་གཤེགས། སྐུ་གདུང་ཞུགས་འབུལ་སྐབས་རྟེན་ངོ་མཚན་ཅན་དུ་མ་བྱུང་བ་རྣམས་བཞུགས་པའི་གདུང་རྟེན་དངུལ་གྱི་རྣམ་རྒྱལ་མཆོད་རྟེན་དད་ལྡན་བསོད་ནམས་གསོག་པའི་ཞིང་ས་དམ་པར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བ་སོ་ཆོས་རྒྱན་པའི་དངུལ་གདུང་གི་གཡས་ངོས་སུ་བཞུགས། 
འདིའི་སྐུ་བརྙན་ཞིག་དགའ་ཤར་རྒྱུགས་སྤྲོད་ཁང་དུ་ཡོད་པར་ཆབ་རིལ་གྱིས་ཕྱག་འཚལ་ནས་ཡར་འཇུ་སྨོན་ལམ་འཚོགས་རྒྱུར་གནངས་བརྡ་ཕུལ་དགོས་ཤིང༌། དེ་སྔོན་ཆབ་རིལ་ཞིག་གིས་གནངས་བརྡ་ཕུལ་རྒྱུ་བརྗེད་པས་ལྗིད་ཆེ་བ་བྱུང་ནས་གདན་འདྲེན་ཞུ་དཀའ་བ་བྱུང་ཚུལ་སྐྱབས་རྗེ་འཛེ་སྨད་རིན་པོ་ཆེའི་དགའ་ལྡན་དང་འབྲེལ་བའི་ངག་སྒྲོས་ལོ་རྒྱུས་ཐོར་བུ་འགའ་ཤས་བཀོད་པའི་ནང་དུ་གསལ།

རྗེ་འདི་ཉིད་ཀྱིས་རྗེ་ཙོང་ཁ་པའི་ཞབས་མ་ཟིན་ཀྱང་རྨི་ལམ་དུ་ཞལ་གཟིགས་ནས། ཆོས་འབྲེལ་ཡང་ཡང་བྱུང་བས་རྗེའི་དངོས་སློབ་ཏུ་བགྲང༌། གསུང་གི་ལེགས་བཤད་ཀྱང་རྣམ་འགྲེལ་ཊིཀ་ཆེན་མཛད་དེ་ད་ལྟའི་བར་འཕྲིན་ལས་འཕེལ་ཞིང་ཉེ་སྔོན་བྱེས་གྲྭ་བཀྲ་ཤིས་ལྷུན་པོས་པར་སྐྲུན་བྱས་ཏེ་འགྲོ་དོན་བསྐྱར་མ་འཕེལ། གསུང་ལས་སྐྱེས་པའི་སློབ་མ་ཡང་ཆོས་རྗེ་འདར་སྟོན་བློ་བཟང་གྲགས་པ། ཆོས་རྗེ་བ། དཀའ་བཅུ་བ་བློ་གྲོས་འཇམ་དཔལ། ལས་ཆེན་དཔལ་པ་སོགས་དགེ་ལྡན་བསྟན་པའི་རྒྱལ་མཚན་འཛིན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཤིན་ཏུ་མང་པོ་བྱོན། རྒྱལ་ཚབ་རྗེ་ནས་འདིའི་བར་འཇམ་དབྱངས་གཙང་པ་བདུན་རྒྱུད་ཞེས་གྲགས། བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དུ་རྗེ་འདི་ཉིད་འབྲས་སྤུངས་གདན་རབས་བརྒྱད་པར་འཁོད་འདུག་པ་ནི་ཡི་གེ་བས་གོ་རིམ་ནོར་བ་ཙམ་ལས་དོན་དུ་གདན་རབས་བཞི་པ་ཡིན་ཏེ་རྗེ་འདི་ཉིད་གདན་སའི་ཁྲིར་ཕེབས་ལོ་བཀའ་གདམས་ཆོས་འབྱུང་དུ་རབ་བྱུང་བརྒྱད་པའི་ལྕགས་གླང་ ༡༤༨༡ ལོ་ཡིན་པ་གསལ་པོར་འཁོད་འདུག་པས་སོ། ། 
       

རྗེ་དཔོན་བློ་བཟང་ཉི་མ་དང༌། རོང་སྟོན་བློ་བཟང་གྲགས་པ་སོགས་རྗེ་འདིའི་རྗེས་སུ་གདན་སར་ཕེབས་པ་ཤིན་ཏུ་གསལ་ཏེ་ཐུགས་ཡིད་མ་ཆེས་ན་བོད་རྒྱའི་ཚིག་མཛོད་ཀྱི་ལོ་ཚིགས་རེའུ་མིག་དང༌། བོད་ཀྱི་ལོ་རྒྱུས་གལ་ཆེན་ཁག་གི་ལོ་ཚིགས་རེའུ་མིག ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཀུན་བཏུས་སོགས་ལ་ཞིབ་ཏུ་གཟིགས་ནས་ལོ་འཁོར་བགྲང་ན་ཤེས་ཐུབ་པས་འདིར་གསལ་བཤད་རྒྱས་པོ་ཞུ་དགོས་པ་མི་འདུག་གོ བཻཌཱུརྱ་སེར་པོ་དང༌། ཐུའུ་བཀྭན་གྲུབ་མཐའ་སོགས་དང་དེ་དག་དཔེ་བཤུས་བྱེད་མཁན་ཕྱིས་ཀྱི་ཆོས་འབྱུང་ཕལ་ཆེ་བའི་ནང་ཞིབ་འཇུག་ཅུང་ཟད་ཙམ་ཡང་མ་བྱས་པར་བཀའ་གདམས་ཆོས་འབྱུང་ལས་བྱུང་བའི་གོ་རིམ་སོར་བཞག་བྱས་པར་མ་གཏོགས། ཆོས་འབྱུང་དེའི་ལོ་ཚིགས་གསལ་པོར་བཀོད་པར་སྤྱན་ཟུར་ཙམ་ཡང་གཡོ་མི་འདུག་པ་ནི་མཛད་པ་པོ་དེ་དག་བསྟན་འགྲོ་གཉིས་ཀའི་ཁུར་དང་ཐུགས་བྲེལ་ཧ་ཅང་རྒྱ་ཆེ་བས་ཐུགས་ཁག་མེད་མོད། ཁོ་བོ་ལྟ་བུ་གྲྭ་ཆུང་ཉམ་ཆུང་ཞིག་ལ་ཐུགས་བྲེལ་དེ་འདྲ་མེད་སྟབས་ཞིབ་ཏུ་དཔྱད་པའི་ལུགས་སུ་བྱས་ཏེ་འབྲས་སྤུངས་གདན་རབས་ཀྱི་གོ་རིམས་འདི་བཞིན་བཅོས་པར་གཟུར་བོར་གནས་པའི་དཔྱད་ལྡན་ཚོས་དགའ་བར་བྱོས་ཤིག།

དགའ་ལྡན་ཁྲི་ཐོག་དགུ་པ་རྗེ་དབོན་བློ་བཟང་ཉི་མ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་དགུ་པ་རྗེ་དབོན་བློ་བཟང་ཉི་མ།རབ་བྱུང་བདུན་པའི་ས་ལུག་ ༡༤༣༩ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་རྗེ་བདག་ཉིད་ཆེན་པོའི་དབོན་པོར་སྐུ་འཁྲུངས། ཆུང་དུས་ནས་དབུས་སུ་བྱོན་ཏེ། འཇམ་དབྱངས་ཆོས་རྗེའི་སློབ་མ་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་དང༌། མཁས་པ་ལྟག་ལེབ་པ་བྱང་ཆུབ་རྒྱལ་མཚན། སློབ་དཔོན་གྲགས་འོད་པ་སོགས་ལ་བསྟེན་ནས་ཚད་མ་དང༌། དབུ་ཕར། འདུལ་མཛོད་ཀྱི་གཞུང་ལུགས་ཆེན་པོ་རྣམས་ལ་བརྩོན་པས་གཞན་དྲིང་མི་འཇོག་པའི་མཁས་པའི་གོ་ས་བསྙེས། གསང་ཕུར་གཞུང་ཆེན་པོ་པོ་ཏི་ཉི་ཤུ་རྩ་གཉིས་ཀྱི་གྲྭ་སྐོར་མཛད་པའི་སྐབས་རྩོད་པའི་ཁྱུ་མཆོག་ཏུ་གྲགས་པའི་སློབ་དཔོན་རྩེ་ཉག་པ་ཡང་རྩོད་པས་ཕམ་པས། མཚན་སྙན་གྱིས་ཕྱོགས་ཀྱི་བུ་མོའི་ཁྱོན་ཀུན་ཡོངས་སུ་བརྡལ། དེའི་ཕྱི་ལོ་ནས་སྟག་ཚང་རྭ་བ་སྟོད་པ་རྒྱལ་ཚབ་གསེར་ཟན་གྲྭ་ཚང་གི་འཆད་མཉན་པའི་མཁན་ཁྲིར་ནན་ཀྱིས་གདན་དྲངས་པ་ལྟར་ཕེབས་ཏེ། གཞུང་ལུགས་རྒྱ་མཚོ་ལྟ་བུའི་འཆད་མཉན་དབྱར་གྱི་མཚོ་ཆེན་བརྡོལ་བ་ལྟར་མཛད།

རྭ་སྟོད་འཆད་ཉན་པའི་ཁྲི་ལས་ཟུར་ནས་དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོར་ཕེབས་ཏེ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་ཞབས་དྲུང་ནས་མདོ་སྔགས་ཀྱི་གསེར་ཆོས་ཤིན་ཏུ་མང་པོ་བུམ་པ་གང་བྱོའི་ཚུལ་དུ་གསན། སླར་ཡང་དབུས་སུ་ཕེབས་པ་དང་རབ་བྱུང་བརྒྱད་པའི་མེ་རྟ་ ༡༤༨༦ ལོར་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་འཆད་མཉན་གྱི་མཁན་ཁྲིར་གདན་དྲངས་པ་ལྟར་ཕེབས་ཏེ་འཇམ་དབྱངས་ཆོས་རྗེ་པའི་གདན་སར་མི་འཇིགས་སེང་གེའི་ཁྲི་ལ་དབང་བསྒྱུར། གྲྭ་ཚང་བདུན་ཀའི་འདུས་སྡེ་ཀུན་ལ། མདོ་སྔགས་ཆོས་ཀྱི་ཆར་ཆེར་ཕབ། གདན་ས་ལས་ཟུར་ནས། ཚལ་གུང་ཐང་དུ་དབོན་དགོན་བཏབ་ནས་རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་འཆང་ནས་བཞུགས་པ་ལ། གནས་དེ་ནས་ཆུ་མིག་རང་བརྡོལ་དུ་བྱུང་བས། གྲུབ་པའི་རྟགས་མཚན་དུ་བགྲངས་ཏེ་ཀུན་གྱིས་ཡ་མཚན་པར་བྱེད། དད་ལྡན་སྐྱེ་བོ་དུ་མས་སྐུལ་བ་ལྟར་དབུ་རུ་ལྷོ་བྱང་དང༌། ཨེ་དྭགས་གཉལ་གསུམ་ཡར་ཀླུང་སྟོད་སྨད་རྣམས་སུ་ཕེབས་ནས་དབུས་གཙང་གི་ཁྱོན་ཀུན་རྗེ་འདི་དང་ཆོས་འབྲེལ་སློབ་མ་གྱུར། སླར་ཡང་གསང་ཕུ་རྭ་བ་སྨད་པས་གདན་དྲངས་པ་ལྟརའཆད་ཉན་པའི་གདན་ས་མཛད་དེ་གཞུང་ཆེན་ཁག་དང་ལྷག་པར་རྗེ་བླ་མའི་དྲང་ངེས་ལེགས་བཤད་སྙིང་པོའི་དགོངས་དོན་རྩལ་དུ་བཏོན་ནས་འཆད་མཉན་སྤེལ་ནས་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་བྱས། རབ་བྱུང་བརྒྱད་པའི་ལྕགས་ཁྱི་ ༡༤༩༠ ལོར་འབྲས་སྤུངས་གདན་ས་རོང་པོ་ཆོས་རྗེ་བློ་བཟང་གྲགས་པ་ལ་གནང་ནས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་ལ་ཞབས་སེར་འཁོར་ལོའི་རེ་ཁ་མངོན་པར་བཀོད། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་ལུགས་བཟང་གསེར་སྦྱངས་རིང་ལུགས་གཙང་མའི་བསྟན་པ་འདི་ཉིད་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱ་ཆེར་སྤེལ། དགུང་ལོ་ང་བཞི་པ་རབ་བྱུང་བརྒྱད་པའི་ཆུ་བྱི་ ༡༤༩༢ ལོར། རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་ཕྱིར་གཟུགས་སྐུ་རགས་པ་མངོན་པར་བསྡུས་ནས་བདེ་ཆེན་དག་པའི་ཞིང་དུ་ཞི་བར་གཤེགས། གསུང་ལས་སྐྱེས་པའི་སློབ་མ་ཡང༌། རྭ་བ་སྟོད་སྨད་དང་འབྲས་སྤུངས་སོགས་སུ་རྩོད་མེད་མཁས་གྲུབ་དུ་མ་བྱོན། གསུང་གི་ལེགས་བཤད་ཀྱང་དྲང་ངེས་བཀའ་འགྲེལ་སོགས་མཛད་པར་སྣང༌།

དགའ་ལྡན་ཁྲི་ཐོག་བཅུ་པ་འདན་མ་ཡེ་ཤེས་བཟང་པོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བཅུ་པ་འདན་མ་ཡེ་ཤེས་བཟང་པོ། རབ་བྱུང་བདུན་པའི་ཤིང་ལུག་ ༡༤༡༥ ལོར་ཁམས་འདན་ཁོག་ཏུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་དབུས་སུ་གདན་ས་འབྲས་སྤུངས་སུ་ཆོས་ཞུགས་གནང༌། མཁན་ཆེན་དཔལ་ལྡན་བློ་གྲོས་པའི་ཞབས་ལ་བརྟེན་ནས་དབུ་མ་དང་ཕར་ཕྱིན་ཚད་མ་གསུམ་ལ་བསླབས། འདུལ་འཛིན་དགེ་ལེགས་དཔལ་བ་ལས་འདུལ་མཛོད་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་མཐར་ཕྱིན་པར་མཛད་ནས་གླིང་བསྲེས་དམ་བཅའ་བཞག་པས་མཁས་པའི་མཚན་སྙན་ཕྱོགས་ཀུན་བརྡལ། གླིང་བསྲེའི་དམ་བཅའ་ནི་སྔར་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་སྔར་བོད་ཡུལ་གངས་ཅན་ལྗོངས་སུ་འདིའི་ཆོས་གྲྭ་ཆེན་པོ་གསང་ཕུ་སོགས་ན་ལུང་རིགས་ཀྱི་བཤད་གྲྭ་འཛུགས་གནང་པ་ལས། ཇོ་བོ་རྗེ་སྙེ་ཐང་དུ་བཞུགས་པའི་བཞུགས་པའི་དུསན། ཉིན་གཅིག་ཇོ་བོའི་ཞལ་ནས། ད་ནངས་མགོན་པོ་བྱམས་པ་དང་རྗེ་བཙུན་འཇམ་དབྱངས་གཉིས་མདུན་གྱི་ནམ་མཁར་བྱོན་ཏེ་ཐེག་པ་ཆེན་པོའི་ཆོས་ཀྱི་བགྲོ་གླེང་མཛད་དེ། གསང་བའི་བདག་པོ་ལག་ན་རྡོ་རྗེས་བར་ཆད་སྲུང༌། ལྷའི་བུ་མང་པོས་ཟུར་བྲིས་གནང་བཞིན་པར་གཟིགས་ཤིང༌། གནས་དེར་བྱམས་འཇམ་དབྱངས་གཉིས་ཀྱིས་དྲངས་ངེས་ཀྱི་དོན་ལ་རྩོད་པའི་རྟེན་འབྲེལ་ལས་དུས་ཕྱིས་གསང་ཕུ་གླིང་སྟོད་སྨད་གཉིས་སུ་གྱེས་པར་བསྟན་པར་བཟང་འགྲན་ལྟ་བུའི་གླིང་སྟོད་སྨད་བསྲེས་པའི་ནང་གཞུང་ཅེན་པོའི་དམ་བཅའ་གཞག་རྒྱུའི་སྲོལ་བཟང་པོ་བྱུང་བ་ལྟར། དགེ་ལྡན་པའི་གདན་སར་གླིང་བསྲེས་དམ་བཅའ་བཞག་པའི་སྲོལ་ཡང་ཐོག་མ་འདི་ནས་བྱུང་བ་ཡིན་ནོ།།

རྗེ་འཇམ་དབྱངས་ཆོས་རྗེའི་དྲུང་ནས་བསྙེན་པ་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། ཀོང་པོ་རབ་འབྱམས་པ་ཚུལ་ཁྲིམས་བློ་གྲོས་བློ་གསལ་གླིང་གྲྭ་ཚང་གི་འཆད་ཉན་པ་གནང་གིན་ཞི་བར་གཤེགས་པའི་ཤུལ་དུ་རྗེ་འདི་ཉིད་མཁས་མང་བློ་གསལ་གླིང་གི་འཆད་ཉན་པ་མཛད་པས་གྲྭ་ཚང་འདིའི་མཁན་རབས་གསུམ་པ་ཡིན། རྗེ་འདིས་འཆད་ཉན་པ་མཛད་པའི་རིང༌། འཆད་རྩོད་རྩོམ་གསུམ་དང༌། བཤད་སྒྲུབ་ལས་གསུམ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པས་དགེ་འདུན་འདུས་ཚོགས་དབྱར་གྱི་མཚོ་ལྟར་འཕེལ་ཞིང༌། བཤད་སྒྲུབ་འཆད་ཉན་སྟོན་ཀའི་ཟླ་བ་ལྟར་རྒྱས། འཆད་ཉན་ལས་ཟུར་པའི་རྗེས་དགའ་ལྡན་ཤར་རྩེ་ཆོས་རྗེའི་ཁྲིར་གདན་དྲངས་པ་ལྟར་ཕེབས་ནས་འཆད་ཉན་གྱི་སྲོལ་རྒྱ་ཆེར་འཕེལ་བ་བྱུང༌། 


རྗེ་འདི་ཉིད་དགའ་ལྡན་ཤར་རྩེ་ཆོས་རྗེ་དྲུག་པ་ཡིན་ནོ། དགུང་ལོ་དོན་དགུ་པ་རབ་བྱུང་བརྒྱད་པའི་ཆུ་གླང་ ༡༤༩༣ ལོར་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་མི་འཇིགས་སེང་གེས་བཏེགས་པའི་གསེར་ཁྲིར་ཞབས་སོར་འཁོར་ལོའི་རེ་ཁ་མངོན་པར་བཀོད་ནས། ཐུབ་བསྟན་སྤྱི་དང་དེའི་ཡང་སྙིང་འཇམ་མགོན་རྒྱལ་བ་གཉིས་པ་ཡབ་སྲས་ཀྱིས་དག་ཐེར་ལེགས་པར་མཛད་པའི་མཉམ་མེད་དགེ་ལྡན་རིང་ལུགས་པའི་གསེར་སྦྱངས་བཙོ་མ་ལྟ་བུའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་རླབས་པོ་ཆེ་བསྐྱངས།སྟག་ལོ་ཟླ་བ་བཅུ་པའི་ཚེས་ཉེར་ལྔ་དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་རྒྱལ་མཆོག་དགེ་འདུན་རྒྱ་མཚོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེའི་དངུལ་གདུང་ཆེན་མོ་སོགས་ལ་མཆོད་མཇལ་ཕེབས་པའི་སྐབས་དང་བསྟུན་ནས་ཁྲི་ཆེན་འདི་ཉིད་ཀྱི་དྲུང་དུ་བཅར་ནས་བླ་མའི་རྣལ་འབྱོར་ཞིག་གི་ཆོས་འབྲེལ་ཞིག་ཀྱང་ཞུས། དེབ་ཐེར་ནོར་བུའི་ཕྲེང་བ་༣༦༡ ནང་གསལ། རྗེ་འདི་ཉིད་བློ་གསལ་གླིང་གྲྭ་ཚང་གི་མཁན་པོའི་ཁོངས་ནས་ཕེབས་པའི་དགའ་ལྡན་ཁྲི་འཛིན་དང་པོ་དེ་ཡིན། འདིའི་གསུང་འབུམ་ཡང་དབུ་ཕར་གྱི་དཀའ་འགྲེལ་དང༌། སྔགས་ཀྱི་སྒྲུབ་ཐབས་སོགས་ཅི་རིགས་ཡོད་པར་མ་ཟད། འཇམ་དབྱངས་དགའ་བློ་མ་བྱོན་པའི་སྔོན་དུ་གྲྭ་ཚང་འདིའི་ཡིག་ཆའི་གཙོ་བོ་ཡང་རྗེ་འདིའི་ལེགས་བཤད་རྣམས་ཡིན་པར་བཤད་དེ། པཎ་ཆེན་བསོད་ནམས་གྲགས་པའི་དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེའི་མཇུག་བྱང་དུ་དབུ་མ་པ་ཆེན་པོ་ཆོས་ཀྱི་རྗེ་ཡེ་ཤེས་བཟང་པོ་དང་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་ལེགས་བཤད་ལ་བརྟེན་ནས་མདོ་སྔགས་རབ་འབྱམས་སྨྲ་བ་བསོད་ནམས་གྲགས་པའི་དཔལ་གྱིས་སྦྱར་བའོ༌། ། ཞེས་པ་གསུངས་པ་ལ་བརྟག་ན་ཤེས་པར་ནུས་སོ། །
 

གཞུང་ཆེན་སྤྱི་དང་ལྷག་པར་ཕར་ཕྱིན་སྐོར་འཆད་ཉན་རྒྱ་ཆེར་སྤེལ་བས་རྗེ་འདིས་ཞལ་ཤགས་ཀྱི་ཚུལ་དུ་མི་ཚོས་གསེར་ཟངས་ཀྱི་བྱམས་སྐུ་བཞེངས་ཀྱང༌། ཁོ་བོས་ནི་མི་རང་ལ་བྱམས་སྐུ་བཞེངས་པ་ཡིན་ཞེས་གསུངས་པ་ལྟར་གཞུང་ལུགས་སྤྱི་དང༌། ལྷག་པར་དབུ་ཕར་ཀྱི་གཞུང་ལུགས་ལ་མཁས་པས་གསུང་སྐྱེས་སློབ་མ་གནམ་གྱིས་ས་བཀབ་པ་ལྟ་བུ་ཤིན་ཏུ་མང་པོ་བྱོན་པའི་ཁྲོད་ནས་འབྲས་སྤུངས་སུ་ཐོན་པའི་ཞལ་སློབ་རགས་རིམ་ཙམ་བརྗོད་ན། རྗེ་མཁས་བཙུན་རིན་པོ་ཆེ་དང༌། རྒྱལ་མཆོག་སྐུ་ཕྲཻང་གཉིས་པ་དགེ་འདུན་རྒྱ་མཚོ། བློ་གླིང་མཁན་རབས་དགུ་པ་སྡེ་སྣོད་འཛིན་པ་སངས་རྒྱས་བཟང་པོ། རོང་སྟོན་ཚུལ་ཁྲིམས་རྒྱལ་མཚན། མཁན་ཆེན་དབང་དཔལ། རབ་འབྱམས་པ་རིན་བཟང༌། མཁན་རིན་པོ་ཆེ་ཆོས་བཟང༌། འཕྱོངས་རྒྱས་དཀའ་བཅུ་བ་ཆོས་འཕེལ་རྒྱལ་མཚན། ཀོང་པོ་དཀའ་བཅུ་བ་བློ་གྲོས་དབང་པོ། མཁན་པོ་སངས་རྒྱས་ཚུལ་ཁྲིམས། གོ་བོ་རབ་འབྱམས་པ་སྔ་མ། ཚ་བ་བསམ་གཏན། ཉག་རེ་བསམ་གཏན། འདན་མ་བསམ་གཏན། ཨར་དགེ་བླ་མ་སྐྱབས། དྭགས་པོ་དཀའ་བཅུ་བ་ཆོས་དཔལ། ཨཙརྱ་དཀའ་བཅུ་བ་ཤེས་རབ་དཔལ། ཨུ་རུ་བླ་མ་འོད་སྲུང་པ། འཕན་པོ་དཀའ་བཅུ་བ་རབ་གསལ་ཟླ་བ། འཕན་པོ་དཀའ་བཅུ་བ་ལེགས་གྲུབ། འཕན་པོ་དཀའ་བཅུ་བ་བཀྲ་ཤིས་རབ་བརྟན། དཀའ་བཅུ་བ་གཞོན་ནུ་མཛེས་པ་ལ་སོགས་གཞན་དྲིང་མི་འཇོག་པའི་མཁས་གྲུབ་ཀྱང་བཅུ་ཕྲག་ཟུང་ལྷག་བྱུང་ཞིང༌། དགའ་ལྡན་གྱི་གསེར་ཁྲི་ལོ་དྲུག་རིང་བསྐྱངས།

མཐར་དགུང་གྲངས་གྱ་བཞི་པ་རབ་བྱུང་བརྒྱད་པའི་ས་རྟ་༡༤༩༨ལོར་དགའ་ལྡན་དག་པའི་ཞིང་དུ་ཞི་བར་གཤེགས། ལོ་དེར་རི་སྤུངས་པས་དབུས་གཙང་ཕལ་ཆེ་བར་དབང་བསྒྱུར་བྱས་པ་དང༌། རྒྱལ་དབང་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་གཟིམས་ལམ་དུ་རྒྱལ་བ་བྱམས་པས་ལུང་བསྟན་བྱུང་བ་ལྟར། ཇོ་བོ་ཤཀྱཱ་མུ་ནི་ནག་གྲོང་གི་དཀྱིལ་དུ་གཞུགས་ན་བསྟན་པར་གནོད་པས་གཙུག་ལག་ཁང་དུ་དགེ་འདུན་གཙང་མའི་སྡེ་ཞིག་བྱུང་ན་དགོངས་ནས། དབུས་ཀྱི་སྡེ་བ་སྣེའུ་པ་ལ་གསུངས་ཀྱང་དགོངས་དོན་ལྟར་མ་བྱུང་བར་བཀའ་མ་བཅག་ཙམ་དུ་དབུས་ཀྱི་ས་ནག་མར་ཀརྨ་ཆོས་འཁོར་གླིང་དགོན་པ་བཏབ་རྒྱུའི་ཁས་ལེན་བྱས། དབུས་ཕྱོགས་ཀྱི་སྡེ་པ་སྣེའུ་དང་སྐྱིད་ཤོད་པ་སོགས་གཙང་སྲིད་འོག་འཛུལ་བར་མི་འདོད་པས་ཇུས་བསྐུལ་འོག སེར་འབྲས་ཀྱི་ཆོས་སྲིད་གཉིས་ཀའི་བརྟེན་གཞི་ནི་སྐྱི་ད་ཤོད་ཡུལ་གྱི་ལྟེ་བ་ལྷ་ལྡན་གྲོང་ཁྱེར་ཡིན་པས། འདི་གཞན་ཕྱོགས་སུ་ཤོར་ན་སེར་འབྲས་རང་ཤུགས་ཀྱིས་ཉམས་ཉེས་པར་འགྱུར་ཞིང་དེ་ལ་བསམ་ནས་སེར་འབྲས་ཀྱི་ཁ་ནོན་དུ་ས་ནག་མར་ཀརྨ་པའི་གྲྭ་ཚང་བཏབ་པའི་ངོས་འཛིན་གྱིས་གྲིབ་ནག་འདྲེ་མཐོང་གི་དཔེ་ལྟར། སེར་འབྲས་གྲྭ་ལྔ་བརྒྱ་ལྷག་གིས་སེར་དམག་ལངས་ནས་འགོག་རྒོལ་བྱས་པས་ཞྭ་དམར་སེར་གྱི་དུས་ཟིང་བྱུང༌།

དེའི་རྐྱེན་གྱིས་རི་སྤུངས་པ་མཚོ་སྐྱེས་རྡོ་རྗེས་ལྷ་སའི་སྨོན་ལམ་ཆེན་པོའི་ནང་སེར་འབྲས་ཀྱི་གྲྭ་པ་ཞུགས་མི་ཆོག་པར་བྱས་ཏེ། དེ་ ༡༤༩༨ - ༡༥༡༨ ནས་བཟུང་མི་ལོ་བཅོ་བརྒྱད་རིང་ལྷ་ལྡན་སྨོན་ལམ་དུ་ཉེར་འཁོར་གྱི་བཀའ་བརྒྱུད་དང་ས་སྐྱའི་གྲྭ་རྒྱུན། གསང་ཕུ་བ་རྣམས་ཕེབས་དགོས་པ་སོགས་དབུས་ཀྱི་དགེ་ལྡན་པའི་གྲྭ་ཚང་རྣམས་ལ་མགོ་གནོན་ཤུགས་ཆེར་འཕྲོད། དུས་ཟིང་དེའི་རྐྱེན་པས་ཁྲི་ཆེན་འདི་ཉིད་ཞི་བར་གཤེགས་ནས་ཁྲི་ཐོག་བཅུ་གཅིག་པ་འདར་སྟོན་བློ་བཟང་གྲགས་པ་ཁྲི་ལ་མ་ཕེབས་པའི་བར་མི་ལོ་གཉིས་ཀྱི་རིང་གསེར་ཁྲི་སྟོང་པར་ལུས། རྗེ་འདིའི་སྐུ་རབས་སྔ་མ་སྐུ་བ་དྲི་མེད་དང༌། ལྷ་རི་སྡེ་སྣོད་འཛིན་པ་དར་མ་སེང་གེ་ཡིན་པར་གྲགས་ཤིང༌། འདིའི་སྐུ་ཕྲེང་གཉིས་པ་རྨུ་བཟའ་སྐྱབས་མགོན་ཀུ་ལུ་རིན་པོ་ཆེ་ཡིན་ཞིང༌། འདི་ཉིད་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་ཆབ་མདོ་ལྕགས་ར་སྤྲུལ་སྐུ་ངག་དབང་འཕྲིན་ལས་གཉིས་ཀྱི་བཀའ་མངགས་ལྟར་འདན་ཁོག་རབ་ཤིས་ཀླུང་ཤོད་དགོན་པའི་མཁན་ཁྲིར་ཕེབས་པ་ནས་ཆོས་སྡེ་དེའི་དགོན་བདག་ཏུ་གྱུར། སྐུ་ཕྲེང་གསུམ་པ་རྨུ་བཟའ་སྐྱབས་མགོན་སྐུ་རྒན་མ། བཞི་པ་རྨུ་བཟའ་སྐྱབས་མགོན་འཇམ་དཔལ་བློ་གྲོས་བསྟན་པའི་ཉི་མ། ལྔ་པ་རྨུ་བཟའ་སྐྱབས་མགོན་འཇམ་དཔལ་ཡེ་ཤེས་བསོད་ནམས་རྣམ་རྒྱལ། དྲུག་པ་རྨུ་བཟའ་སྐྱབས་མགོན་བསྟན་འཛིན་ངག་དབང་བློ་ལྡན་དཔལ་བཟང་པོ་ཉིད་ཡིན་ལ། འདི་ཉིད་ད་ལྟར་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་རྩེར་སོན་མཛད་བཞིན་འཚོ་ཞིང་བཞུགས་བཞིན་པ་ལགས་སོ། །

དགའ་ལྡན་ཁྲི་ཐོག་བཅུ་གཅིག་པ་འདར་སྟོན་བློ་བཟང་གྲགས་པ

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བཅུ་གཅིག་པ་འདར་སྟོན་བློ་བཟང་གྲགས་པ། རབ་བྱུང་བདུན་པའི་ས་བྱ་ ༡༤༢༩ ལོར་གཙང་སྟོད་འདར་དུ་འཁྲུངས། ཆུང་དུས་ནས་གཙང་འདར་ཆོས་སྡེར་རབ་ཏུ་བྱུང༌། ཡི་གེ་ཕྱི་མོ་ནས་གཞུང་ཆེན་ཁག་ལ་བརྩོན་པས་འཛིན་གྲྭའི་བརྒལ་བརྟག་བརྩི་བཞག་སྐྱོར་དཔོན་གནང་སྟེ། གཙང་དུ་མཁས་པའི་མཚན་སྙན་འབར། དབུས་སུ་བྱོན་ནས་གདན་ས་འབྲས་སྤུངས་མཁས་མང་བློ་གསལ་གླིང་གི་མཁན་ཆེན་དཔལ་ལྡན་བློ་གྲོས་དང༌།དགའ་ལྡན་ཁྲི་ཐོག་བརྒྱད་པ་རྗེ་སྨོན་ལམ་དཔལ་བ། མཁས་པ་ཀུན་ལེགས་པ། དགའ་ལྡན་ཁྲི་ཐོག་དྲུག་པ་དབེན་ས་སྙན་རྒྱུད་ཀྱི་བསྟན་པའི་བདག་པོ་བ་སོ་ཆོས་ཀྱི་རྒྱལ་མཚན། ཆོས་རྗེ་ཤེར་འབྱུང་བ་སོགས་དགེ་ལྡན་རིང་ལུགས་འཆང་བའི་སྐྱེས་ཆེན་དུ་མའི་ཞལ་ནས། མདོ་སྔགས་ཀྱི་དཀའ་གནད་དང་དབང་ལུང་མན་ངག་རྒྱ་ཆེར་ཞུས་པས་དབུས་སུའང་མཁས་པའི་ཚད་དུ་བགྲངས། ཐང་སྐྱ་དང་གསང་སྔགས་མཁར་དུ་འཆད་མཉན་པ་གདན་དྲངས་པ་ལྟར་ཕེབས་ཏེ་རྣམ་འགྲེལ་གྱི་འཆད་ཉན་རྒྱ་ཆེར་སྤེལ། དེ་ནས་དགའ་ལྡན་ཤར་རྩེ་ཆོས་རྗེའི་ཁྲིར་ཕེབས་ནས་མདོ་སྔགས་ཀྱི་ཆོས་ཚུལ་དུ་མ་གསུང་བཞིན་པའི་མུར། དགུང་ལོ་དོན་གཉིས་པ་རབ་བྱུང་བརྒྱད་པའི་ལྕགས་སྤྲེལ་ ༡༥༠༠ ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ། ཡི་དམ་བདེ་གསང་འཇིགས་གསུམ་དང༌། དཔལ་དུས་ཀྱི་འཁོར་ལོ༌། བྱང་ཆུབ་ལམ་རིམ་ཆེན་ཆུང༌། དྲང་ངེས་རྣམ་འབྱེད། རྩ་འཇུག་བཞི་གསུམ་སོགས་ཀྱི་ཁྲིད་ལུང་རྒྱ་ཆེར་སྤེལ། བྱ་བྲལ་ལྷ་དབང་རྣམ་རྒྱལ་གྱིས་མཛད་པའི་པཎ་ཆེན་བསོད་ནམས་གྲགས་པའི་རྣམ་ཐར་ལས། དགའ་ལྡན་དུ་འདར་སྟོན་བློ་བཟང་གྲགས་པ་ལས་འཇམ་དབྱངས་ཆོས་སྐོར་ཡོངས་སུ་རྫོགས་པ་གསན་པར་མཛད། ཅེས་ཀྱང་འབྱུང་བས་མཚོན།

སྔ་ཕྱིར་མདོ་སྔགས་གཉིས་ཀའི་ཟབ་རྒྱས་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེས། ཆུ་ཕག་ ༡༥༠༣ ལོར་རྒྱལ་དབང་ཀརྨ་པ་ཆེན་པོས་སླར་ཡང་བྱམས་པའི་ལུང་བསྟན་གྱི་མཇུག་གནན་ཆེད་ལྷ་སའི་ཤར་དུ་ཀརྨ་ཐུབ་ཆེན་ཆོས་འཁོར་གླིང་གྲྭ་ཚང་གི་རྨངས་གཏིང་པར་སེར་འབྲས་སོགས་དབུས་ཀྱི་དགེ་ལྡན་པ་ཚོ་སེར་དམག་ལངས་ནས་དགོན་པ་གཏོར། དབུས་གཙང་གི་སྡེ་པ་ཚོའི་ཇུས་སྐུལ་འོག་ཞྭ་དམར་སེར་འཁྲུགས་པས་བསྟན་པ་ལ་གད་ཆག་ཅི་ཆེར་བྱུང༌། 
རྒྱལ་མཆོག་ཀརྨ་པ་ཆེན་པོ་དང་ཁྲི་ཆེན་འདི་བ་ཕྱོགས་སུ་འཛིན་པའི་རླུང་གིས་མི་གཡོ་བར་གསེར་གྱི་རི་བཞིན་བརྟན་པར་བཞུགས་ཤིང༌། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྒྱལ་བ་འོད་དཔག་མེད་ཀྱི་གསེར་སྐུ་ཆེན་མོ་དང༌། བདེ་ཆེན་གསང་སྔགས་མཁར་དུ་དཔལ་དུས་ཀྱི་འཁོར་ལོའི་གསེར་སྐུ་ཆེན་མོ་གསར་བཞེངས་མཛད་པས་མཚོན་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཇམ་མགོན་རྒྱལ་བའི་ལུགས་བཟང་བླ་ན་བཏེགས། དགུང་ལོ་གྱ་གསུམ་པ་རབ་བྱུང་དགུ་པའི་ལྕགས་ལུག་ ༡༥༡༡ ལོར་དགོངས་པ་ཞི་བར་གཤེགས་པའི་སྐུ་གདུང་དངུལ་གྱི་མཆོད་སྡོང་བྱིན་རླབས་ཀྱི་ཚན་ཁ་འབར་བཞིན་གསང་སྔགས་མཁར་དུ་བཞུགས་ཤིང༌། དགའ་ལྡན་དུ་རྗེ་འདི་ཉིད་ཀྱི་དུས་མཆོད་ཀྱང་ཚུགས། །

དགའ་ལྡན་ཁྲི་ཐོག་བཅུ་གཉིས་པ་ཤེས་རབ་དར་ལེགས་པའི་བློ་གྲོས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བཅུ་གཉིས་པ་ཤེས་རབ་དར་ལེགས་པའི་བློ་གྲོས་ནི། རབ་བྱུང་བརྒྱད་པའི་ལྕགས་རྟ ༡༤༥༠ ལོ་ལ་ཨེ་ཡི་ཕྱོགས་སུ་སྐུ་འཁྲུངས། བླ་འབྲིང་ཆོས་སྡེར་བླ་མ་བསོད་ནམས་རྒྱ་མཚོ་བློ་གྲོས་ལ་རབ་ཏུ་བྱུང༌། གསང་ཕུར་སློབ་དཔོན་ཤེས་བཀྲས་པ་ལ་ལུང་ཆོས། བཀྲ་ཤིས་ལྷུན་པོར་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ལ་བྱམས་ཆོས་སྡེ་ལྔའི་ལུང༌། སློབ་དཔོན་ཆོས་འབྱོར་བ་ལ་རྣམ་འགྲེལ། ཆོས་རྗེ་གནས་བརྟན་པ་ལ་འདུལ་བའི་མདོ། བླ་མ་སྣོན་པ་དང་རྩེ་པ་བཀྲས་རྒྱལ་བ་ལ་དབང་ལུང་རྗེས་གནང༌། རྒྱུད་པ་ཤེར་བཟང་པ་ལ་གསང་འདུས་ཀྱིས་གཙོས་པའི་བསྡུས་རྒྱུད་རྣམས་གསན་ཞིང༌། སྣོན་པ་དཔལ་ལྡན་པས་མཁན་པོ། བྱང་རྩེ་ནས་ལས་སློབ། རྒྱུད་ཁང་ནས་གསང་སྟོན་མཛད་དེ་བསྙེན་པར་རྫོགས།དེ་ནས་ཉི་མ་ཐང་དུ་ལོ་ཉི་ཤུ་ལྷག་པར་གཞུང་ལུགས་ཀྱི་བཤད་པ་མཛད་པས་མཁས་གྲགས་ཀྱིས་དབུས་གཙང་ཁྱབ་སྟེ། གུང་རུ་རབ་འབྱམས་པ་གཞོན་བྱང༌། དཀའ་བཅུ་པ་བསོད་ནམས་བཟང་པོ། དཀའ་བཅུ་བ་ཤཱཀ་བཀྲས། རབ་འབྱམས་པ་བཀྲས་བསམ། དཀའ་བཅུ་པ་ཤེས་བཟང༌། སྨོག་པ་ཆོས་མཛད་པ་སོགས་བཤེས་གཉེན་མང་དུ་ཐོན། ཡབ་ཀྱིས་ཁང་པ་གསར་སྐྲུན་བྱས་པར་རབ་གནས་དགོས་པར་ཞུས་དོན་ལྟར་རྗེ་འདིས་དགའ་ལྡན་ནས་རབ་གནས་ཀྱི་མེ་ཏོག་ཕྱག་ནས་གཏོར་བ་ཨེ་ནས་འབྲུ་དང་མེ་ཏོག་དངོས་སུ་འཕྱག་རྒྱུ་ཡོད་པ་བྱུང་བ་སོགས་མཁས་གྲུབ་གཉིས་ལྡན་གྱི་རྨད་དུ་བྱུང་བའི་རྣམ་པར་ཐར་བ་བདག་གིར་མཛད།དགུང་ལོ་ང་བདུན་པ་མེ་སྟག་ ༡༥༠༦ ལོར་བྱང་རྩེ་དང༌། རེ་གཉིས་པ་ལྕགས་ལུག་ ༡༥༡༡ ལོ་ལ་འཇམ་མགོན་རྒྱལ་བ་གཉིས་པའི་གདན་ས་དགའ་ལྡན་གསེར་ཁྲིར་ཕེབས་པ་གཉིས་ཆར་དུ། མདོ་སྔགས་ཀྱི་ཆོས་སྟར་ཆགས་སུ་གསུང་པ་ལས་སླར་ཡང་སྡེ་སྣོད་འཛིན་པ་མང་པོ་འདུས། པཎ་ཆེན་བསོད་ནམས་གྲགས་པས་ཀྱང་རྗེ་འདིའི་དྲུང་ནས་འདུས་པའི་རྒྱུད་སྒྲོན་མ་གསལ་བ་དང་བཅས་པ། བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་དང༌། ལྷ་མོ་བཞིས་ཞུས་གཉིས་ཊིཀྐ་དང་བཅས་པ། རིམ་ལྔ་གསལ་སྒྲོན། རྣམ་གཞག་གི་ཊིཀྐ། བསྐྱེད་རིམ་ཊིཀྐ། རིམ་ལྔ། མདོར་བྱས། མདོ་བསྲེ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། བདེ་དགྱེས་ཀྱི་རྒྱུད་གཉིས་ཊིཀྐ་དང་བཅས་པ། སྔགས་རིམ་ཆེན་མོ། དྲིལ་བུ་རིམ་ལྔའི་ཊིཀྐ། རྗེ་ཡབ་སྲས་ཀྱི་བཀའ་འབུམ། ཀརྨ་ཤ་ཏ་མ། ཀྱཻ༔་རྡོ་རྗེའི་དབང་སོགས་ཆོས་ཀྱི་རྣམ་གྲངས་མང་པོ་ཞིག་གི་བཀའ་དྲིན་ཞུས། ཞེས་བཀའ་བདམས་ཆོས་འབྱུང་ལས་གསུངས།

འཇམ་པའི་དབྱངས་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་རྗེ་འདིའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཚུལ་མང་པོ་ཞུས་ཚུལ་རྣམ་ཐར་ན་གསལ། སྔ་ཕྱིར་ལོ་ངོ་དྲུག་གི་རིང་འཇམ་མགོན་བླ་མའི་ལུགས་བཟང་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བླ་ན་བཏེགས། ཐུགས་དམ་ཐུབ་དབང་གི་གསེར་སྐུ་ཆེན་མོ་བཞེས་པས་མཚོན་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་རྒྱ་ཆེར་བསྐྱངས། དགུང་ལོ་རེ་བདུན་པ་མེ་བྱི ༡༥༡༦ ལོར་ཀུན་སྤངས་མཛད་ནས་མངོན་དགའ་ཉིད་དུ་བཞུགས། ཐུགས་སྲས་རྣམས་ཀྱི་ཁྲོད་ནས། འཇམ་པའི་དབྱངས་ཆོས་ཀྱི་རྒྱལ་མཚན་གྱིས་སེ་ར་ཐེག་ཆེན་གླིང་གི་ཁྲི་པ་དང་བྱེས་མཁས་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས་ནས་འཆད་ཉན་རྒྱ་ཆེར་མཛད་པ་དང༌། མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་མཁས་མང་བློ་གསལ་གླིང་དང༌། དགའ་ལྡན་གསེར་ཁྲི། དེ་བཞིན་སེར་འབྲས་ཀྱི་ཁྲིར་རིམ་པར་བཞིན་ཕེབས་ཏེ་འཆད་ཉན་རྒྱ་ཆེར་སྤེལ། གུང་རུ་རབ་འབྱམས་པས། འོལ་ཁ་བསམ་གླིང་དུ་ཕར་ཕྱིན་གྱི་བཤད་པ་མཛད་པས་མཚོན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་རྨད་དུ་བྱང་བའི་མཛད་པ་རླབས་པོ་ཆེ་བསྐྱངས་བའི་སློབ་མ་ཡང་ཤིན་ཏུ་མང་པོ་བྱུང་ཞིང༌། མདོར་ན་སྐབས་དེའི་དགེ་ལྡན་པའི་སྐྱེས་ཆེན་ཕལ་ཆེ་བ་རྗེ་འདིའི་དངོས་སློབ་ཏུ་གྱུར་སྣང༌། དགུང་གྲངས་གྱ་གཅིག་པ་ལྕགས་སྟག་ ༡༥༣༠ ལོར་ཞི་བར་གཤེགས་ཚུལ་བཻ་སེར་དུ་གསུངས་ཤིང༌། དུང་དཀར་ཚིག་མཛོད་སོགས་སུ་དགུང་གྲངས་རེ་བརྒྱད་པ་ ༡༥༡༧ ལོར་ཞི་བར་གཤེགས་ཚུལ་ཡང་འཁོད་འདུག་པ་ནི་པཎ་ཆེན་བསོད་གྲགས་ཀྱིས་བཀའ་གདམས་ཆོས་འབྱུང་རྩོམ་པའི་ལོ་དེར་ཁྲི་ཆེན་འདི་ཉིད་དགུང་ལོ་རེ་བདུན་ཡིན་ཚུལ་འཁོད་འདུག་པ་དེ་དང་འཁྲུལ་བ་ཡིན་ངེས་སྙམ། པཎ་ཆེན་བསོད་ནམས་གྲགས་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་དུ། དགུང་ལོ་རེ་བདུན་པ་མེ་བྱི ༡༥༡༦ ལོར་ཀུན་སྤངས་མཛད་ནས་མངོན་དགའ་ཉིད་དུ་བཞུགས། ཞེས་གསུང་པ་ལ་དཔག་ན་ཆོས་འབྱུང་འདི་ཉིད་བརྩམས་གྲུབ་པའི་སྐབས་ཁྲི་ཆེན་འདི་ཉིད་ཞལ་བཞུགས་ཡོད་ངེས།

དགའ་ལྡན་ཁྲི་ཐོག་བཅུ་གསུམ་པ་ཆོས་རྗེ་ཆོས་ཀྱི་བཤེས་གཉེན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བཅུ་གསུམ་པ་ཆོས་རྗེ་ཆོས་ཀྱི་བཤེས་གཉེན་ནི། རབ་བྱུང་བརྒྱད་པའི་ཆུ་བྱ་༡༤༥༣ལོར་དབུས་ཀྱི་སྟོད་ལུང་མདར་སྐུ་འཁྲུངས། སྐུ་ན་ཆུང་དུས་དགའ་ལྡན་དུ་ཕེབས་ཏེ་སློབ་དཔོན་ཆོས་གྲགས་ལས་རབ་ཏུ་བྱུང་བའི་མཚན་ལ་ཆོས་ཀྱི་བཤེས་གཉེན་ཞེས་གསོལ། གཙང་དུ་ཕེབས་ཏེ་རྒྱལ་མཆོག་དགེ་འདུན་གྲུབ་པའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་གསན་པས་མཁས་པའི་མཚན་སྙན་གཙང་ཕྱོགས་སུ་ཁྱབ། རྗེ་དགེ་འདུན་གྲུབ་པས་བསྟན་པའི་རྒྱལ་མཚན་འཛིན་པ་ཞེས་མ་འོངས་ལུང་བསྟན་གྱི་ཚུལ་དུ་མཚན་གསོལ་གནང༌། དབུས་སུ་བྱོན་ཏེ་དཔལ་ལྡན་འབྲས་སྤུངས་སུ་ཞུགས། བློ་གླིང་མཁན་རབས་བཞི་པ་དང་དགའ་ལྡན་ཁྲི་ཐོག་བཅུ་པ་ཆོས་རྗེ་ཡེ་ཤེས་བཟང་པོ་དང༌། འཇམ་དབྱངས་དགའ་བའི་བློ་གྲོས། དྲུང་དཔལ་ལྡན་རྒྱལ་མཚན་སོགས་ལས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་ཆེར་གསན། རྩེད་ཐང་དུ་པོ་ཏི་ཉི་ཤུའི་གྲྭ་སྐོར་མཛད་པས་དབུས་ཕྱོགས་སུ་མཁས་པའི་མཚན་སྙྙན་རྒྱས། རབ་འབྱམས་སྨྲ་བ་སྨོན་ལམ་དཔལ་བ་སོགས་ལས་རྒྱུད་སྡེ་རྒྱ་མཚོའི་དབང་ལུང་མན་ངག་རྒྱ་ཆེར་ཞུས།

རྗེ་ཤེར་སེང་པའི་གདན་ས་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་རྒྱུད་སྡེ་བཞིའི་དོན་ལ་བསླབས་པས་སྔགས་ཕྱོགས་ལ་མཁས་པའི་ཡང་རྩེ་སོན། སྟག་ལུང་ཆོས་རྗེ་ངག་དབང་གྲགས་པ་ལས་སྒྲ་དང་སྙན་ངག་སོགས་ཐ་སྙད་རིག་གནས་ལ་མཁས་པར་སྦྱངས། ཆོས་རྗེ་གནས་བརྟན་པས་མཁན་པོ་དང༌། འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་ལས་སློབ། དྲུང་དཔལ་ལྡན་རྒྱལ་མཚན་པས་གསང་སྟོན་མཛད་དེ། བསྙེན་པ་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས། ཤག་སྐོར་གྲྭ་ཚང་དུ་འཆད་ཉན་པར་བྱོན་ཏེ། དབུ་ཕར་འདུལ་མཛད་བཞིའི་འཆད་ཉན་རྒྱ་ཆེར་སྤེལ་བའི་མཚན་སྙན་འབར་བཞིན་པའི་མུར། དགུང་ལོ་ལྔ་བཅུ་པ་ཆུ་ཁྱི་༡༥༠༢ལོར་ཤར་རྩེ་ཕེབས་ནས་བསྟན་པའི་བྱ་བ་རྒྱ་ཆེར་སྤེལ། དགུང་ལོ་རེ་བཞི་པར་ ༡༥༡༦ དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་མི་འཇིགས་སེང་གེའི་ཁྲི་ལ་ཞབས་ཟུང་འཁོར་ལོའི་རེ་ཁ་མངོན་པར་བཀོད། ལོ་དེར་རི་སྤུངས་པའི་ཞལ་ངོ་ཕྱི་མ་རྣམས་ཀྱིས་དེ་སྔོན་བསམ་སྡེ་བ་གྲགས་པ་མཐའ་ཡས་ཀྱིས་བསླངས་པའི་སྡེ་གཟར་ལ་རྒྱབ་ལངས་བྱས་ཏེ་དབུས་གཙང་དབར་འཁྲུགས་ལངས་ཆེན་པོ་བྱུང༌།

སྐབས་དེར་སྤྱན་སྔ་ཆོས་ཀྱི་གྲགས་པས་ཆུ་ཤུལ་ལྷུན་པོ་རྩེ་ཆིངས་རྟེན་དུ་ཕུལ་ཏེ་དབུས་གཙང་དབར་ལོ་གསུམ་རིང་སྡེ་གཟར་མི་བྱེད་པའི་ཆིངས་བསྡམས་ནའང་རི་སྤུངས་པས་སླར་སྡེ་གཟར་བསླངས་ནས་རྒྱལ་མཁར་རྩེར་སླེབས་སྐབས། དབུས་ཀྱི་འཕྱོངས་རྒྱས་སྡེ་བ་རིན་ཆེན་རྒྱ་མཚོ་དཔུང་དང་བཅས་དང་ནང་སྟོད་བར་དུ་བྱོན། སྡེ་པ་སྐྱིད་ཤོད་དགའ་ལྡན་པ་བསོད་ནམས་རྒྱལ་པོས་ལྷ་ས་དང་འཕན་པོའི་དམག་བཏོས་ཆེན་འཁྲིད་ནས་ཤངས་ཀྱི་བར་དུ་བསྐྱོད་པས། རི་སྤུངས་པ་དཔའ་འཆག་སྟེ་དགོངས་བསང་ཞུས་ཤིང་ཕྱིས་ནས་སྡེ་གཟར་མི་བསླང་པའི་དམ་བཅའ་བྱས། དེར་བརྟེན་སྡེ་པ་སྣེ་འུ་པ་དང་སྐྱིད་ཤོད་པ་སོགས་ལ་དབུས་ཕྱོགས་དབང་བ་དང་ཕག་གྲུའི་སྲིད་གཞུང་སླར་ཡང་བརྟན་ལྷིངས་བྱུང་བས། ༡༥༡༧ ལོར་རྒྱལ་དབང་དགེ་འདུན་རྒྱ་མཚོ་འབྲས་སྤུངས་པའི་ཁྲིར་གདན་དྲངས་པ་དང༌། སེར་འབྲས་སོགས་དབུས་ཁུལ་གྱི་དགེ་ལྡན་པའི་ཆོས་སྡེ་ཁག་ཏུ་འཆད་ཉན་ཡང་སླར་གསོ་ཐུབ་པར་བྱུང་ཞིང༌། དགུང་ལོ་རེ་དྲུག་པ་ཤིང་བྱ་ ༡༥༡༨ ལོར་རྒྱལ་མཆོག་དགེ་འདུན་རྒྱ་མཚོའི་འཕྲིན་ལས་ལ་བརྟེན་ནས་སྡེ་སྲིད་ཕག་མོ་གྲུབ་པའི་ལུང་ལས་ལྷ་ལྡན་དུ་དགེ་ལྡན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སླར་ཡང་ཚོགས་ཆོག་པ་བྱུང༌། དགུང་ལོ་བདུན་ཅུ་ཐམ་པར་ཆུ་རྟ་ ༡༥༢༢ ལོར་སླར་ཡང་རི་སྤུངས་པས་གཙང་དམག་སྟོས་ཆེ་དབུས་སུ་ཕབ་སྟེ་སྡེ་གཟར་ཚབ་ཆེར་བསླངས་ཀྱང་ཕག་གྲུའི་སྲིད་གཞུང་ལ་གནོད་པ་མ་ནུས་པས། དགེ་བསྟན་གྱི་འཆད་ཉན་ལ་གད་ཆག་མེད་པར་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པའི་སྲོལ་རྒྱུན་བླ་ན་བཏེགས། ལོ་དེར་གསེར་ཁྲི་ལས་ཟུར་ནས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་ཟུར་བཞུགས་མཛད་ནས་རྩེ་གཅིག་སྒྲུབ་པ་ལ་གཞོལ།

གསུང་ལས་སྐྱེས་པའི་སློབ་མ་མཁས་པའི་དབང་པོ་ལྷ་དབང་དཔལ་འབྱོར། རབ་འབྱམས་སྨྲ་བ་བློ་གྲོས་ལྷུན་གྲུབ། བླ་མ་འཇམ་དབྱངས་བློ་གྲོས། བླ་མ་བསམ་གཏན་ཤེས་རབ། མདོ་སྔགས་རབ་འབྱམས་སྨྲ་པ་པཎ་ཆེན་བསོད་ནམས་གྲགས་པ། ཁྲི་ཆེན་དབོན་པོ་དཀོན་མཆོག་དར་རྒྱས། ཁྲི་ཆེན་དབོན་པོ་ངག་དབང་ཆོས་གྲགས། སློབ་དཔོན་དགེ་ལེགས་བཟང་པོ་སོགས་མདོ་སྔགས་རིག་གནས་དང་བཅས་པ་ལ་ནང་བྱན་ཆུད་པའི་མཁས་གྲུབ་སྐྱེས་ཆེན་ཤིན་ཏུ་མང་པོ་བྱོན། རྗེ་འདིས་རྩོམ་པའི་ལེགས་བཤད་ཅིས་ཀྱང་ཡོད་ངེས་པས་བརྩད་བཅད་ནས་རྙེད་ན་མཚམས་འདིར་འཇུག་དགོས། མཐར་དགུང་གྲངས་གྱ་བརྒྱད་པ་རབ་བྱུང་དགུ་པའི་ལྕགས་བྱི་ ༡༥༤༠ ལོར་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། སྐུའི་གདུང་རྟེན་དངུལ་གྱི་མཆོད་སྡོང་རིན་པོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཞུགས།།

དགའ་ལྡན་ཁྲི་ཐོག་བཅུ་བཞི་པ་སྟོད་ལུང་རིན་ཆེན་འོད་ཟེར་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བཅུ་བཞི་པ་སྟོད་ལུང་རིན་ཆེན་འོད་ཟེར་ནི། རབ་བྱུང་བརྒྱད་པའི་ཆུ་བྱ་ ༡༤༥༣ ལོར། དབུས་ཀྱི་སྟོད་ལུང་མདའི་ཞིང་བཟང་དུ་འཁྲུངས། སྐུ་ན་ཆུང་དུས་ནས། གདན་ས་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང༌། རབ་འབྱམས་སྨྲ་བ་གུང་རུ་རིན་ཆེན་བྱང་ཆུབ་ལས་རབ་ཏུ་བྱུང་བའི་མཚན་ལ་རིན་ཆེན་འོད་ཟེར་ཞེས་བཏགས། རྗེ་དམ་པ་དེ་ལས་དབུ་ཕར་དང༌། དགའ་ལྡན་ཁྲི་ཐོག་བཅུ་པ་འདན་མ་ཆོས་རྗེ་ཡེ་ཤེས་བཟང་པོ་ལས་རྣམ་འགྲེལ་དང་འདུལ་མཛོད་བཅས་གསན་པས་མཚན་ཉིད་ཐེག་པའི་གཞུང་ལུགས་ལ་གཞན་དྲིང་མེད་པའི་མཁས་པར་གྱུར། གསང་ཆེན་གྲུབ་པའི་བསྟི་གནས་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ། རྒྱུད་སྨད་མཁན་པོ་རྒྱུད་ཆེན་ཚུལ་ཁྲིམས་བཟང་པོའི་དྲུང་ནས་འདུས་པ་རྩ་བཤད་ཀྱི་རྒྱུད་གསན་པས་མདོ་སྔགས་ཟུང་འབྲེལ་གྱི་མཁས་པ་ཆེན་པོར་འགྱུར། དབུས་སྟོད་ཉི་སྡིངས་སུ་དྲུང་གཟིགས་ཆེན་པོས་མཁན་པོ་དང༌། འོད་སྲུང་བས་ལས་སློབ། བློ་གྲོས་ཆོས་དབང་གིས་གསང་སྟོན་མཛད་པའི་དྲུང་ནས་ཡོངས་རྫོགས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས། དགུང་གྲངས་ཞེ་བཞི་པ་རབ་བྱུང་དགུ་པའི་མེ་བྱི་༡༥༡༦ལོར་བསྟན་རྩིས་གསལ་བའི་སྒྲོན་མེ་ཞེས་པ་བརྩམས་པ་དེར་འདུག་པ་དེར། མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས༣༥༣ཆོས་འབྱུང་འདིའི་མ་དཔེ་དབུ་མེད་བྲིས་རྙིང་སྤུས་ལེགས་ཤིག་དེ་སྔོན་པེ་ཅིན་མི་རིགས་ཕོ་བྲང་དཔེ་མཛོད་ཁང་དུ་བཞུགས་པས་དེར་དཔེ་རིང་ཤོག་གྲངས་ ༡༤༥ འདུག་བསྟན་རྩིས་འདི་ཡི་ལོ་ཚིགས་རྣམས་ཧ་ཅང་ཁུངས་བཙུན་པར་སྔོན་བྱོན་མཁས་པ་མང་པོས་བཞེད་པ་མ་ཟད།

ཆོས་འབྱུང་གཞན་དག་ཏུ་གསལ་བའི་གལ་ཆེའི་གནད་དོན་མང་པོ་ཞིག་ལ་གསལ་བཤད་མཛད་ཡོད། ཅེས་བསྔགས་བརྗོད་ཆེས་ཆེར་གནང་འདུག དགུང་ལོ་ཞེ་དྲུག་པ་རབ་བྱུང་བརྒྱད་པའི་ས་རྟ་ ༡༤༩༨ ལོར་སྨད་རྒྱུད་མཁན་ཁྲིར་ཕེབས་ཏེ་རྒྱུད་པའི་འཆད་ཉན་རྣམས་དམ་པ་གོང་མའི་ཕྱག་སྲོལ་མ་ཉམས་པར་སྤེལ། དགུང་ལོ་ང་དགུ་པ་རབ་བྱུང་དགུ་པའི་ལྕགས་ལུག་ ༡༥༡༡ ལོར་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས། དགུང་ལོ་བདུན་ཅུ་པ་ཆུ་རྟ་ ༡༥༢༢ ལོར་འཇམ་མགོན་རྒྱལ་བ་གཉིས་པའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་མི་འཇིགས་སེང་གེའི་ཁྲི་ཕང་མཐོན་པོར་ཞབས་སེན་འཁོར་ལོའི་རེ་ཁ་མངོན་པར་བཀོད་དེ། དུས་ཆོས་སྐོར་ཆག་མེད་དུ་གསུང་པ་དང་མཁས་བཙུན་བཟང་གསུམ་ཡ་མ་བྲལ་བའི་གཟི་བྱིན་གྱིས་གདན་ས་ཆེན་པོ་ཚུལ་བཞིན་དུ་བསྐྱངས། རྒྱལ་བ་འོད་དཔག་མེད་ཀྱི་གསེར་སྐུ་སྐུ་རྒྱབ་མཐོ་བཅུ་དྲུག་གི་ཚོད་ཅན་གསར་བཞེངས་མཛད།

མེ་ཁྱི་ ༡༥༢༦ ལོར་དབུས་ཀྱི་ཕག་གྲུ་དང་དགེ་ལདན་པ་གཉིས་ཁ་སྒྲིལ། འབྲི་གུང་དང་སྟག་ལུང་ཁ་སྒྲིལ་ནས་དམག་འཐབ་བྱས་སྐབས། འབྲི་གུང་པས་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་ལ་ཀོང་པོའི་དམག་རོགས་དགོས་ཚུལ་གྱི་ཞུ་ཡིག་ཕུལ་ཀྱང་རྒྱལ་དབང་མཆོག་གིས་ཞལ་བཞེས་མ་གནང་བར་སེར་དམག་ལང་པ་འདི་ཆོས་དང་འཇིག་རྟེན་གཉིས་ཀར་མི་འཐུན་པས་འཁྲུག་ལོང་ཆོས་ཕྱོགས་སུ་ཞི་བར་མཛད་དགོས་ཀྱི་བཀའ་ཕེབས་པའི་བཀའ་དྲིན་ལས་དམག་འཐབ་རེ་ཞིག་ཞི་མོད། དུས་དབང་གིས་རྒྱལ་ཁམས་བརྟན་ལྷིངས་མེད་པར་སྡེ་གཟར་གྱི་རླུང་རླབས་གཡོ་བའི་ཁྲོད་ཞྭ་སེར་པོའི་ལ་རྒྱ་ཁར་ཁུར་ནས་ཆབ་སྲིད་ཀྱི་ཕུང་བཀྲུགས་ལྷུར་ལེན་པའི་བདུད་རིགས་ཀྱི་ཞལ་ངོ་དང་སྡེ་པ་དག་གི་དབང་འོག་ཏུ་མི་འགྲོ་བར་རིས་མེད་རྒྱལ་བསྟན་ཀུན་ལ་ཕྱོགས་མེད་ཀྱིས་དོ་སྣང་སྦྱངས་པའི་རྣམ་པར་ཐར་བ་བདག་གིར་བསྐྱངས་ནས་མི་ལོ་བདུན་ལ་གསེར་ཁྲི་བསྐྱངས་པ་དེའི་རིང་བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས་འཇམ་མགོན་བླ་མའི་བསྟན་པ་རིན་པོ་ཆེའི་དབུ་འཕངས་དགུང་ལ་འདེགས།

དགུང་ལོ་དོན་བདུན་པ་ས་གླང་ ༡༥༢༩ ལོར་པཎ་ཆེན་བསོད་ནམས་གྲགས་པ་ཁྲི་ཚབ་ཏུ་མངའ་གསོལ་ནས་རང་ཉིད་གསེར་ཁྲི་ལས་ཟུར་ཏེ་སྲས་ཁང་དགོན་དུ་ཟུར་བཞུགས་གནང༌། ལྷ་སྔགས་ཏིང་འཛིན་ཀྱི་རྣལ་འབྱོར་ལ་གཅིག་ཏུ་གོམས་པའི་སྒྲུབ་པའི་རྒྱལ་མཚན་སྒྲེང༌། དགུང་ལོ་གྱ་བརྒྱད་པ་ལྕགས་བྱི་ ༡༥༤༠ ལོར་སྲས་ཁང་དགོན་དུ་དགོངས་པ་ཆོས་དབྱིངས་སུ་བསྟིམས། གསུང་གི་ལེགས་བཤད་ཀྱང་གོང་དུ་གསལ་བ་ལྟར་ཆོས་འབྱུང་གསལ་བའི་སགྲོན་མེ་སོགས་སྣང་ཞིང༌། གསུང་ལས་སྐྱེས་པའི་སློབ་མ་ནི། ཁྲི་ཆེན་ཆོས་སྐྱོང་རྒྱ་མཚོ། ཁྲི་ཆེན་རྒྱལ་མཚན་བཟང་པོ། ཁྲི་ཆེན་ཆོས་གྲགས་བཟང་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཤིན་ཏུ་མང་པོ་བྱོན། དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པས་ཀྱང་རྗེ་འདིའི་དྲུང་ནས་ཆོས་འབྲེལ་ཞུས་འདུག་སྟེ། བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས། ཁོ་བོས་ཀྱང་ཟབ་ལམ་རྣལ་འབྱོར་ཞིག་གི་ཆོས་འབྲེལ་ཞུས་པ་ཡིན་ནོ། ཞེས་གསུངས་པས་སོ། །

དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ་ཉིད་ནི་ལྷོ་ཁ་རྩེད་ཐང་དགོན་པའི་ཉེ་འདབས་ཀྱི་གྲོང་ཚོ་ནང་པ་ར་ལམ་པ་བྱ་བའི་ཁྱིམ་ཚང་ཞིག་ཏུ་རབ་བྱུང་བརྒྱད་པའི་ས་ཁྱི་(སྤྱི་ལོ་1478)ལོར་སྐུ་འཁྲུངས་ཤིང་། སྐུ་གཞོན་ནུའི་སྐབས་སུ་ལས་ཆེན་བསོད་ནམས་བཀྲ་ཤིས་ཀྱི་མདུན་ནས་རབ་ཏུ་བྱུང་པས། མཚན་ལ་བསོད་ནམས་གྲགས་པའི་དཔལ་ཞེས་གསོལ།
ཆུང་ངུའི་དུས་རྩེད་ཐང་དགོན་པར་ཆོས་ཞུགས་ཀྱིས་ཡི་གེ་འབྲི་ཀློག་སོགས་ལ་སྦྱངས་པ་མཛད། ཚད་མའི་དོགས་གཅོད་ཞུ་བ་དང་སྦྲགས་གཡའ་བཟང་དུ་ཕེབས་ཏེ་ཆོས་རྗེ་དྭགས་པོ་རམ་འབྱམས་པ་སོགས་བསྟེན་ནས་ལོ་ཤས་རིང་གཞུང་དང་། རིག་གནས་སོགས་ལ་གསན་སྦྱོང་གནང་།

དགུང་ལོ་བཅུ་དྲུག་གི་སྐབས་སུ་ལྷ་སར་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་དུ་ཆོས་ཞུགས་མཛད། ཀུན་མཁྱེན་དོན་ཡོད་དཔལ་ལྡན་དང་། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། ཐོན་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་བཅས་བླ་མར་བསྟེན་ནས་ཕར་ཕྱིན་དང་ཚད་མ། དབུ་མ། འདུལ་བ། མཛོད་བཅས་གཞུང་ཆེན་པོ་ལྔ་སློབ་གཉེར་མཐར་ཕྱིན་གནང་ཞིང་། ཞ་ཞོར་གསང་སྔགས་ཀྱི་ཆོས་ཀྱང་མང་དུ་གསན། དགུང་ལོ་ཉི་ཤུ་ལ་འོད་སྣའི་བླ་མ་སངས་རྒྱས་བཟང་པོ་དང་རིན་ཆེན་ཆོས་བཟང་གཉིས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མདོ་ཕྱོགས་ཀྱི་མཚན་ཉིད་རིག་པའི་སློབ་གཉེར་ཐོན་ནས་དགེ་བཤེས་མཁས་པའི་ཡང་རྩེར་སོན། དགུང་ལོ་ཉེར་བདུན་ནས་ལོ་གསུམ་རིང་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་པའི་སློབ་དཔོན་ཆོས་ལྡན་བློ་གྲོས་བླ་མར་བརྟེན་ནས་གསང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་སོགས་ཇི་སྙེད་གསན་ཏེ་གསང་བ་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་མཛད། དགུང་ལོ་སུམ་ཅུ་ཐམ་པར་རྩེད་ཐང་ཆོས་གྲྭར་རབ་འབྱམས་པའི་གྲྭ་སྐོར་གནང་།

རྗེ་ཡབ་སྲས་ཀྱི་གསུང་དང་གཞུང་ཆེན་རྣམས་ཐུགས་རྒྱུད་ལ་བྱང་པའི་ཉམས་ཐོན། དགུང་ལོ་སོ་གཅིག་ལ་རྒྱུད་སྟོད་ལ་ཆོས་ཞུགས་མཛད་ནས་རྗེ་ཆོས་ལྡན་བློ་གྲོས་ཀྱི་དྲུང་དུ་གསང་སྔགས་ཀྱི་དབང་ལུང་ཁྲིད་སོགས་ཧ་ཅང་མང་པོ་གསན་པས་གསང་སྔགས་ཀྱི་གཞུང་ལ་སྦྱངས་པ་ཕུལ་དུ་ཕྱིན། རྒྱུད་སྡེ་སྤྱིའི་རྣམ་བཤད་བརྩམས། དགུང་ལོ་སོ་བཞི་པར་རྒྱུད་སྟོད་གྲྭ་ཚང་གི་སློབ་དཔོན་གྱི་ཁྲིར་ཕེབས་ནས་ལོ་བཅུ་བཞིའི་རིང་རྒྱུད་ཀྱི་འཆད་ཉན་གནང་། དགུང་ལོ་སོ་དྲུག་ནས་དབུ་བཙུགས་ཏེ་གསང་འདུས་བསྐྱེད་རྫོགས་དང་། ཕར་ཕྱིན། དབུ་མའི་སྤྱི་དོན། འདུལ་བའི་རྣམ་བཤད། མཛོད་ཊཱིཀྐ་ཆོས་འབྱུང་སོགས་སྔ་རྟིང་གིས་ལྗགས་རྩོམ་གནང་།

དགུང་ལོ་ཞེ་བདུན་པར་རྒྱུད་ཀྱི་ཁྲི་ལས་བཤོལ། དགུང་ལོ་ཞེ་བརྒྱད་པར་༧རྒྱལ་དབང་དགེ་འདུན་རྒྱ་མཚོའི་བཀའ་ལྟར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་པོ་ལོ་ལྔ་མཛད། དགུང་ལོ་ང་གཉིས་པ་ས་གླང་(སྤྱི་ལོ་1529)ལོར་དགའ་ལྡན་གྱི་ཁྲི་ཐོག་བཅོ་ལྔ་པར་ཕེབས་ཏེ་ལོ་བདུན་གྱི་རིང་ལ་མདོ་སྔགས་ཀྱི་འཆད་ཉན་རྒྱུན་མི་ཆད་པར་མཛད། དགུང་ལོ་ང་བརྒྱད་པར་དགའ་ལྡན་ཁྲི་པའི་ལོ་དུས་གཙང་སྟེ་ལོ་བརྒྱད་རིང་དགའ་ལྡན་དགོན་དུ་ཟུར་བཞུགས་ཐོགསྐྱོར་མོ་ལུང་དང་། ཕག་མོ་ཆོས་སྡེ། ཉི་སྡིངས། འོད་སྣ། ཆོས་སྡེ་རིན་ཆེན་གླིང་སོགས་ཞལ་འཛིན་མཛད་པས་རྣམ་དཀར་གྱི་འཕྲིན་ལས་ཆེ། དགུང་ལོ་རེ་དྲུག་པར་རེ་ཞུས་བཞིན་ལོ་ངོ་བཞིའི་རིང་འབྲས་སྤུངས་སྤྱི་མཁན་གནང་། དེ་ནས་༧རྒྱལ་དབང་སྐུ་ཕྲེང་གསུམ་པ་སྟོད་ལུང་ནས་ངོས་འཛིན་ཞུས་ཏེ་དགེ་བསྙེན་གྱི་སློབ་དཔོན་མཛད། དགུང་ལོ་རེ་དགུ་པ་ནས་དགུང་ལོ་དོན་བདུན་བར་སེ་རའི་མཁན་པོ་གནང་།
 རྗེ་འདི་ཉིད་ཀྱིས་རྒྱུད་སྡེ་སྤྱིའི་རྣམ་བཤད་དང་། གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཡིག ཕར་ཕྱིན་གྱི་སྤྱི་དོན་ཡུམ་དོན་གསལ་བའི་སྒྲོན་མེ། ཕར་ཕྱིན་གྱི་མཐའ་དཔྱོད་ཡུམ་དོན་ཡང་གསལ་སྒྲོན་མེ། དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ། བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། འདུལ་བའི་སྤྱི་དོན་ལུང་རིགས་ཉི་མ། མཛོད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ། ཚད་མ་རྣམ་འགྲེལ་གྱི་སྤྱི་དོན་དགོངས་པ་རབ་གསལ། འདུལ་བའི་ཆོས་འབྱུང་། བསྟན་རྩིས་རིན་ཆེན་ཕྲེང་བ། དེབ་ཐེར་དམར་པོ་གསར་མ། དགེ་ལྡན་ལེགས་བཤད་པད་མ་དཀར་པོའི་ཆུན་པོ་སོགས་ལོ་རྒྱུས་དང་། བསྟན་རྩིས། གཞུང་ཆེན་པོའི་འགྲེལ་བཤད་དོགས་གཅོད་སོགས་པོད་དྲུག་ཙམ་མཛད། དགུང་གྲངས་དོན་བདུན་ལ་ཕེབས་པ་རབ་བྱུང་དགུ་པའི་ཤིང་སྟག་(སྤྱི་ལོ་1554)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།

དགའ་ལྡན་ཁྲི་ཐོག་བཅུ་དྲུག་པ་རྒྱ་ར་ཆོས་སྐྱོང་རྒྱ་མཚོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བཅུ་དྲུག་པ་རྒྱ་ར་ཆོས་སྐྱོང་རྒྱ་མཚོ་ནི། རབ་བྱུང་བརྒྱད་པའི་ཆུ་སྦྲུལ ༡༤༧༣ ལོར་དབུས་སྟོད་ཞོགས་མདའ་རྒྱ་རར་སྐུ་འཁྲུངས། ཆུང་ངུའི་དུས་སུ་སྔར་འགྱུར་རྙིང་མའི་ཆོས་སྐོར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་རབ་རྣམས་གསན། དེ་རྗེས་བྲག་དབར་དུ་རབ་ཏུ་བྱུང་ནས་དབུ་མ་གསན་ཅིང༌། དེ་ནས་འབྲས་སྤུངས་སུ་བྱོན་ཏེ་བློ་གླིང་ཆོས་རྗེ་ལེགས་པ་ཆོས་འབྱོར་རམ་འཇམ་དབྱངས་དགའ་བློར་བསྟེན་ནས་ཕར་ཚད། འདུལ་མཛོད། དབུ་མ་བཅས་དཀའ་ཆེན་རྣམས་ལ་སྦྱངས་པས་སྟོན་པ་བཟང་བ་དང༌། མཁྱེན་རབ་ཆེ་བས་ལེགས་པར་མཁྱེན་པའི་མཁས་པའི་ཕུལ་དུ་གྱུར། རྒྱུད་སྨད་དུ་བྱོན་ནས་རྗེ་ཤེར་བཟང་པའི་དྲུང་ནས་གསང་འདུས་རྩ་བཤད་ཀྱི་རྒྱུད་ཡོངས་རྫོགས་དང༌། འགྲེལ་པ་རྣམས། བདེ་མཆོག་གི་སྐོར་དང༌། དུས་འཁོར་ལ་སོགས་པའི་རྒྱུད་སྡེ་བཞི་ཀའི་སྐོར་དང༌། ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྩ་བཤད་རྒྱུད་འགྲེལ་མན་ངག་བསྐྱེད་རྫོགས་རྣམས་དང༌། འཕྲུལ་འཁོར་དང་དྲུག་ཅུ་པའི་སྐོར་ཀུན་དང༌། ཡེ་ཤེས་མགོན་པོའི་བསྙེན་སྒྲུབ་ལས་གསུམ་གྱི་གདམས་པ་མ་ལུསཔ་གསན་ཅིང༌། དེ་བཞིན་དུ་རྒྱུད་པ་ཚུལ་བཟང་བ་ལ་མདོ་སྔགས་ཀྱི་སྐོར་མང་པོ་གསན་པས་བསྟན་པའི་བདག་པོར་གྱུར།

རབ་བྱུང་དགུ་པའི་ལྕགས་འབྲུག་ ༡༥༢༠ ལོར་རྒྱུད་སྨད་ཀྱི་ཁྲིར་ཕེབས་ནས་ཆུ་སྦྲུལ་ལོའི་བར་ལོ་བཅུ་བཞིར་འཆད་ཉན་མཛད། པཎ་ཆེན་ཆོས་འབྱུང་དུ་ལོ་བཅོ་ལྔ་སྐོར་གནང་བར་གསུངས། དེ་ཡང་གསང་བདེ་གཉིས་ཀྱི་རྩ་བཤད་རྒྱུད་འགྲེལ་འགྲེལ་བཤད་ཡོངས་རྫོགསདང༌། རྡོ་རྗེ་འཇིགས་བྱེད་ཀྱི་རྩ་རྒྱུད་དང་འགྲེལ་པ་བཞིར་བསྐྱེད་རྫོགས་ཆེན་མོ་དང་སྦྱར་ནས་གསུངས་པ་དང༌། སྐབས་དེ་ཙམ་ན་རྒྱུད་རྩ་འགྲེལ་མན་ངག་མ་ལུས་པ་འཛིན་པའི་ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་རིག་པ་འཛིན་པས་བོད་ཁམས་མ་ལུས་པར་ཁྱབ་པར་གྱུར། རྒྱུད་ཆེན་བརྩོན་འགྲུས་འཕགས་པ་སོགས་ཀྱིས་རྗེ་འདི་ལས་གསན་ནས་ཁྲིད་ཆེན་བརྒྱད་སོགས་ཀྱི་བཤད་རྒྱུན་གཙང་དུའང་དར་བ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་ཐོབ་ཚུལ་བཤད་ལ།

དེ་ལྟར་རྒྱུད་ཀྱི་འཆད་ཉན་གནང་བཞིན་པའི་སྟེང་ནས་བྱང་རྩེར་ཕེབས་ཏེ། མདོ་སྔགས་ཀྱི་ཆོས་འཁོར་རྒྱུན་མི་ཆད་དུ་བསྐོར་བས་སྔར་ལས་ཀྱང་འཕྲིན་ལས་རྒྱ་ཆེན་གོང་འཕེལ་དུ་གྱུར་པ་སྟེ། གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་སྔར་ཕྱི་མང་པོ་མཛད་ཅིང༌། གསང་འདུས་བསྐྱེད་རྫོགས་ལེགས་པ་ཆེ་ཆུང་གཉིས་ཡོད་པར་ཀུན་མཁྱེན་འཇམ་བཞད་པས་གཟིགས་ཚུལ་གསུངས། དེ་བཞིན་དུ་ཕྱག་རྡོར་འཁོར་ལོ་ཆེན་པོའི་བསྙྙེན་སྒྲུབ་ལས་གསུམ་གྱི་བྱིན་རླབས་བཞི་ལྡན་གྱི་ཁྲིད་ཡིག་དང༌། ཕྱག་རྡོར་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ཡིག ཆོས་དྲུག་གི་ཁྲིད་ཡིག་རྣམས་ཡོད་ཚུལ་གསུངས། ཆོས་སྐྱོང་རྒྱ་མཚོའི་ལྟ་ཁྲིད་ཅེས་འཇམ་བཞེད་ཞབས་དྲུང་ཨ་ཁུ་ཤེས་རབ་རྒྱ་མཚོའི་གསུང་ཁྲོད་དུ་ཡོད་པ་དང༌། ཁྲིད་ཆེན་བརྒྱད་ཀྱི་ཟིན་བྲིས་རྒྱུད་སྨད་གྲྭ་ཚང་གི་འཆད་ཉན་ནང་ཡོད་པ་དེ་ཡང་རྗེ་འདིས་མཛད། དེ་བཞིན་དུ་དུས་འཁོར་གྱི་སྐོར་ཡང་མང་པོ་གསུངས་ཤིང༌།

དགུང་གྲངས་རེ་བཞི་པ་མེ་སྤྲེལ་༡༥༣༦ལོ་ལ་རྒྱལ་བ་གཉིས་པའི་གདན་སར་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་ཕེབས་ཏེ། འཆད་རྩོད་རྩོམ་པའི་མི་འཇིགས་སེང་གེའི་སྒྲ་དབྱངས་མཐོན་པོར་སྒྲོགས། རྡོ་རྗེ་འཇིགས་བྱེད་ཀྱི་གསལ་སྣང་དང་ང་རྒྱལ་གྱིས་སྡང་མིགགཡོ་བ་ཙམ་གྱིས་ནག་ཕྱོགས་བདུད་རིགས་དཔུང་ཚོགས་ཕྱིར་མིག་ཙམ་ཡང་བལྟ་བ་མི་བཟོད་པའི་གཟི་བརྗིད་ཉི་མ་འབུམ་ལས་ལྷག་པར་འཕྲོ་ཞིང༌། མཐུ་སྟོབས་རྭ་རྩེ་རྣོན་པོ་འོག་མིན་གྱི་བར་དུ་བསྒྲེངས་པར་མཛད་པས་ནག་ཕྱོགས་ལྷ་མིན་དཔུང་ཚོགས་གནོད་འཚེ་མཚོན་ཆ་མ་ལུས་ཅིག་ཅར་དུ་ས་ལ་ལྷུང་བར་མཛད་ཅིང༌། དྲེགས་ལྡན་ཆེ་རྒུ་མཐའ་དག་ཅིག་ཅར་ཁ་སྦུབ་ཏུ་ཞབས་འོག་ཏུ་གནོན་པར་མཛད་ནས་ནག་ཕྱོགས་ཐམས་ཅད་མིང་གི་ལྷག་མར་བྱས་པས་རྒྱལ་བ་གཉིས་པའི་རིང་ལུགས་ས་གསུམ་མ་ལུས་པ་བདག་གིར་མཛད་དེ། ལེགས་བྱས་ཀྱི་སྒོ་འཕར་ཡངས་པོར་ཕྱེས།

རྗེ་དྲུང་ཤེས་རབ་དབང་པོ་སོགས་སྐལ་ལྡན་གྱི་སློབ་མ་མང་པོར་གསང་བ་འདུས་པའི་རྒྱུད་འགྲེལ་ཆ་ལག་དང་བཅས་པ་དང༌། རིམ་ལྔ་གསལ་སྒྲོན། བསྐྱེད་རིམ་རྣམ་བཤད། བརྟག་གཉིས། བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་འཁྲིད་ལག་རྗེས་རྣམས་དང༌། གཞན་ཡང་མདོ་སྔགས་ཀྱི་ཆོས་མང་པོ་གསུངས། རྗེ་དྲུང་ཤེས་རབ་དབང་པོའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་དད་པའི་འཇུག་ངོགསསོག་གྲངས་༢༥། དེ་ལྟར་ལོ་བཞིའི་བར་དུ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་གཞན་དང་མི་མཉམ་པ་བསྐོར་བས་ན། རྗེ་དགེ་འདུན་རྒྱ་མཚོས་ཀྱང༌། གཞན་ལས་ཕུལ་བྱུང་མ་ཞེས་པའི་ཚིག་དོན་བཟང་པོའི་བསྟོད་པར་མཛད་དོ། བཻ་སེར་དུ་དུས་དེར་འོད་སྣ་སོགས་དབུས་སྟོད་ཀྱི་ཆོས་སྡེ་ཕལ་ཆེར་འབྲི་གུང་པས་བདག་བྱས་ཤིང་ཤར་པ་དང་འབྲེལ་ཆགས་པས་གཏོང་མ་འཕང་རེས་མཛད་པ་ཡིན། ཞེས་ཀྱང་གསུངས།

ཕྱག་རྗེས་སུ་ཐུབ་དབང་གི་གོས་སྐུ་ཆེན་པོ་འདི་བཞེངས། དགའ་ལྡན་ཆོས་འབྱུང་བཻ་སེར་དང༌། མཁར་ནག་ལོ་ཙཱ་བས་ཤིང་ལུག་ལ་ཁྲིར་ཕེབས་པར་འདོད་པ་ལྟར་ན་ལོ་ལྔར་ཁྲི་པ་མཛད་པ་དང༌། མཁས་དབང་སྟག་ལུང་བྲག་པས་མེ་སྤྲེལ་གསུངས་པས་ཀུན་མཁྱེན་བླ་མས་དེ་ཁུངས་བཙན་པར་མཛད་སྣང་བས་དེ་ལྟར་ན་ལོ་བཞིར་ཁྲི་པར་མཛད། དགུང་གྲངས་རེ་བདུན་པ་རབ་བྱུང་དགུ་པའི་ས་ཕག་ ༡༥༣༩ ལོར་སྐུ་གཤེགས་པའི་ཚེ་མེ་ཏོག་གི་ཆར་དང་འཇའ་འོད་ཁ་དོག་སྣ་ལྔ་ཟུག་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང༌། དུས་མཆོད་ཀྱང་ཚ་བྲ་ཆེན་མོ་དཔོན་བརྒྱུད་ཀྱིས་རིང་པོའི་བར་འཛིན་སྣང༌། གདུང་རྟེན་དངུལ་གྱི་མཆོད་སྡོང་རྒྱ་གུར་ནང་ན་མཁས་གྲུབ་རིན་པོ་ཆེའི་དངུལ་གདུང་གི་གཡོན་ཟུར་དུ་བཞུགས་སོ། ། གསུང་ལས་སྐྱེས་པའི་སློབ་མ་མདོ་སྔགས་རབ་འབྱམས་ལ་མཁས་པའི་གཞན་དོན་མཐར་ཕྱིན་ནུས་པའི་རྡོ་རྗེ་འཛིན་པ་རྒྱུད་ཆེན་རྒྱལ་མཚན་བཟང་པོ། རྒྱུད་ཆེན་ཆོས་གྲགས་བཟང་པོ། རྒྱུད་ཆེན་བརྩོན་འགྲུས་འཕགས་པ། རྒྱུད་ཆེན་དྭགས་པོ་ནམ་མཁའ་གྲགས། ཁྲི་ཆེན་མངོན་དགའ་བྱམས་པ་རྒྱ་མཚོ་ལ་སོགས་པ་མང་པོ་བྱོན།

དགའ་ལྡན་ཁྲི་ཐོག་བཅུ་བདུན་པ་མི་ཉག་རྡོ་རྗེ་བཟང་པོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བཅུ་བདུན་པ་མི་ཉག་རྡོ་རྗེ་བཟང་པོ་ནི། རབ་བྱུང་བརྒྱད་པའི་ལྕགས་ཕག་ ༡༤༩༡ ལོར་མདོ་ཁམས་མི་ཉག དེང་སང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་རྟའུ་རྫོང་བར་སྨད་ཀྲེན་ཁོངས་འགྲོ་ཡོད་གྲོང་དུ་བལྟས་བཟང་དུ་མ་དང་བཅས་འཁྲུངས། སྐུ་ན་ཆུང་དུས་ནས་མི་ཉག་དགེ་བཤེས་བསྟན་འཕེལ་ཉི་མས་བཀའ་ལུགས་དགེ་བསྒྱུར་བྱས་པའི་ཆོས་སྡེ་བཀའ་ཞིག་དགོན་དུ་ཞུགས་ནས་ཡི་གེའི་ཕྱི་མོ་དང་ཆོས་སྤྱོད་ཆོ་ག་སོགས་ལ་བསླབས། ནར་སོན་པ་དང་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་ཏེ་ཐོག་མར་ཆོས་སྡེ་ཆེན་པོ་དཔལ་ལྡན་སྤུངས་བློ་གསལ་གླིང་མི་ཉག་ཁང་ཚན་དུ་ཆོས་ཞུགས་གནང༌། འཇམ་དབྱངས་དགའ་བའི་བློ་གྲོས་དང༌། བློ་གླིང་མཁན་རབས་དགུ་པ་སློབ་དཔོན་སངས་རྒྱས་བཟང་པོ་ལས། དབུ་ཕར་ཀྱི་གཞུང་ལུགས་ལ་གསན་བསམ་རྒྱ་ཆེར་མཛད་པས་བློ་གསར་བ་ཚོའི་ཁྲོད་ནས་མཁས་པའི་མཚན་སྙན་འབར། གཞུང་ཆེན་པོའི་རྩ་འགྲེལ་མང་པོ་ཚེགས་མེད་པར་ཐུགས་འཛིན་གནང༌། རྒྱུན་དུ་གཟིམ་ཤག་ལ་ཐུགས་གཉེར་གནང་དུས་ཉལ་ནས་བཞུགས་སྲོལ་ལས་ཡར་བཞེངས་པའི་སྲོལ་མེད་པས། མི་ཉག་ཁང་ཚན་དགེ་རྒན་གྱིས་ལན་ཁ་ཡར་བཀའ་བསྒྱུར་གནང་བར་མ་ཟད། ཉིན་ཞིག་ཁང་ཚན་སྒྲིག་ཁུངས་སུ་བསྡད་མི་ཆོག་པའི་བཀའ་བསྒྱུར་ཚ་ནན་བཏང༌། དགོང་མོ་ཁང་ཚན་དམ་བཅའ་ཞིག་བཞག་པའི་སྐབས་ད་ནས་ཁང་ཚན་འདིར་མི་བསྡད་དགོངས་ཏེ་གདིང་བ་ཕྲག་ཏུ་གཟར་ནས་ཕེབས་གྲབས་གནང་སྐབས། བསྟན་སྲུང་བསེ་ཁྲབ་པས་ཁོང་གི་ན་གཟའ་ནས་འཇུས་ཏེ་འཐེན་འཐེན་ཐེངས་འགར་ཞུས་པས། རྗེ་འདིས་ཀྱང་རྟེན་འབྲེལ་ལ་དགོངས་ནས། ཁྱོད་ལ་དགོས་པ་དེ་འདི་ཡིན་རྒྱུ་རེད་གསུངས་ནས་གདིང་བ་དེ་དམ་ཁྲིའི་སྒང་བརྡབ་བརྡབ་ཅིག་བཏང་པས། དེའི་རྟེན་འབྲེལ་ལས་དུས་ཕྱིས་ཁང་ཚན་འདི་ནས་དགའ་ལྡན་ཁྲི་ལ་ཕེབས་མཁན་སྐྱེས་ཆེན་འགའ་ཞིག་བྱུང་བར་བཤད།

དེ་ནས་བྱམས་ཆེན་ཆོས་ཀྱི་རྒྱལ་པོའི་གདན་ས་སེ་ར་ཐེག་ཆེན་གླིང་དུ་ཕེབས་ནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མི་ཉག་ཁང་ཚན་དུ་ཆོས་ཞུགས་གནང༌། གཞུང་ཆེན་ཁག་གི་གསན་བསམ་གྱི་འཕྲོ་མཐུད། དཀའ་ཆེན་གྲྭ་སྐོར་མཛད་པས་མཁས་པའི་མཚན་སྙན་གང་སར་འབར། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་རྒྱུད་སྡེའི་གཞུང་ལ་བསླབས་པས། མདོ་སྔགས་གཉིས་ཀར་མཁས་པའིཡང་རྩེར་སོན། སེར་སྨད་གྲྭ་དམངས་ཀྱིས་རེ་བ་ལྟར་རྒྱུད་སྟོད་ནས་སེར་སྨད་དུ་ཕྱིར་ཕེབས་ནས་འཆད་ཉན་པའི་མཁན་ཁྲིར་ཞབས་སོར་འཁོད། རྗེ་འདི་ཉིད་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་རབས་བཅུ་གཉིས་པ་དེ་ཡིན། གདན་ས་ཆེན་པོ་དེར་འཆད་ཉན་གྱི་སྲོལ་དབྱར་མཚོ་ལྟར་སྤེལ་བཞིན་པའི་མུར། རྒྱུད་སྟོད་མཁན་ཁྲིར་རྒྱུད་མི་དགོས་པར་ཤར་རྩེའི་ཁྲིར་ཟླ་ཤས་བཞུགས་རྗེས། དགུང་ལོ་ཞེ་དགུ་པ་རབ་བྱུང་དགུ་པའི་ས་ཕག་ ༡༤༣༩ ལོར། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲིར་ཞབས་སོར་འཁོད། སེར་སྨད་མཁན་ཁྲི་རྒྱུད་དགའ་ལྡན་གསེར་ཁྲིར་ཕེབས་མཁན་ཐེངས་དང་པོ་དེ་རྗེ་འདི་ཉིད་ཡིན། ཁྲི་ལོ་བདུན་བསྐྱངས་ཤིང་དེའི་རིང་དམ་པ་གོང་མའི་ཕྱག་སྲོལ་མི་ཉམས་རྒྱུན་འཛིན་ཐོག དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་རྗེའི་གཟིམས་ཁང་ཆེན་མོར་ཤིང་རྩི་དང་ལྡེབས་རིས་སོགས་ལེགས་པར་མཛད། བཤད་སྒྲུབ་འཁོར་ལོ་གསུམ་གྱིས་དགེ་ལྡན་བསྟན་པའི་ལུགས་བཟང་བླ་ན་སྤེལ།

དགུང་ལོ་ང་དྲུག་པ་རབ་བྱུང་དགུ་པའི་མེ་རྟ་ ༡༥༤༦ ལོར་ཁྲི་ལས་གཤོལ་ནས་བདེ་བ་ཅན་དུ་ཟུར་བཞུགས་མཛད་ཞོར་སྤྲས་རིན་ཆེན་བྲག་གི་ཞལ་འཛིན་ཡང་མཛད། རྒྱུན་ལྡན་རྗེ་འདི་ཉིད་ལ་མངོན་པར་མཁྱེན་པ་དང་གྲུབ་པའི་མཐུ་ཡོད་པ་ཡོངས་སུ་གྲགས་ཀྱང་མོ་གལ་གྱི་བུའི་རྫུ་འཕྲུལ་གྱི་དཔེ་ལྟར། དགུང་ལོ་རེ་བཞི་པ་རབ་བྱུང་དགུ་པའི་ཤིང་སྟག་ ༡༥༥༤ ལོར། ཐེ་བོ་དང་འདན་མ་ནང་འཁྲུགས་སྐབས་བར་འདུམ་དུ་འཚང་བས་སུ་ཡིན་མི་ཤེས་པས་རྡོ་ཞིག་འཕངས་པ་དབུ་ལ་ཕོག་པའི་རྐྱེན་བྱས་ནས་ཞི་བར་གཤེགས། དེའི་སྐྱེ་སྲིད་གཉིས་པ་མི་ཉག་ཁྲི་སྤྲུལ་ཚུལ་ཁྲིམས་མགོན་པོ་ནས་བཟུང༌། སྐུ་ཕྲེང་བཅུ་བཞི་པ་ངག་དབང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་བར་རིམ་པར་བྱུང་སྣང་ངོ༌།།

དགའ་ལྡན་ཁྲི་ཐོག་བཅོ་བརྒྱད་པ་བྱེ་རི་རྒྱལ་མཚན་བཟང་པོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བཅོ་བརྒྱད་པ་བྱེ་རི་རྒྱལ་མཚན་བཟང་པོ་ནི། རབ་བྱུང་བརྒྱད་པའི་མེ་སྦྲུལ་ ༡༤༩༧ ལོར་བྱང་བྱེ་རི་སྟག་རྩེའི་སྟག་གི་གྲོང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུ་ནས་རབ་ཏུ་བྱུང༌། བཤེས་གཉེན་མཁས་པ་དུ་མའི་ཞབས་ལ་བཏུད་ནས་མདོ་ཕྱོགས་གཞུང་ཆེན་ཁག་ལ་མཁས་པར་བསླབས། དེའི་རྗེས་དབུས་སུ་ཕེབས་ཏེ་རྗེ་ཤེས་རབ་སེང་གེའི་གདན་ས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་བཞུགས་གནང༌། རྒྱུད་ཆེན་ཤེས་རབ་བཟང་པོ་དང༌། རྒྱ་ར་ཆོས་སྐྱོང་རྒྱ་མཚོ་སོགས་མདོ་སྔགས་གཉིས་ཀ་ལ་གཞན་དྲིང་མེད་པའི་མཁས་གྲུབ་སྐྱེས་ཆེན་དུ་མའི་ཞབས་དྲུང་ནས་ཡི་དམ་གསང་བདེ་འཇིགས་གསུམ་སོགས་རྒྱུད་སྡེ་རྒྱ་མཚོའི་གཞུང་ལུགས་ལ་རིང་དུ་སྦྱངས་བར་མཛད་པས་མདོ་སྔགས་གཉིས་ཀ་ལ་འགྲན་ཟླ་མེད་པའི་མཁས་པར་གྱུར། དགུང་ལོ་རེ་གཅིག་པ་རབ་བྱུང་དགུ་པའི་ཆུ་སྦྲུལ་ ༡༥༣༣ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་ཕེབས། རྗེའི་རིམ་ལྔ་གསལ་སྒྲོན་དང༌། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་འགྲེལ་བ་བཞི་སྦྲགས་སོགས་སྔགས་ཕྱོགས་རྒྱུད་སྡེ་གཞུང་ལུགས་དུ་མའི་འཆད་ཉན་རྒྱ་ཆེར་སྤེལ་བཞིན་པའི་མུར། བྱང་རྩེ་ཆོས་རྗེར་ཕེབས།

དགུང་གྲངས་ལྔ་བཅུ་པ་རབ་བྱུང་དགུ་པའི་མེ་རྟ་ ༡༥༤༦ ལོར་འཇམ་མགོན་རྒྱལ་བ་གཉིས་པའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་ཕེབས་ནས་མི་ལོ་གསུམ་གྱི་རིང་གསེར་ཁྲི་བསྐྱངས་ཏེ། བཤད་སྒྲུབ་འཁོར་ལོ་གསུམ་གྱི་སྒོ་ནས་འཇམ་མགོན་རྒྱལ་བ་གཉིས་པའི་ལུགས་བཟང་བླ་ནས་བླ་ན་བཏེགས། དགུང་ལོ་ང་གཉིས་པ་རབ་བྱུང་དགུ་པའི་ས་སྤྲེལ་ ༡༥༤༨ ཟླ་བ་དྲུག་པའི་ཚེས་ཉེར་དྲུག་ལ་མེ་ཏོག་གི་ཆར་འབབ་པ་དང་འཇའ་འོད་ཀྱིས་གུར་ཕུབ་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་དགའ་ལྡན་དག་པའི་ཞིང་ཁམས་ཡབ་གཅིག་འཇམ་དཔལ་སྙིང་པོའི་དྲུང་དུ་གཤེགས། སྐུ་གདུང་ཞུགས་ལ་ཕུལ་བའི་སྐབས་རིང་བསྲེལ་ཁ་བ་འབབ་པ་ལྟར་བྱུང་བ་མ་ཟད། ལྷ་སྐུ་དང་ཡིག་འབྲུ་དུ་མ་བྱུང་བ་རྣམས་ནང་རྟེན་དུ་བྱས་པའི་གདུང་རྟེན་དངུལ་གྱི་མཆོད་སྡོང་རིན་པོ་ཆེ་ལི་མ་ལྷ་ཁང་གི་ཤར་གྱི་རྟེན་གཙོའི་གཡོན་ཕྱོགས་ལྔ་པར་བཞུགས། ལྷ་ཁང་འདིའི་མིང་ལ་ལོ་རྒྱུས་གཞནདང་གཞན་དུ་རྒྱ་གུར་ཞེས་ཀྱང་བྲིས་སྣང༌། རྗེ་འདི་ཡི་འཁྲུངས་གཤེགས་དང་གསེར་ཁྲིར་ཕེབས་པའི་ལོ་ཚིགས་ཐད་སྟག་ལུང་བྲག་གི་གདན་རབས་དང་ཀུན་མཁྱེན་བླ་མའི་འཇིགས་བྱེད་ཆོས་འབྱུང་སོགས་གསུང་སྒྲོས་མི་མཐུན་པ་དུ་མར་མཐོང་ཡང་ཁྲི་ཆེན་གོང་འོག་གི་རྣམ་ཐར་ལ་གཞིགས་ན་འདི་ཉིད་ཁུངས་ལྡན་དུ་བརྩིས་ན་འགྲིགས་སམ་སྙམ། །

དགའ་ལྡན་ཁྲི་ཐོག་བཅུ་དགུ་པ་ཁྲི་ཆེན་ངག་དབང་ཆོས་གྲགས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བཅུ་དགུ་པ་ཁྲི་ཆེན་ངག་དབང་ཆོས་གྲགས་ནི། སྟོད་ལུང་མདའི་དངོས་གཞི་གྲོང་ཚོར། རབ་བྱུང་བརྒྱད་པའི་ལྕགས་བྱ་ ༡༥༠༡ ལོར་སྐུ་འཁྲུངས། འདི་ཉིད་དགའ་ལྡན་ཁྲི་ཐོག་བཅུ་གསུམ་པ་ཆོས་ཀྱི་བཤེས་གཉེན་གྱི་སྐུ་ཚ་གཉིས་ལས་ཆུང་བ་དེ་ཡིན་ཞིང༌། ཁོང་གི་སྐུ་མཆེད་ཤར་པ་དཀོན་མཆོག་ཆོས་དར་ཡང་རྒྱུད་སྟོད་རྒྱུད་ཤར་རྩེ་མཁན་པོ་དང་ཆོས་རྗེ་གཅིག་ལྕོགས་མཛད་མྱོང༌། རྗེ་འདི་ཉིད་དགུང་ལོ་དགུ་པའི་ཐོག་རབ་ཏུ་བྱུང༌། གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང༌། རང་གི་དབོན་པོ་ཁྲི་ཆེན་ཆོས་ཀྱི་བཤེས་གཉེན་དང་སྐུ་མཆེད་དཀོན་མཆོག་ཆོས་དར་གཉིས་ལ་བསྟེན་ནས། ཀུན་མཁྱེན་ལེགས་པ་ཆོས་འབྱོར་རམ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་ཡིག་ཆའི་ཐོག་ནས་རྗེ་ཡབ་སྲས་དང་འཕགས་བོད་མཁས་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་སློབ་གཉེར་རྒྱ་ཆེར་མཛད་པས་མཁས་པར་གྱུར།

དགུང་ལོ་བཅུ་དགུ་པར་བསྙྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས། ཁུ་བོ་ཁྲི་ཆེན་ཆོས་ཀྱི་བཤེས་གཉེན་དང་པཎ་ཆེན་བསོད་ནམས་གྲགས་པ། རྒྱལ་མཆོག་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ། ཤར་པ་དཀོན་མཆོག་ཆོས་དར་སོགས་བླ་མར་བསྟེན་ནས་བྱང་ཆུབ་ལམ་རིམ་ཆེ་ཆུང་དང་ཡི་དམ་བདེ་གསང་འཇིགས་གསུམ་སོགས་མདོ་སྔགས་ཀྱི་བཀའ་ལུང་མན་ངག་རྒྱ་ཆེར་ཞུས་པས། དགེ་ལྡན་བསྟན་པའི་གསལ་བྱེད་དམ་པར་གྱུར། ལྷག་པར་པཎ་ཆེན་བསོད་ནམས་གྲགས་པ་ལས་མགོན་པོ་ཞལ་བཞི་པའི་རྗེས་གནང་ཞུས་ཏེ་བླ་མ་མགོན་པོ་དབྱེར་མེད་དུ་བསྒོམ་པ་ལས་དཔལ་མགོན་ཞལ་བཞི་པའི་དངོས་གྲུབ་བར་སྙེས། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་གདན་དྲངས་པ་ལྟར་ཕེབས་ནས་མི་ལོ་བདུན་གྱི་རིང་རྒྱུད་སྡེ་རྒྱ་མཚོའི་བསྐྱེད་རྫོགས་ཀྱི་རྣམ་བཞག་ལུང་རིགས་དྲི་མ་མེད་པས་འཆད་མཉན་རྒྱ་ཆེར་སྤེལ།

རྗེ་འདི་ཉིད་རྒྱུད་སྟོད་མཁན་ཐོག་དྲུག་པ་དེ་ཡིན། དེ་ནས་དགུང་ལོ་སོ་དྲུག་ ༡༥༣༦ པར་དགའ་ལྡན་དུ་ཕེབས་ནས་ཤར་རྩེ་ཐོས་བསམ་ནོར་གླིང་གི་མཁན་པོ་དང་ཤར་རྩེ་ཆོས་རྗེ་གཅིག་ལྕོགས་གནང་ནས། སྔ་ཕྱི་མི་ལོ་བཅུ་གཉིས་རིང་གཞུང་ཆེན་ཁག་གི་འཆད་མཉན་རྒྱ་ཆེར་སྤེལ། འདི་ཉིད་ཤར་རྩེ་མཁན་རབས་བཅུ་གཅིག་པ་ཡིན། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་དགུ་པའི་ས་སྤྲེལ་ ༡༥༤༨ ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་བཞིའི་བར་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་བླ་ན་འདེགས། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་རྗེའི་དངུལ་གདུང་ཆེན་མོའི་དབུ་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་ཉི་ཟླའི་གཟི་འོད་ཀྱང་འཕྲོག་ནུས་པ་གསར་བཞེངས་མཛད། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་བཞིན་པའི་མུར། དགུང་གྲངས་ང་གཅིག་པར་རབ་བྱུང་དགུ་པའི་ལྕགས་ཕག་ ༡༥༥༡ ་ལོར་དགོངས་པ་ཞི་བར་གཤེགས་པའི་གདུང་རུས་ལ་རྡོ་རྗེ་འཇིགས་བྱེད་དང་དཔལ་ལྡན་ལྷ་མོའི་སྐུ་བརསྙན་གསལ་བ་སོགས། བསམ་གྱིས་མི་ཁྱབ་པའི་རྣམ་ཐར་བདག་གིར་བཞེས། །

འདི་ཉིད་ཞི་བར་གཤེགས་ནས་བགྲང་བྱ་ཉེར་ལྔ་ ༡༥༧༥ པར་འཕན་ཡུལ་མདར་འཁྲུངས་པ་ངག་དབང་ཆོས་ཀྱི་རྒྱལ་མཚན་ཡང་སྲིད་དུ་ངོས་འཛིན་བྱུང་བ་དེ་ཡང་དགའ་ལྡན་ཁྲི་ཐོག་སོ་བཞི་པར་ཕེབས་པ་སོགས་སྐུ་རབས་སྔ་ཕྱི་དུ་མར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་བདག་གིར་མཛད་པས་གསལ་ཁང་སྐུ་སྐྱེ་ཞེས་གྲགས་པ་བྱུང་སྟེ་འོག་ཏུ་དགའ་ཁྲི་སོ་བཞི་པའི་སྐབས་འཆད་པར་འགྱུར་རོ། ། རྗེ་འདིའི་རྣམ་ཐར་གྱི་སྐོར། སྡེ་སྲིད་ཀྱི་བཻ་སེར་ཤོག་གྲགས་༨༣པ་དང༌། དུང་དཀར་ཚིག་མཛོད་ཤོག་གྲངས་ ༣༧༥ པ། རྒྱུད་སྟོད་ཆོས་འབྱུང་ཤོག་གྲངས་༩༢ ། འཇམ་དབྱངས་མཁྱེན་བརྩེའི་གསུང་འབུམ། གངས་ཅན་མཁས་གྲུབ་རིམ་བྱུང་གི་མིང་མཛོད་ཤོག་གྲངས་༧༨༣། ཁྲི་རབས་ཡོངས་འདུའི་ལྗོན་བཟང་ཤོག་གྲངས་ ༧༨ བཅས་ལ་གཟིགས་དགོས།


དགའ་ལྡན་ཁྲི་ཐོག་ཉི་ཤུ་པ་སྟག་ཕུ་བ་ཀོ་ཤི་ཆོས་གྲགས་བཟང་པོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཉི་ཤུ་པ་སྟག་ཕུ་བ་ཀོ་ཤི་ཆོས་གྲགས་བཟང་པོ་ནི། རབ་བྱུང་བརྒྱད་པའི་ཆུ་གླང་ ༡༤༩༣ ལོར་མདོ་ཁམས་ཤོད་བཅུའི་ནང་ཚན་ནགས་ཤོད་སྟག་ཕུ་རུ་སྐུ་འཁྲུངས། སྐུ་ན་གཞོན་དུས་ནས་ཡི་གེ་འབྲི་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན། སྟག་ཕུ་ཆོས་སྡེར་རབ་ཏུ་བྱུང་ནས་གཞུང་ལུགས་རབ་འབྱམས་ལ་གསན་བསམ་མཛད་པས་མཁས་པར་གྱུར། ཁྲི་རབས་ལོ་རྒྱུས་ཚད་ལྡན་རྣམས་སུ་རྗེ་འདི་ཉིད་གདན་ས་གང་དུ་ཞུགས་པའི་གསལ་ཁ་མི་སྣང་ཡང་སྐུ་རབས་ཕྱི་མ་སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་གདན་ས་འབྲས་སྤུངས་བློ་གསལ་གླིང་གི་ལྷོ་པ་ཁང་ཚན་དུ་ཞུགས་འདུག་པས་རྗེ་འདི་ཉིད་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཞུགས་མྱོང་བའམ་ཡང་ན་དེ་དང་ཐུགས་ཐག་ཉེ་བའི་འབྲེལ་བ་ཞིག་ཅིས་ཀྱང་བྱུང་ངེས་སྙམ། རྒྱུད་སྨད་དུ་ཕེབས་ནས་རྒྱུད་སྡེ་བཞིའི་རྣམ་བཞག་སྤྱི་དང་ལྷག་པར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཡི་དམ་གསང་བདེ་འཇིགས་གསུམ་གྱིས་མཚོན་པའི་དབང་ལུང་མན་ངག་རྒྱ་ཆེར་མནོས། ཐོན་པ་ཡོན་ཏན་རྒྱ་མཚོ་དང༌། ཆོས་རྗེརིན་ཆེན་འོད་ཟེར། འཇམ་དབྱངས་དོན་ཡོད་དཔལ་ལྡན། རྒྱལ་བ་དགེ་འདུན་རྒྱ་མཚོ་སོགས་སེར་འབྲས་ཀྱི་སློབ་དཔོན་མཁས་པ་དུ་མའི་ཞལ་ནས་མདོ་སྔགས་གྱི་གསེར་ཆོས་དུ་མ་ཞུས། རྒྱུད་སྨད་དུ་ཞུགས་ནས་ཆོས་རྗེ་རྒྱ་ར་བ་དང༌།

ཆོས་རྗེ་རྒྱལ་མཚན་བཟང་པོ་སོགས་ལ་བསྟེན་ནས་སྔགས་ཕྱོགས་རྒྱུད་སྡེའི་གཞུང་ལུགས་ལ་གསན་བསམ་རྒྱ་ཆེར་མཛད་དེ་རྒྱུད་སྨད་མཁན་ཁྲིར་ཕེབས། རྒྱུད་ཀྱི་འཆད་ཉན་རྒྱ་ཆེར་མཛད་བཞིན་པའི་མུར། བྱང་རྩེ་རྒྱུད་དགུང་ལོ་དྲུག་ཅུ་པ་རབ་བྱུང་དགུ་པའི་ཆུ་བྱི་ ༡༥༥༢ ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་མི་འཇིགས་གདོང་ལྔས་གཏེགས་པའི་གསེར་ཁྲིར་མངའ་གསོལ་བ་ལྟར། འཆད་མཉན་གྱི་སྲོལ་ལ་ཤིན་ཏུ་དམར་བ་མཛད་པ་དང༌།

གནས་བརྟན་བཅུ་དྲུག་གི་གོས་སྐུ་གསར་དུ་བཞེངས་པ་སོགས། མདོར་ན་མི་ལོ་བདུན་གྱི་རིང་ལ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དགེ་ལྡན་བསྟན་པ་རིན་པོ་ཆེ་ནམ་ཡང་ནུབ་པ་མེད་པར་བླ་ནས་བླ་ན་འཕེལ་བའི་འཕྲིན་ལས་ཀྱི་རྒྱུན་བསྐྱངས། དགུང་ལོ་རེ་གཉིས་པ་ཤིང་སྟག་ ༡༥༥༤ ལོར་སེ་ར་ཐེག་ཆེན་གླིང་གི་མཁན་ཁྲིར་ཕེབས་ནས་བྱེས་སྨད་གཉིས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། དགུང་ལོ་རེ་གསུམ་པ་ཤིང་ཡོས་ ༡༥༥༥ ལོར་གཙང་གི་སྡེ་པ་ཡར་རྒྱབ་པས་དབུསཀྱི་སྣེ་གདོང་ལ་དཔུང་དམག་དྲངས་ཏེ་གྲ་ཕྱི་ལྷུ་གྲུབ་བཙན་བཟུང་བྱས་སྐབས་སྣེ་གདོང་པས་སྐྱིད་ཤོད་ཞབས་དྲུང་ཨ་ཁུ་བཀྲ་ཤིས་རབ་བརྟན་གཞིས་ཀ་བྲག་དཀར་ཁོངས་གཏོགས་རྣམས་སྐྱིད་ཤོད་དགའ་ལྡན་པའི་འཛིན་དབང་དུ་སྤྲོད་སྟབས། སྐྱིད་ཤོད་པའི་དམག་ལྷོ་ཁར་དྲངས་ཏེ་གཙང་གི་སྡེ་པ་ཡར་རྒྱབ་པའི་དམག་དཔུང་ཕྱིར་འབུད་བྱས་པ་སོགས༌། སྡེ་གཟར་གྱིས་དུས་མི་བདེ་བའི་སྐབས་ཡིན་ཡང་གདན་ས་ལ་གད་ཆག་གང་ཡང་མེད་པར་འཆད་ཉན་གྱི་རྒྱུན་འཐུད་ཐུབ་པར་བྱུང༌།

དགུང་ལོ་རེ་བདུན་པ་ས་རྟ་ ༡༥༥༨ ལོར་ཁྲི་ལས་ཟུར་ནས་གཉན་ཐང་བདེ་བ་ཅན་དུ་ཟུར་བཞུགས་མཛད་ནས་སྐལ་ལྡན་སློབ་མ་ཤིན་ཏུ་མང་པོ་ལ་མདོ་སྔགས་ཀྱི་ལམ་རིམ་གཉིས་ཀྱིས་མཚོན་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་རེ་བདུན་རབ་བྱུང་དགུ་པའི་ས་ལུག་ ༡༥༥༩ ལོའི་ཟླ་བ་དགུ་པའི་ཚེས་བཅུར་རེ་ཞིག་གཟུགས་སྐུ་རགས་པ་བསྡུས་ཏེ་མཁའ་གཤེགས་དག་པའི་ཞིང་དུ་གཤེགས་པའི་ཚུལ་བསྟན་པའི་སྐུ་གདུང་དངུལ་གྱི་མཆོད་རྟེན་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དངུལ་གདུང་རིན་པོ་ཆེའི་གཡས་གྲལ་གཉིས་པར་བཞུགས། རྗེ་འདི་ཉིད་ནགས་ཤོད་སྟག་ཕུ་སྐུ་ཕྲེང་གསུམ་པར་བགྲངས་བ་ལྟར་ན་རྗེ་འདིའི་སྐུ་ཕྲེང་དང་པོ་ཀཽ་ཤི་དཔལ་ལྡན་དོན་འགྲུབ་ཡིན་ལ། སྟག་ཕུ་སྐུ་ཕྲེང་གཉིས་པ་ཞང་པོ་བསྟན་འཛིན་ཆོས་རྒྱལ་ནི། སྟག་ཕུ་སྐུ་ཕྲེང་གསུམ་པ་ངག་དབང་ཆོས་གྲགས་བཟང་པོ་ཉིད་ཡིན་ལ་འདི་ཉིད་དགའ་ལྡན་ཁྲི་ཐོག་ཉི་ཤུ་པར་ཕེབས་པ་གོང་དུ་ཞུས་ཟིན། སྟག་ཕུ་སྐུ་ཕྲེང་བཞི་པ་བློ་བཟང་བསྟན་པའི་རྒྱལ་མཚན། སྟག་ཕུ་སྐུ་ཕྲེང་ལྔ་པ་གར་དབང་བློ་བཟང་ཆོས་ཀྱི་དབང་ཕྱུག སྟག་ཕུ་སྐུ་ཕྲེང་དྲུག་པ་ངག་དབང་བློ་བཟང་བསྟན་འཛིན་ཆོས་ཀྱི་འབྱུང་གནས། སྟག་ཕུ་སྐུ་ཕྲེང་བདུན་པ་ཆོས་ཀྱི་རྒྱ་མཚོ། སྟག་ཕུ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་བསྟན་པའི་དངོས་གྲུབ། སྟག་ཕུ་སྐུ་ཕྲེང་དགུ་པ་ངག་དབང་བློ་བཟང་བསྟན་འཛིན་ཆོས་ཀྱི་ཉི་མ། སྟག་ཕུ་སྐུ་ཕྲེང་བཅུ་པ་ངག་དབང་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ནམ་གཞན་དུ་ནགས་ཤོད་སྟག་ཕུའི་ཁུལ་དུ་ཡང་སྲིད་འཁྲུངས་ཡོད་ཚུལ་ཡང་གོ་བས་གང་ཡིན་མ་ངེས།

དགའ་ལྡན་ཁྲི་ཐོག་ཉེར་གཅིག་པ་འོལ་དགའ་དགེ་ལེགས་དཔལ་བཟང་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཉེར་གཅིག་པ་འོལ་དགའ་དགེ་ལེགས་དཔལ་བཟང་ནི། རབ་བྱུང་བརྒྱད་པའི་ཤིང་གླང་ ༡༥༠༥ ལོར་འོལ་དགའ་གྱང་གསར་ནང་པའི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་བསམ་གཏན་གླིང་དང༌། སྐྱིད་ཤོད་དུ་ཡི་གེ་འབྲི་ཀློག་ནས་བཟུང་ཐ་སྙད་རིག་གནས་དང་མཚན་ཉིད་ཐེག་པའི་གཞུང་ལུགས་ལ་མཁས་པ་སྦྱངས། རྒྱལ་མཆོག་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་དྲུང་ནས་བླ་ཆེན་དགོངས་པ་རབ་གསལ་ལས་བརྒྱུད་པའི་སྨད་འདུལ་ལུགས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས། སྟོད་རྒྱུད་དུ་ཞུགས་ནས་འབྲས་བུ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞིའི་གཞུང་ལུགས་ལ་མཁས་པར་བསླབས། མདོ་སྔགས་རབ་འབྱམས་སྨྲ་པ་པཎ་ཆེན་བསོད་ནམས་གྲགས་པ་ལ་བསྟེན་ནས་མདོ་སྔགས་ཀྱི་དཀའ་གནད་མ་ལུས་པའི་སྒྲོ་འདོགས་བཅད་དེ་མཁས་པའི་གོ་ས་མཐོན་པོར་འཛེགས།

དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོས་བྱང་ཆུབ་ལམ་གྱི་རིམ་པའི་འཕྲིན་ལས་སྤེལ་བའི་བཀའ་བབས་པའི་བླ་བརྒྱུད་རིམ་པར་བྱུང་བ་ནས། ཡོངས་འཛིན་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་ནས་ྋགོང་ས་བཅུ་བཞི་པ་ཆེན་པོ་ལ་བརྒྱུད་པའི་འཕྲིན་ལས་ཀྱི་འོད་སྣང་བླ་ན་འཚེར་བཞིན་པར་ལགས་ཤིང༌། བློ་གསལ་གླིང་གྲྭ་ཚང་གི་ཆོས་གྲྭ་ནང་ལམ་རིམ་འཆད་སྲོལ་ཀྱི་བླ་བརྒྱུད་ཀྱང་རྗེ་འདི་ཉིད་ལས་བྱུང་བ་སེམས། རྒྱུད་སྟོད་མཁན་རབས་དྲུག་པ་ཁྲི་ཆེན་ངག་དབང་ཆོས་གྲགས་མཁན་ཁྲི་ལས་ཟུར་པའི་རྗེས་སྟོད་རྒྱུད་གྲྭ་ཚང་གི་བླ་མ་དང་མཁན་པོའི་ཁྲིར་རིམ་པར་ཕེབས་ཏེ་གསང་སྔགས་རྒྱུད་སྡེ་བཞིའི་འཆད་ཉན་རྒྱ་ཆེར་སྤེལ། དེ་ནསཤར་རྩེ་མཁན་པོ་དང་ཤར་པ་ཆོས་རྗེའི་ཁྲིར་རིམ་པར་ཕེབས་ཏེ།

དགུང་གྲངས་ང་བཞི་པ་རབ་བྱུང་དགུ་པའི་ས་རྟ་ ༡༥༥༨ ལོར་དགའ་ལྡན་གསེར་ཁྲིར་ཞབས་སོར་འཁོད། མཉམ་མེད་དགེ་ལྡན་རིང་ལུགས་གཙང་མའི་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་བླ་ནས་བླ་ན་བཏེགས། གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་གསར་བཞེངས་གྲུབ་པར་རབ་གནས་གནང་མཁན་རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་གདན་འདྲེན་ཞུས། དགའ་ལྡན་གསེར་ཁྲི་ལོ་བདུན་རིང་བསྐྱངས། དགུང་ལོ་དྲུག་ཅུ་པ་ཤིང་བྱི་ ༡༥༦༤ ལོར་ཁྲི་ལས་གཤོལ་ཏེ་བདེ་བ་ཅན་དུ་ཟུར་བཞུགས་མཛད་པས་ཁྲི་བདེ་བ་ཅན་པར་གྲགས། ལོ་དེར་ཁྲི་ཟུར་རིན་པོ་ཆེ་འདི་ཉིད་ཀྱིས་མཁན་པོ་དང་དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ་རྒྱལ་དབང་བསོད་ནམས་རྒྱ་མཚོའི་རབ་བྱུང་མཁན་པོ་དང་མདོ་ཕྱོགས་ཀྱི་ཡོངས་འཛིན་ཡིན་ཡང་འདི་སྐབས་ཞི་བར་གཤེགས་ཟིན་སྟབས་ཁྲི་ཆེན་འདི་ཉིད་དེའི་དེའི་དངོས་སློབ་ཡིན་པས་བསྙེན་རྫོགས་ཀྱི་མཁན་པོ་བསྟེན་པ་ཡིན།

དགའ་ལྡན་ཁྲི་ལས་ཐོབ་པ་དགེ་འདུན་བསྟན་པ་དར་རྒྱས་ཀྱིས་ལས་སློབ། དགེ་འཕེལ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱིས་གསང་བསྟན། ལྷ་བཙུན་བསོད་ནམས་དཔལ་བཟང་གིས་དུས་དུས་བསྒོ་བ་མཛད་དེ་རྒྱལ་མཆོག་བསོད་ནམས་རྒྱ་མཚོ་ལ་བསྙྙེན་རྫོགས་པའི་དགེ་སློང་གི་སྡོམ་པ་དང༌། སྤྲུལ་པའི་སྐུ་བསོད་ནམས་ཡེ་ཤེས་དབང་པོ་ལ་དགེ་ཚུལ་གྱི་སྡོམ་པ་གནང༌། གཟིམས་ཁང་གོང་འོག་གཉིས་ཀའི་ཡོངས་འཛིན་གནང་ནས་མདོ་སྔགས་ཀྱི་ཟབ་ཆོས་དུ་མའི་བཤད་འཁྲིད་གནང༌།

ད་ལྟའི་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོའི་སྡོམ་རྒྱུན་ཡང་འདི་ནས་ཆད་པས། སྡོམ་རྒྱུན་འདི་ཉིད་གལ་ཆེར་མཐོང་སྟེ། འདིར་སྟོན་པ་ཐུགས་རྗེ་ཅན་ནས་ད་ལྟའི་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོའི་བར་གྱི་སྡོམ་པའི་བླ་བརྒྱུད་ཀྱི་མཚན་གཞུང་ཙམ་བཀོད་ན། དེ་ཡང་འདྲེན་པ་མཉམ་མེད་ཐུབ་པའི་དབང་པོ་དང༌། དེ་ནས་ཤཱ་རིའི་བུ། སྲས་སྒྲ་གཅན་འཛིན། བྲམ་ཟེ་དགྲ་ཅན་འཛིན། དཔལ་མགོན་ཀླུ་སྒྲུབ། སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད། སློབ་དཔོན་དཔལ་སྦས། སློབ་དཔོན་ཡེ་ཤེས་སྙིང་པོ། མཁན་ཆེན་ཞི་བ་འཚོ། རྦ་རཏྣ། དམར་གཡོ་གཙང་གསུམ༌། བླ་ཆེན་དགོངས་པ་རབ་གསལ། ཀླུ་མེས་ཁྲིམས་ཚུལ་ཤེས་རབ། གཟུས་རྡོ་རྗེ་རྒྱལ་མཚན། སྣེ་བོགྲགས་པ་རྒྱལ་མཚན། འབྲེ་ཤེས་རབ་འབར། བྱ་འདུལ་འཛིན་བརྩོན་འགྲུས་འབར། རྩིས་གཞོན་ནུ་སེང་གེ། གྲོ་སྟོན་བདུད་རྩི་གྲགས། མཆིམས་ནམ་མཁའ་གྲགས་པ། ཟེའུ་གྲགས་པ་ཤེས་རབ། མཆིམས་བློ་བཟང་གྲགས་པ། གྲོ་སྟོན་ཀུན་དགའ་རྒྱལ་མཚན། དཔང་སྟོན་གྲུབ་པ་ཤེས་རབ། པཎ་ཆེན་དགེ་འདུན་གྲུབ་པ། གནས་སྙིང་ཀུན་དགའ་བདེ་ལེགས། རྒྱལ་བ་དགེ་འདུན་རྒྱ་མཚོ། ཁྲི་བདེ་བ་ཅན་བ་དགེ་ལེགས་དཔལ་བཟང་འདི་ཉིད། རྒྱལ་དབང་བསོད་ནམས་རྒྱ་མཚོ། པཎ་ཆེན་དམ་ཆོས་ཡར་འཕེལ། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། རྒྱུད་ཆེན་དཀོན་མཆོག་རྒྱལ་མཚན། པཎ་ཆེན་བློ་བཟང་ཡེས་ཤེས། ཡོངས་འཛིན་བློ་བཟང་བཟོད་པ། དཀའ་ཆེན་བློ་བཟང་ཆོས་འཕེལ། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས། རྒྱལ་དབང་འཇམ་དཔལ་རྒྱ་མཚོ། པཎ་ཆེན་བསྟན་པའི་ཉི་མ། ཕུར་ལྕོག་ཡོངས་འཛིན་བྱམས་པ་རྒྱ་མཚོ། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ། ཡོངས་འཛིན་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས། རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོའི་རིམ་པར་བརྒྱུད་སྣང་ཞིང༌། ཡང་ཁྲི་ཆེན་འདི་ཉིད་ལས་དགའ་ལྡན་ཁྲི་ཐོག་ཉེར་ལྔ་པ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་ལ་བསྙེན་རྫོགས་གནང་པའི་མཁན་རྒྱུད་པ་རིམ་པར་བཞིན། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ། རྗེ་དཀོན་མཆོག་བསྟན་འཛིན། དེ་ལས་སྨིན་གླིང་ལོ་ཆེན་དྷརྨ་ཤྲིའ་ལ་བརྒྱུད།

དེ་ནས་རིམ་པར་བཞིན་རབ་འབྱམས་པ་ཨོ་རྒྱན་ཆོས་གྲགས། སྨིན་གླིང་རྡོ་རྗེ་འཛིན་པ་འགྱུར་མེད་ཆོས་ལྡན། ཨོ་རྒྱན་བསྟན་འཛིན་རྡོ་རྗེ། རྒྱལ་སྲས་རིག་འཛིན་བཟང་པོ། མཁན་ཆེན་པདྨ་བཀྲ་ཤིས། ཐུབ་བསྟན་པདྨ་ཉིན་བྱེད། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་ཐུབ་བསྟན་རྒྱལ་མཚན། ཀ༔ཐོག་མཁན་རྒན་རྡོ་རྗེ་དཔལ་བཟང༌། ཉག་རོང་མཁན་པོ་སྐལ་བཟང་རྒྱལ་མཚན། ཀ༔ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། མཆོག་སྤྲུལ་ཐུབ་བསྟན་ཆོས་ཀྱི་ཟླ་བ། གྲུབ་དབང་པདྨ་ནོར་བུའི་བར་སྔར་འགྱུར་རྙིང་མ་པའི་འདུལ་བའི་སྡོམ་རྒྱུན་གྱི་ཁུངས་ཀྱང་འདི་ཉིད་ལ་ཐུག་པ་ཡིན་ནོ། མལ་གྲོལ་རིན་ཆེན་གླིང་དང༌། ཕག་མོ་ཆོས་སྡེ་སོགས་ཀྱི་ཞལ་འཛིན་མཛད་པ་སོགས་བསྟན་འགྲོར་སྨོན་པའི་མཛད་པ་རྒྱ་ཆེར་བསྐྱངས།

ཁྲི་ཆེན་འདིས་རྒྱལ་མཆོག་བསོད་ནམས་རྒྱ་མཚོ་དང་སྡེ་བ་སྐྱིད་ཤོད་པ་ཨ་ཁུ་བཀྲ་ཤིས་རབ་བསྟན་གཉིས་ལ་གསང་ཕུ་ཉག་རོང་གྲྭ་ཚང་དང༌། དགའ་ལྡན་ཤར་རྩེ་གྲྭ་ཚང་གཉིས་ཟླ་སྒྲིལ་བཏང་ན། གཞུང་ཆེན་ཁག་གི་བཤད་སྒྲུབ་འཆད་ཉན་འཕེལ་རྒྱས་ཡོད་རྒྱུའི་སྙན་སྐུལ་ཞུས་པ་ལྟར། དུས་ཕྱིས་ཟླ་སྒྲིལ་བྱས་པས། འཆད་ཉན་རླབས་ཆེན་འཕེལ་བ་བྱུང༌། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་པའི་མེ་ཡོས་ ༡༥༦༧ ལོའི་ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན་དགོངས་པ་གཞན་དོན་དུ་གཤེགས་པའི་གདུང་རྟེན་དངུལ་གྱི་མཆོད་སྡོང་དགའ་ལྡན་ལི་མ་ལྷ་ཁང་གི་ཤར་རྟེན་གཙོའི་གཡོན་ཕྱོགས་ཀྱི་བཞི་པར་བཞུགས་ཤིང་དགོངས་རྫོགས་ཀྱི་དུས་མཆོད་ཀྱང་ཚུགས་སོ། །གསུང་ལས་སྐྱེས་པའི་སློབ་མ་ཡང་རྒྱལ་མཆོག་བསོད་ནམས་རྒྱ་མཚོ་དང༌། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌།

དགའ་ལྡན་ཁྲི་ཐོག་ཉེར་གཉིས་པ་དགེ་འདུན་བསྟན་པ་དར་རྒྱས

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཉེར་གཉིས་པ་དགེ་འདུན་བསྟན་པ་དར་རྒྱས། རབ་བྱུང་བརྒྱད་པའི་ཆུ་གླང་ ༡༤༩༣ ལོར་འཕན་པོ་ཀླུང་ཤོད་འོད་སྣར་སྐུ་འཁྲུངས། སྐུ་ན་གཞོན་དུས་སུ་དྲུང་གཞོན་ནུ་མཛེས་པ་དཔལ་གྱིས་ཕྱག་བཏབ་པའི་མལ་དྲོ་ཆ་དཀར་དགོན་པར་སློབ་གཉེར་གནང་ཞིང༌། རྗེས་སུ་སེ་ར་སྨད་གྲྭ་ཚང་དུ་གཞུང་ཆེན་པོ་ལྔར་སློབ་གཉེར་མཐར་ཕྱིན་པར་མཛད་ནས་ཆ་དཀར་དགོན་པའི་འཆད་ཉན་གྱི་སློབ་དཔོན་དུ་བསྐོས། སྐབས་དེར་རིན་སྤུངས་དོན་ཡོད་རྡོ་རྗེས་དབུས་སུ་སྡེ་པ་སྐྱིད་ཤོད་པ་དང༌། གཞིས་ཀ་སྣེའུ་པར་དམག་དྲངས་ནས་དབང་ཆ་ཕྲོགས་པ་དང༌། དགུང་ལོ་ཉི་ཤུ་པ་ཆུ་སྤྲེལ་ ༡༥༡༢ ལོར་རིན་སྤུངས་དོན་ཡོད་རྡོ་རྗེ་འདས་ནས་མི་རིང་བར་རིན་སྤུངས་པའི་སྟོབས་ཤུགས་ཉམས་རྗེས། འབྲི་གུང་པའི་དཔོན་མགོན་པོ་རྒྱལ་མཚན་གྱིས་རང་གི་འཇའ་ཁང་འཕན་པོ་ཁུལ་དུ་ཡོད་པའི་དགའ་ལྡན་དགོན་པའི་མཆོད་གཞིས་ཁག་རྣམས་ཕྲོགས་པ་སོགས་ལ་བརྟེན་ནས་དགའ་ལྡན་ཤར་བྱང་གཉིས་ཀྱི་འཆད་ཉན་ལོ་ཤས་བར་སྟོངས་སུ་ལུས་དགོས་པ་བྱུང་སྟབས། དམ་པ་འདི་ཉིད་ཆ་དཀར་དགོན་པ་ནས་དགའ་ལྡན་དུ་གདན་དྲངས་ཏེ་བྱང་རྩེ་གྲྭ་ཚང་གི་འཆད་ཉན་སློབ་དཔོན་དུ་བསྐོས། དེ་སྐབས་དགུང་ལོ་ཉི་ཤུ་རྩ་ལྔ་ཙམ་ལས་མ་ཕེབས་པའི་སྐུ་གཞོན་ནུ་ཞིག་ཡིན་ཀྱང༌། མཁྱེན་རབ་རྩལ་ཕུན་སུམ་ཚོགས་པའི་དབང་གིས་ཕར་ཕྱིན་དང་དབུ་མའི་རྩི་བཞག་རྣམས་ཐུགས་ཐོག་ནས་གནང་སྟེ་ཞལ་སློབ་ཚོས་ཟིན་བྲིས་སུ་བཀོད་པ་དེང་སྐབས་སེར་སྨད་གྲྭ་ཚང་གི་ཡིག་ཆར་འཆད་ཉན་ཡོད་པ་དེ་ཡིན།

དགུང་ལོ་སོ་བཞི་པ་རབ་བྱུང་དགུ་པའི་མེ་ཁྱི་ ༡༥༢༦ ལོར་སླར་ཡང་འབྲི་གུང་དཔོན་མགོན་པོ་རྒྱལ་མཚན་གྱིས། འབྲི་གུང་གདན་རབས་བཅོ་ལྔ་པ་རྒྱལ་དབང་ཀུན་དགའ་རིན་ཆེན་གྱི་བཀའ་སློབ་གནང་བ་རྣམས་ལ་མ་རྩིས་པར་འབྲི་གུང་ཁུལ་དུ་ཡོད་པའི་དགེ་ལུགས་དགོན་ཁག་ཆེ་ཆུང་བཅོ་བརྒྱད་ཙམ་ཆོས་ལུགས་དང་ཞྭ་སྟབས་བསྒྱུར་བའི་བཙན་ཤེད་བྱས་པར་བརྟེན། ཆ་དཀར་དགོན་པའི་གྲྭ་པ་རྣམས་དགའ་ལྡན་དུ་གནས་སྤོས་བྱ་དགོས་བྱུང༌། དེ་ལ་བརྟེན་ནས་བདག་ཉིད་ཆེན་པོ་རྒྱལ་དབང་ཀུན་དགའ་རིན་ཆེན་ཡང་ཐུགས་སྐྱོ་ནས་ལོ་རྗེས་མ་དེར་དགོངས་པ་མྱ་ངན་ལས་འདས། ཡུན་རིང་མ་སོང་བར་ཆ་དཀར་དགོན་པའི་གྲྭ་པ་རྣམས་ཆེན་པོ་རིན་ཆེན་འོད་ཀྱིས་བཏབ་པའི་དབུས་སྟོད་བྲག་དབར་དགོན་པར་ཟླ་སྒྲིལ་ཏེ་འཆད་ཉན་མཛད་པས་དགོན་པ་དར་རྒྱས་ཆེན་པོ་བྱུང་ཞིང༌། རྗེས་སུ་དམ་པ་འདི་ཉིད་སེར་སྨད་གྲྭ་ཚང་གི་འཆད་ཉན་སློབ་དཔོན་དུ་གདན་དྲངས་ཐོག དེ་སྔོན་སེར་སྨད་གྲྭ་ཚང་གི་ཡིག་ཆ་རསྙིང་པ་གུང་རུ་རྒྱལ་མཚན་བཟང་པོས་མཛད་པ་རྣམས་ལས་སྟོང་ཉིད་མ་ཡིན་དགག་ཏུ་བཞེད་པ་སོགས།

རྗེ་ཙོང་ཁ་པའི་གསུང་དང་མི་མཐུན་པ་འགའ་ཞིག་ཡོད་པར་བརྟེན། དམ་པ་འདི་ཉིད་ཀྱིས་ཐུགས་ཐོག་ནས་གསུངས་པའི་ཕར་ཕྱིན་དང༌། དབུ་མ། ཟུར་བཀོལ་བཞི་བཅས་ཀྱི་སྤྱི་དོན་དང༌། མཐའ་དཔྱོད་རྣམས་སེར་སྨད་གྲྭ་ཚང་གི་ཡིག་ཆར་བྱེད་པ་མ་ཟད། རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོས། ཕར་ཕྱིན་སྐབས་བཞི་པའི་མཐའ་དཔྱོད་ཀྱི་དབུར། ཐུབ་པའི་བསྟན་པའི་ཁུར་འཛིན་དགེ་འདུན་མཆོག །བཀའ་གདམས་བསྟན་པ་རིན་ཆེན་སྙིགས་མའི་དུས། །གངས་ཅན་ཁྲོད་འདིར་དར་རྒྱས་མཛད་པ་ལ། །ཞེས་སོགས་ཚིགས་བཅད་ཤོ་ལོ་ཀ་ཕྱེད་གསུམ་ཙམ་ཡོད་པ་དང༌། སྐུ་ཕྲེང་བདུན་པ་བསྐུལ་བཟང་རྒྱ་མཚོས། དགེ་འདུན་མཁས་དབང་ཚོགས་པའི་ཆོས་ཀྱི་གྲྭར། །ཡོངས་རྫོགས་བསྟན་པའི་གནད་གསང་ཚངས་དབྱངས་སྒྲས། །འདོམས་མཛད་ཕས་ཀྱི་རྒོལ་ལས་རྒྱལ་བའི་མཐུས། །དར་རྒྱས་མི་ཕམ་བླ་མར་གསོལ་བ་འདེབས། །ཞེས་སོགས་བསྔགས་བརྗོད་རྒྱ་ཆེར་མཛད་སྣང༌། སེར་སྨད་ཀྱི་འཆད་ཉན་སློབ་དཔོན་ནས་རིམ་བཞིན་རྒྱུད་སྨད་མཁན་པོ་དང་བྱང་རྩེ་ཆོས་རྗེ་བརྒྱུད་དགུང་ལོ་དོན་གཉིས་པ་རབ་བྱུང་དགུ་པའི་ཤིང་བྱི་ ༡༥༦༤ ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས། ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཁྲི་ཟུར་རིན་པོ་ཆེ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་གིས་མཁན་པོ་དང༌། ཁྲི་ཆེན་ལས་ཐོག་པ་དམ་པ་འདི་ཉིད་ཀྱིས་ལས་སློབ་མཛད་དེ་རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོར་བསྙེན་རྫོགས་ཀྱི་སྡོམ་པ་གནང༌།

དགའ་ལྡན་གྱི་ཁྲི་ཐོག་ལོ་ངོ་ལྔ་བསྐྱངས་ནས། དགུང་ལོ་དོན་དྲུག་པ་རབ་བྱུང་བཅུ་པའི་ས་འབྲུག་༡༥༦༨ལོར་སྐུ་གཤེགས། སྐུ་གདུང་དངུལ་ལས་གྲུབ་པའི་དབྱེན་ཟླུམ་མཆོད་རྟེན་དགའ་ལྡན་ཡངས་པ་ཅན་གྱི་སྟེང་ཐོག་ལི་མ་ལྷ་ཁང་དུ་བཞུགས། མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། ཁྲི་ཆེན་འདི་དང་དགའ་ལྡན་བྱང་རྩེ་མཁན་པོ་བསྟན་པ་དར་རྒྱས་གཉིས་མཚན་འདྲ་བའི་སྟབས་ཀྱིས་ཁྲི་ཆེན་འདི་བྱང་རྩེ་མཁན་པོ་བསྟན་པ་དར་རྒྱས་ཡིན་ཞེས་གསུང་མཁན་འདུག་ཀྱང༌། མཁན་པོ་དེ་ནི་ཤར་སྐུལ་ལྡན་རྒྱ་མཚོ་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་མཛད་སྐབས་ཀྱི་མཁན་པོ་ཡིན་ཅིང༌། དེ་ནི་རབ་བྱུང་བཅུ་པའི་དུས་མཇུག་ཏུ་བྱུང་བ་ཡིན་པས་དུས་མི་མཚུངས་སོ། ། ཞེས་གསུངས་པ་ནི་ལེགས་པར་བཤད་པ་སྟེ། །ད་དུང་རྒྱུ་མཚན་བཞན་ཞིག་ནི་ཁྲི་ཆེན་འདི་ཉིད་འཕན་པོ་ཀླུང་ཤོད་དུ་འཁྲུངས་ཤིང༌། བྱང་རྩེ་མཁན་པོ་བསྟན་པར་དར་རྒྱས་ནི་མདོ་ཁམས་རྒྱལ་རོང་དུ་འཁྲུངས་པ་ཤིན་ཏུ་གསལ་ཏེ། བཻ་སེར་ལས་༡༠༢ཞེས་གསུངས་སོ། །

དགའ་ལྡན་ཁྲི་ཐོག་ཉེར་གསུམ་པ་ཚེ་བརྟན་རྒྱ་མཚོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཉེར་གསུམ་པ་ཚེ་བརྟན་རྒྱ་མཚོ། རབ་བྱུང་དགུ་པའི་ལྕགས་འབྲུག་ ༡༥༢༠ ལོར་ལྷོ་ཁ་རྩེད་ཐང་དུ་སྐུ་འཁྲུངས། མ་ཡུམ་གྱིས་སློབ་གཉེར་ཧུར་ཐག་བྱས་ནས་དགའ་ལྡན་གྱི་ཁྲི་ཐོབ་པ་ཞིག་བྱེད་དགོས་ཞེས་མངགས་བྱ་ནན་ཏན་གནང་བ་ལྟར་ལྷ་སར་ཕེབས་ནས་གཞུང་ཆེན་པོ་ལྔ་དང་གསང་སྔགས་བཅས་ལ་མཁས་པར་སྦྱངས། དགུང་ལོ་ཉི་ཤུ་རྩ་དགུ་པ་རབ་བྱུང་དགུ་པའི་ས་རྟ་ ༡༥༥༨ ལོར་ལ། དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སློབ་དཔོན་ཡང་གཅིག་ལྕོགས་གནང༌། རབ་བྱུང་དགུ་པའི་མེ་སྟག་ ༡༥༦༦ ལོར་རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་བཀའ་ཕེབས་པ་ལྟར་དགའ་ལྡན་དགོན་ནང་དུ་ཡོད་པའི་སྡེ་པ་སྐྱིད་ཤོད་པའི་དཀྱིལ་ཁང་བདེ་བ་ཅན་ཞེས་པའི་ས་ཁོངས་དེར་ཤར་རྩེ་ནོར་བུའི་གླིང་གྲྭ་ཚང་གི་གྲྭ་ཁང་གསར་རྒྱག་དང༌། སྐྱིད་ཤོད་སྡེ་པ་ཨ་ཁུ་བཀྲ་ཤིས་རབ་བརྟན་གྱིས་བྲག་དཀར་ཁུལ་ནས་མཆོད་གཞིས་ཆོས་ཕོགས་ཀྱི་མཐུན་རྐྱེན་ས་ཞིང་སོགས་ཕུལ། གསང་ཕུ་ཉག་རོང་གྲྭ་ཚང་གི་སློབ་དཔོན་བློ་བཟང་བསྟན་འཕེལ་ཤར་རྩེ་གྲྭ་ཚང་གི་སློབ་དཔོན་དང༌། ཉི་སྡིངས་ཀྱི་སློབ་དཔོན་དུ་བསྐོ་བཞག་མཛད།

དགུང་ལོ་ཞེ་དགུ་པ་རབ་བྱུང་བཅུ་པའི་ས་འབྲུག་༡༥༦༨ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། དགུང་ལོ་ང་གསུམ་་པ་ཆུ་སྤྲེལ ༡༥༧༢ ལོར་ཁྲི་ཆེན་ཚེ་བརྟན་རྒྱ་མཚོ་འདི་ཉིད་དང་དང༌། ཆོས་རྗེ་བྱམས་པ་རྒྱ་མཚོ་གཉིས་ཀྱིས་མཁན་སློབ་མཛད་ནས་ལམ་གྲོ་སངས་རྒྱས་རིན་ཆེན་སོགས་སྔ་ཕྱིར་བསྒྲུབ་བྱ་ཤིན་ཏུ་མང་པོ་དབུས་སུ་བསྙེན་པར་རྫོགས། ཁྲི་ལོ་བདུན་སོང་མཚམས་དགའ་ལྡན་རྡོ་ཁང་དུ་ཟུར་བཞུགས་མཛད། དགུང་ལོ་ང་བརྒྱད་པ་རབ་བྱུང་བཅུ་པའི་མེ་གླང་ ༡༥༧༧ ལོར་ྋརྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་པའི་ཕྱི་ལོ་ནས་ལོ་ཤས་རིང་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས། དགའ་ལྡན་ཁྲི་པ་སྨོན་ལམ་ཚོགས་དབུར་ཕེབས་སྲོལ་ཐོག་མ་འདི་ནས་བྱུང་ཞིང༌། དེའི་གོང་དུ་འབྲས་སྤུངས་ཁྲི་པ་རིམ་བརྒྱུད་སྨོན་ལམ་ཚོགས་དབུར་ཕེབས་པའི་སྲོལ་མཆིས། ཤར་རྩེ་གྲྭ་ཚང་གི་འདུ་ཁང་གསར་པའི་ལྡེབས་བྲིས་དང་སྤེན་རྒྱན་སོགས་ལེགས་གྲུབ་མཛད། དགུང་ལོ་རེ་བདུན་པ་རབ་བྱུང་བཅུ་པའི་མེ་བྱི་༡༥༧༦ལོར་དགོངས་པ་གཞན་དོན་དུ་གཤེགས། གདུང་རྟེན་གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་དགའ་ལྡན་ལི་མ་ལྷ་ཁང་དུ་བཞུགས།

དགའ་ལྡན་ཁྲི་ཐོག་ཉེར་བཞི་པ་མངོན་དགའ་བྱམས་པ་རྒྱ་མཚོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཉེར་བཞི་པ་མངོན་དགའ་བྱམས་པ་རྒྱ་མཚོ་ནི། རབ་བྱུང་དགུ་པ་མེ་བྱི་ ༡༥༡༦ ལོར་ཞོག་གི་གྲག་གུར་ཞེས་པར་འཁྲུངས། སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོས་རྗེ་འདི་ཉིད་རྒྱལ་བ་བྱམས་པའི་སྤྲུལ་པར་གསུངས། སྐུ་ན་ཆུང་དུས་ནས་སྟག་རྩེ་རིན་ཆེན་སྒང་དུ་རབ་བྱུང་མཛད། རྗེ་འདི་ཉིད་ཆོས་སྡེ་གང་ཞིག་ཏུ་ཆོས་ཞུགས་གནང་ནས་སློབ་གཉེར་གནང་བའི་ལོ་རྒྱུས་ཁ་གསལ་ད་ཕན་མ་མཐོང་ཡང༌། འདིའི་སྐུ་སྐྱེ་རྗེས་མ་གཙང་པ་བཀྲིས་དང་ཁམས་མོ་སྒྲོལ་མ་གཉིས་ཀྱི་སྲས་རྒྱུད་ཆེན་རྣམ་རྒྱལ་དཔལ་བཟང་གིས་རབ་བྱུང་གནང་བའི་མཚན་ལ་དགེ་འདུན་དཔལ་བཟང་ཞུ་བ།

དགུང་ལོ་བཅོ་ལྔའི་ཐོག་ནས་སོག་པོར་ཕེབས་ཏེ་འགྲོ་དོན་རྒྱ་ཆེར་བསྐྱངས་པའི་ཁྲི་སྤྲུལ་དམ་པ་དེ་ཉིད་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་ཐོག་གཞུང་ཆེན་ཁག་ལ་ཐོས་བསམ་མཛད་འདུག་པས། རྗེ་འདི་ཉིད་ཀྱང་ཐུགས་གཉེར་གནང་ས་སེར་སྨད་གྲྭ་ཚང་ཡིན་སྲིད་སྙམ། གང་ལྟར་དགེ་བའི་བཤེས་གཉེན་མང་པོའི་དྲུང་ནས་གཞུང་ལུགས་མང་པོ་གསན་པས་མཁས་བཙུན་གྱི་གྲགས་པས་ཁྱབ། དཔལ་ལྡན་སྨད་རྒྱུད་དུ་བྱོན་ནས་རྗེ་ཆོས་གྲགས་པ་བཟང་པོ་དང༌། ནམ་མཁའ་གྲགས་གཉིས་ཀའི་དྲུང་ནས་བདེ་གསང་གི་རྒྱུད་འགྲེལ་འགྲེལ་བཤད་བསྐྱེད་རྫོགས་ཀུན་དང༌། ཁྲིད་ཆེན་བརྒྱད། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་གཉིས་ཀྱི་འགྲེལ་པ་དང་འགྲེལ་བཤད་བསྐྱེད་རྫོགས་མན་ངག་རྣམས་གསན་པས། མདོ་སྔགས་གཉིས་ཀ་ལ་མཁས་པའི་ངེས་པ་རྣམ་དག་ཐུགས་ལ་མངའ་བའི་རྡོ་རྗེ་འཛིན་པ་ཞིག་སྟེ། རྗེ་དགེ་འདུན་རྒྱ་མཚོའི་འཇིགས་བྱེད་སྨོན་ལམ་གྱི་ཊཱིཀྐ་རིམ་གཉིས་ཆ་ཚང་བ་ཞིག་བརྩམས།

དུས་ཕྱིས་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་ལེགས་བཤད་དུ་བཞེད། སྒོམ་སྡེ་ནམ་མཁའ་རྒྱལ་མཚན་གྱིས་ཀྱང་དེ་གཞིར་བཞག་ནས་འཇིགས་བྱེད་སྨོན་ལམ་གྱི་ཊཱིཀྐ་མཛད། དེ་ནས་རྒྱུད་སྨད་ཀྱི་ཁྲིར་ཕེབས། རྒྱུད་གསུམ་དང་འགྲེལ་པ་འགྲེལ་བཤད་བསྐྱེད་རྫོགས་བཞི་མན་ངག་བཅས་པ་ལོ་ནས་ལོར་སྟར་ཆགས་སུ་འཆད་ཉན་གནང༌། སྟག་རྩེ་རིན་ཆེན་སྒང་ལ་རིན་ཆེན་གླིང་དགོན་པ་ཕྱག་བཏབ་ནས་མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་འཕེལ་བཞིན་པའི་སྐབས། ཕག་མོའི་དམག་ཕོག་པས། ཆོས་སྡེ་དེ་ཉིད་གུར་སྨོན་དུ་སྤོས་དར་རྒྱས་ཆེ་བར་མཛད། དུས་ཕྱིས་ཁྲི་རྒྱལ་ཁང་རྩེ་བ་དགའ་ལྡན་ཁྲི་ལ་ཕེབས་སྐབས་རིན་ཆེན་གླིང་བསྐྱར་གསོ་གནང་ནས་རྗེ་འདི་ཉིད་ལ་ཕྱི་འབུལ་ཞུས།

རབ་བྱུང་བཅུ་པའི་མེ་བྱི་ ༡༥༧༦ ལོར་རྒྱལ་བ་གཉིས་པའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་ཕེབས། རབ་བྱུང་བསྙེན་རྫོགས་གྲངས་ལས་བརྒལ་བའི་མཁན་པོ་མཛད་ཅིང༌། གངས་ཅན་གྱི་མཐའ་འཁོབ་བའི་འདྲེན་པ་ཆེན་པོ་ཁམས་གསུམ་འགྲོ་བའི་བླ་མ་རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་པོའི་རྒྱལ་པོ་ཆ་གན་ཨལ་ཐན་གྱིས་བྱང་ཕྱོགས་ཀྱི་སྐྱེ་འགྲོ་མང་པོའི་མགོན་དུ་སོག་ཡུལ་དུ་གདན་དྲངས་པའི་ཤུལ་དུ་ལྷ་སའི་སྨོན་ལམ་ཆེན་མོའི་གྲལ་དབུ་མཛད། ས་འབྲུག་ ༡༥༦༨ ལོར་གཞིས་ཀ་བྲག་དཀར་བའི་ལྕམ་རིན་ཆེན་རྒྱལ་མོ་འདས་པའི་དགེ་སྒྲུབ་ཏུ་སྡེ་པ་སྐྱིད་ཤོད་པ་ཨ་ཁུ་བཀྲ་ཤིས་རབ་བརྟན་གྱིས་མཐུན་རྐྱེན་སྦྱར་བ་ལྟར་གསེར་སྦྱངས་ལས་གྲུབ་པའི་དགའ་ལྡན་དངུལ་གདུང་གི་སྒོ་རྒྱན་གསར་བསྐྲུན་གནང༌། ལྕགས་སྦྲུལ་ ༡༥༨༡ ལོར་རྒྱལ་མཆོག་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་རྗེས་ཕྱག་མཛད་ཆོས་བཟང་འཕྲིན་ལས་ཀྱིས་དགའ་ལྡན་ཕོ་བྲང་རྒྱ་བསྐྱེད་འཛུགས་བསྐྲུན་དུ་སྡེ་པ་སྐྱིད་ཤོད་པས་རྒྱུ་གྲོན་དང་འུ་ལག་གང་དགོས་ཀྱི་རོགས་རམ་ཐོག གདན་སའི་གྲྭ་རྒྱུན་རྣམས་ཀྱང་སྐབས་དང་བསྟུན་ནས་ལས་གྲྭར་མངགས་པ་སོགས་བྱ་བ་ལས་ཀྱི་འཁོར་ལོ་ལའང་གཟིགས་པ་ཤིན་ཏུ་ཡངས། མི་ལོ་བདུན་གྱི་རིང་ལ་གསེར་ཁྲི་བཟུང་ཞིང་དེའི་རིང་ལ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་ཞྭ་སེར་ཅོད་པན་འཆང་བའི་བསྟན་པ་བླ་ན་བཏེགས། དགུང་ལོ་རེ་བདུན་པ་ཆུ་རྟ་ ༡༥༨༢ ལོར་མངོན་དགའ་ལ་ཟུར་བཞུགས་མཛད་པས་ཁྲི་ཆེན་མངོན་དགའ་བར་ཡང་གྲགས། དགུང་ལོ་དོན་ལྔ་པ་རབ་བྱུང་བཅུ་པའི་ལྕགས་སྟག་ ༡༥༩༠ ལོར་ཞི་བར་གཤེགས་པའི་དངུལ་གདུང་མཆོད་ཁང་གསར་མ་ནང་བཞུགས་སོ། །

དགའ་ལྡན་ཁྲི་ཐོག་ཉེར་ལྔ་པ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཉེར་ལྔ་པ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ་ནི། རབ་བྱུང་དགུ་པའི་མེ་ཁྱི ་༡༥༢༦ ལོར་སྟོད་ལུང་རམ་པ་གད་པ་ཁར་ཡབ་སྔགས་འཆང་ནོར་བུ་ཚེ་རིང་དང༌། ཡུམ་དབང་ཕྱུག་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་ཆུང་དུས་མཚན་ལ་རྟ་མགྲིན་ཚེ་དབང་གསོལ། དགུང་ལོ་བརྒྱད་པ་ཆུ་སྦྲུལ་༡༥༣༣ལོར་རྒྱལ་མཆོག་སྐུ་འཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། དགུང་ལོ་བཅོ་ལྔ་པ་ལྕགས་བྱི་ ༡༥༤༠ ལོར་སྐྱོར་མོ་གླིང་དུ་གླིང་སྨད་ཆོས་རྗེ་ལྷ་དབང་དཔལ་འབྱོར་གྱི་དྲུང་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ཞུས་པའི་མཚན་ལ་དཔལ་འབྱོར་རྒྱ་མཚོ་གསོལ། གསང་ཕུར་ཞུགས་ནས་གླིང་སྨད་ཆོས་རྗེ་ཆོས་ཀྱི་གྲགས་པ་ལས་ཚད་མ་སྡེ་བདུན་མདོ་དང་བཅས་པ་ལ་མཁས་པར་སྦྱངས། དེ་ནས་འབྲས་སྤུངས་སུ་ཕེབས་ཏེ། འབྲས་སྤུངས་ཁྲི་པ་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་དྲུང་ནས་འདུལ་མཛོད་དང་གཞན་ཡང་མདོ་སྔགས་ཀྱི་གསེར་ཆོས་མང་དུ་གསན། འབྲས་སྤུངས་བཀྲ་ཤིས་སྒོ་མང་མཁན་པོ་བློ་བཟང་ཨེ་ཝྃ་དང༌། མཁན་ཟུར་ཅོ་ནེ་ཕྱོགས་ལས་རྣམ་རྒྱལ་ལས་དབུ་མ་དང་འདུལ་བ་སོགས་ལ་སྦྱངས།

དགུང་ལོ་ཉེར་ལྔ་པ་ལྕགས་ཁྱི་ ༡༥༥༠ ལོར་གདན་ས་འབྲས་སྤུངས་སུ་གླིང་བསྲེའི་དམ་བཅའ་བཞག་པས་མཁས་པའི་མཚན་སྙན་འབར། ད་དུང་ཐོས་པས་མ་ངོམས་པར་གཙང་དུ་ཕེབས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གནས་རྙིང་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་ནས་ལོ་ངོ་གསུམ་གྱི་རིང་དབུ་ཚད་སྐྱར་སྦྱོང་མཛད་པས་གཙང་ཕྱོགས་སུ་མཁས་པའི་གྲགས་པ་འབར། དེ་ནས་རིམ་གྱིས་གངས་ཅན་ཆོས་འཕེལ་གླིང་དང་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་རྒྱུད་དེ་ལྷ་སའི་ཕྱོགས་སུ་ཕེབས་ཏེ་དེ་དག་གི་རིང་ལ་པཎ་ཆེན་བཟང་པོ་བཀྲ་ཤིས། པཎ་ཆེན་ཉི་མ་བཟང་པོ། མཁས་ཆེན་དོན་ཡོད་རྒྱལ་མཚན། དགའ་ལྡན་ཁྲི་ཐོག་ཉེར་གཅིག་པ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང༌། ཁྲི་ཆེན་ཉེར་གཉིས་པ་ཚེ་བརྟན་རྒྱ་མཚོ་སོགས། དགེ་ལྡན་བསྟན་པའི་སྐྱེས་ཆེན་གསེར་གྱི་རི་བོ་ལྟ་བུ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཟབ་ཆོས་ཤིན་ཏུ་མང་པོ་ཞུས། དགུང་ལོ་སོ་གཅིག་པ་རབ་བྱུང་དགུ་པའི་མེ་འབྲུག་ ༡༥༥༦ ལོར་དགའ་ལྡན་ཁྲི་ཐོག་ཁང་དུ་ཁྲི་ཆེན་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་སོ་ལྔ་པ་རབ་བྱུང་དགུ་པའི་ས་ལུག་ ༡༥༥༩ ལོར་སྟག་ཚང་རྭ་བ་སྟོད་པ་རྒྱལ་ཚབ་གསེར་ཟན་གྲྭ་ཚང་གི་མཁན་ཁྲིར་གདན་དྲངས་པ་ལྟར་ཁྲི་ལ་འཁོད་ནས་སྡེ་བདུན་མདོ་དང་བཅས་པའི་འཆད་ཉན་དབྱར་མཚོ་ལྟར་འཕེལ་བར་མཛད། རྩེད་ཐང་སོགས་དགེ་ལྡན་ཆེ་ཕྲ་མང་པོས་གདན་འདྲེན་ཞུས་པ་ལྟར་ཕེབས་ནས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། དགུང་ལོ་ཞེ་གཉིས་པ་ལྕགས་བྱི་ ༡༦༠༠ ལོར་གླིང་སྨད་དཀོན་མཆོག་ཆོས་འཕེལ་ཁམས་སུ་འབུལ་སྡུད་དུ་མངགས་ཏེ་ཆོས་དང་ཟང་ཟིང་གཉིས་ཀས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བྱང་རྩེ་གྲྭ་ཚང་ལ་མཐུན་རྐྱེན་དཔེ་མེད་སྦྱར།

དགུང་ལོ་ཞེ་གཅིག་པ་རབ་བྱུང་བཅུ་པའི་མེ་སྟག་ ༡༥༦༦ ལོར་གསང་ཆེན་རྒྱ་མཚོའི་བསྟི་གནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་བླ་མར་གདན་དྲངས་པ་ལྟར་འཁོར་ཚོགས་རྒྱ་མཚོའི་དབུས་སུ་མངོན་པར་མཐོ་བ་དང་བཅས་འོ་སྒར་ཕེབས་ཏེ་རྒྱུད་སྡེ་བཞི་ཡི་འཆད་ཉན་རྒྱ་ཆེར་སྤེལ། སྐབས་དེར་སྟོད་རྒྱུད་གྲྭ་ཚང་ལོ་ལྟར་དབུས་སྟོད་བྱམས་པ་གླིང་དུ་ཆོས་ཐོག་ལ་ཕེབས་སྲོལ་ཡོད་ཀྱང་ས་ཆའི་བདག་པོས་གནས་གཞི་མ་གཡར་བར་བརྟེན་མཁན་སློབ་གྲྭ་མང་དང་བཅས་པ་རས་གུར་ཕུབ་ནས་བཞུགས་དགོས་བྱུང༌། ཁུལ་དེའི་འབྱོར་ལྡན་མགོན་པོ་སྐྱབས་ཀྱིས་ཆོས་ཐོག་གི་གསོལ་ཕོགས་དང་གནས་གཞི་ཕུལ། དེ་བཞིན་སེ་ར་དགོན་པར་དབྱར་ཆོས་ཕེབས་སྐབས་ཀྱང་རྒྱུད་ཁང་མེད་སྟབས་སེར་སྨད་གཞུང་པ་ཁང་ཚན་ལ་གནས་གཡར་ཞུས་ནས་བཞུགས་དགོས་ཀྱི་ཡོད་སྟབས་རྗེ་འདི་ཡིས་ས་སློང་དང་རྒྱུད་ཁང་གསར་བཞེངས་མཛད།

ཅོ་ནེ་ཚ་རྡོར་ནང་གསོ་ཕོགས་ཐེབས་ཀྱི་ས་གཞུང་པ་ཁང་ཚན་དགེ་རྒན་འཇམ་དབྱངས་རྒྱལ་མཚན་གྱིས་མཐུན་རྐྱེན་ཞལ་འདེབས་ཀྱང་ཕུལ་བ་སེ་རའི་དབྱར་ཆོས་ཀྱི་ཆོས་ཕོགས་ལེགས་འགྲུབ་བྱུང༌། དགུང་ལོ་ཞེ་དྲུག་པ་རབ་བྱུང་བཅུ་པའི་ལྕགས་ལུག་ ༡༥༧༡ ལོར་ཤར་པ་ཆོས་རྗེའི་ཁྲིར་ཕེབས་ནས་ལོ་དགུའི་བར་བསྐྱངས། ཤར་པ་ཆོས་རྗེའི་ཁྲི་ཁུར་བསྐྱངས་པའི་རིང༌། ཐང་སྐྱ། ཕག་མོ། རིན་ཆེན་གླིང༌། དོན་བུ་རི། ཀླུང་ཤོད་འབར་ཚག གསང་ཕུ། སྐྱོར་མོ་ལུང་བཅས་ཀྱི་ཁྲི་ཐོག་ཏུ་གདན་དྲངས་པ་ལྟར་ཕེབས་ནས་གང་ལ་གང་འོས་ཀྱི་ཆོས་འཆད་ཉན་དང༌། སྒྲིག་ལམ་དག་ཐེར། ཉམས་གསོ། ཆོས་ཐེབས་སྦྱོར་བ་སོགས་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་སྐྱོང་བར་མཛད། ཤིང་ཁྱི་ ༡༥༧༤ ལོ་ནས་བཟུང་དབུས་སྟོད་ཁུལ་དུ་འཁྲུགས་པ་ཚབས་ཆེན་བྱུང་བའི་རྐྱེན་གྱིས་ཆོས་སྡེ་རིན་ཆེན་གླིང་ཞེས་གྲྭ་པ་སློབ་གཉེར་བ་སུམ་བརྒྱ་ཙམ་ཡོད་པ་དེ་བཞིན་རྩ་གཏོར་བཏང་བར་བརྟེན་དམ་པ་དེས་ཕག་མོ་བའི་དཔོན་རིགས་རྣམས་ཟང་ཟིང་གི་འབྱོར་པ་ཆེན་པོས་ཚིམ་པར་མཛད་དེ་དགོན་པ་བསྐྱར་གསོ་ཆོག་པའི་རེ་བ་ཞུ་གནང་མཛད་པ་ལྟར། རེ་ཞིག་གྲྭ་པ་བཅུ་སྐོར་ཡོད་པའི་དགོན་ཆུང་ཞིག་བཟུང་ཆོག་པའི་འཁྲོལ་ཆ་བྱུང་བ་དེ་རིམ་བཞིན་ཇེ་རྒྱས་སུ་ཕྱིན་སྐབས་དགོན་སྡེ་འདི་ཐོག་མར་ཕྱག་འདེབས་མཛད་པ་པོ་ཁྲི་ཆེན་བྱམས་པ་རྒྱ་མཚོ་རང་ལ་ཕྱིར་འབུལ་མཛད། དགུང་ལོ་ང་བདུན་པ་ཆུ་རྟ་ ༡༥༨༢ ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་ལོ་ངོ་བརྒྱད་ཀྱི་བར་བསྐྱངས་ཤིང༌། དེའི་རིང་ཁྲི་ཐོག་ཁང་གི་ཉམས་གསོ་གསར་བཞེངས་དང་ཁྱད་པར་མེད་པ་ཞིག་མཛད་ཅིང༌། ཞོར་ལ་མདོ་སྔགས་ཀྱི་ཆོས་བཀའ་ཡང་རྒྱུན་མི་ཆད་པར་གནང་ནས་ས་གླང་ ༡༥༨༩ ལོར་རྒྱལ་ཚབ་རྗེའི་གཟིམས་ཁང་རྒྱལ་ཁང་རྩེར་ཟུརབཞུགས་གནང་བས་ཁྲི་ཆེན་རྒྱལ་ཁང་རྩེ་པར་གྲགས། །

བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་གནས་གཟིགས་ལ་ཕེབས་དུས་ཀ་གཉིས་མའི་ནང་དུ་ཞབས་ཕྱགས་མ་ཕུད་པར་བྱོན་པས་ཇོ་བོ་འཇམ་དཔལ་རྡོ་རྗེས། བརྩོན་འགྲུས་གཡུང་དྲུང་ཁྱོད་ངའི་དི༷ལ་འཁོར་གྱི་ནང་དུ་མཆིལ་ལྷམ་མ་ཕུད་པར་འོང་པ་ཅི་ཡིན་ཞེས་གསུང་བྱོན་ལ། རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་རྡོ་རྗེའི་རང་གཟུགས་བསོད་ནམས་རྒྱ་མཚོ་གཞིས་ཀ་བྲག་དཀར་དུ་ཕེབས་སྐབས་ཤིག །ཡང་དགོན་ཞབས་དྲུང་སོགས་དྲུང་འཁོར་འགའ་ཞིག་ལ། དེ་རིང་ངེད་རང་ཚོ་ཁུ་སྟོན་དང་མཇལ་བ་འདུག་གསུངས་པས། རྐྱང་ཐང་སྒང་གི་དཀྱིལ་ཙམ་དུ་ཞལ་སྔ་ནས་རྒྱལ་ཁང་རྩེ་བ་དང་མཇལ།དེ་ནུབ་ཡང་དགོན་ཞབས་དྲུང་གིས། དེ་རིང་ཁུ་སྟོན་དང་མཇལ་བ་མ་བྱུང་ལགས་ཞུས་པས། ངེད་རང་དང་རྐྱང་ཐང་སྒང་དང་ཕྲད་སོང་ཞེས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་སྐྱེ་བར་ལུང་བསྟན། རྗེ་འདི་ཉིད་རྒྱལ་ཁང་རྩེར་བཞུགས་སྐབས་ཕྱག་མཛོད་གུ་ཤྲི་རྒྱལ་དབང་གོང་མའི་ཡང་སྲིད་སོག་ཡུལ་དུ་སྤྱན་འདྲེན་ལ་འབྱོན་གདོང༌། འཕྲལ་ཡུན་གྱི་གསུང་གླེང་མང་དུ་གནང་ཞིང༌། ཁྱད་པར་ངེད་ན་ཚོད་མཐོ་བས་སོག་ཡུལ་དུ་སྐུ་ཞབས་སུ་སླེབས་པ་ཞིག་མི་ཡོང་འདུག་ཀྱང༌། དིང་སང་དབུས་གཙང་དུ་རང་ཕྱོགས་ཀྱི་བླ་མའི་རྒན་མགོ་ངེད་རང་ཡིན་པས་ཞབས་དྲུང་རིན་པོ་ཆེར་མཚན་འབུལ་བའི་བབས་འབྲེལ་འདུག་པས། ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོ་ཞེས་མཚན་འབུལ་རྒྱུ་ཕུལ་བས། འདི་ནས་བཟུང་མཆོག་དམན་ཀུན་ལ་མཚན་འདི་ཉི་ཟླ་ལྟར་གྲགས་སོ། །

ཤིང་ལུག་ ༡༥༩༥ ལོར་སྐྱིད་ཤོད་སྡེ་པ་གཡུལ་རྒྱལ་ནོར་བུར་བཀའ་གནང་སྟེ་དགའ་ལྡན་སྒྲུབ་མཆོད་ཆེན་མོ་ཉམས་གསོ་མཛད་པ་དང་དུས་མཚུངས་དགའ་ལྡན་གསེར་གདུང་གི་རྒྱ་ཕིབས་ཉམས་གསོ་གསར་བཞེངས་གནང་བ་སོགས་མཛད་རྗེས་རླབས་ཆེ། མེ་སྤྲེལ་༡༥༩༦ལོར་ལྷ་ལྡན་གཙུག་ལག་ཁང་དུ་རྗེ་རྒྱལ་ཁང་རྩེ་པ་འདི་ཉིད་ཀྱིས་མཁན་པོ་དང༌། དད་པའིདགེ་འདུན་གྲངས་ཚང་བའི་དབུས་སུ་དགའ་ལྡན་ཁྲི་ཐོག་སོ་ལྔ་པ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་ལ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་གནང༌། དེ་ནས་རིམ་པར་བཞིན་འབྲས་སྤུངས་པ་རྗེ་དཀོན་མཆོག་བསྟན་འཛིན་ནས་ད་ལྟའི་སྐྱབས་རྗེ་པད་ནོར་རིན་པོ་ཆེའི་བར་སྔར་འགྱུར་རྙིང་མ་པའི་སྡོམ་རྒྱུན་བར་མ་ཆད་དུ་བྱུང་ཚུལ་ཡང་གོང་དུ་ཁྲི་ཆེན་ཉེར་གཅིག་པའི་སྐབས་བཤད་པ་ལྟར་རོ།།

དགུང་ལོ་དོན་བཞིར་ཕེབས་པ་རབ་བྱུང་བཅུ་པའི་ས་ཕག་༡༥༩༩ལོར་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་ཞུས་པའི་སྐབས་བྱོན་པའི་རྟེན་ཁྱད་པར་ཅན་རྣམས་ནང་རྟེན་དུ་བཞུགས་པའི་དངུལ་གདུང་ལྷ་བབས་མཆོད་རྟེན་ཆེ་བ་ཞིག་རྒྱ་གུར་ཆེན་མོའི་མདུན་ངོས་ཕྱིའི་གཡས་ཕྱོགས་བཞུགས། ཁྲི་ཆེན་འདིའི་ཞལ་སློབ་ཆོས་རྗེ་སྐུ་སྐྱེ་ཚེ་རིང་མགོན་པོས་བརྩ་མས་པའི་རྣམ་ཐར། དཔལ་ལྡན་བླ་མ་དམ་པ་དཔལ་འབྱོར་རྒྱ་མཚོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་དད་པའི་འཇུག་སྒོ་རབ་ཏུ་གསལ་བ། ཞེས་ཁ་བྱང་དུ་འཁོད་པ་དཔེ་རྙིང་དབུ་མེད་བྲིས་མ་དཔེ་རིང་ཤོག་གྲངས་༨༠ཡོད་པ་ཞིག་བོད་ལྗོངས་དཔེ་མཛོད་ཁང་གི་ཕྱག་དཔེའི་གྲས་སུ་ཡོད་ཚུལ་དུང་དཀར་ཚིག་མཛོད་དུ་གསལ་ཡང་ཁོ་བོས་ཞལ་མཇལ་མ་བྱུང༌།

ཁྲི་ཐོག་ཉེར་དྲུག་པ་ཆོས་རྗེ་དམ་ཆོས་དཔལ་འབར་

[རྩོམ་སྒྲིག]

ཁྲི་ཐོག་ཉེར་དྲུག་པ་ཆོས་རྗེ་དམ་ཆོས་དཔལ་འབར་ནི། གཙང་སྟོད་གནས་ཀྱི་ཁང་དམར་ཤར་དུ། རབ་བྱུང་དགུ་པའི་ཆུ་ལུག་ ༡༥༢༣ ལོར་འཁྲུངས། གནས་ཀྱི་ཆོས་སྡེར་རབ་ཏུ་བྱུང༌། པཎ་ཆེན་གནས་པའི་དྲུང་དུ་འདུལ་བ་མདོ་རྩ་བ་དང༌། ལས་བརྒྱ་བ། སུམ་བརྒྱ་པ། མངོན་པ་གོང་འོག ལྷག་པར་ཕར་ཕྱིན་དང་དབུ་མ་རྩ་འཇུག་བཞི་གསུམ་རྗེ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱི་ལེགས་བཤད་བཀའ་འགྲེལ་རྣམས་ལ་སློབ་གཉེར་མཛད་པས་མཁས་པའི་སྙན་གྲགས་དབྱར་རྔ་ལྟར་འབར། དེ་ནས་དབུས་སུ་བྲག་དབར་གྱི་གདན་སར་གདན་དྲངས་པ་ལྟར་དེར་ཕེབས་ནས་མདོ་སྔགས་སྤྱི་དང་ལྷག་པར་རྗེ་ཙོང་ཁ་པ་ཆེན་པོའི་བཞེད་སྲོལ་གཙང་མ་རྩལ་དུ་བཏོན་ནས་འཆད་ཉན་མཛད་པས་འཕྲིན་ལས་རྒྱ་ཆེར་འཕེལ། དེ་ལ་བརྟེན་ནས་ཕྱོགས་ཀྱི་ཚོང་འགྲིམས་པ་དང་ཡུལ་གྱི་འབྱོར་ལྡན་མང་པོས་མཐུན་རྐྱེན་ཕུན་སུམ་ཚོགས་པ་སྦྱོར་ནས་གདན་ས་དེར་རྒྱལ་བ་མ་ཕམ་པའི་སྐུ་ཐོགས་བརྩེགས་མ་དང༌། འཕགས་པ་གནས་བརྟན་བཅུ་དྲུག་གི་གོས་སྐུ། ཡི་དམ་མགོན་པོ། རང་བྱུང་རྒྱལ་མོའི་སྐུ་འདྲ། མགོན་ཁང་གསར་མ་བཅས་གསར་བཞེངས་དང༌། རིགས་གྲྭ་ལྔ་མཆོད་དང༌། བྱམས་སྨོན་གསར་འཛུགས་ཀྱང་གནང༌། གནས་དེར་འཕྲིན་ལས་ཤིན་ཏུ་རྒྱས་པ་བྱུང་བས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་སྤྲུལ་པ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་གདན་ས་རྭ་སྒྲེང་ནས་གདན་འདྲེན་པ་བྱུང་བས་བསྟན་པ་ཁོ་ནའི་དོན་དུ་གནས་མཆོག་ཁྱོད་པར་ཅན་དེར་ཕེབས་ཏེ་སྤྱི་བླ་མཛད། བཀའ་གདམས་ཕ་ཆོས་བུ་ཆོས་དང༌། གྲོ་ལུང་པའི་བསྟན་རིམ། རྗེའི་ལམ་རིམ་ཆེ་ཆུང་སོགས་ཀྱི་བཀའ་ཆོས་རྒྱ་ཆེར་གསུངས། འདིའི་སྐུ་བསོད་ལ་བརྟེན་ནས་ཕྱོགས་ཀྱི་འབྱོར་ལྡན་མང་པོས་མཐུན་རྐྱེན་འབད་མེད་དུ་འཇོ་བ་ལ་བརྟེན་ནས་ཞིག་གསོ་དང༌། གཉི་གཉིར་ཉི་ཤུ་རྩ་བཞི་བཞེངས། དགེན་འདུན་གྱི་འདུལ་ཁྲིམས་ལ་དག་ཐེར་ནན་པོར་མཛད། ཆོས་སྡེ་གཙང་དགོན་ལ་བསྒྱུར་བ་སོགས་བསྟན་པའི་བྱ་བ་ཆེན་པོ་མཛད། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་གདན་ཞུས་པ་ལྟར་བྱང་རྩེར་ཕེབས་ཏེ་སྔར་བཞིན་འགྲོ་དོན་རྒྱ་ཆེར་སྐྱོང༌།

དགེ་ལྡན་པའི་གནས་བརྟན་བགྲོས་གྲས་ཡོངས་ཀྱི་ཆེ་མགོར་བཀུར་ཞིང་འཕྲིན་ལས་བཟང་པོས་ཕྱོགས་རྣམས་ཀུན་ཏུ་ཁྱབ་པ་དང༌། དགེ་ལྡན་སྟོན་པའི་ཆེ་མགོ་ཀུན་གྲོས་མཐུན་པར། དགུང་ལོ་རེ་བདུན་པ་རབ་བྱུང་བཅུ་པའི་ས་གླང་ ༡༥༨༩ ལོར་ལ་དགའ་ལྡན་གྱི་ཁྲིར་འཁོད། ལྷ་ས་སྨོན་ལམ་གྱི་གྲལ་དབུ་མཛད། བཤད་སྒྲུབ་ལས་གསུམ་གྱིས་རྒྱལ་བ་གཉིས་པའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་དེ། དགུང་ལོ་དོན་བཞི་པ་མེ་སྤྲེལ་ ༡༥༩༦ ལོ་ཟུར་དུ་བཞུགས། དོན་བདུན་པ་ས་ཕག་ ༡༥༩༩ ལོ་ཟླ་བ་དགུ་པའི་ཚེས་བཅུ་གཅིག་ལ་ཞི་བར་གཤེགས་པའི་དུས་མཆོད་ཀྱང་བཟང་བར་ཡོད་དོ། །

དགའ་ལྡན་ཁྲི་ཐོག་ཉེར་བདུན་པ་མལ་གྲོ་སངས་རྒྱས་རིན་ཆེན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཉེར་བདུན་པ་མལ་གྲོ་སངས་རྒྱས་རིན་ཆེན་ནི། རབ་བྱུང་དགུ་པའི་ལྕགས་བྱི་ ༡༥༤༠ ལོ་མལ་གྲོ་ལྷ་ལུང་གི་འབྲོག་རིགས་ཤིག་ཏུ་དམ་པའི་ངང་ཚུལ་ཅན་གྱི་ཡབ་ཡུམ་གྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། དགུང་ལོ་བཅུ་གསུམ་པ་ལ་རིན་ཆེན་གླིང་པའི་སློབ་དཔོན་པ་འདུལ་འཛིན་ཆེན་པོ་ཆོས་བཟང་ཉི་མའི་དྲུང་ནས་རབ་ཏུ་བྱུང༌། ཆོས་རྗེ་འདི་ཉིད་གསང་ཕུ་ཉང་རོང་པ་དང་ཤར་རྩེ་གཉིས་བསྒྲིལ་ནས་རིང་པོར་མ་ལོན་པའི་སྐབས་ཀྱི་གྲྭ་རྒྱུན་ཡིན་ཞིང༌། གྲྭ་ཚང་གཉིས་བསྒྲིལ་དུས་ཀྱི་ཐོག་མའི་སློབ་དཔོན་རྗེ་རིན་ཆེན་གླིང་པ་བློ་བཟང་བསྟན་འཕེལ་གྱི་སློབ་མ་དང༌། དབོན་བརྒྱུད་དུ་གཏོགས་པ་ཞིག་ཡིན་ནམ་སྙམ་ཞེས་དགའ་ཤར་ཆོས་འབྱུང་འཇམ་པ་སྙིང་པོའི་དགོངས་རྒྱན་དུ་གསུངས། ཤར་རྩེ་ནོར་བུ་གླིང་གྲྭ་ཚང་དུ་སློབ་དཔོན་རྗེ་རིན་ཆེན་གླིང་པ་བློ་བཟང་བསྟན་འཕེལ་ལ་བསྟེན་ནས་གཞུང་ལུགས་རབ་འབྱམས་ལ་སྦྱངས་པས་མཁས་པར་གྱུར།

དགུང་ལོ་སོ་གསུམ་པ་ཆུ་སྤྲེལ ༡༥༧༢ ལོ་ཁྲི་ཆེན་ཚེ་བརྟན་རྒྱ་མཚོ་དང༌། ཆོས་རྗེ་བྱམས་པ་རྒྱ་མཚོ་གཉིས་ཀྱིས་མཁན་སློབ་མཛད་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། སེར་སྨད་ཐོས་བསམ་ནོར་བུའི་གླིང་གི་འཆད་ཉན་སློབ་དཔོན་དང་ཤར་པའི་མཁན་ས་སྦྲེལ་ཏེ་ལོ་ཤས་བསྐྱངས་ནས། དགུང་ལོ་ང་བདུན་པ་རབ་བྱུང་བཅུ་པའི་མེ་སྤྲེལ ༡༥༩༦ ལོར་གསེར་ཁྲི་རིན་པོ་ཆེར་ཕེབས། འཆད་ཉན་འཕེལ་ཞིང༌། ཡངས་པ་ཅན་གྱི་ཞིག་གསོ་ལྡེབས་བྲིས་སོགས་བཞེངས། ལྕགས་གླང་ ༡༦༠༦ ཟླ་བ་དང་པོའི་རྒྱལ་བའི་དབང་པོ་ཡོན་ཏན་རྒྱ་མཚོ་སོག་ཡུལ་ནས་བོད་དུ་གདན་དྲངས་ནས་རྭ་སྒྲེང་དུ་ཕེབས་འབྱོར་བྱུང་བ་དང༌། ཁྲི་ཆེན་འདི་ཉིད་ཀྱིས་སྣེ་ཁྲིད་དེ་གདན་སའི་སློབ་དཔོན་ལས་སྣེ་དང༌། དགའ་ལྡན་ཕོ་བྲང་པའི་མི་སྣ། ས་སྐྱོང་དགའ་ལྡན་པ་མི་དབང་གཡུལ་རྒྱལ་ནོར་བུ་སོགས་ཕེབས་གསུར་བཅར་ནས་ཐུགས་སྣང་ཤིན་ཏུ་གཤིན་པར་གནང༌།

རྗེ་འདིས་ཁྲི་བ་མཛད་རིང་ལྷ་ས་སྨོན་ལམ་ཆེན་མོའི་གྲལ་དབུ་སོགས་མཛད་དེ་ལོ་བརྒྱད་ཀྱི་བར་ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ནས་བསྐྱངས། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་སོགས་དགེ་འདུན་སྟོང་ཕྲག་མང་པོ་ལ་བྱང་ཆུབ་ལམ་རིམ་ཆེན་ཆུང་གི་བཀའ་འཁྲིད་དང༌། མི་བསྐྱོད་དང༌། དུས་ཀྱི་འཁོར་ལོ། ཀུན་རིག་སོགས་ཀྱི་རྗེས་གནང་དང༌། རྗེ་ཡབ་སྲས་ཀྱི་གསུང་འབུམ་སོགས་གསུང་རབ་མང་པོའི་བཀའ་ལུང་རྒྱ་ཆེར་གནང་བས་མཚོན། སྔ་ཕྱིར་དགེ་འདུན་གྱི་སྡེ་དུ་མར་མདོ་སྔགས་ཀྱི་ཆོས་བཀའ་ཤིན་ཏུ་མང་པོ་གནང་པ་སོགས། བསྟན་འགྲོར་སྨན་པའི་མཛད་རླབས་ཤིན་ཏུ་ཆེ་བའི་དབང་གིས་གཞན་འབྱོར་ཕུན་ཚོགས་ལ་མི་བཟོད་པར་ལྷ་རྩེ་དཔོན་མོར་གྲགས་པས་དགེ་ལུགས་ཕྱོགས་ལ་ངན་རྩོམ་མང་དུ་བྱས་པའི་རྫུན་གཏམ་གཏེར་ཆོས་སུ་གྲགས་པ་ཞིག་ཏུ། རྗེ་བླ་མའི་ཁྲི་ལ་བུད་ངྷའི་མིང་ཅན་བྱུང་ན་མི་ལེགས་ཚུལ་མང་པོ་ཡོང་ཚུལ་གྱི་སྐུར་འདེབས་ཞུས།

དེ་ལ་ཐམས་ཅད་མཁྱེན་པ་གོང་ས་ལྔ་པ་ཆེན་པོ་མཆོད་ཡོན་གྱིས་ལུང་རིགས་ཀྱིས་བཀག་པར་མཛད་འདུག་སྟེ། གོང་ས་ལྔ་པས་མཛད་པས་རྒྱལ་མཆོག་ཡོན་ཏན་རྒྱ་མཚོའི་རྣམ་ཐར་ལས། རྗེ་ཞལ་སྔ་ནས་སངས་རྒྱས་རིན་ཅེན་དེ་ལ། དྲུང་འཚོབ་འདན་བ་སོགས་མང་པོས་བདུད་ཀྱི་སྤྲུལ་པ་ཡིན་ཞེས་སྒྲོ་བཏགས་ཤིང༌། ལྷ་རྩེ་དཔོན་མོས་གཏེར་ནས་བཏོན་པའི་ལུགས་སུ་བྱེད་པའི་རྫུན་གཏམ་གྱི་གླེགས་བམ་ཞིག་འདུག་པ་དེའི་ནང་ན། རྗེ་བླ་མའི་ཁྲི་ལ་བུདྡྷའི་མིང་ཅན་ཞིག་བྱུང་བ་ན། བསྟན་པ་ལ་འཕེལ་འགྲིབ་ཡོང་ཞིང༌། དེ་བདུད་ཀྱི་སྤྲུལ་པ་ཡིན་པའི་ཕྱོགས་མང་པོ་ཞིག་འདུག་པ་ལ། མཁས་པ་དང༌། བཙུན་པ་དང༌། གྲུབ་པ་དང༌། །བཟང་བ་དང༌། རྟག་ཚུགས་ཟིན་པ་དང༌། གཞན་ལ་འགྲམ་ཆུ་མི་ལྡང་བ་དང༌། སྒམ་སྡིག་མོར་བྱེད་པ་མང་པོ་ཞིག་མགོ་འཁོར་ཏེ་བདེན་པར་བཟུང་ནས་སངས་རིན་པ་ལ་སྨོད་ནའང༌། ཁོངསྐུ་ཚེ་དེ་ལ་མདོ་སྔགས་ལ་སྦྱངས་པའི་དགེ་བཤེས་ཤིག་ཡིན་པ་ལས་སྦས་པའི་དམ་པའི་རིགས་དང་བདུད་ཀྱི་རིགས་གཉིས་ཀ་མིན་པ་འདྲ་སྟེ། བདུད་ཀྱི་རིགས་ཀྱི་རྟགས་ཡོད་སྐད་མ་ཐོས་ཤིང༌། ལ་ལ་ལྷ་ཟུར་ཕུད་ལྔ་པའི་སྐྱེ་བ་ཡིན་པ་འདྲ་ཟེར་བའི་ཕལ་གཏམ་རྒྱུ་མཚན་དུ་བྱས་ནས་བདུད་ཡིན་ཟེར་ནའང༌། ལྷ་ཟུར་ཕུད་ལྔ་པ་ཡིན་པའི་ངེས་པ་ཅི་ཡོད། གལ་ཏེ་ཡིན་དུ་སྲིད་ཀྱང༌། ལྷ་དང་བདུད་གཉིས་མི་གཅིག་པས། རྒྱུ་མཚན་དེ་འདྲ་རང་གི་ནང་ཆ་སྟོན་པ་ཙམ་དུ་ཟད་ལ། ལྷ་ཟུར་ཕུད་ལྔ་པ་ལ་ཡང་དྲང་དོན་ངེས་དོན་གྱི་དགོངས་པ་ལེན་ཤེས་དགོས་པས། གཟུགས་མེད་ལ་གཟུགས་མ་འཆོས་པར་བཏང་སྙོམས་སུ་འཇོག་པ་འདོད། ཞེས་དང༌།

དུ་ཀཱུ་ལའི་གོས་བཟང་ལས་ཀྱང་འདི་ཉིད་ལྷ་བདུད་གང་ཡང་མིན་པར་མི་ཚེ་མདོ་སྔགས་ལ་འཆད་ཉན་གནང་བའི་དགེ་བཤེས་ཚད་ལྡན་ཞིག་ཏུ་ངོས་འཛིན་གནང་འདུག ཀུན་མཁྱེན་འཇམ་དབྱངས་བཞེད་པའི་འཇིགས་བྱེད་ཆོས་འབྱུང་དུ། རྗེ་བླ་མའི་གདན་སར་བདུད་ཀྱི་རིགས་ཤིག་དམ་ཅན་ཆོས་རྒྱལ་གྱིས་མི་གཞག་པར་གསུངས་པ་ནི་ཚད་མའི་སྐྱེས་བུའི་ལེགས་བཤད་ཉིད་དུ་སེམས་སོ། སྤྱིར་ན་བསྟན་འགྲོར་ཕན་པའི་མཛད་རླབས་ཧ་ཅང་ཆེས་པ་ན་དེ་དང་དེ་འདྲ་བའི་སྐུར་ཞུས་འབྱུང་བ་ནི་རྟེན་འབྲེལ་གྱི་ཆོས་ཉིད་ལྟ་བུ་སྟེ། རྗེ་ཐམས་ཅད་མཁྱེན་པ་ནས་བཟུང་སྟེ་སྐྱེས་ཆེན་དམ་པ་མང་པོར་ལུང་བསྟན་རྫུན་མ་རེ་བཟོས་ནས་སྐུར་ཞུས་ཚད་མེད་བྱས་པའི་ཚུལ་ཤིན་ཏུ་མང་བས་སོ།། སླར་བུདྡྷའི་མིང་ཅན་དེ་ཉིད་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཡིན་ཚུལ་མ་གཅིག་སོགས་ལ་ཁ་གཡར་ནས་ཕྱོགས་གང་སར་བསྒྲགས་འདུག་སྟེ། སྡེ་སྲིད་འདིའི་སྐུ་ཚེ་སྨད་ཀྱི་མཛད་སྤྱོད་ལ་བལྟས་ན་ལུང་བསྟན་དེར་བདེན་ཁ་སྟེར་པ་འདྲའང་སྣང་སྟེ་འཕྲོས་གླེང་ཙམ་མོ། །

དགུང་ལོ་རེ་བཞི་པ་ཆུ་ཡོས་ ༡༦༠༣ ལོར་ཁྲི་ཟུར་ནས་ཐང་སྐྱ་དང༌། ཕག་མོ་ཆོས་སྡེ། རིན་ཆེན་གླིང་སོགས་བསྐྱངས་ཤིང༌། ལོ་དེར་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བདེ་ཆེན་ཆོས་ཀྱི་རྒྱལ་པོའམ་ཡོན་ཏན་རྒྱ་མཚོར་མདོ་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པ་གནང་ཞིང༌། རབ་ཏུ་བྱུང་བའི་མཁན་པོ་མཛད་པ་སོགས་འཕྲིན་ལས་ཀྱི་རླབས་ཤིན་ཏུ་ཆེ། དེ་ལྟར་རྗེ་འདིས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་ཟིན་ནས་དགུང་ལོ་དོན་གསུམ་པ་ཆུ་བྱི་ ༡༦༡༢ ལོར་དག་ཞིང་དུ་གཤེགས་པའི་སྐུ་གདུང་ཞུགས་འབུལ་སྐབས། སྐུ་སྟོད་ཀྱི་ཆ་ཆེར་མ་ཚིགས་པར་འཕྲལ་དུ་ལྟར་སྣང་ལེགས་རྒྱུ་མེད་པ་ཞིག་བྱུང་བ་རྒྱལ་དབང་བཞི་པ་མཆོག་གི་མདུན་སྤྱན་འབེབས་ལ་ཁྱེར་ཡོང་བ། རྒྱལ་དབང་མཆོག་གི་ཕྱག་ཟུང་གིས་བཞེས་ཤིང་དབུ་ཐོག་ཡུན་རིང་པོའི་བར་དུ་བཞག་ནས་སྨོན་ལམ་གནང༌། གདུང་རྟེན་དངུལ་གྱི་བྱང་ཆུབ་མཆོད་རྟེན་ཐོག་ཚད་མ་རྒྱ་གུར་གྱི་ཕྱིའི་གཡས་ཟུར་དུ་བཞུགས་ཤིང༌། དུས་མཆོད་ཀྱང་དབོན་བརྒྱུད་རྣམས་ཀྱིས་རྒྱུན་རིང་པོའི་བར་དུ་འཛིན་པར་བྱུང༌། གསུང་ལས་སྐྱེས་པའི་སློབ་མ་ཡང་རྒྱལ་མཆོག་ཡོན་ཏན་རྒྱ་མཚོ་དང༌། དགའ་ལྡན་ཁྲི་ཐོག་སོ་ལྔ་པ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌། རྗེ་དེའི་སྤྲུལ་སྐུ་ཆ་གསུམ་ཞེས་པའི་ཡུལ་དུ་འཁྲུངས། གཞོན་ནུའི་དུས་ནས་བསྟན་པ་རིན་པོ་ཆེའིསྒོར་ཞུགས། མཚན་རིན་ཆེན་རྒྱ་མཚོའམ་སངས་རྒྱས་རྒྱ་མཚོར་གྲགས། རྩེ་རྣམ་རྒྱལ་གྲྭ་ཚང་གི་སློབ་དགོན་ཡང་གནང་པས་སློབ་དཔོན་ཤར་ཁང་པ་ཞེས་ཀྱང་ཞུ། འདིས་དེ་མོ་སྤྲུལ་སྐུ་སོགས་ལ་བསྙེན་རྫོགས་ཀྱི་གསང་སྟོན་གནང་ཚུལ་དུ་ཀུ་ལའི་གོས་བཟང་དུ་གསལ།

དགའ་ལྡན་ཁྲི་ཐོག་ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན་ནི། རབ་བྱུང་དགུ་པའི་ཆུ་འབྲུག་ ༡༥༣༢ ལོར་ལྷ་སའི་ལུམ་པ་ཤག་ཏུ་སྐུ་འཁྲུངས། དགུང་གྲངས་བཅུ་གཅིག་པ་ལ་སྐུ་མཆེད་གསུམ་ཀ་སེ་རའི་ཁྲི་པ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང༌། སེར་བྱེས་མཁན་པོ་ཤེས་རབ་སེང་གེ་ལས་རབ་ཏུ་བྱུང༌། བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་ནས། དབུ་ཕར། འདུལ་མཛོད་སོགས་དཀའ་ཆེན་རྣམས་ལ་རྩོད་སྒྲུབ་རིགས་པའི་ལམ་ནས་གསན་སྦྱངས་མཛད་པས་མཁས་པར་གྱུར། མངའ་རིས་པ་ལྷ་བཙུན་བསོད་ནམས་དཔལ་བཟང་གིས་ལས་སློབ་མཛད་ནས་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། བཻ་སེར་ལས། རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་མཁན་པོ་མཛད་པ་གསུངས་པ་ནི་མ་དག་སྟེ། དེ་དུས་རྒྱལ་བ་བསོད་ནམས་རྒྱ་མཚོ་དགུང་ལོ་བརྒྱད་ལས་སོན་མེད་པས་སོ། །སེར་བྱེས་མཁས་མང་གྲྭ་ཚང་ནས་མདོ་ཕྱོགས་ཀྱི་སྦྱངས་པ་མཐའ་ཕྱིན་ནས་ལྷ་ལྡན་དུ་གྲྭ་སྐོར་དམ་བཅའ་གྲུབ་རྗེས། རྒྱུད་སྨད་དུ་བྱོན་རྒྱུད་ཆེན་བཀྲ་ཤིས་བཟང་པོ་དང༌། ཆོས་རྗེ་བྱམས་པ་རྒྱ་མཚོ་སོགས་བསྟེན་ནས་སྔགས་ཕྱོགས་ཀྱི་གཞུང་ཆེན་རྣམས་ལ་སྦྱངས་པས་ཆུ་བོ་གཱངྒ་ཚུན་ཆད་ལ་མཁས་སྙན་གྱིས་ཁྱབ། ལུང་དང་རིགས་པའི་དབང་ཕྱུག་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་འདུལ་བ་རང་ལས་མཁས་པའི་སློབ་མ་པཎ་ཆེན་བདེ་ལེགས་ཉི་མའི་དྲུང་ནས་རྗེ་བདག་ཉིད་ཆེན་མོ་ནས་རྩ་བའི་བླ་མའི་བར་ལམ་རིམ་ཆེན་མོའི་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་རྣམས་བུམ་པ་གང་བྱོས་ཚུལ་གྱིས་གསན། དགུང་གྲངས་ཞེ་གསུམ་པ་ཤིང་ཕག་ ༡༥༧༥ ལོར་སྨད་རྒྱུད་ཀྱི་བླ་མ་དང་རིམ་གྱིས་མཁན་པོར་ཕེབས་ནས་དགུང་ལོ་ང་བདུན་གྱི་བར་དུ་འཆད་ཉན་ཤིན་ཏུ་དར་རྒྱས་མཛད། གྲྭ་ཚང་གི་འཆད་ཉན་རིམ་ལྔ་དམར་ཁྲིད་དང་རྩི་བཞག་ཀྱང་རྗེ་འདིས་ཡི་གེར་བཀོད། དགའ་ལྡན་ཁྲི་ཐོག་ཉེར་དགུ་པ་ཆོས་རྗེ་བཤེས་གཉེན་གྲགས་པ་སོགས་སྔ་ཕྱི་བསྒྲུབ་བྱ་ཤིན་ཏུ་མང་པོ་ལ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང༌།

དགུང་ལོ་ང་བརྒྱད་པ་ས་གླང་ ༡༥༨༩ ལོ་ལ་བྱང་རྩེར་ཕེབས། བདུན་ཅུ་པ་ལྕགས་གླང་ ༡༦༠༡ ལོར་རྒྱལ་མཆོག་ཏན་རྒྱ་མཚོ་སོག་ཡུལ་ནས་བོད་དུ་ཕེབས་པའི་ལམ་ནས་ཕན་ཡུལ་དུ་འབྱོར་པ་ན། ཁྲི་ཆེན་འདི་ཉིད་ཕེབས་གསུར་བཅར་ཏེ་སྐུ་ཕྱག་མཛད་པ་སོགས་བཀུར་བཟོས་ཤིན་ཏུ་ཆེ་བ་མཛད། དེབ་ཐེར་ནོར་བུའི་ཕྲེང་བ། ༢༠༡ རྒྱལ་དབང་མཆོག་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་ནས་མདོ་སྔགས་ཀྱི་ཆོས་བཀའ་གསན་རྒྱུའི་མཚམས་སྦྱོར་གནང༌། སྲིད་དོན་རྒྱལ་རབས་སྟོད་ཆ་༣༨༦། དོན་གཉིས་པ་ཆུ་ཡོས་ ༡༦༠༣ ལོར་ལྷ་དང་བཅས་པའི་འཇིག་རྟེན་གྱི་གཙུག་རྒྱན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གསེར་ཁྲིར་ཕེབས། འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་སོག་ཡུལ་ནས་དབུས་སུ་ཕེབས་རྗེས་རབ་བྱུང་གི་མཁན་པོ་མཛད་ཅིང༌། གཞན་ཡང་མདོ་སྔགས་ཀྱི་ཆོས་ཚུལ་ཤིན་ཏུ་མང་པོ་ཕུལ། སྟག་ཕུའི་ཡོངས་འཛིན་ལྷོ་སྤྲུལ་རིན་པོ་ཆེ་ངག་དབང་མཁྱེན་རབ་བསྟན་པའི་དབང་ཕྱུག་དཔལ་བཟང་པས་མཛད་པའི་ལམ་རིམ་མཆན་བཞི་སྦྲགས་ཀྱི་བླ་བརྒྱུད་གསོལ་འདེབས་ལས། ལུང་རྟོགས་ཆོས་ཀྱི་རྒྱལ་མཚན་འཛིན་པའི་རྗེ། ། གནས་ལྔ་པཎ་ཆེན་བདེ་ལེགས་ཉི་མ་དང༌། ། མང་ཐོས་མཛོད་འཛིན་དགེ་འདུན་རྒྱལ་མཚན་ཞབས། ། འདྲེན་མཆོག་དམ་པ་གསུམ་ལ་གསོལ་བ་འདེབས། ། ཞེས་འབྱུང་བ་ལྟར།

དགའ་ལྡན་ཁྲི་ཐོག་སུམ་ཅུ་པ་བྲག་ལུག་བྲག་པ་བློ་གྲོས་རྒྱ་མཚོ་སོགས་དགེ་ལྡན་བསྟན་པའི་སྐྱེས་ཆེན་དུ་མར་བ་སོའི་མཆན་གྱི་ཐོག་ནས་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཆོས་རྒྱ་ཆེར་གནང༌། དེས་མཚོན་པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། སྟོང་འཁོར་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོ་སོགས་དགེ་ལྡན་པའི་གྲལ་མགོར་དབང་བའི་སྐྱེས་ཆེན་དུ་མས་ཆོས་བཀའ་མང་པོ་གསན་པས་བླ་མར་བཀུར།

རྗེ་འདིས་དིང་སང་བཀྲ་ཤིས་ལྷུན་པོའི་པཎ་ཆེན་ཁྲི་ལས་ཐོག་པ་འདི་ངེད་རང་གི་སློབ་མ་ཡིན་པས། རྒྱུས་ཡོད་ཀྱི་ཞུ་བ་ལ་དབང་ལུང་གི་གསན་རྒྱ་ཡང་ཆེ་རབ་ཡོད་པ་དང༌། སྐུ་ན་གཞོན་པས་བཀའ་ཆོས་འབུལ་བར་ལྕོགས་པ་ཡང་བཟང་བ་ཡོད་པས། ཁོང་གིས་བཀའ་ཆོས་འབུལ་མཁན་གནང་ན་ཇི་ལྟར་ཡོང་ཞེས་སློབ་སྟོན་མཛད་དེ་པཎ་ཆེན་བློ་བཟང་ཆོས་རྒྱན་ཉིད་རྒྱལ་བ་བཞི་པ་ཡོན་ཏན་རྒྱ་མཚོའི་དབུ་བླར་བཀུར་བའི་མཚམས་སྦྱོར་གནང༌། ལ་མོའི་ས་ཁོངས་ནས་དགའ་ལྡན་དུ་དབྱར་ཞལ་བཞེས་པ་རྣམས་ལ་ལོ་རེ་བཞིན་མང་ཇ་ཆག་མེད་དུ་གཏོང་རྒྱུའི་ཐེབས་རྩ་ས་ཆ་སྦྱར། དགོང་ལོ་དོན་གཉིས་པ་རབ་བྱུང་བཅུ་གཅིག་པའི་ས་ཡོས་༡༦༠༣ལོར་གུང་རི་སྐྱིད་ཤོད་ཞབས་དྲུང་སྐུ་ཕྲེང་དང་པོ་སྐྱིད་ཤོད་སྡེ་བ་ཆོས་རྗེ་ལ་རབ་བྱུང་དངང་དགེ་ཚུལ་གྱི་སྡོམ་པ་མནོས་པའི་མཚན་ལ་བསྟན་འཛིན་བློ་བཟང་རྒྱ་མཚོ་གནང་བས་མཚོན་སྔ་ཕྱིར་བསྒྲུབ་བྱ་ཤིན་ཏུ་མང་པོ་ལ་དགེ་ཚུལ་སློང་གི་བསླབ་སྡོམ་གནང༌། དགུང་ལོ་དོན་དྲུག་པ་རབ་བྱུང་བཅུ་པའི་མེ་ལུག་ ༡༦༠༧ ལོར་ཟུར་བཞུགས་མཛད། ཆོས་རྗེ་བཤེས་གཉེན་གྲགས་པ་དང་སྡེ་པ་སྐྱིད་ཤོད་པ་གཉིས་རྩོད་གླེང་ལ་བར་ཆིངས་གནང་བ་སོགས་ལུགས་གཉིས་ཀར་གཟིགས་པ་ཤིན་ཏུ་ཡངས། ལོ་དེར་མྱ་ངན་ལས་འདས། སྐུ་གདུང་རིང་བསྲེལ་གྱི་ཕུང་པོར་གྱུར་པ་ལ་དངུལ་གདུང་བཞེངས་པ་དགའ་ལྡན་དུ་བཞུགས། གསུང་གི་བདུད་རྩི་མྱོང་པའི་བུ་སློབ་ཀྱང་བདེ་ཆེན་ཆོས་ཀྱི་རྒྱལ་པོ་མཐུ་སྟོབས་དབང་ཕྱུག་ཡོན་ཏན་རྒྱ་མཚོ་དང༌། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན། སྟོང་འཁོར་སྤྲུལ་སྐུ་དང༌། རྒྱུད་ཆེན་རྣམ་རྒྱལ་དཔལ་བཟང༌། གཞུ་ཁང་པ་དགེ་ལེགས་ལྷུན་གྲུབ་དང༌། རྗེ་ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ། མཁས་པ་ཀུན་གྱི་ཡང་རྩེ་རྗེ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་ལ་སོགས་པ་དགེ་བའི་བཤེས་གཉེན་མདོ་སྔགས་ཀྱི་བསྟན་པའི་བདག་པོ་མང་པོ་བྱུང༌།

དགའ་ལྡན་ཁྲི་ཐོག་ཉེར་དགུ་པ་ཆོས་རྗེ་བཤེས་གཉེན་གྲགས་པ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཉེར་དགུ་པ་ཆོས་རྗེ་བཤེས་གཉེན་གྲགས་པ་ནི། རབ་བྱུང་དགུ་པའི་མེ་རྟ་ ༡༥༤༦ ལོར་མདོ་སྨད་ཅོ་ནེའི་ས་ཟུང་ཇུར་འཁྲུངས། ལནྫ་སོགས་ཡིག་རིགས་ལ་མཁས། དབུས་སུ་བྱོན་ནས་མདོ་སྔགས་ལ་སྦྱངས་པས་མཁས་པའི་ཕུལ་དུ་བྱུང༌། རྡོ་རྗེ་འཆང་དགེ་འདུན་རྒྱལ་མཚན་གྱི་དྲུང་ནས་རབ་ཏུ་བྱུང་བའི་མཚན་ལ་བསོད་ནམས་དོན་གྲུབ་ཏུ་གསོལ། གསང་ཕུ་སྤེ་སེར་དང༌། རྒྱུད་སྟོད། ཤར་རྩེ་བཅས་ཀྱི་བླ་མ་མཛད་དེ་ཆོས་སྡེ་དེ་དག་ཏུ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་འཕྲིན་ལས་ཆེས་ཆེར་འཕེལ། སྡེ་པ་སྐྱིད་ཤོད་པ་དགེ་ལྡན་པའི་བསྟན་པའི་སྦྱིན་བདག་ཡིན་བཞིན་དུ་བདུད་ཀྱི་འཕྲུལ་ལྟ་བུས་ཕྲག་དོག་གིས་རྩོད་གཞི་བྱུང་ཡང་དགའ་ལྡན་ཁྲི་ཟུར་རྡོ་རྗེ་འཆང་དགེ་འདུན་རྒྱལ་མཚན་གྱིས་བསྟན་པའི་སྦྱིན་བདག་ལ་དགོངས་ནས་བྱང་ཆུབ་སེམས་དཔའི་མཛད་པས་མཆོད་ཡོན་སླར་ཡང་ལུགས་ལེགས་སུ་གྱུར། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་པའི་མེ་ལུག་ ༡༦༠༧ ལོར་དགའ་ལྡན་ཁྲིར་ཕེབས་ཏེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དགེ་ལྡན་བསྟན་པའི་རྒྱལ་མཚན་བླ་ན་བཏེགས། ལི་མ་ལྷ་ཁང་གསར་པ་བཞེངས། དགུང་ལོ་རེ་དྲུག་པ་ཆུ་བྱི་ ༡༦༡༢ ལོར་གཙང་པ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྱིས་གཙང་དམག་སྟོས་ཆེན་དབུས་སུ་ཕབ་སྟེ་འཕན་པོ་དང༌། གཞིས་ཀ་སྣེའུ་སོགས་དང་གཡུལ་འཐབ། དགུང་ལོ་རེ་བདུན་པ་ཆུ་གླང་ ༡༦༡༣ ལོར་སླར་ཡང་སྡེ་སྲིད་གཙང་པས་གཙང་དམག་དབུས་སུ་ཕབ་སྟེ་གཞིས་ཀ་སྣེལ་གདོང་སོགས་བཅོམ་ནས་དབུས་གཙང་གཉིས་ཀར་ལུང་རྒྱུགས། ཆོས་ལུགས་རིས་མེད་བསྐྱངས་པ་སོགས་སྡེ་བཞིའི་སྲིད་ཀྱི་བྱ་བཞག་རླབས་ཆེན་བསྐྲུན། ལོ་དེར་པཎ་ཆེན་བློ་བཟང་ཆོས་རྒྱན་གཙང་ནས་ལྷ་སར་སྨོན་ལམ་ཆེན་མོའི་ཚོགས་དབུར་གདན་དྲངས་ཏེ། དེ་ནས་བཟུང་ལོ་དྲུག་གི་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་གནང་སེར་འབྲས་ཀྱི་དགེ་བཤེས་བཟངགྲས་རྣམས་ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་དམ་བཅའ་བཞག་སྟེ་ཨང་རིམ་སྒྲིག་པའི་སྲོལ་ཐོག་མར་བཙུགས། བསྡུས་མིང་ལ་དགེ་བཤེས་ལྷ་རམས་པ་ཞེས་པའི་མིང་ཡང་འདི་ནས་བྱུང་བ་ཡིན། དབུས་གཙང་གི་སྡེ་གཟར་ཤིན་ཏུ་གཉན་པའི་གསེབ་ཏུ་མི་ལོ་བརྒྱད་ཀྱི་རིང་དགེ་ལྡན་གསེར་ཁྲི་བསྐྱངས་ནས་རབ་བྱུང་བཅུ་པའི་ཤིང་ཡོས་ ༡༦༡༥ ལོར་ཟུར་དུ་བཞུགས། དགུང་ལོ་དོན་གསུམ་པ་ས་རྟ་ ༡༦༡༨ ལོར་ཞི་བར་གཤེགས་པའི་གདུང་རྟེན་དུ་དངུལ་གྱི་བྱང་ཆུབ་མཆོད་རྟེན་ལི་མ་ལྷ་ཁང་གི་གཙོ་བའི་གཡོན་གསུམ་པར་བཞུགས་ཤིང་དུས་མཆོད་ཀྱང་ལེགས་པར་ཚུགས་སོ། ། འདིའི་མཚན་ལ་ཆོས་གཉེར་གྲགས་པ་ཞེས་པའང་གསལ།

དགའ་ལྡན་ཁྲི་ཐོག་སུམ་ཅུ་པ་ཆོས་རྗེ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་སུམ་ཅུ་པ་ཆོས་རྗེ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་ནི། རབ་བྱུང་དགུ་པའི་མེ་ཕོ་རྟ་ ༡༥༤༦ ལོར་སྟོད་ལུང་གི་སའི་ཆ་སྟག་ལུང་བྲག་ཏུ་འཁྲུངས། སྐུ་ན་ཆུང་དུས་ནས་སྐྱོར་མོ་ལུང་དུ་རབ་ཏུ་བྱུང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་རྣམ་འཕྲུལ་དུ་གྲགས། དགའ་ལྡན་ཁྲི་ཆེན་ཉེར་བརྒྱད་པ་དགེ་འདུན་རྒྱལ་མཚན་དང་སྒོ་མང་གྲྭ་ཚང་དུ་གུང་རུའི་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་རྩ་བའི་ཡོངས་འཛིན་དུ་བསྟེན་ནས་མདོ་རྒྱུད་ལ་སྦྱངས་པས་མཁས་པར་གྱུར། སྟག་ཚང་རྭ་བ་སྟོད་དུ་ཚད་མ་ལ་སྦྱངས། དགའ་ལྡན་ཁྲི་ཐོག་ཉེར་གཅིག་པ་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་ལས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ཞུས།

དགའ་ལྡན་ཁྲི་ཐོག་སོ་བདུན་པ་དགེ་འདུན་རྒྱལ་མཚན་གྱི་དྲུང་ནས་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་རྒྱ་ཆེར་ཞུས་པར་མ་ཟད། སྟོན་པ་ཐུགས་རྗེ་ཅན་ནས་རྗེ་ཙོང་ཁ་པའི་བར་དང༌། དེ་ནས་རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན་ནས་ཉེ་བར་བཟུང་མཁས་པའི་མཆོག་གྱུར་ཤཱཀྱ་རྒྱལ་མཚན། སེ་ར་ཡོངས་འཛིན་གྲུབ་དབང་དམ་པ་དོན་ཡོད་དཔལ་ལྡན། ལུང་དང་རིགས་པའི་དབང་ཕྱུག་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་བདེ་ལེགས་ཉི་མ། ཁྲི་ཆེན་དགེ་འདུན་རྒྱལ་མཚན་བར་དུ་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་རྣམས་བུམ་པ་གང་བྱོས་ཚུལ་གྱིས་གསན། སྨྲ་བརྗོད་ཤིན་ཏུ་གཙང་ཞིང་གོ་རྒྱ་ཆེ་བ་དང༌། རིགས་པའི་ཕུལ་མཚམས་ཤིན་ཏུ་ཟབ་པས་གསང་ཕུ་རྭ་བ་སྟོད་དང༌། རྒྱུད་སྨད་པའི་འཆད་ཉན་པ་མཛད། གཞན་ཡང་སྐྱོར་མོ་ལུང་དང༌། བདེ་ཆེན་གསང་སྔགས་མཁར། དགའ་ལྡན་བྱང་རྩེ་སོགས་ཀྱི་བླ་མར་ཕེབས། དེ་སྔོན་དགའ་ལྡན་དུ་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་ཞལ་བཀོད་ལྟར། པཎ་ཆེན་པ། སྣོན་པ། ཡར་འབྲོག་པ། གྲགས་པ་དཔལ་པ་བཅས་མཁས་པ་བཞི་མཚན་ཉིད་ཀྱི་འཆད་ཉན་ལ་བསྐོས་པ་རྗེས་སོར་གཉིས་སུ་གྲིལ་ནས་བྱང་རྩེ་ཕྱོགས་ལ་ཉན་པོ་བ་ཆོས་ཀྱི་དབང་ཕྱུག་གིས་འཆད་ཉན་མཛད། དེ་རྗེས་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་བསྐོས་ནས་འཆད་ཉན་མཛད་ཀྱང་བར་སྐབས་སུ་འཆད་ཉན་རྒྱུན་ཆད་པ་ནས་མལ་དྲོ་ཆ་དཀར་འབྲི་གུང་པས་ཞྭ་སྟབས་བསྒྱུར་པ་སོགས་བསྟན་པའི་གད་ཆག་རིམ་པར་བྱུང་བར་ཆོས་རྗེ་རབ་འབྱམས་པ་བློ་གྲོས་རྒྱ་མཚོ་འདི་ཉིད་ཀྱིས་བྱང་རྩེ་གྲྭ་ཚང་དང༌། ཐོས་བསམ་གྲྭ་ཚང༌། ནོར་གླིང་གྲྭ་ཚང་གསུམ་ཆར་གཅིག་ཏུ་བསྒྲིལ་བ་ད་ལྟའི་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་འདི་བཞིན་གསར་དུ་བཙུགས་ནས་འཆད་ཉན་གྱི་རྒྱུན་སྤེལ།

དེ་རྗེས་འབྲོང་རྩེ་རབ་འབྱམས་པ་ཚུལ་ཁྲིམས་ཆོས་འཕེལ་འཆད་ཉན་པར་བསྐོས། སྐྱོར་མོ་ལུང་གི་བཤད་གྲྭ་རྒྱུན་ཆད་པ་ཡང་རྗེ་འདིས་སྔར་རྒྱུན་སོར་ཆུད་པར་མཛད། ཕྱག་མཛོད་རྒྱ་ལེས་ཇུས་བཏིང་ཏེ། སྒོ་མང་ཀུན་མཁྱེན་གུང་རུ་བ་དང༌། ལམ་པ་རབ་འབྱམས་པ་བསོད་ནམས་གྲགས་པ། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང༌། རྒྱལ་དབང་བཞི་པ་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་སྡེ་པ་ཡར་སྐུ་གཙང་གསུམ་གྱི་མིང་བྱང་བཀོད་ནས་མངོན་སྤྱོད་ཀྱི་ལས་སྦྱོར་རྣམ་གྲངས་མང་པོ་གནང་པར། ཞལ་སྔ་ནས་རྗེ་འདི་པ་ཐུགས་མ་རངས་ནས། ཐོག་མར་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་ལ་གོ་རིམ་མ་ལོག་པར་འཁྲིད། དེ་ནས་རྡོ་རྗེ་ཐེག་པའི་མཆོག་ཐུན་གྱི་དངོས་གྲུབ་བསྒྲུབ་པའི་རིམ་པ་རྣམས་མཛད་དགོས་པ་ལ། སྐུ་ཡོན་གཞན་རྣམས་འབུལ་བའི་མགོ་བྱིང་ཙམ་ཡང་མ་དོད་པར། གཤིན་རྗེ་འཁོར་ལོ་སོགས་དྲག་པོའི་ལས་སྦྱོར་ལ་བཙན་ཁྲིད་བྱེད་པ་འདི། དབེན་ས་རྗེ་དྲུང་གི་མཛད་ལུགས་ཐུགས་ལྷིས་མ་མཐིངས་པ་ཡིན་ཞེས་ཀྱང་གསུང་སྐད་ཐོས་ཏེ་ཤིན་ཏུའང་མོད་དོ་སྙམ། དོན་སྐྱོན་འདིའི་རྐྱེན་པས་དབུས་གཙང་གི་སྡེ་གཟར་ཚབས་ཆེན་བྱུང་བའི་མཇུག་འབྲས་དགེ་བསྟན་ཆགས་འཇིག་ལ་གྱར་པའི་གནས་སུ་ལྷུང་ཡང་བྱུང་འདུག་སྟེ། དེབ་ཐེར་ནོར་ཕྲེང་གཉིས་པ་༢༢༤ ནང་གསལ། དུ་ཀུ་ལའི་གོས་བཟང་ལས། གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་གྱིས་པོ་ཏ་ལའི་ཕོ་བྲང་གསར་བཞེས་དགོས་ཚུལ་ཞུས་སྐོར་ལས་འཕྲོས་ནས། སྔར་ཡང་བདེ་གཟར་འབྲེལ་མེད་རེ་བསླངས། མཐའ་མ་ཚེས་པར་བྱང་ལ་བྲོས་པས་བསྟན་པ་ལ་ཉམ་ཆག་བྱུང་བ་ཡིན། ཞེས་གསུངས་འདུག་པས་ཀྱང་དཔོག་ནུས་སོ། །

དགུང་ལོ་བདུན་ཅུ་པ་རབ་བྱུང་བཅུ་པའི་ཤིང་ཡོས་ ༡༦༡༥ ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཡོངས་འཛིན་གུང་རུ་ཆོས་ཀྱི་འབྱུང་གནས་ཀྱི་གསུང་རྒྱུན་ཕལ་ཆེར་ཡི་གེར་བཀོད་པས་དུས་ཕྱིས་འཇམ་བཞད་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་ཡིག་ཆ་གསར་རྩོམ་མ་མཛད་བར་དུ་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཡིག་ཆར་བྱས། ཡིག་ཆ་འདི་དག་ལ་འཇམ་བཞད་གོང་མས་ཀྱང་ཆེས་ཆེར་བསྔགས་པར་མཛད་སྣང་སྟེ། ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱད་སྐབས་བརྒྱད་པར། ཁྱད་པར་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་བླ་མ་གོང་མ་ཀུན་གྱིས་རྣམ་བཤད་གཉིས་ཀ་བསྒྲིགས་ཤིང༌། དེ་བཞིན་དུ་དུས་ཕྱིས་ཀྱི་དགེ་བཤེས་སྟག་ལུང་བྲག་པ་དོམ་འབྲུག་བརྩོན་སོགས་ཀྱང་མཛད་འདུག་པ་བཞིན། ཁོ་བོས་དཀའ་གནད་འདི་དག་གཡས་འཇོག་བྱས་པ་མ་བཟོད་ནས་བྲིས་ཞེས་གསུངས་པས་སོ།།

གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་སོགས་དགེ་ལྡན་པའི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱང་ཆུབ་ལམ་རིམ་ཆེན་མོའི་འཆད་ཉན་རྒྱ་ཆེར་སྤེལ་བར་མ་ཟད། གང་ཞིག་འཆད་པ་དེ་དག་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་ནས་བཟུང་ཞལ་ནས་ཞལ་དུ་རྒྱུད་རྣམས་ཁ་རོག་ངག་དབང་རབ་བརྟན་གྱིས་མཆན་བུར་བཏབ་པ་སྟག་ལུང་གྲགས་པའི་མཆན་བུར་གྲགས་ཏེ། དེ་ཡང་ལམ་རིམ་མཆན་བཞི་སྦྲགས་ཀྱི་ནང་གི་ལམ་རིམ་ཆེན་མོའི་མཆན་བུ་༼བ༽་བརྟགས་ཅན་གང་ཡིན་འཇམ་མགོན་བླ་མ་ཆོས་ཀྱི་རྒྱལ་པོའི་ཁྲི་ཐོག་དྲུག་པ་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་གསུང་མཆན་དང༌། ༼ང༽་རྟགས་ཅན་རྣམས་རྗེ་འཇམ་དབྱངས་སྟག་ལུང་གྲགས་པའི་གསུང་རྒྱུན་ཁྲི་ཐོག་སུམ་ཅུ་སོ་ལྔ་པ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱི་གསུང་བཞིན་སྡེ་དྲུག་མཁན་ཆེན་ཁ་རོག་ཞལ་སྔ་ནས་ངག་དབང་རབ་བརྟན་གྱིས་འདེབས་པར་མཛད་པ་དང༌། མཆན་བུ་༼ཇ༽་རྟགས་ཅན་རྣམས་རྗེ་འཇམ་དབྱངས་བཞད་པས་མཛད་པ་དང༌། ཞི་ལྷག་གཉིས་ཀྱི་མཆན་བུ་ཡིག་རྟགས་མེད་པ་གང་ཡིན་མཁས་གྲུབ་ཆེན་པོ་པྲ་སྟི་དགེ་བའི་བཤེས་གཉེན་རིན་ཆེན་དོན་གྲུབ་ཀྱིས་མཛད་པ་བཅས་གཞུང་གི་དཀའ་གནད་ཐམས་ཅད་ལྷུག་པར་བཀྲོལ་བའི་མཆན་བུ་རྣམས་དང་ལྷན་ཅིག་ཏུ་སྦྱར་བ་ས་གསུམ་གྱི་སྒྲོན་མེ་གཅིག་པུ་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོ་མཆན་བཞི་སྦྲགས་མ་ཅེས་གྲགས་པ་འདི་ཉིད་བྱུང་བ་ཡིན།

བྱང་ཆུབ་ལམ་གྱི་རིམ་པའི་མཆན་བཞི་སྦྲགས་ཀྱི་བླ་བརྒྱུད་ཀྱང༌། རྗེ་འདི་བ་ནས་འཇམ་དབྱངས་བླ་མ་དཀོན་མཆོས་ཆོས་འཕེལ། གོང་ས་ལྔ་པ་ཆེན་པོ། བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། འགྲོ་བའི་འདྲེན་མཆོག་སངས་རྒྱས་ཆོས་འཕེལ། ཞོགས་དོན་ཡོད་མཁས་གྲུབ། ཕུར་ལྕོག་ངག་དབང་བྱམས་པ། མཁན་ཆེན་ཐོགས་མེད་རྒྱ་མཚོ། སྒྲུབ་ཁང་དགེ་ལེགས་བསྟན་པའི་རྒྱལ་མཚན། གྲུབ་པའི་དབང་ཕྱུག་ངག་དབང་ཆོས་འཛིན། ཡོངས་འཛིན་ཆེན་པོ་ཡེ་ཤེས་རྒྱ་མཚོ། ཡོངས་འཛིན་ཕུར་ལྕོག་བློ་བཟང་བྱམས་པ་རྒྱ་མཚོ། དགེ་འདུན་ལུང་རྟོགས་བསྟན་པའི་རྒྱ་མཚོ། སྟག་ཕུའི་ཡོངས་འཛིན་ལྷོ་སྤྲུལ་རིན་པོ་ཆེ་ངག་དབང་མཁྱེན་རབ་བསྟན་པའི་དབང་ཕྱུག་དཔལ་བཟང་པོ། སྟག་ཕུ་འཇམ་དཔལ་བསྟན་པའི་དངོས་གྲུབ། ཕ་བོང་ཁ་པ་བྱམས་པ་ཚུལ་ཁྲིམས་འཕྲིན་ལས་རྒྱ་མཚོ། ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ། སྐྱབས་མགོན་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བར་རིམ་པར་བརྒྱུད་སྣང་ངོ༌། དེས་མཚོན་ནས་སྔ་ཕྱིར་མདོ་སྔགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང༌། རྗེ་བླ་མའི་བྱང་ཆུབ་ལམ་རིམ་ཆེ་ཆུང་སོགས་འཁྲིད་ལུང་རྒྱ་ཆེར་སྤེལ་བའི་བརྒྱུད་པ་ནི་གསན་ཡིག་གངྒཱའི་ཆུ་རྒྱུན་དུ་གསལ་བ་ལྟར་ཡིན་ལ། རྒྱལ་དབང་སྐུ་ཕྲེང་བཞི་པའི་ཡང་སྲིད་ངོས་འཛིན་ཀྱང་པཎ་ཆེན་བློ་བཟང་ཆོས་རྒྱན་དང་རྗེ་འདི་བ་གཉིས་མཉམ་སྦྲེལ་གྱིས་བྱས། སྲིད་ཕྱོགས་སྡེ་༨༥༠སྐྱིད་༣༣ནས་༣༤མཐར་དགུང་ལོ་དོན་གསུམ་པ་ས་རྟ་ ༡༦༡༨ ལོར་ཞི་བར་གཤེགས་པའི་སྐུ་གདུང་དངུལ་གྱི་བྱང་ཆུབ་མཆོད་རྟེན་བློས་བསླང་གི་གཡོན་ཕྱོགས་སུ་བཞུགས་ཤིང་དུས་མཆོད་ཀྱང་ཚུགས། གསུང་ལས་སྐྱེས་པའི་སློབ་མ་ཡང་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌།

དགའ་ལྡན་ཁྲི་ཐོག་སོ་གཅིག་པ་དམ་ཆོས་དཔལ་བཟང༌

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་སོ་གཅིག་པ་དམ་ཆོས་དཔལ་བཟང༌། དགའ་ལྡན་ཁྲི་ཐོག་སོ་གཅིག་པ་དམ་ཆོས་དཔལ་བཟང་ནི། རབ་བྱུང་དགུ་པའི་མེ་རྟ་༡༥༤༦ལོར་ཁམས་འཇང་ཞབས་སུ་འཁྲུངས། སྐུ་གཞོན་དུས་ནས་དབུས་སུ་ཕེབས་ཏེ་ཇོ་ཤཱཀ་རྣམ་གཉིས་ཀྱིས་མཚོན་པའི་དབུས་འགྱུར་ཆོས་ཀྱི་ཞིང་སར་ཡོད་པའི་རྟེན་དང་གནས་ཆེན་ཁག་ལ་མཇལ་ཁ་ཞུས་ནས་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་གི་ཆོས་སྒོར་ཞུགས། ཚ་བ་མཁན་ཆེན་ནམ་མཁའ་ཤེས་རབ་དང༌། མཁན་ཆེན་དཔལ་ལྡན་གྲགས་པ་སོགས་ལས་འདུལ་མཛོད་དང་དབུ་ཕར་བསླབས། རྭ་བ་སྟོད་ནས་རྣམ་འགྲེལ་ལ་བསླབས་ཏེ། གདན་སའི་མཁས་རྒུ་ཚོགས་པའི་དབུས་སུ་གྲྭ་སྐོར་མཛད་པས་མཁས་པའི་མཚན་སྙན་གང་སར་འབར།

སླར་ཡང་གཙང་ངམ་རིང་དུ་ཕེབས་ནས་རབ་འབྱམས་པའི་གྲྭ་སྐོར་མཛད་པས་དབུས་གཙང་གི་མཁས་པ་ཀུན་གྱི་དབུས་ན་ཟླ་བ་ལྟར་མཚན་སྙན་གྱི་དི༷ལ་འཁོར་ཡོངས་སུ་རྒྱས། ཁྲི་ཆེན་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་དང༌། ཁྲི་ཆེན་དགེ་འདུན་རྒྱ་མཚོ། དབེན་ས་བ་བློ་བཟང་དོན་འགྲུབ་དང༌། བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་སོགས་ལས། མདོ་སྔགས་ཀྱི་ལམ་རིམ་གཉིས་ཀྱིས་གཙོས་དབང་ལུང་མན་ངག་གི་ཟབ་ཆོས་མཐའ་ཡས་པ་གསན། དེ་ནས་མཁས་མང་བློ་གསལ་གླིང་གི་མཁན་ཁྲིར་ཕེབས། རྗེ་འདི་ཉིད་བློ་གླིང་མཁན་རབས་ཉེར་གཅིག་པ་ཡིན་ཞིང༌། གྲྭ་རྒྱུན་ཤིན་ཏུ་མང་པོ་ལ་འཆད་ཉན་གྱི་རྒྱུན་རྒྱ་ཆེར་བསྐྱངས་བ་སོགས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཛིན་སྐྱོང་རྒྱ་ཆེར་གནང༌།

དེ་ནས་རྒྱུད་གྲྭ་སྟོད་སྨད་གང་དུའང་མ་བརྒྱུད་པར་ཤར་བ་ཆོས་རྗེར་ཕེབས་པས་ཤར་པ་དམ་ཆོས་དཔལ་བཟང་ཞེས་སུ་གྲགས། དགུང་ལོ་དོན་གསུམ་པ་རབ་བྱུང་བཅུ་པའི་ས་རྟ་ ༡༦༡༨ ལོར་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་དགའ་ལྡན་གསེར་ཁྲིར་ཕེབས། སྡེ་ ༨༡༦་ལོ་དེར་ཧོར་སོག་གི་དཔུང་ཆེན་བོད་དུ་ཡོང་ནས་ལྷ་སའི་གཙུག་ལག་ཁང་སོགས་བཟུང༌། སྐྱིད་ཤོད་ལ་གནས་གཅས། ནག་ཆུའི་ཕྱོགས་ཕལ་ཆེར་དམག་གིས་བཅོམ་ནས་བཟུང༌། བོད་ཁམས་ཧོར་སོག་གིས་བཟུང་ལ་ཉེ་བ་དང༌། གཙང་པ་སྡེ་བ་ཀརྨ་བསྟན་སྐྱོང་དབང་པོས་གཙང་དམག་ཁྲི་ལྷག་དབུས་སུ་འཁྲིད་ནས་སོག་ཇག་འབུར་འཇོམས་བྱེད་པའི་སྐབས་སོག་ཇག་གིས་དགེ་བསྟན་དར་སྤེལ་ལ་ཁ་གཡར་བས། རྒྱུ་མཚན་ཤེས་ལོངས་མེད་པར་སེར་འབྲས་ཀྱི་གྲྭ་དམག་ཀྱང་མཉམ་དུ་བསྡེབས་ནས་གཙང་སྲིད་ལ་གྱེན་ལངས་ཀྱིས་དམག་འཁྲུགས་ཚབས་ཆེ་བྱུང་ན་ཡང༌། གཙང་དམག་གིས་གིས་ཡོངས་སུ་བཅོམ་ནས་རེ་ཞིག་ཞི་འཇོམས་སུ་བཏང་བ་སོགས་དབུས་གཙང་གཉིས་སུ་སྔ་ཕྱིར་སྡེ་གཟར་ཡང་ཡ་ང་བྱུང་བའི་ཁྲོད་རྗེ་འདི་ཉིད་ཞྭ་སེར་པོའི་བཤད་སྒྲུབ་འཆད་ཉན་ལ་གཅིག་ཏུ་འབུངས་པ་ལས། འཇིག་རྟེན་པའི་དགྲ་གཉེན་ཕྱོགས་སུ་བཟུང་བ་དང༌། ཞྭ་དམར་སེར་གྱི་གྲུབ་མཐའི་འཐབ་རྩོད་ནང་དུ་ནམ་ཡང་མ་ཞུགས་པར་སྣང༌། ལོ་ངོ་གསུམ་གྱི་རིང་མདོ་སྔགས་ཟུང་དུ་འབྲེལ་བའི་དགེ་ལྡན་རིང་ལུགས་གཙང་མའི་བསྟན་པ་གསེར་གྱི་ཡང་ཞུན་ལྟ་བུ་འདི་ཉིད་བཤད་སྒྲུབ་ལས་གསུམ་གྱིས་ནམ་ཡང་ནུབ་པ་མེད་པར་བླ་ནས་བླ་ན་བཏེགས། དགུང་ལོ་དོན་ལྔ་པ་རབ་བྱུང་བཅུ་པའི་ལྕགས་སྤྲེལ་ ༡༦༢༠ ལོར་སྐུ་ཞི་བར་གཤེགས་པའི་དགོངས་རྫོགས་སུ། ཅོ་ནེ་ཆོས་རྗེ་དགེ་འདུན་དར་རྒྱས་པས་རྗེ་འདིའི་སྐུ་གདུང་རིང་བསྲེལ་བཞུགས་པའི་གདུང་རྟེན་དངུལ་གྱི་མཆོད་རྟེན་དཔེ་མེད་བཞེངས་པ་དགའ་ལྡན་དངུལ་གདུང་ཁང་དུ་ཡོད་པར་བཤད། །

དགའ་ལྡན་ཁྲི་ཐོག་སོ་གཉིས་པ་ལྕང་ལོ་ཅན་པ་ཚུལ་ཁྲིམས་ཆོས་འཕེལ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་སོ་གཉིས་པ་ལྕང་ལོ་ཅན་པ་ཚུལ་ཁྲིམས་ཆོས་འཕེལ་ཏེ། གཙང་གི་ཉང་ཡུལ་གྱི་བྱེ་བྲག་འབྲོང་རྩེར་རབ་བྱུང་དགུ་པའི་ལྕགས་བྱ་ ༡༥༦༡ ལོར་འཁྲུངས། ཐོག་མར་འབྲོང་རྩེ་ཆོས་སྡེར་རབ་ཏུ་བྱུང༌། དེ་ནས་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོར་སྒྲིགས་ཞུགས་ཀྱིས་གསན་བསམ་གང་འཚམས་གནང་ནས་དབུས་སུ་བྱོན། སེ་ར་བྱེས་གྲྭ་ཚང་དང་གཙང་པ་ཁང་ཚན་དུ་ཆོས་ཞུགས་གནང་ནས་གཞུང་ཆེན་བཀའ་པོད་ལྔ་ལ་ཐུགས་གཉེར་སྦྱངས་པ་ཡུན་རིང་གནང་ནས་རབ་འབྱམས་པའི་གྲྭ་སྐོར་མཛད། རྗེ་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ་སོགས་མཁས་པ་མང་པོ་བསྟེན།

དེ་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འཆད་ཉན་དཔོན་སློབ་ཏུ་ཕེབས་ཏེ། གྲྭ་ཚང་དར་རྒྱས་ཆེ་བ་བྱུང༌། བདེ་ཆེན་གསང་སྔགས་མཁར། འཕྱོངས་རྒྱས་རི་བོ་བདེ་ཆེན་སོགས་ཀྱི་མཁན་པོ་མཛད། ས་ནད་ཀྱི་སྙུན་པར་ཚུལ་གཡུ་བྲག་ཏུ་སྒྲུབ་པ་མཛད་པས་སྙུན་དངས་པ་དང་ཆབས་ཅིག་ཏུ་རྒྱལ་བ་མ་ཕམ་པའི་སྐུ་གཟིགས་སྣང་དང༌། རིམ་པར་རྒྱལ་བ་བུ་རམ་ཤིང་པ་དང་ཉན་རང་བྱང་སེམས་དུ་མའི་ཞལ་གཟིགས། ཁྱད་པར་འཕྲིན་ལས་ཀྱི་ལྷ་མོ་ནམ་མཁའི་མདོག་ཅན་གྱིས་བུམ་པ་དཀུར་བརྟེན་དབང་བསྐུར་བའི་གཟིགས་སྣང༌། ཆོས་ཀྱི་རྒྱལ་པོ་མ་ཧེའི་གདོང་ཅན་གྱིས་བྲན་ལྟར་བཀའ་བསྒྲུབ་པས་རྣམ་དཀར་འཕྲིན་ལས་ཡར་ཟླ་ལྟར་འཕེལ་རྒྱས་ཆེ། ལྕང་ལོ་ཅན་དུ་བཞུགས་པས་ལྕང་ལོ་ཅན་པར་གྲགས། དགའ་ལྡན་ཤར་བྱང་གང་དུ་འང་མ་བརྒྱུད་པར་དགུང་ལོ་དྲུག་ཅུ་པ། རབ་བྱུང་བཅུ་པའི་ལྕགས་སྤྲེལ་ ༡༦༢༠ ལོར་དགའ་ལྡན་གྱི་ཁྲིར་ཕེབས།

ལོ་དེར་གཙང་པ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་གྲོངས་ནས་དེའི་སྲས་ཀརྨ་བསྟན་སྐྱོང་དབང་པོ་བོདཀྱི་རྒྱལ་པོའི་སྲིད་ཁྲིར་འཁོད། བོད་ཁམས་ཡོངས་ལ་དབང་བསྒྱུར་བྱེད་པའི་སྒྲིག་གཞི་དང་ཁྲིམས་སྲོལ་བཏོད། ཁྲི༣༢པ།༡༽དུ་༡༔༢༥།་ དགུང་ལོ་རེ་གཅིག་པ་ལྕགས་བྱ ༡༦༢༡ལོར་རྒྱ་ལེ་ཕྱག་མཛོད་དང་སྡེ་པ་སྐྱིད་ཤོད་པའི་ལྷ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོས་ཆར་སྣ་རླུང་འཁྲིད་དང་དགྲ་སྣ་ཟས་འཁྲིད་ཀྱིས་སོག་རིགས་ཀླ་ཀློ་གུ་རུ་ཧུང་ཐའི་ཇི་གཉིས་ཀྱིས་གཙོའི་ཧོར་སོག་གི་ཇག་དམག་སྟོང་ཕྲག་གཉིས་བོད་ས་བཙན་འཛུལ་གྱིས་དབུས་སུ་ལྷག་པ་དང༌། སྡེ་སྲིད་གཙང་པའི་དཔུང་ཆེན་ལྷ་ས་རྐྱང་ཐང་སྒང་དུ་གཡུལ་སྤྲོད་པས་གཙང་དམག་ཕམ་ནས་རྐྱང་ཐང་སྒང་དང་ལྕགས་པོ་རིར་བྲོས་པ་རྣམས་ལ་ཆུ་བཀག་བཏང༌། སོག་པོའི་རྟ་དམག་རྣམས་གཙང་དམག་གི་ཐོག་ཏུ་རྒྱུགས་ཏེ་དམག་མི་སྟོང་ཕྲག་ལྷག་ཙམ་བསད། སླར་ཡང་རྟ་དམག་རྒྱུག་གྲབས་བྱེད་པའི་སྐབས་ཀྲ་ཤིས་ལྷུན་པོའི་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་རྒྱན་དང༌། དགའ་ལྡན་ཁྲི་རིན་པོ་ཆེ་ཚུལ་ཁྲིམས་ཆོས་འཕེལ་འདི་ཉིད། གླིང་སྨད་ཞབས་དྲུང་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ། སྟག་ལུང་ཞབས་དྲུང་ཁུ་དབོན་གྱི་སྐུ་ཚབ་བཅས་འཛོམས་ཐོག་འདུམ་འཆིང་མཛད་ནས་བཀའ་ཁྲ་བཏང༌། འབྲས་སྤུངས་བླ་བྲང་དགའ་ལྡན་ཕོ་བྲང་དུ་ཆོས་འཁོར་ལྷ་སས་གཙོས་རག་མན་གྱི་ས་རིས་གསར་སྤྲད་དང༌། སེར་འབྲས་ཀྱི་མཆོད་གཞིས་རྣམས་རང་འཇགས། དབུས་གཙང་ཁུལ་གྱི་དགེ་ལུགས་ཀྱི་ཆོས་སྡེ་ཆོས་ལུགས་གྲུབ་མཐའ་གཞན་དུ་བསྒྱུར་པ་དང་ས་རིས་ཤོར་བ་རྣམས་སྔར་བབས་སུ་ཕྱིར་སློགས།

སྡེ་པ་སྐྱིད་ཤོད་པར་བདེ་ཆེན་ཚབ་ཏུ་འཕན་ཡུལ་མཁར་རྩེ་དང་བཅས་སྤྲོད་རྒྱུ། ཕྱག་མཛོད་བསོད་ནམས་རབ་བརྟན་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་གཞི་ཕབ་ནས་བསྡད་ཆོག་པ་བཅས་བྱས། ཞི་ཆིངས་འདིའི་མཇུག་འབྲས་སུ་དེ་སྔོན་རག་མན་ཏེ་ལྷ་སའི་ཤར་ངོས་ཀྱི་ས་རིས་ཀུན་སྡེ་པ་སྐྱིད་ཤོད་པའི་ཡིན་བཞིན་དུ་དགའ་ལྡན་ཕོ་བྲང་ལ་དབང་པར་བྱས་པས་སྐྱིད་ཤོད་ལྷ་སའི་སྡེ་པ་དང་བླ་བྲང་དགའ་ལྡན་ཕོ་བྲང་པའི་བར་ལའང་མི་མཐུན་པར་གྱུར། སྐབས་དེར་གཙང་པ་སྡེ་སྲིད་ཀྱིས་དབུས་གཙང་ལ་དབང་བསྒྱུར་བའི་སྐབས་ལ་བརྟེན། གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་ལ་དངོས་པོའི་འབུལ་བ་སྤོམ་མཐོར་བཏེག་སྟེ་མཐར་རྒྱས་གཞིས་ཀ་བྱང་རྩེ་གྲྭ་ཚང་གི་མཆོད་གཞིས་སུ་ཞུ་སྦྱོར་མཛད། དེའི་ཕྱི་ལོ་ཆུ་ཁྱི་ ༡༦༢༢ ལོའི་བོད་ཟླ་ལྔ་པའི་ཚེས་ཉེར་བཞི་ཉིནདུ་༡༥༡ བསྟན་དོན་ཁོ་ན་ལས་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་ནམ་ཡང་མི་གནང༌། དགུང་ལོ་རེ་གསུམ་པ་རབ་བྱུ་ང་བཅུ་པའི་ཆུ་ཕག་ ༡༦༢༣ ལོར་མངོན་དགར་དག་ཞིང་དུ་གཤེགས། གདུང་རུས་སོགས་བཞུགས་པའི་དངུལ་གྱི་བྱང་ཆུབ་མཆོད་རྟེན་ལི་མ་ལྷ་ཁང་ཤར་གྱི་གཙོ་བོའི་གཡོན་གཉིས་པར་བཞུགས། དུས་མཆོད་ཀྱང་དབོན་བརྒྱུད་ཀྱིས་ཡུན་རིང་པོའི་བར་དུ་འཛིན། །

དགའ་ལྡན་ཁྲི་ཐོག་སོ་གསུམ་པ་གྱེ་རེ་གྲགས་པ་རྒྱ་མཚོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་སོ་གསུམ་པ་གྱེ་རེ་གྲགས་པ་རྒྱ་མཚོ་ནི། རབ་བྱུང་དགུ་པའི་ཤིང་ཡོས་ ༡༥༥༥ ལོར་གྱེ་རེ་སྟོད་དུ་འཁྲུངས། དགོན་གསར་དུ་རབ་བྱུང་མཛད་དེ་མདོ་སྔགས་ལ་སྦྱངས། ངམ་རིང་དུ་རབ་འབྱམས་པའི་གྲྭ་སྐོར་མཛད། རྒྱུད་སྟོད་ཀྱི་འཆད་ཉན་དང༌། ཤར་སྤྲས་རིན་ཆེན་བྲག་སོགས་ཀྱི་ཞལ་འཛིན་མཛད། འཇམ་དབྱངས་སྟག་ལུག་བྲག་པ་བློ་གྲོས་རྒྱ་མཚོ་ལྟ་བུ་མཁས་པས་ཀྱང་འདིའི་ཞབས་ལ་བཏུགས་ནས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་ཞུས་ཚུལ་གསལ། དགུང་ལོ་རེ་དགུ་པ་རབ་བྱུང་བཅུ་པའི་ཆུ་ཕག་ ༡༦༢༣ ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཆོས་ཀྱི་འཁོར་ལོ་བསྐོར་བཞིན་ལོ་དེ་རང་ལ་ཞི་བར་གཤེགས། གཞན་དུ་དོན་གསུམ་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་མེ་ཡོས་ ༡༦༢༧ ལོར་ཞི་བར་གཤེགས་ཚུལ་འཁོད་ཀྱང་ཁུངས་མ་མཐོང༌།

དགའ་ལྡན་ཁྲི་ཐོག་སོ་བཞི་པ་གསལ་ཁང་སྐུ་སྐྱེ་ངག་དབང་ཆོས་ཀྱི་རྒྱལ་མཚན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་སོ་བཞི་པ་གསལ་ཁང་སྐུ་སྐྱེ་ངག་དབང་ཆོས་ཀྱི་རྒྱལ་མཚན་ནི། རབ་བྱུང་བཅུ་པའི་ཤིང་ཕག་ ༡༥༧༥ལོར་དབུས་ཀྱི་འཕན་ཡུལ་མདར་སྐུ་འཁྲུངས། ཁྲི་ཆེན་བཅུ་དགུ་པ་ངག་དབང་ཆོས་གྲགས་ཀྱི་སྐུ་སྐྱེ་གསལ་བ་བྱུང་བས་གསལ་ཁང་སྐུ་སྐྱེར་གྲགས། འདི་ཉིད་གདན་ས་གང་དུ་ཞུགས་ནས་སློབ་གཉེར་མཛད་སྐོར་ཁྲི་རབས་ལོ་རྒྱུས་ཁག་ཏུ་མི་གསལ་ཡང༌། འདིའི་སྐུ་སྐྱེ་སྔོན་མ་ཁྲི་ཆེན་ངག་དབང་ཆོས་གྲགས་འབྲས་སྤུངས་བློ་གསལ་གླིང་དུ་སློབ་གཉེར་གནང་ཚུལ་དུང་དཀར་ཚིག་མཛོད་དུ་གསལ་ཞིང༌། དེའི་ཞང་པོ་ཁྲི་ཆེན་བཅུ་གསུམ་པ་ཆོས་ཀྱི་བཤེས་གཉེན་དང་སྐུ་མཆེད་ཤར་པ་ཆོས་རྗེ་དཀོན་མཆོག་ཆོས་དར་གཉིས་ཀ་བློ་གསལ་གླིང་དུ་སློབ་གཉེར་མཛད་འདུག་ཅིང་། དཔོན་ཞང་དེ་དག་གི་དྲུང་ནས་སྐུ་གོང་མས་སློབ་གཉེར་གནང་འདུག་པ་དེའི་སྐྱེ་སྲིདདུ་ངོས་འཛིན་བདག་སྤྲོད་བྱུང་འདུག་པས་ཅིས་ཀྱང་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང་ནས་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ལུགས་ལ་མཁས་པར་བསླབས་ནས་རབ་འབྱམས་པའི་གྲྭ་སྐོར་མཛད་དམ་སྙམ།

རྗེ་འདི་ཉིད་གསང་སྔགས་རྒྱུད་སྡེ་བཞིའི་གནད་ལ་གཞན་དྲིང་མི་འཇོག་པའི་མཁྱེན་རབ་ཀྱི་རྩལ་དར་བས། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་འཆད་མཉན་པར་གདན་དྲངས་པ་ལྟར། རྗེ་ཤེར་སེང་པའི་ཊིཀྐ་དང་རྗེ་བླ་མའི་འགྲེལ་བ་བཞི་སྦྲགས། རིམ་ལྔ་གསལ་སྒྲོན་སོགས་ཀྱི་ཐོག་ནས་རྒྱུད་སྡེ་རྒྱ་མཚོའི་བསྐྱེད་རྫོགས་ཀྱི་དཀའ་གནད་རྩལ་དུ་བཏོན་པའི་འཆད་ཉན་གྱི་རྒྱུན་སྐྱོང་བཞིན་པའི་མུར། བྱང་རྩེ་ཆོས་རྗེ་ཁྲིར་མངའ་གསོལ། སྨད་རྒྱུད་གྲྭ་ཚང་གི་རྒྱུད་འདེབས་ལས། དཔལ་ལྡན་ངག་གི་དབང་ཕྱུག་མདོ་རྒྱུད་ཀྱི། ། བཤད་སྒྲུབ་ཆོས་ཀྱི་རྒྱལ་མཚན་འཛིན་པ་ལ། ། ལྷུན་གྲུབ་འཕྲིན་ལས་ཟང་པོའི་མཛད་པ་ཅན།། འདྲེན་མཆོག་དམ་པའི་ཞབས་ལ་གསོལ་བ་འདེབས།། ཞེས་པ་འདི་ཉིད་རྗེ་འདིའི་གསོལ་འདེབས་སུ་སྣང༌།

རྒྱུད་ཀྱི་འཆད་ཉན་པ་མཛད་བཞིན་པའི་མུར་ཕྱོགས་གང་སར་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། དགུང་ལོ་ཞེ་དགུ་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ ༡༦༢༣ ལོར་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མི་འཇིགས་སེང་གེའི་ཁྲི་ལ་ཞབས་ཟུང་འཁོར་ལོའི་རེ་ཁ་མངོན་པར་འཁོད། བཻ་སེར་སོགས་སུ་མེ་ཡོས་ ༡༦༢༧ ལོར་ཅེས་གསལ་མོད། གོང་ས་ལྔ་པ་ཆེན་པོས་མཛད་པའི་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་གྱི་རྣམ་ཐར་ལས།གསུང་འབུམ་ཝ་པ་ཤོག་ལྷེ་བཅུ་དགུ་ཡོད ཁྲི་ཐོག་སོ་ལྔ་པ་དཀོན་མཆོག་ཆོས་འཕེལ་མེ་སྟག་ ༡༦༢༦ ཧོར་ཟླ་ལྔ་པའི་ནང༌། འཇམ་མགོན་རྒྱལ་བ་གཉིས་པའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གསེར་ཁྲིར་ཞབས་སེན་འཁོར་ལོའི་རེ་ཁ་མངོན་པར་བཀོད། ཞེས་ཁྲི་ཆེན་སོ་ལྔ་པ་གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་ཁྲི་ལ་ཕེབས་ལོ་གསལ་བར་བཀོད་འདུག་ཅིང༌། འདི་དུས་གོང་ས་ལྔ་པ་དང་ཁྲི་ཆེན་གཉིས་ཀ་ཞབས་བཞུགས་ཡོད་པས་འཁྲུལ་བ་ཡོང་ཐབས་ག་ལ་སྲིད་སྙམ་སྟེ་དཔྱད་པར་བྱ་བའི་གནས་སོ།

ཤིང་བྱི་ ༡༦༢༤ ལོའི་ཧོར་ཟླ་གསུམ་པའི་ནང་ྋགོང་ས་ལྔ་པ་ཆེན་པོ་དགུང་ན་བརྒྱད་ལ་སླེབས་པའི་དུས་རྒྱལ་བ་གཉིས་པའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབསསྐབས། ཁྲི་ཆེན་འདི་ཉིད་སྐུ་ན་ཤིན་ཏུ་སྨིན་ན་ཡང༌། ལྔ་པ་ཆེན་པོ་ལ་དད་པ་དང་ཆེ་མཐོང་མཚོན་པའི་སླད། སྐུ་ཕྱག་ཕུལ་བ་སོགས་བཀུས་བཟོས་རྒྱ་ཆེར་ཞུས་སྣང་སྣང་སྟེ། དུ་ཀུ་ལའི་གོས་བཟང་ལས། དུ་༡༦༧ ། རིམ་གྱིས་བཏེགས་ཏེ་དགའ་ལྡན་ཞོལ་དུ་ཐུབ་དབང་གཉིས་པ་ཙོང་ཁ་པའི་གདན་ས་པ་ཁྲི་རིན་པོ་ཆེ་གྲགས་པ་རྒྱ་མཚོ་དཔོན་སློབ་རྣམས་ཕེབས་པ་དང་མཇལ། སྐུ་ན་སྨིན་ཅིང་འདར་ཤིག་གེར་ཕྱག་མཛད་ཀྱི་འདུག་པ་དེ་དུས་ནི་ཉམས་སྣང་མ་བྱུང༌། རྗེས་སུ་བསམས་ཚེ་རང་ལ་སྡོམ་པ་སྣ་གཅིག་མ་བླངས་པ་དང༌། ཤཽ་ལོ་ཀ་གཅིག་གི་གོ་རྟོགས་ཀྱི་ཡོན་ཏན་མེད་པར་འདི་འདྲ་ཡ་ང་བའི་གནས་སུ་མངོན། ཞེས་གསུངས་པས་སོ།།

གང་ལྟར་ཡང་ལོ་ངོ་གསུམ་གྱི་རིང་ཁྲི་པའི་བྱེད་སྒོ་འཐུས་ཚང་མཛད། པཎ་ཆེན་བློ་བཟང་ཆོས་རྒྱན་ལ་བྱང་རྩེ་ཕུལ་ཏེ། དེ་སྔོན་སྐུ་སྐྱེ་གོང་མ་ཁྲི་ཆེན་ངག་དབང་ཆོས་གྲགས་ཀྱིས་རྗེ་དངུལ་གདུང་ཆེན་མོའི་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་འཛུགས་པ་དེ་ཉིད་རྒྱ་སྐྱེད་བྱེད་རྒྱུའི་རྒྱུ་ཆ་དང་བཅས་པཎ་ཆེན་བློ་བཟང་ཆོས་རྒྱན་ལ་མངགས་ནས། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གིས་གསོལ་བ་འདེབས་པ་ལྟར། དགུང་ལོ་ང་ཉིས་པ་རབ་བྱུང་བཅུ་གཅིག་པའི་མེ་ཕག་ ༡༦༢༦ ལོའི་ཧོར་ཟླ་གཉིས་པའི་ནང་རྒྱལ་དབང་བཞི་པ་ཡོན་ཏན་རྒྱ་མཚོའི་དངུལ་གདུང་ཆེན་མོ་བཞེངས་ཟིན་པར་གླིང་སྨད་ཞབས་དྲུང་དཀོན་མཆོག་ཆོས་འཕེལ་དང་སྒོ་མང་གུང་རི་བ་གཉིས་ཀྱིས་གཟུངས་བཞུགས་ཕུལ། པཎ་ཆེན་ཆོས་རྒྱན་དང་ཁྲི་ཆེན་འདི་ཉིད་སེར་འབྲས་ཀྱི་མཁན་བླ་ཚོ་དང་ལྷན་ཅིག་རབ་གནས་གནང་ཚུལ་དུ་ཀཱུ་ལའི་གོས་བཟང་ནང་གསལ། ལོ་དེར་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ལ་གསེར་ཁྲི་བཏེགས་སྟེ། རང་ཉིད་སླར་ཡང་རྒྱུད་སྨད་དུ་ཕེབས་ནས་འཆད་མཉན་གྱི་རྒྱུན་བསྐྱངས། མཐར་དགུང་ལོ་ང་ལྔ་པ་རབ་བྱུང་བཅུ་གཅིག་པའི་ས་སྦྲུལ་ ༡༦༢༩ ལོར་ཞི་བར་གཤེགས། ལོ་དེར་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྗེའི་གསེར་གདུང་ཆེན་པོའི་རྒྱ་ཕིབས་དཔེ་མེད་གསར་སྐྲུན་གནང༌།

རྗེ་འདིའི་སྐོར་བཻ་སེར། དུང་དཀར་ཚིག་ཤོག་གྲངས་༣༦༣པ། ཁྲི་རབས་ཡོངས་འདུའི་ལྗོན་བཟང་ཤོག་གྲངས་ ༧༨༧༩། རྒྱུད་སྨད་ཆོས་འབྱུང༌། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསུང་ཐོར་བུ། གངས་ཅན་མཁས་གྲུབ་རིམ་བྱུང་གི་མིང་མཛོད་ཤོག་གྲངས་ ༤༣༤༤༣༥བར། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱི་རྗེའི་རྣམ་ཐར་ལ་གཟིགས་དགོས།

དགའ་ལྡན་ཁྲི་ཐོག་སོ་ལྔ་པ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་སོ་ལྔ་པ་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་ནི། ཡབ་བཀྲ་ཤིས་རྣམ་རྒྱལ་དང་ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ཆུ་བྱ་ ༡༥༧༣ ལོར་དབུས་འགྱུར་ཆོས་ཀྱི་ཞིང་སའི་ལྷོ་ཁ་གྲྭ་ནང་བྱམས་པ་གླིང་གི་དགོན་ཞོལ་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ལ་བརྟེན་ནས། གསང་ཕུ་དབྱར་ཆོས་སུ་འགྲོ་ཞེས་གསུངས་པ་ཡ་མཚན་པའི་མཛད་སྤྱོད་དུ་མ་གནང༌། དགུང་ལོ་ལྔ་པར་གཏེར་བཏོན་ཤེས་རབ་འོད་ཟེར་གྱིས་ལུང་སྟན་བཀའ་བརྒྱ་མ་ལས་བཻ་རེའི་སྤྲུལ་པ་ཡིན་པ་བཤད། དྲུང་དཀོན་མཆོག་དཔལ་ལས་ཀ་ཁ་ནས་བཟུང་ཡི་གེ་སྦྱོར་ཀློག་དང༌། བརྡ་སྤྲོད་ཀྱི་གཞུང་ལ་བསླབས་པས་ཚེགས་མེད་པར་མཁྱེན། དེ་ནས་དགུང་ལོ་བཅུ་གཉིས་པ་ཤིང་སྤྲེལ་ ༡༥༨༤ ལོར་བཀྲ་ཤིས་ཆོས་གླིང་དགོན་དུ་འདུལ་བ་འཛིན་པ་བསོད་ནམས་རྒྱལ་མཆོག་ལས་དགེ་བསྙེན་གྱི་སྡོམ་པ་མནོས། དབྱངས་ཅན་བཞད་པ་དགེ་འདུན་རྒྱ་མཚོའི་ཞལ་སློབ་དྲུང་དཀོན་མཆོག་པའི་བདག་རྐྱེན་ལ་བརྟེན་ནས་དྭགས་པོ་གྲྭ་ཚང་དུ་སྒྲིག་ཞུགས་གནང༌། དྭགས་པོ་སློབ་དཔོན་བློ་བཟང་ཆོས་འཕེལ་པའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་དཀོན་མཆོག་ཆོས་འཕེལ་གསོལ། གྲུམ་མདའ་མཁན་པོ་དང་སློབ་དཔོན་ནམ་མཁའ་རྒྱ་མཚོ། སློབ་དཔོན་བྱམས་པ་བསྟན་པ་རྣམས་ཀྱི་དྲུང་ནས་ལོ་གྲངས་བཅུའི་རིང༌། ཚད་མ་དང༌། དབུ་ཕར་བཅས་ལ་བསླབས་པས་མཁས་པར་གྱུར། མནལ་ལམ་དུ་རྗེས་བཙུན་བྱམས་དགོན་གྱིས་ཕྱག་གཉིས་ཀྱིས་དབུ་རྒྱན་ཕུད་དེ་རྗེ་རང་གི་དབུ་ལ་གསོལ་བའི་མཚན་ལྟས་ཁྱད་པར་ཅན་བྱུང༌། ཆོས་རྗེ་བྱམས་པ་རྒྱ་མཚོ་དང༌། སྒོམ་སྡེ་ནམ་མཁའ་རྒྱལ་མཚན་བཅས་ཀྱི་དྲུང་ནས་རྟེན་འབྲེལ་བསྟོད་པ་སོགས་ཀྱི་བཀའ་ཆོས་རྒྱ་ཆེར་གསན། དགུང་ལོ་ཉེར་གཅིག་པར་རྩེད་ཐང་དུ་རབ་འབྱམས་པའི་གྲྭ་སྐོར་མཛད། མཁན་སྟོན་དཔལ་འབྱོར་ལྷུན་གྲུབ་ལས་སྒྲ་ཀ་ལ་པ་གསན། ཆོས་འཁོར་རྒྱལ་དུ་མངའ་དྭགས་རྒྱལ་གསུམ་གྱིས་མཁས་མང་ཚོགས་པའི་དབུས་སུ་གཞུང་ཆེན་ལྔ་ལ་བཤད་པ་རྒྱ་ཆེར་གནང༌།

དེའི་ཞོར་དུ་རྒྱལ་རི་ཁྲོད་དུ་བླ་མ་ཁྱུང་པོ་ལས། རྡོ་རྗེ་འཇིགས་བྱེད་ཀྱི་དབང་བཞི་གསན། དགུང་ལོ་ཉེར་གཉིས་པ་ཤིང་རྟ་ལོར། དྭགས་པོ་ཆོས་རྗེ་ནམ་མཁའ་རྒྱ་མཚོས་བསྐུལ་བ་ལ་རྟེན་ནས་སྐྱིད་ཤོད་དུ་བྱོན། ཆོས་རྗེ་བློ་གྲོས་རྒྱ་མཚོའི་ཞབས་ལ་བཏུད་དེ་གཏན་ཚིགས་རིག་པའི་གཞུང་དང་འདུལ་མཛོད་སོགས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྒྱ་ཆེར་མཛད་པས་ངེས་དོན་མཁས་པའི་ཁྱུ་མཆོག་ཏུ་གྱུར།

དགུང་ལོ་ཉེར་བཞི་པ་མེ་སྤྲེལ་ ༡༥༩༦ ལོར་ལྷ་ལྡན་གཙུག་ལག་ཁང་དུ་རྗེ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོས་མཁན་པོ་དང༌། དད་པའིདགེ་འདུན་གྲངས་ཚང་བའི་དབུས་སུ་བསྙྙེན་པ་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས། རྗེ་དེ་ཉིད་ཀྱི་དྲུང་ནས་འཁོར་ལོ་སྡོམ་པའི་དབང་ཞུས། གསང་ཕུ་ནེའུ་ཐོག་ཏུ་རྣམ་འགྲེལ་གྱི་བཤད་པ་རྒྱ་ཆེར་གནང༌།

རྒྱུད་སྟོད་དུ་ཞུགས་ནས་ལོ་གསུམ་གྱི་རིང༌། དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་ཆ་ལག་དང་བཅས་པ་སྦྱངས་པའི་ཕུལ་དུ་ཕྱིན། དོལ་ཆོས་རྫོང་མཁན་པོས་དྲུང་ནས་དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་གྱིས་རྒྱུད་འགྲེལ་མན་ངག་དང་བཅས་པར་གཞན་དྲིང་མེད་པའི་མཁས་པ་བསླབས། དགུང་ལོ་ཉེར་བརྒྱད་པ་ལྕགས་བྱི་ ༡༦༠༠ ལོར་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོས་བཀའ་ལྟར་ཁམས་སུ་འབུལ་སྡུད་ལ་ཕེབས། རྟ་ཚག་རྗེ་དྲུང་ལྷ་དབང་ཆོས་ཀྱི་རྒྱ་མཚོ་ལ་དམར་པོ་སྐོར་གསུམ་གྱི་རྗེས་གནང་ཞུས། སྤག་ཤོད་ཆོས་རྗེ་རིན་ཆེན་རྒྱ་མཚོ་ལ་བྱང་ཆུབ་ལམ་རིམ་ཆེན་མོའི་སྤྱད་པ་སྤྱི་སློབ་ཡན་གྱི་ལུང༌། འཕགས་པ་ལྷ་བསོད་ནམས་རྣམ་རྒྱལ་བ་ལ་ཆོས་ཀྱི་འགྲེལ་པ་གསན། སྔ་ཕྱི་ཟླ་བ་བཅུ་བཞི་རིང་ལ་ཁམས་སུ་འགྲོ་དོན་རྒྱ་ཆེར་སྤེལ་ནས་སྐྱིད་ཤོད་ཁུལ་དུ་ཕེབས། དགའ་ལྡན་དུ་ཆོས་རྗེ་སངས་རྒྱས་རིན་ཆེན་དང༌། གླིང་སྨད་ཆོས་རྗེ་དོན་འགྲུབ་སེང་གེ་གཉིས་ཀྱི་དྲུང་ནས་མི་བསྐྱོད་པ་དང༌། དུས་ཀྱི་འཁོར་ལོ། ཀུན་རིག་གི་དབང༌། རྗེ་ཙོང་ཁ་པའི་གསུང་འབུམ་སོགས་ཀྱིས་བཀའ་ལུང་མན་ངག་རྒྱ་ཆེར་ཞུས།

དགུང་ལོ་སུམ་ཅུ་པ་ཆུ་སྟག་ ༡༦༠༢ ལོར་སྟག་ཚང་རྭ་བ་སྟོད་ཀྱི་འཆད་ཉན་པའི་མཁན་ཁྲི་ལ་ཕེབས་ནས་སྡེ་བདུན་མདོ་དང་བཅས་པའི་བཤད་པ་རྒྱ་ཆེར་མཛད་པས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱལ་བ་གཉིས་པའི་བསྟན་པ་འཛིན་སྐྱོང་སྤེལ་བས་འགྲན་ཟླ་མེད་པའི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌།

དགུང་ལོ་སོ་གཅིག་པ་ཆུ་ཡོས་༡༦༠༣ལོར་རྭ་བ་སྟོད་སྨད་གཉིས་ཀའི་འཆད་ཉན་པའི་ཁྲིར་ཕེབས། སྣེའུ་གདོང་གོང་མའི་གདན་དྲངས་པ་ལྟར་ཁུལ་དེར་བཀའ་གདམས་གླེགས་བམ་དང་བྱང་ཆུབ་ལམ་རིམ་སོགས་ཀྱིས་ཆོས་སྐོར་རྒྱ་ཆེར་གསུངས། ཇོ་གདན་མཁན་པོ་ལས་བརྒྱད་སྟོང་པའི་ལུང་དང༌། གདུགས་དཀར་གྱི་དབང་གསན། རྒྱལ་མཆོག་ཡོན་ཏན་རྒྱ་མཚོ་འབྲས་སྤུངས་སུ་ཞབས་སོར་འཁོད་སྐབས་སྤྱན་རས་གཟིགས་ཕྱག་བཞི་པ་དང༌། མི་གཡོ་བའི་རྗེ་གནང་གསན། གཙང་ནག་དབུས་སུ་དཔུང་འཇུག་བྱེད་སྐབས། སྐུ་སྲོག་གི་ཉེན་ཁ་ལ་མ་ལྟོས་པ་བར་ཆིངས་མཛད་པས་དབུས་གཙང་གཉིས་ཀ་བདེ་བ་ལ་བཀོད། དགུང་ལོ་བཞི་བཅུ་པ་ཆུ་བྱི་ ༡༦༡༢ ལོར་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དང༌། སྡེ་པ་དགའ་ལྡན་པ་མཆོད་ཡོན་གྱི་བཀའ་དང༌། སྟོད་རྒྱུད་གྲྭ་ཚང་གི་མོས་མཐུན་རྩེ་གཅིག་པ་ལ་བརྟེན་ནས། རྒྱུད་སྟོད་མཁན་ཁྲིར་ཕེབས། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱི་ཞལ་ལུང་ལས་འོང་པའི་བསྐྱེད་རྫོགས་ཀྱི་འཛུབ་ཁྲིད། འགྲེལ་པ་བཞི་སྦྲགས། རིམ་ལྔ་གསལ་སྒྲོན་སོགས་དཔག་པར་དཀའ་བའི་དོན་རྣམས་དཔྱིས་ཕྱིན་པའི་གསུང་བཤད་ཀྱིས་མཁས་པ་རྣམས་ཡིད་རང་དབང་དུ་ཕྲོགས་ཤིང༌། མཉམ་མེད་ཇོ་བོ་ཆེན་པོའི་བསྟི་གནས་ཡེར་པ་ལྷ་རི་སྙིང་པོ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་བྱུང་བའི་དབྱར་ཞལ་བཞེས་དང༌། ཚོགས་པ་མཐའ་དག་འགྲེལ་བཤད་ཉན་པར་འབྱོན་དགོས་པའི་སྒྲིགས་སོགས་ལུགས་གཉིས་ཀྱིས་འཛིན་སྐྱོང་ཕུལ་དུ་བྱུང་བ་མཛད།

སྔོན་རྒྱུད་པ་ཀུན་དགའ་དོན་གྲུབ་ཀྱིས་ཀྱང་སྨོན་ལམ་མཛད་འདུག་པ་ལྟར། རན་འཛད་བྱམས་པའི་དྲུང་དུ་བསྟན་པ་རྒྱས་པའི་སྨོན་ལམ་གནང་བས་ཐུགས་ཀ་ནས་བདུད་རྩིའི་རྒྱུན་དངོས་སུ་བབས། དགུང་ལོ་ཞེ་གསུམ་པ་ཤིང་ཡོས་ ༡༦༡༥ ལོར་རིན་ཆེན་གླིང་གི་མཁན་པོར་ཕེབས། ལོ་དེར་སྐྱིད་ཤོད་དུ་ཕེབས་ནས་པཎ་ཆེན་བསོད་ནམས་གྲགས་པའི་སྐུ་ཕྲེང་གསུམ་པ་སྤྲུལ་པའི་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་ལས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང༌། ཚེ་དཔག་མེད་ལྷ་དགུའི་དབང༌། གུར་མགོན་གྱི་རྗེས་གནང་སོགས་གསན། དགུང་ལོ་ཞེ་དྲུག་པ་ས་རྟ་ ༡༦༡༨ ལོར་སྐྱོར་མོ་ལུང་གི་གདན་སར་ཕེབས་ནས། མཛད་བརྒྱ་དཔག་བསམ་འཁྲི་ཤིང་སོགས་ཀྱི་ཆོས་སྐོར་རྒྱ་ཆེར་གསུངས། དགུང་ལོ་ཞེ་བདུན་པ་ས་ལུག་ ༡༦༡༩ ལོར་གངས་རིའི་ལྗོངས་འདིས་འབྱུང་ཁུངས་གཅིག་པུ་གྱུར་པ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་ཆོས་ཀྱི་གདན་ཁྲིར་ཕེབས་ནས་ས་དགེའི་མཁས་པ་ཤིན་ཏུ་མང་པོ་ཚོགས་པའི་དབུས་སུ་གཞུང་ཆེན་དུ་མའི་བཤད་པ་རྒྱ་ཆེར་མཛད་པས་མཁས་པ་རྣམས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་བྱུང༌། རཏ་ནའི་གཏེར་ལུང་ལས། གསུང་ཕུའི་ཆོས་གྲྭར་འཇམ་དབྱངས་སྤྲུལ་པ་འབྱུང༌། ཅེས་གསུངས་པ་ཡང་རྗེ་འདི་ཉིད་ཡིན་པ་བཤད།

དགུང་ལོ་ཞེ་བརྒྱད་པ་ལྕགས་སྤྲེལ་ ༡༦༢༠ ལོར་གར་མིན་ཡོན་ཏན་གཡུང་དྲུང་གི་གདན་ས་རྫིང་ཕྱི་ཁྲི་ཐོག་ཏུ་ཕེབས། དགུང་ལོ་ཞེ་དགུ་པ་ལྕགས་བྱ་ ༡༦༢༡ ལོར་མཐའ་དམག་ཀླ་ཀློའི་རིགས་ཧོང་ཐའི་ཇི་སོག་དམག་དབུས་སུ་སླེབས་ནས་གཙང་སྲིད་དང་གཡུལ་འཐབ་བྱེད་ཉེ་བ་ན། པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། ལྕང་ལོ་ཅན་པ་ཚུལ་ཁྲིམས་ཆོས་འཕེལ། སྟག་ལུག་ཞབས་དྲུང་ངག་དབང་རྒྱལ། རྗེ་འདི་པ་སོགས་ཀྱིས་བོད་སོག་ཆིངས་མཐུན་མཛད་པའི་བཀའ་དྲིན་ལ་རྟེན་ནས་སྐྱེ་འགྲོ་སྟོང་ཕྲག་དུ་མ་ཚེ་སྲོག་གི་ཉེན་ཁ་ལས་གྲོལ།

དགུང་ལོ་ང་གཅིག་པ་ཆུ་ཕག་ ༡༦༢༣ ལོར་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གི་འཆད་ཉན་གྱིས་མཁན་ཁྲིར་ཕེབས་ཏེ། པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆའི་སྟེང་ནས་དབུ་ཕར་སོགས་གཞུང་ཆེན་ཁག་གི་འཆད་ཉན་རྒྱ་ཆེར་སྤེལ་བ་རྟེན་ནས་ཆོས་སྡེ་འདིར་བཤད་དང་སྒྲུབ་པའི་བསྟན་པ་ཉི་མ་དང་ཟླ་བ་ལྟར་གསལ་བར་བྱས། སྐབས་འགར་ཞལ་ཤོབ་ཀྱི་ཚུལ་དུ་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆའི་བཟུང་མཚམས་འགའ་ཞིག་ལ་ཟུར་ཟ་རེ་གནང་སྟེ། པཎ་ཆེན་བསོད་གྲགས་བཞེངས་ཤིག་ཅེས་གསུངས་པར་ཕོད་ཁང་འཇམ་དབྱངས་གྲགས་པའི་པཎ་ཆེན་ཉིད་ཞལ་བཞུགས་ཡོད་ན་བཞེངས་ངེས་པར་མ་ཟད་ལན་གྱིས་ལྡོག་པ་མི་ནུས་པའི་གསུང་ལན་ཅིས་ཀྱང་གནང་ངེས། ཞེས་ཀྱང་གསུང་སྐུད་དེ་འཕྲོས་གླེང་ཙམ་མོ།

དགུང་ལོ་ང་གསུམ་པ་ཤིང་གླང་ ༡༦༢༥ ལོར་ཤར་པ་ཆོས་རྗེའི་ཡི་ཁྲིར་ཕེབས། ལོ་དེར་གོང་ས་ལྔ་པ་ཆེན་པོས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་དུས་རྗེ་འདི་ཉིད་སློབ་དཔོན་དང་སྒོ་མང་ཞལ་སྔ་ནས་སངས་རྒྱས་བཀྲིས་ཀྱིས་དུས་བསྒོ་བ་མཛད། དེའི་ཕྱི་ལོར་མེ་སྟག་ ༡༦༢༦ ཧོར་ཟླ་ལྔ་པའི་ནང༌། འཇམ་མགོན་རྒྱལ་བ་གཉིས་པའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གསེར་ཁྲིར་ཞབས་སེན་འཁོར་ལོའི་རེ་ཁ་མངོན་པར་བཀོད་དེ། བྱང་ཆུབ་ལམ་གྱི་སྒྲོན་མ་དང་བཀའ་གདམས་གླེགས་བམ་སོགས་ཆོས་ཚུལ་རྒྱ་ཆེར་གསུངས། ལོ་དེའི་ཟླ་བ་གསུམ་པའི་ཚེས་ལྔར་ལྷ་ལྡན་ཇོ་བོའི་མདུན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་ནས་གོང་ས་ལྔ་པ་ཆེན་པོས་དགེ་སློང་གི་སྡོམ་པ་བཞེས་སྐབས་གསང་སྟོན་གནང་དུ་ ༡༧༣། དགུང་ལོ་ང་ལྔ་པ་མེ་ཡོས་ ༡༦༢༧ ལོར་ཆོ་འཕྲུལ་ཆེན་མོའི་ཚོགས་དབུར་ཕེབས་ཏེ་དཔག་བསམ་འཁྲི་ཤིང་དང་སྐྱེས་རབས་སོ་བཞི་པའི་བཤད་པ་རྒྱ་ཆེར་གནང༌། དགུང་ལོ་ང་བདུན་པ་ས་སྦྲུལ་ ༡༦༢༩ ལོར་ལྷོ་ཁ་ཁུལ་དུ་ཞབས་སོར་འཁོད་སྐབས་ཕྱོགས་དེར་ཐན་པ་ཆེན་པོ་བྱུང་བར་རྗེ་འདིས། ཁོ་བོ་པཎ་ཆེན་བྱམས་པ་གླིང་པའི་སྐྱེ་བ་ཡིན་ན། ཆར་ཆེན་པོ་ཕོབ་ཅིག་ཅེས་བདེན་ཚིག་བརྗོད་པས། དེ་ནུབ་ནས་ཆར་རྒྱུན་ཤིན་ཏུ་ཆེན་པོ་འབབ་པ་དང་པཎ་ཆེན་བྱམས་པ་གླིང་པའི་རྣམ་འཕྲུལ་དུ་གྲགས།

དགུང་ལོ་རེ་ལྔ་པ་མེ་གླང་ ༡༦༣༧ ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དངུལ་གྱི་བྱང་ཆུབ་མཆོད་རྟེན་ནོར་བུའི་ཕྲ་ཚོམ་ཅན་གསར་བཞེངས་དང་རབ་གནས་གནང༌། དགུང་ལོ་དོན་གཉིས་པ་ཤིང་སྤྲེལ་ ༡༦༤༤ ལོར་དབང་ཕྱོགས་རྒྱབ་ཁབ་ཀྱི་གན་མཛོད་ལས་བྱུང་བའི་བཟང་གོས་ཡུག་སུམ་ཅུའི་གྲངས་ལྡན་ལས་གྲུབ་པའི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གོས་སྐུ་ཆེན་མོ་གསར་བཞེངས་མཛད། རྗེ་བླ་མའི་གསེར་སྦྱངས་གཙང་མའི་བསྟན་པ་རིན་པོ་ཆེ་འདི་ཉིད་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱ་ཆེར་སྤེལ་བཞིན་མི་ལོ་བཅུ་གཉིས་ཙམ་བསྐྱངས། རབ་བྱུང་བཅུ་གཅིག་པའི་མེ་ཡོས་ ༡༦༢༧ ལོར་ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཡོངས་འཛིན་གནང༌། ྋགོང་ས་ལྔ་པ་ཆེན་པོར་ཕར་ཚད། འདུལ་མཛད། དབུ་མ་སྟེ་གཞུང་ཆེན་ལྔ་ཀའི་ཟབ་ཁྲིད་རྒྱ་ཆེར་མཛད་པར་མ་ཟད་སྡེ་བཞིའི་སྲིད་ཀྱི་སྟངས་འཛིན་ཀྱང་རྒྱ་ཆེར་སྐྱོང་གནང་བས་རྗེ་འདི་ཉིད་ྋགོང་ས་ལྔ་པ་ཆེན་པོ་དང༌། གཞུང་ས་དགའ་ལྡན་ཕོ་བྲང་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བར་མངོན། འཛམ་གླིང་མཛེས་པའི་རྒྱན་གཅིག་གྲུ་འཛིན་གཉིས་པའི་ཕོ་བྲང་པོ་ཏ་ལ་ད་ལྟར་མཐོང་ཆོས་སུ་ཡོད་པ་འདི་ཉིད་ཀྱང་རྗེ་གླིང་སྨད་ཞབས་དྲུང་པ་འདི་ཉིད་ཀྱིས་ྋགོང་ས་ལྔ་པ་ཆེན་པོ་ལ་ཞུ་བསྐུལ་གནང་བ་ལས་ལེགས་གྲུབ་བྱུང་བ་ཡིན་ཏེ།

དེ་ཡང་སྤྱི་ལོ་ ༡༦༤༣ བོད་ཆུ་ལུག་ལོར་ལྔ་པ་ཆེན་པོར་གྲོས་འགོ་ཕུལ་བ་ཞིག་ཡིན་ཏེ། རང་རྣམ་དུ་ཀུའི་གོས་བཟང་ལས་ྋགོང་ས་ཏཱ་ལའི་བླ་མ་མཆོག་སེ་ར་ཐེག་ཆེན་གླིང་དུ་བཞུགས་དུས། གླིང་སྨད་ཞབས་དྲུང་རིན་པོ་ཆེ་གསང་ཕུ་ནས་ཕེབས། སེ་ར་གཟིམ་ཁང་གི་ཐོག་ཏུ་ཞབས་འཆག་སྐབས། གཟིགས་རྟོག་གནང་བའི་རྙིང་མའི་ལུང་བསྟན་འདྲ་ལ་ཡོད་ཟེར་བ་བདེན་མི་བདེན་ཇི་ལྟར་ཡང༌། དམར་ལྕགས་གཉིས་སྦྲེལ་བའི་བཙན་རྫོང་ཤིན་ཏུ་རྒྱ་ཆེ་བ་ཞིག་བྱུང་ན་སེ་འབྲས་གཉིས་དང་ཟུང་དུ་འབྲཻལ་བའི་འཕྲལ་ཕུགས་སུ་བརྟན་བརླིང་ཆེ་ཞིང༌། ཐུགས་རྗེ་ཆེན་པོའི་གནས་ཡིན་པས་མ་ཎི་སྒྲུབ་སྡེ་ཞིག་ཚུགས་ན་མཆོད་ཡོན་གོ་ཤྲི་དང་སྡེ་པར་ཟེར་གཉིས་ཀྱི་སྐུ་སྡིག་སྦྱོང་བ་ལ་ལེགས་ཚུལ་ཕེབས་པར། སོག་པོ་ཡོད་རིང་ནི་སྐྱོན་མི་ཡོང༌། དེ་མིན་རྫོང་ལ་འཕྲ་བའི་ཐུགས་རྩིས་སྡེ་པ་ལའང་ཡོད་མདོག་མ་ཁ་ཞུས་པས། དེ་ལྟར་ན་བདེ་གཟར་འདི་འདྲ་སློང་དོན་ཅི་ཡོད། ཐུགས་ལྷུས་ཐིང་པོ་མཛད་ལོས་དགོས། སྔར་ཡང་བདེ་གཟར་འབྲཻལ་མེད་རེ་བསླངས། མཐའ་མ་ཚེས་པར་བྱང་ལ་བརོས་པས་བསྟན་པ་ལ་ཉམ་ཆག་བྱུང་བ་ཡིན། ད་ཆ་བྱ་བ་འདི་ལ་ཐུག་ཚེ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བསྟན་པ་འདི་ཆུ་ལ་བསྐུར་ན་མི་ཡོང་བས་མ་ལེ་སོར་གསུམ་ཞལ་དུ་བཅུག་ནས་མདུང་ཁྲག་མེད་དུ་མ་ལོག་པ་ཞིག་དགོས་ཞེས་འཕྲལ་ཕུགས་རྒྱང་གསུམ་གྱི་སློབ་སྟོན་རྒྱས་པར་གནང༌། ཆོས་ཕྱོགས་ལ་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པར་མ་ཟད། འཇིག་རྟེན་གྱི་ཆར་ཡང་མེས་པོ་ཚངས་པའི་བློ་གྲོས་ཀྱི་དཔེ་ཟླར་འོས།

ཞེས་བསྔགས་བརྗོད་ཆེན་པོ་མཛད་འདུག་པ་ལྟར་ཐུགས་ལ་བབས་ཏེ་སྡེ་པ་བསོད་ནམས་ཆོས་འཕེལ་དང་བཀའ་གྲོས་མཛད་ནས་སྤྱི་ལོ་ ༡༦༤༥ བོད་རབ་བྱུང་བཅུ་གཅིག་པའི་ཤིང་བྱ་ལོར་རྩེ་ཕོ་བྲང་དཀར་པོའི་རྨང་འདིང་བའི་འགོ་ཚུགས་པ་ཡིན་ནོ། ། འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་བཟང་པོའི་འཕྲིན་ལས་ལ་བརྟེན་ནས་དབུས་གཙང་ཁུལ་གྱི་མཁས་པ་དང་གྲུབ་པའི་སྐྱེས་ཆེན་ཕལ་བོ་ཆེ་རྗེ་འདིའི་ཞལ་སློབ་ཏུ་གྱུར། དགུང་ལོ་དོན་བཞི་པ་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ ༡༦༤༦ ལོ་ཧོར་ཟླ་གསུམ་པའི་ཚེས་གཉིས་ལ་བདེ་ཆེན་གསང་སྔགས་མཁར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། གདུང་རྟེན་དངུལ་གྱི་མཆོད་རྟེན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ལི་མ་ལྷ་ཁང་དུ་ཤར་གྱི་རྟེན་གཙོ་གཡས་ཀྱི་གཉིས་པར་བཞུགས། གསུང་ལས་སྐྱེས་པའི་སློབ་མ་ཡང་ྋགོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་དང༌། ཕོད་ཁང་འཇམ་དབྱངས་བཀྲིས། རྒྱུད་སྟོད་དབུ་མཛད་འོལ་ཁ་རབ་འབྱམས་པ་བྱམས་པ་རྣམ་རྒྱལ། སྒོ་མང་དགེ་བཤེས་དོམ་ཉག་བསོད་ནམས་ཆོས་བཟང༌། འབུར་སྟག་པ་ངག་དབང་དཔལ་བཟང༌། རྟ་ཚག་རྗེ་དྲུང༌། སྤྲུལ་པའི་སྐུ་གྲགས་པ་རྒྱལ་མཚན། ངག་དབང་སྤྲུལ་སྐུ། གཟིམས་ཁང་རབ་འབྱམས་པ་དོན་འགྲུབ་རྒྱ་མཚོ། གླིང་སྟོད་ཆོས་རྗེ། སྐྱེད་ཚལ་མཁན་པོ། སྐྱིད་ཤོད་སྡེ་བ་ཆོས་རྗེ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བསྐྱངས།

དགའ་ལྡན་ཁྲི་ཐོག་སོ་དྲུག་པ་ཀོང་པོ་བསྟན་འཛིན་ལེགས་བཤད་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་སོ་དྲུག་པ་ཀོང་པོ་བསྟན་འཛིན་ལེགས་བཤད་ནི། ཤར་ཕྱོགས་ཀོང་ཡུལ་བཀྲ་ཤིས་རབ་བརྟན་དུ་བལྟམས་ཤིང༌། སྐུ་ན་ཆུང་དུས་ནས་གཙས་བློ་གྲོས་བརྟན་པའི་གདན་ས་དྭགས་པོ་བཤད་སྒྲུབ་གླིང་དུ་སྒྲིག་ཞུགས་གནང༌། ཀ་ཁ་ནས་བཟུང་ཡི་གེ་སྦྱོར་ཀློག་དང་ཆོས་སྤྱོད་ཆོ་ག དབུ་ཕར་སོགས་གཞུང་ཆེན་པོར་སྦྱངས་ཏེ་མཁས་པར་གྱུར། སྐབས་དེའི་དགེ་ལྡན་པའི་གནས་བརྟན་རྒན་གྲས་ཀུན་གྱི་གྲོས་མོལ་གྱིས་དབུས་སུ་གདན་དྲངས་ནས་རྒྱུད་སྟོད་སྨད་དང་ཤར་བྱང་གང་ཡང་མ་བརྒྱུད་པར། རབ་བྱུང་བཅུ་གཅིག་པའི་མེ་གླང་ ༡༦༣༧ ལོར་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲིར་ཞབས་སོར་འཁོད། བཤད་སྒྲུབ་འཁོར་ལོ་གསུམ་གྱི་འཕྲིན་ལས་རྒྱ་ཆེར་འཕེལ་ཡང༌། དེ་སྔོན་་ཀོང་པོའི་གྲྭ་རྒྱུན་རྣམས་དགའ་ལྡན་ཤར་བྱང་གང་མོས་སུ་འཛུལ་ཞུགས་བྱེད་སྲོལ་ལས་ངེས་གཏན་ཐོབ་ཁོངས་ཀྱི་ཀྲིག་ཅར་མེད་པ་དང༌། ཁྲི་ཆེན་འདི་པ་ཡང་ཤར་བྱང་ཐུན་མོང་བ་ཡིན་ཡང༌། བྱང་རྩེ་པ་རྣམས་ཀྱིས་རང་ཁོངས་ཡིན་ཤག་གཞིར་གཟུང་གིས་ཁྲི་པ་འདིའི་རྗེས་ཐོག་ཏུ་ཤར་པ་ནས་ངེས་ཅན་མི་དགོས་ཞེས་སྨྲས་པས། བསྟན་པའི་གད་ཆག་ལྟ་བུས་དགའ་ལྡན་ཤར་འི་དཔུང་གིས་ཁྲི་ནཙན་འཕྲོགས་བྱས་པས། ཤར་བྱང་དབར་འཁྲུགས་པ་ཚབས་ཆེར་ལངས། ཁྲི་པ་རང་ཡང་ཁྲི་མཐའ་མ་འཁྱོངས་པར་ཁམས་དཔལ་འབར་དུ་བྲོས་སྟབས་ཀྱིས་ཕེབས་དགོས་བྱུང༌། རྩོད་སྙོག་འདིའི་ཁ་མ་འདུམ་པར་སྡེ་པ་གཙང་པ་ཀརྨ་བསྟན་སྐྱོང་དབང་པོ་ལ་ཞུས་པས་བརྩད་ཞིབ་ནན་གནང་གིས་ཐག་གཅོད་བཀའ་ལུང་ཕྱིར་ཕེབས་སུ།

ད་ནས་བཟུང་སེར་འབྲས་དགའ་གསུམ་དང༌། མངའ་དྭགས་རྒྱལ་གསུམ་གང་ནས་དགའ་ལྡན་གསེར་ཁྲིར་ཕེབས་ན་ཡང༌། དགའ་ལྡན་ཤར་བྱང་གི་ཁྲིར་བརྒྱུད་དགོས་པ་དང༌། དེ་ཡང་ཤར་བྱང་གི་བླ་མ་རེས་མོས་ཀྱིས་གསེར་ཁྲིར་ཕེབས་བཞུགས་གནང་བ་ལས་ཐད་བརྒལ་དུ་ཕེབས་མི་ཆོག་པ་དང༌། ཁྲིར་ཕེབས་རྗེས་ཁྲི་པ་ལོ་ངོ་བདུན་ངེས་ཅན་དུ་བྱེད་དགོས་པའི་གཏན་འབེབས་གནང༌། དེ་ནས་བཟུང་དགའ་ལྡན་ཕོ་བྲང་གསར་འཛུགས་བྱས་པའི་རྗེས་སུའང་ལུགས་སྲོལ་དེ་བཞིན་རྒྱུན་ཆགས་སུ་གནས་པར་མ་ཟད། རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་དུས་སུ་ལུགས་སྲོལ་དེ་ཉིད་སོར་གནས་ཐོག ། རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་མཁན་བླ་རིམ་པར་བརྒྱུད་དགོས་རྒྱུ་དང༌། སྐབས་མཚམས་སུ་གཞུང་འབྲེལ་བསྐོ་བཞག་བསྐྱངས་ཏེ་ཁྲི་འདོན་དང་པོ་རྒྱལ་བའི་ཕོ་བྲང་ནང་དང༌། དེ་རྗེས་དགའ་ལྡན་དུ་གནང་རྒྱུ་བཅས་ཀྱི་སྲོལ་ཚུགས།

དགའ་ལྡན་ཁྲི་འདོན་གྱི་གོང་དུ་རྩམ་ཐོག་ཅེས་པའི་གྲོང་ཁྱིམ་ཞིག་ཏུ་སྔོན་རྗེ་རིན་པོ་ཆེ་དགའ་ལྡན་དུ་བཞུགས་སྐབས་གསོལ་ཞིབ་འཐག་བྱེད་རང་འཐག་ཆུང་ངུ་བཀོལ་ཟད་ཅན་གཞུང་གི་དམ་འབྱར་མ་ཞིག་ཡོད་འདུག་པ་དུས་དེར་གཞུང་ནས་ཆེད་བཏང་གི་འབྲུ་ཡོས་ཚད་ཅན་འཁྱེར་བའི་རྩེ་ཞབས་ཀྱིས་དམ་ཕྲུག་བཤིགས་ཏེ། ཁྲི་ལས་ཐོག་པས་ཕྱག་བསྟར་གྱིས་གསོལ་ཞིབ་བཏགས་པར་མང་ཉུང་ཇི་ཐོན་གྱིས་རྟགས་དང་མཚན་མ་བཟང་ངན་གྱི་རྟེན་འབྲེལ་རྟོག་སྲོལ་ཡང་དུས་སྐབས་དེར་བྱུང་བར་སྣང་ངོ༌། ཁྲི་ཆེན་འདི་ཉིད་ཀྱི་དོན་སྐྱོན་ལས་དགའ་ལྡན་ཤར་བྱང་འཁྲུགས་རྗེས་ཀོང་པོ་བ་རྣམས་བྱང་རྩེའི་ཁོངས་སུ་ངེས་པར་བྱས་པས་ད་ལྟའི་བར་དེ་བཞིན་གནས། ཁྲི་ཆེན་འདི་ཉིད་ཁམས་དཔལ་འབར་དུ་བྲོས་བྱོལ་དུ་ཕེབས་པའི་རྗེས། ཁུལ་དེར་བསྟན་པའི་བྱ་བ་རྒྱ་ཆེར་སྤེལ་བཞིན་གཞིས་དགོན་དེར་རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ་༡༦༤༡ལོར་སྐུ་ཚེ་འཕེན་པ་ཡོངས་སུ་རྫོགས། གདུང་རྟེན་མཆོད་སྡོང་ཁམས་ཀྱི་དཔལ་འབར་དགོན་དུ་བཞུགས། དགའ་ལྡན་ཁྲི་རྣམ་འགའ་ཞིག་ཏུ་འདིས་སྤྱི་ལོ་༡༦༣༢ ནས་ ༡༦༣༧བར་དགའ་ལྡན་ཁྲི་འཛིན་གནང་ཚུལ་དང༌། ཡང་ཁ་ཅིག་གིས་སྤྱི་ལོ་༡༦༣༨ ནས་ ༡༦༤༣བར་ཁྲི་འཛིན་གནང་ཚུལ་འཁོད་འདུག་པ་གཉིས་ཀ་ྋགོང་ས་ལྔ་པས་མཛད་པའི་འཇམས་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་གྱི་རྣམ་ཐར་དང་དུ་ཀུ་ལའི་གོས་བཟང་གླེགས་བམ་དང་པོ། སྡེ་སྲིད་ཀྱི་བཻ་སེར་བཅས་ལ་ཞིབ་ཏུ་གཟིགས་ན་ཁུངས་ལུང་རྣམ་དག་མེད་པ་ཤེས་ཐུབ་པ་ཡིན།

དགའ་ལྡན་ཁྲི་ཐོག་སོ་བདུན་པ་ཆོས་རྗེ་དགེ་འདུན་རིན་ཆེན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་སོ་བདུན་པ་ཆོས་རྗེ་དགེ་འདུན་རིན་ཆེན་ནི། མདོ་ཁམས་དང་རྒྱའི་ས་མཚམས་འཇང་ཞབས་སུ་འཁྲུངས། སྐུ་ན་ཆུང་དུས་ནས་དབུས་འགྱུར་ཆོས་ཀྱི་ཞིང་ས་བཤད་སྒྲུབ་འཆད་ཉན་གྱི་ཆུ་བོ་ཆེན་པོ་འདུ་བའི་སྨན་ལྗོངས་བོད་ཡུལ་དུ་ཕེབས། སེ་ར་སྨད་སྤོམ་ར་ཁང་ཚན་དུ་ཞུགས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་འགྲན་ཟླ་མེད་པའི་མཁས་པར་བསླབས། རྒྱུད་སྟོད་དུ་སྔགས་ཀྱི་ཐུགས་གཉེར་དཔྱིས་ཕྱིན་པར་མཛད་དེ། རྒྱུད་སྟོད་དང༌། ཤར་རྩེ་རིམ་པ་རྒྱུད་ནས་རབ་བྱུང་བཅུ་གཅིག་པའི་མེ་གླང་ ༡༦༣༧ ལོར་ཀོང་པོ་བསྟན་འཛིན་ལེགས་བཤད་གསེར་ཁྲིར་བཞུགས་བཟོད་མ་བདེ་བར་ཁམས་དཔལ་འབར་དུ་ཕེབས་པའི་ཤུལ་དགའ་ལྡན་གྱི་ཁྲི་ཚབ་བྱས་ཏེ་མི་རིང་བར་ཁྲི་ཆེན་བསྟན་འཛིན་ལེགས་བཤད་ཁམས་ནས་ཞི་བར་གཤེགས་པ་དང༌། དགའ་ལྡན་ཁྲི་བ་དངོས་ཀྱི་མཚན་གནས་འཆང༌། ཁྲི་རྣམ་གཞན་དང་གཞན་དུ་འདི་ཉིད་སྤྱི་ལོ་ ༡༦༤༤ ནས་ ༡༦༤༨ ཁྲི་པ་གནང་ཚུལ་དང༌། ཁ་ཅིག་གིས་སྤྱི་ལོ་ ༡༦༣༧ ནས་༡༦༤༡ བར་ཁྲི་པ་གནང་ཚུལ་འཁོད་པ་གཉིས་ཀའི་ཁུངས་མ་དག་པར་སེམས། དེ་ཡང་ཁྲི་ཆེན་གོང་མ་ཀོང་པོ་བསྟན་འཛིན་ལེགས་བཤད་གློ་བུར་གསེར་ཁྲི་ལས་བྱོལ་ནས་བྲོས་བྱོལ་དུ་ཕེབས་པའི་རྒྱུད་རིམ་ལ་ཞིབ་འཇུག་གནང་ན་ཤེས་ཐུབ་པ་ཡིན། ཁ་གསལ་དུ་བཏང་ནས་བཤད་ན་སྤྱི་ལོ་ ༡༦༣༧ ནས་ ༡༦༤༡བར་མི་ལོ་ལྔའི་རིང་ཁྲི་ཚབ་དང༌།

དེ་ནས་སྤྱི་ལོ་ ༡༦༤༢ ནས་ ༡༦༤༨ བར་ལོ་ངོ་བདུན་གྱི་རིང་ལ་ཁྲི་པ་དངོས་གནང་བར་སེམས་ཏེ། དེ་ལྟར་བྱས་ན་ལྔ་པ་ཆེན་པོའི་དུ་ཀུ་ལའི་གོས་བཟང་གླེགས་བམ་དང་པོ་ལས། ཆུ་རྟ་ ༡༦༤༢ ཧོར་ཟླ་དྲུག་པའི་ཚེས་གཅིག་ལ་སེ་ར་ཐེག་ཆེན་གླིང༌། རྒྱད་སྟོད་པ། རྨི་རུ་བ་སོགས་ཀྱི་སེར་སྦྲེང་དང་བྲོ་གཞས་ཀྱི་རྩེད་སྣ་མང་པོས་མདུན་བསུས་ཀླུ་ཕུག་གླིང་ཁར་ཕྱིན་ཏེ་སྒར་བྱས་ནས་ཞག་བཅོ་ལྔ་ཙམ་བསྡད། མཆོད་ཡོན་ཐུན་མོང་ནས་སེར་གསོག་ཆེན་མོ་ཞིག་མཛད། དགའ་ལྡན་གྱི་ཁྲི་རིན་པོ་ཆེ་ལྗངས་རམས་པས་དབུ་གནང་རྩེ་ཤར་གཉིས་དང་བཅས་པ་ཕེབས། བཞུགས་གྲལ་གྱི་སར་ཁྲི་རིན་པོ་ཆེས་རྒྱལ་པོ་ལ་བསྟན་པ་བཟུང་བའི་བསྔགས་བརྗོད་ཅུང་ཟད་དང་ཤར་བ་ཟུར་བཞུགས་དབོན་པོར་གྲགས་པས་དབུགས་དབྱུང་རྒྱ་ཆེར་མཛད། ཅེས་གསུངས་པ་དང་ཡང་མཐུན་པར་སྣང་ངོ༌། །

འདི་ཉིད་ཁྲི་ཚབ་དང་ཁྲི་པ་གནང་པའི་དབུས་གཙང་དབར་སྡེ་གཟར་སྔ་ཕྱི་སྟུད་མར་བྱུང་འདུག་སྟེ། སྡེ་ ༨༥༢ མེ་གླང་༡༦༣༧ལོར་སོག་རིགས་གུ་ཤྲིས་ཆ་ཧར་ཆོག་ཐུ་རྒྱལ་པོ་བཅོམ་ནས་མཚོ་སྔོན་ཡོངས་རྫོགས་དབང་བསྒྱུར་བྱས། དེ་རྗེས་ཁམས་སུ་བཙན་འཛུལ་བྱས་ཏེ་བེ་རི་རྒྱལ་པོ་གཏོར་ཕམ་གཏོང་ནས་ཁམས་ཀྱི་ས་གནས་ཡོངས་རྫོགས་བཟུང་བྱས་ཏེ་ཁྲལ་ཁུར་འུལ་རྒྱུག་གིས་གནར་གཅོད་ཚབས་ཆེར་གཏོང༌། དེ་རྗེས་དབུས་སུ་དཔུང་བཏེགས་ཏེ་སོག་པོའི་བསླུ་བྲིད་འོག་དབུས་སོག་སེར་འབྲས་མཉམ་སྡེབ་ཀྱིས་གཙང་སྲིད་ལ་རྒོལ་འཛིངས་ཤུགས་ཆེར་བྱས་ཏེ་དབུས་གཙང་གི་བོད་འབངས་ཁྲི་ཁྲག་མང་པོའི་ཚེ་སྲོག་ལ་གད་ཆག་བྱུང༌། མཐར་དབུས་ ༡༦༤༢ ལོར་སོག་དམག་གིས་གཞིས་ཀ་བསམ་འགྲུབ་རྩེ་ཡོངས་སུ་བསྐོར་ཏེ། སྲིད་གཞུང་སོག་དམག་གི་ལག་འོག་ཏུ་ཤོར། མི་དབང་ཀརྨ་བསྟན་སྐྱོང་དབང་པོ་དང་བློན་པོ་རྟ་ནག་འོ་རློན་པ་སོགས་དཔོན་གཡོག་ཉུང་ངུ་བཅས་བྲོས་བྱོལ་གྱིས་གབ་ཡིབས་བྱས། རྒྱལ་དབང་ཀརྨ་པ་དང་ས་སྐྱ་གོང་མས་བར་དཔང་གནང་ནས་ས་སྐྱོང་ཆེན་པོ་སོག་ཇག་གི་ལག་འོག་ནས་སྲོག་ཁྲིམས་ལས་ཐར་བར་བྱ་རྒྱུའི་གན་རྒྱ་ཡི་གེ་བྱས་ཀྱང༌། སྡེ་པ་བསོད་ནམས་རབ་བརྟན་པའི་ངན་ཇུས་ཀྱིས་ཀོང་པོ་ཇ་མ་ཆོས་དབྱིངས་ཟེར་བའི་གའུའི་ནང་ཀརྨ་པའི་ཕྱག་བྲིས་དམ་འབྱར་མར་སེར་འབྲས་མིང་མེད་དུ་གཏོར་རྒྱུ་དང༌། རྒྱལ་བ་ཡབ་སྲས་ཀོང་པོར་བཟང་བཙོན་དུ་འཇུག་རྒྱུ་ཡིན་ཚུལ་གྱི་ཡི་གེ་རྫུན་མ་བྱས་ཏེ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་ལ་ཕུལ་བས། རྐྱེན་དེས་རྒྱལ་པོས་གན་རྒྱ་ལ་མ་རྩིས་པར་གཙང་རྒྱལ་དཔོན་བློན་རྐྱེན་ལམ་དུ་བཏང༌།

བཀའ་བསྟན་ཆགས་འཇིགས་ལ་གྱར་ཞིང་རྒྱལ་དབང་ཀརྨ་པ་ཡབ་སྲས་དབུས་སུ་བཞུགས་བཟོད་མ་བདེ་ནས་འཇང་ཡུལ་དུ་བྲོས་དགོས་པ་སོགས། ༧༣༠ མདོར་ན་སྔ་ཕྱི་ལོ་ངོ་བཅུ་གཉིས་རིང་དགའ་ལྡན་གསེར་ཁྲི་ལ་བཞུགས་རིང༌། དབུས་གཙང་གི་སྡེ་གཟར་ཁྲོད་བདུད་ཀྱི་ཆོ་འཕྲུལ་སྙིང་ལ་ཞུགས་པའི་སྡེ་པ་དང་མཛད་པ་དེ་དག་གི་ལག་ཆར་མ་སོང་ཞིང༌། སོག་རིགས་དཔོན་པོ་དག་ལ་ངོ་དགའ་དང་མཇལ་ཁ། འབུལ་ཚན་སོགས་སྣ་གཅིག་ཀྱང་གནང་རབས་ཀྱི་ལོ་རྒྱུས་ཚིག་འབྲུ་གཅིག་ཀྱང་མེད་པས་སུས་ཀྱང་གཡོ་བ་མེད་པར་གསེར་གྱི་རི་བོ་དང་འོ་མའི་རྒྱ་མཚོ་ལྟ་བུའི་བབ་བརླིང་བརྟན་གསུམ་གྱི་རྣམ་ཐར་བཟང་པོ་བདག་གིར་བསྐྱངས་འདུག་པ་འདི་ནི་ཆོས་གོས་འོག་ནས་ཆབ་སྲིད་ཀྱི་དུག་མདའ་འཕངས་ནས་བོད་ཀྱི་བསྟན་སྲིད་རྗེ་འབངས་དང་བཅས་པ་ཉམས་ཉེས་པའི་གནས་ལ་བཀོད་མཁན་ལ་བསྟན་འཛིན་སྐྱེས་ཆེན་གྱི་མཚན་བསྟོད་ཕུལ་བ་དག་དང་མི་འདྲ་བར་ངེས་དོན་གྱི་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཉིད་དུ་འཁུམས་སོ། ། དེ་ལྟར་ཁྲི་ཚབ་ལོ་བཞི་དང་ཁྲི་པ་ལོ་ངོ་བརྒྱད་དེ་སྔ་ཕྱིར་གསེར་ཁྲི་ལ་ལོ་ངོ་བཅུ་གཉིས་བཞུགས་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་བཞིན་པའི་མུར་རབ་བྱུང་བཅུ་གཅིག་པའི་ས་བྱི་༡༦༤༨ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

ཁྲི་ཐོག་སོ་བརྒྱད་པ་དྭགས་པོ་བསྟན་པ་རྒྱལ་མཚན་

[རྩོམ་སྒྲིག]

ཁྲི་ཐོག་སོ་བརྒྱད་པ་དྭགས་པོ་བསྟན་པ་རྒྱལ་མཚན་ནི། དྭགས་ཡུལ་གྲོ་མདར་འཁྲུངས། སྐུུ་ན་ཆུང་དུས་ནས་ཤར་ཕྱོགས་བསྟན་པའི་སྒྲོན་མེ་དྭགས་པོ་གྲྭ་ཚང་དུ་མདོ་ཕྱོགས་པོད་ལྔའི་གཞུང་ལུགས་ལ་མཁས་པ་བསླབས། དེ་ནས་དཔལ་ལྡན་སྨད་རྒྱུད་དུ་གསང་བ་སྔགས་ཀྱི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་བྱང་ཞིང་ཆུབ་པར་མཛད། རྒྱུད་སྨད་བླ་མ་དང་མཁན་ཁྲི། བྱང་རྩེ་རིམ་པ་བཞིན་ཕེབས། དུ་ཀུ་ལའི་གོས་བཟང་༡ ༢༢༦ ལས། སྤྲེལ་ ༡༦༤༤ ལོར་ལྷ་རྩེ་སྐུ་སྐྱེ་ལྷོ་བྲག་ལྷ་ཁང་གི་དེ་ཡིན་པའི་ཕྱོགས་ཀྱིས་འབྲུག་པ་ནང་ཁུལ་དུ་སྔར་གྱི་སྲི་ངན་ལྡང་གྲབས་ཀྱིས་འཐེན་ཁྱེར་སྐབས་ནས་ལྷ་རྩེ་སྤྲུལ་སྐུ་ལྷ་སར་འབྱོར་བའི་བརྟག་པ་དགོས་ཚུལ་བྱུང་བ་སྐུ་སྐྱེའི་རིགས་འདི་མོ་ཕྱྭས་ནི་མི་ཐིངས། ཐུགས་དམ་གྱི་བརྟག་པ་ནི་རི་བོང་གི་རར་འདུག ལན་ཅི་འདྲའི་བཏབ་པ་དགའ་སྙམ་ཙ་ན་དེ་ནུབ་རྨི་ལམ་དུ་དགའ་ལྡན་ཁྲི་རིན་པོ་ཆེ་ཆོས་རྒྱལ་བཀྲ་ཤིས་ཡིན་ཁུལ་ཞིག་གིས་ཕུར་པའི་ཀ་མ་རུ་པའི་རྡོ་ལས་གྲུབ་པ་ཞིག་གཏད་བྱུང་བ་པད་གདན་གྱི་ངོས་ལ་ལྷ་བྲག་ལྷ་ཁང་གི་གཏེར་ཡིན་ཞེར་བའི་ཡི་གེ་སྣང༌། བླ་མ་དེས་རྡོ་འདི་ཁྲོ་དྲགས་ནས་ཆག་དོགས་འདུག་གསུངས། དེ་གའི་མུས་ལ་སེམས་ཉིད་ངལ་གསོར་གྱུར་པ་ཞིག་བྱུང་བ་ཡི་དམ་ཕུར་པ་ལ་མོས་པའི་བག་ཆགས་ཡིན་ཤས་ཆེ་རུང་གཅང་པ་རྒྱ་རས་སྤྱན་རས་གཟིགསཀྱི་སྤྲུལ་པ་བྱེད་འདུག་པས་སྐུ་སྐྱེས་རྟགས་དང་ངེས་འཛིན་ཡང་རྫུན་དུ་མི་འགྲོ་བ་འདྲ་བསམས། ལྷ་ཁང་གི་དེ་ཡིན་ཤས་ཆེ་ཞེས་ལན་བཏབ། ཞེས་གོང་ས་ལྔ་པའི་གཟིམས་ལམ་དུ་རྗེ་འདིས་གཟིགས་སྣང་གིས་ལྷ་རྩེ་སྐུ་སྐྱེ་གང་ཡིན་ངོས་འཛིན་གྱི་ལུང་བསྟན་གནང་ཚུལ་གསུངས་པར་དཔག་ན་ས་ལམ་གྱི་རྟོགས་པ་མཐོན་པོར་བསྙེགས་པའི་སྐྱེས་ཆེན་དམ་ཞིག་ཏུ་མ་ཟད་གོས་ས་ལྔ་པ་ཆེན་པོ་དང་ཐུགས་སྣང་ཤིན་ཏུ་གཤིན་པའང་དཔོག་ནུས་སྙམ། དགའ་ལྡན་ཁྲི་ཐོག་བརྒྱ་པ་ཆོས་རྗེ་བློ་བཟང་ཉི་མས་རྒྱུད་སྨད་གཡའ་དག་འཕྲུལ་གྱི་མེ་ལོང་ལས། ཁྲི་ཆེན་འདིའི་མཚན་ལ་ཆོས་རྒྱལ་བཀྲ་ཤིས་ཞེས་ཀྱང་འབྱུང་བ་དག་མིན་བརྟག་དགོས་གསུངས་འདུག་པར་དག་པའི་ཁུངས་སུ་དུ་ཀཱུ་ལའི་ལུང་འདི་ལ་བརྟེན་ནས་ཤེས་ཐུབ། རབ་བྱུང་བཅུ་གཅིག་པའི་ས་བྱི་ ༡༦༤༨ ལོར་གསེར་ཁྲིར་འཁོད་དེ་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་པའི་མུར་ལོ་དེ་ག་རང་ལ་སྐུ་ཞི་བར་གཤེགས།

དགའ་ལྡན་ཁྲི་ཐོག་སོ་དགུ་པ་དཀོན་མཆོག་ཆོས་བཟང་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་སོ་དགུ་པ་དཀོན་མཆོག་ཆོས་བཟང་ནི། སྟོད་ལུང་གི་སའི་ཆར་སྐུ་འཁྲུངས། ཆུ་བཟང་དགོན་དུ་བསྟན་པ་རིན་པོ་ཆེའི་སྒོར་ཞུགས། སྐུ་ན་སོན་པ་དང་དཔལ་ལྡན་འབྲས་སྤུངས་ཀྱི་བཀྲ་ཤིས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་འདུལ་མངོན་དབུ་ཕར་བཅས་ལ་གཞན་དྲིང་མི་འཇོག་པའི་མཁས་པར་བསླབས། ཆུ་གླང་ ༡༦༢༥ ལོ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། གཙུག་ལག་ཁང་གི་མཎྜལ་ར་བའི་མཆོད་ཁང་དུ་ཞལ་གཟིགས་པའི་ཁྲི་གསུམ་གཤིབས་ཀྱི་དབུས་སློབ་དཔོན་པཎ་ཆེན་རིན་པོ་ཆེ་བློ་བཟང་ཆོས་རྒྱན་དང༌། དེའི་གཡས་སུ་རྒྱལ་དབང་ལྔ་པ་ཆེན་པོ་སྐུ་ན་ཆུང་དུས་ གཡོན་དུ་དགའ་ལྡན་ཁྲི་ཐོག་སོ་ལྔ་པ་གླིང་སྨད་ཞབས་དྲུང་འཇམ་དབྱངས་བླ་མ་དཀོན་འཕེལ། དེའི་གཡོན་དུ་གཟིམས་ཁང་གོང་སྤྲུལ་པའི་སྐུ་རིན་པོ་ཆེ་གྲགས་པ་རྒྱལ་མཚན་བཅས་དགེ་ལྡན་པའི་ཁྲི་ཡོད་བླ་ཆེན་ཁག་གིས་གཙོས་བོད་སོག་གསུམ་གྱི་སྐྱེ་བོ་ཁྱིམ་པའི་ཁྲོམ་སྐོར་ལམ་གྱི་ས་བཀབ་པ་ལྟ་བུ་དང༌། གདན་ས་ཁག་གི་དགེ་འདུན་སྟོང་ཕྲག་དུ་མ་ཚོགས་པའི་དབུས། ཆུ་བཟང་པ་དཀོན་མཆོག་ཆོས་བཟང་འདི་ཉིད་དང༌། བློ་གསལ་གླིང་གི་འབུར་སྟག་པ་ངག་དབང་དཔལ་བཟང༌། བཀྲིས་སྒོ་མང་གི་དོམ་བསྙག་པ་བསོད་ནམས་ཆོས་བཟང༌། བསམ་བློ་ལྡན་མ། དྭགས་པོ་དཀའ་བཅུ་བཅས་རབ་འབྱམས་པའི་གྲྭ་སྐོར་མཛད།

རིགས་པ་སྨྲ་བ་བརྒྱ་ཕྲག་བརྒལ་བར་ལུང་རིགས་ཀྱི་བགྲོ་གླེང་རྒྱ་ཆེར་ཕུལ་བར་དཀའ་གནད་ཕྲ་རགས་ཀུན་ལ་ཆགས་ཐོག་མེད་པའི་གསུང་ལན་གནང་བ་ལ་བརྟེན་མཁས་པའི་མཚན་སྙྙན་གང་སར་བརྡལ། ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་གཞུང་ལུགས་རབ་འབྱམས་སྨྲ་བའི་གྲྭ་སྐོར་མཛད་པ་མཁན་ཚོའི་མཚན་སྙན་རྒྱས་པའང་འདི་ནས་མགོ་བཙུགས་སོ་སྙམ། རྒྱུད་སྟོད་དུ་རྡོ་རྗེ་ཐེག་པའི་སྐོར་གྱི་ཐུགས་གཉེར་མཛད། སྟོད་རྒྱུད་དང༌། ཤར་རྩེ་རིམ་པར་བརྒྱུད་ནས་རབ་བྱུང་བཅུ་གཅིག་པའི་ས་བྱི་ ༡༦༤༨ ལོར་ཁྲི་ཆེན་དྭགས་པོ་བ་གློ་བུར་ཞི་བར་གཤེགས་པའི་ཚབ་ཏུ་འཇམ་མགོན་བླ་མའི་གདན་སར་ཕེབས། ༡༦༥༣ ཧོར་ཟླ་བཅུ་པའི་ཚེས་བཅུ་དྲུག་ལ་གོང་ས་ལྔ་པ་སྟོན་འཁོར་རྒྱ་ནག་ནས་དབུས་སུ་ཕྱིར་འཁོར་སྟེ་སྐྱིད་ཤོད་དུ་ཐེགས་པར་ཁྲི་ཆེན་འདི་ཉིད་དང༌། ཤར་ཆེན་འཇམ་དཔལ་དབྱངས་བྱམས་པ་རྣམ་རྒྱལ། གདན་ས་གསུམ་གྱི་གྲྭ་ཚང་ཁག་གི་མཁན་སློབ་སྣ་ཆེན་བརྒྱད་སོགས་ཕེབས་བསུར་བཅར། ཕན་ཚུན་ཐུགས་སྣང་ཤིན་ཏུ་གཤིན་པའི་གསུང་གླེང་གནང༌།དུ་༡ ༤༣༥ ལོ་བདུན་གྱི་བར་ཆོས་འཁོར་བསྐོར།

ཁྲི་ལས་ཟུར་ནས་རབ་བྱུང་གཅིག་པའི་ཤིང་རྟ་༡༦༥༤ལོའི་དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་རླུང་འཚུབ་ཤིན་ཏུ་ཆེ་བའི་རྐྱེན་གྱིས་སེར་འབྲས་སོགས་རི་འདབས་སུ་ཡོད་པའི་དགོན་སྡེ་ཁག་གིས་གླིང་མེ་སྤར་མ་ཐུབ་ཅིང༌། དགའ་ལྡན་ཁང་གསར་དུ་གླིང་མེ་ལྟ་ཞོག་མཆོད་ཀོང་རྣམས་ཀྱང་རླུང་འཚུབ་ཀྱིས་ཁྱེར་བའི་རྟེན་འབྲེལ་ཉེས་པ་བྱུང་བ་ནི། བོད་ཁམས་སྤྱིའི་ལོ་ཏོག་ལེགས་ཉེས་ལ་བལྟ་བར་གྲགས་པ་དོན་ལ་གནས་མིན་ཇི་ལྟར་ཡང་ཞྭ་སེར་ཅོད་པན་འཆང་པ་རྣམས་ཀྱི་ལེགས་ཉེས་ངེས་པར་བསྟན་པ་ཞིག་སྣང་ཞེས་གོང་ས་ལྔ་པའི་རང་རྣམ་དུ་ཀུ་ལའི་གོས་བཟང་དུ་གསུངས་པ་ལྟར། ལོ་དེའི་བོད་ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན་དགེ་ལྡན་པའི་སྦྱིན་བདག་སོག་རིགས་གོ་ཤིའ་བསྟན་འཛིན་ཆོས་རྒྱལ་ཞེས་བསྙད་པ་དེ་ཉིད་ཚེ་ལས་འདས་པར། ྋགོང་ས་ལྔ་པ་ཆེན་པོས་ཐུགས་བརྩེ་བ་ཆེན་པོས་འཕོ་བ་གནང་ཡང་ཁོ་བ་སྡིག་སྒྲིབ་ཤིན་ཏུ་ཆེ་བས་རྟགས་འཐོན་པ་མ་བྱུང་བར་རང་མར་བཞག་པའི་རོ་དེ་ཉིད་ཕྱི་ལོའི་༡༦༥༥ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། ྋགོང་ས་ལྔ་པ་ཆེན་པོས་འཇིགས་བྱེད་བཅུ་གསུམ་མའི་སྒོ་ནས་རབ་གནས་འབྲིང་པོའི་ཆོ་ག་ཚང་བ་བྱས། དེ་དང་དུས་མཚུངས་སུ། །དགའ་ལྡན་ཁང་གསར་དུ་དགའ་ལྡན་ཁྲི་ཟུར་དཀོན་མཆོག་ཆོས་བཟང་རིན་པོ་ཆེ་འདི་ཉིད་ཕེབས་ཏེ་ཞུགས་འབུལ་དང་སྦྲགས་ཐུགས་སྨོན་རྒྱ་ཆེར་གནང༌། ཚེས་ཉེར་བདུན་ཉིན་ལྔ་པ་ཆེན་པོ་གྲོང་སྨད་མཆོད་ཁང་ནས་འབྲས་སྤུངས་སུ་འབྱོར་ནས་ཁྲི་ཟུར་རིན་པོ་ཆེ་འདི་ཉིད་དང་འཇལ་འཕྲད་གསུང་གླེང་གནང་ཚུལ་ཡང་དུ་ཀུ་ལའི་གོས་བཟང་དུ་གསལ།

ལྕགས་བྱི་༡༦༦༠་ལོའི་སྨོན་ལམ་ཆེན་མོའི་སྐབས་ལྔ་པ་ཆེན་པོ་མཛད་བྲེལ་ཆེ་བ་དང་ཁྲི་ལས་ཐོག་པ་མངའ་རིས་བ་དཔལ་ལྡན་རྒྱལ་མཚན་ཕྱོགས་ཕེབས་ལ་བརྟེན། རྗེ་འདི་ཉིད་སླར་ཡང་དགའ་ལྡན་གསེར་ཁྲི་ཐོག་ཕེབས་ནས་སྨོན་ལམ་ཚོགས་དབུ་གནང༌། སྐྱེས་རབས་དང་ལམ་རིམ་གྱི་ཆོས་བཀའ་རྒྱ་ཆེར་བསྩལ་བ་དང༌། རིན་ཆེན་གླིང༌། གསང་སྔགས་མཁར་སོགས་སུ་འགྲོ་བའི་དོན་རླབས་པོ་ཆེ་མཛད་པས་མཚོན། འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་འདི་ཉིད་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བླ་ན་བཏེགས། གཞན་ཡང་སྡེ་པ་ནོར་བུའི་སྡེ་གཟར་དང་ལྔ་པ་ཆེན་པོའི་དབར་འཆིང་འདུམ་གང་དྲག་ཞུས་པ་སོགས་འཇིག་རྟེན་ལུགས་ཀྱི་གཟིགས་པ་ཡང་ཤིན་ཏུ་དཀྱེལ་ཆེ་བ་ངེས་ཏེ། མཐར་དགུང་ལོ་གྱ་བདུན་པར་རྒྱལ་བ་འཇམ་དཔལ་སྙིང་པོའི་དྲུང་དུ་གཤེགས་པའི་སྐུ་གདུང་དངུལ་གྱི་ཆོ་འཕྲུལ་མཆོད་རྟེན་ལི་མ་ལྷ་ཁང་ཤར་གྱི་གཙོ་བོའི་གཡོན་གྱི་དང་པོ་ན་བཞུགས་སོ།།

དགའ་ལྡན་ཁྲི་ཐོག་བཞི་བཅུ་པ་མངའ་རིས་པ་དཔལ་ལྡན་རྒྱལ་མཚན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བཞི་བཅུ་པ་མངའ་རིས་པ་དཔལ་ལྡན་རྒྱལ་མཚན་ནི། སྟོད་མངའ་རིས་ཀྱི་ཆ་སྤི་ཏི་གྲང་མཁར་དུ་བལྟམས། སྔོན་གྱི་བག་ཆགས་བཟང་པོ་ཡོངས་སུ་སད་དེ་བསྟན་པའི་འབྱུང་ཁུངས་དབུས་ཕྱོགས་སུ་ཕེབས། ཆོས་འཁོར་རྒྱལ་གྱི་གྲྭ་ཚང་ལྔའི་ནང་ཚན་མཁས་མང་ངང་པ་འདུ་བའི་མཚོ་ཆེན་པོ་མངའ་རིས་གྲྭ་ཚང་དང༌། རྒྱུད་སྨད་དུ་མདོ་སྔགས་ཀྱི་ཐུགས་གཉེར་ཡང་དག་པར་མཛད། རྒྱུད་ཀྱི་འཆད་ཉན་དང༌། བྱང་རྩེ་ནས་རིམ་པ་བཞིན། རབ་བྱུང་བཅུ་བཅུ་གཅིག་པའི་ཤིང་རྟ་༡༦༥༤ལོར་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་གསེར་ཁྲིར་ཕེབས། མེ་སྤྲེལ་༡༦༥༦ཧོར་ཟླ་དང་པོའི་ཚེས་ཉེར་དགུ་ཉིན་ྋགོང་ས་ལྔ་པ་ཆེན་པོ་ཟུར་ཆོས་དབྱིངས་རང་གྲོལ་པས་ཚལ་ཆོས་ཁྲི་བླ་བྲང་དུ་གདན་དྲངས་པའི་ཞོར་ལ་ཁྲི་རིན་པོ་ཆེ་འདི་ཉིད་ཀྱིས་བདེ་ཆེན་གསང་སྔགས་མཁར་དུ་གདན་དྲངས་ནས། དེ་གའི་འདུས་དམངས་ལ་དགའ་ལྷ་དང་འབྲེལ་བའི་དམིགས་བརྩེ་མའི་ལུང་ཞུས།

རྟེན་གཙོ་རན་ཛབ་བྱམས་པར་སྨོན་ལམ་འདེབས་གསོལ་ཞུས་པ་ལྟར་གནང༌། མེ་སྦྲུལ་༡༦༥༧ཧོར་ཟླ་དང་པོའི་ནང་ཁྲི་རིན་པོ་ཆེ་འདི་ཉིད་དང་ཤར་བྱང་གི་ཆོས་རྗེ། འབྲས་སེར་དགའ་གསུམ་གྱི་མཁན་ལས་འདུས་སྡེ་དང་བཅས་པ་སྤྱི་མགྲིན་ནས། ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་དུ་རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་ཚེ་ཡུན་དུ་བརྟན་པའི་ཆེད་བརྟན་བཞུགས་གསོལ་འདེབས་ཀྱི་འབུལ་བ་གཏོས་ཆེན་བཏེགས་པས་ལྔ་པ་ཆེན་པོའི་སྐུ་ཚེ་བར་ཆད་སེལ་བའི་རྟེན་འབྲེལ་ལེགས་པར་བྱུང་སྣང་སྟེ། དུ་ཀུ་ལའི་གོས་བཟང་ལས། ལོ་ཆེན་པོ་སོན་ཀྱང་བྱིང་གི་དངོས་པོ་བསྟར་ཏེ་དུས་ཀྱི་ཕོ་ཉ་ལས་རྒྱལ་བའི་རྟེན་འབྲེལ་བསྒྲིགས་ཞེས་གསུངས་པས་སོ། ། རྒྱུན་ལྡན་སྨོན་ལམ་ཚོགས་དབུར་རྒྱལ་དབང་ལྔ་པ་ཆེན་པོ་ཕེབས་སྲོལ་ཡོད་ཀྱང༌། ས་ཁྱི་༡༦༥༨ལོ་ལ་སྡེ་བ་བསོད་ནམས་རབ་བརྟན་ཚེ་ལས་འདས་པ་དེ་ཉིད་ཆབ་སྲིད་ཀྱི་དགོས་དབང་སླད་གསང་རྒྱ་དམ་པོ་བྱེད་དགོས་བྱུང་རྐྱེན་ས་ཕག་༡༦༥༩སྨོན་ལམ་ཚོགས་དབུར་ཕེབས་མ་ཐུབ་པས་ཁྲི་ཆེན་འདི་ཉིད་ཀྱིས་སྨོན་ལམ་ཆེན་ཆུང་སྦྲེལ་ཏེ་ཚོགས་དབུ་མཛད།

འདི་ནས་བཟུང་ལྔ་པ་ཆེན་པོ་མཛད་བྲེལ་ཇེ་ཆེར་ཕྱིན་སྟབས་ཁྲི་ཆེན་རིམ་བརྒྱུད་སྨོན་ལམ་ཁྲིར་ཕེབས། ལོ་དེའི་ཟླ་བ་གཉིས་པའི་ཚེས་བཅུ་བཞི་ལ་དཔལ་ལྡན་འབྲས་སྤུངས་ཀྱི་འདུ་ཁང་ཆེན་མོར་ཚོགས་ཆེན་ཐོག་གདན་ས་ཆེན་པོ་དགའ་ལྡན་ནས་ཁྲི་རིན་པོ་ཆེ་འདི་ཉིད་ཀྱིས་དབུས་གནང་བའི་རི་བོ་དགེ་ལྡན་པའི་མཁན་སློབ་དང༌། སེར་འབྲས་ཀྱི་མཁན་སློབ་སོགས་གདན་ས་གསུམ་གྱི་དགེ་འདུན་སྟོང་ཕྲག་དུ་མ་ལྷན་དུ་ཚོགས་པར་སྟག་རྩེས་ས་སྐྱོང་རྡོ་རྗེ་རྣམ་རྒྱལ་གྱིས་སྦྱིན་བདག་མཛད་དེ། མཆོད་ཡོན་ལྷན་རྒྱས་སྐུ་ཚེ་ཡུན་དུ་གནས་པའི་བརྟན་བཞུགས་སྨོན་ལམ་གནང་ཚུལ་དུ་ཀུ་ལའི་གོས་བཟང་དུ་གསལ། དུ་ ༥༣༤ ས་ཕག་༡༦༥༩ལོར་ཕྱག་མཛོད་བསོད་ནམས་རབ་བརྟན་གྱི་ཚ་བོ་གད་ཁ་སའི་མག་པ་སྡེ་པ་ནོར་བུ་གཙང་གི་རྫོང་སྡོད་སྐབས་རང་གི་ཞང་པོ་བསོད་ནམས་རབ་བརྟན་དགོངས་རྫོགས་འདས་འཇུག་མཆོད་འབུལ་ཡག་པོ་མ་བྱས་པར་བསྙད་དེ་རྒྱལ་དབང་ལྔ་པར་བློ་ལོག་གིས་སྡེ་གཟར་སློང་བའི་སྐབས་རྗེ་འདི་ཉིད་ཁྲི་ལས་ཐོབ་པ་ཡིན་ཞིང༌། འདི་ཉིད་དང༌། དགའ་ལྡན་ཁྲི་ཟུར་དཀོན་མཆོག་ཆོས་བཟང༌། ཤར་པ་ཆོས་རྗེ་བློ་བཟང་རྒྱལ་མཚན། བྱང་རྩེ་ཆོས་རྗེ་དམ་ཆོས་རྣམ་རྒྱལ་སོགས་ཀྱིས་ནན་ཆེན་པོས་བར་འཆིང་མཛད་འདུག་སྟེ། དུ་ཀུ་ལའི་གོས་བཟང་ལས་༥༦༠། ཧོར་ཟླ་བཅུ་གཅིག་པའི་ཚེས་མགོ་ལ་དགའ་ལྡན་ཁྲི་གདན་ཟུར་གྱི་ཞབས་ཕྱིར་བྱང་རྩེ་ཆོས་རྗེ་དམ་ཆོས་རྣམ་རྒྱལ། ཤར་པ་ཆོས་རྗེ་རྩེད་ཐང་པ། སེར་འབྲས་དགེ་གསུམ་གྱི་སློབ་དཔོན། ཁམས་ཚན་གྱི་སྣ་ཆེན། དགེ་རྒན། ཉི་སྡིང་ཏྲེ་བོ་སྐུ་སྐྱེ། སྟག་ལུང་ཕྱག་མཛོད་རྣམས་འབྱོར་བའི་སྡེ་པ་ནོར་བུ་དེ་ཉིད་ཀྱི་སྐུ་མཆེད་ཡིན་ཚུལ་སོགས་རྒྱུ་མཚན་རྒྱས་པར་བྱུང་ལན། སྡེ་པ་དེ་ཉིད་དང་སྐུ་རུས་གཅིག་པའི་མཆེད་དང་བུ་ཚ་རྒྱུད་ནི་གཅིག་ཀྱང་མེད། ཕ་མ་མིང་སྲིང་དང༌། མ་སྤུན་སོགས་ལ་བསྙད་ན་སྡེ་པ་ནོར་བུ་ལས་ཁ་རབ་པའི་ནང་སོ་གཉིས་མི་ཉེ་རྒྱུ་མེད་ཅིང་ཕོའང་ཁོང་གཉིས་རྒོད། སྐྱིད་ཤོད་དང་ཤུན་གྱི་དྲུང་འཁོར་རྣམས་གཉེན་ལ་གཉེན་འཁོར་དུ་སོང་བས་གཉེན་ཚན་ཡིན་ཚད་ལ་བདག་རྐྱེན་བྱེད་དགོས་བྱུང་ན་སྐྲ་ཕྱིའང་མི་ལང༌། རྩེ་གདོང་བདག་ཆེན་ངེད་ཀྱི་ཚ་རིགས་ཡིན་པ་རྒྱུ་མཚན་དུ་བྱས་ནས་ལྷ་ས་སྨོན་ལམ་གྱི་ཚོགས་དབུར་ས་ཞུ་དམར་སིང་ངེ་གདན་དྲངས་ན་སྐབས་སུ་ཨེ་བབ། བོད་ཁྲི་སྐོར་བཅུ་གསུམ་འདི་བསྟན་འཛིན་ཆོས་རྒྱལ་གྱི་ངེད་ལ་སྤྲད་པ་ལས་ཁོང་ཞང་ཚན་གཉིས་དང་ཐུན་མོང་དུ་མ་སྤྲད། ད་ལོའི་བྱེད་བབ་འབངས་གྱེན་ལོག་ཡིན་མིན་གྱི་རྒྱུ་མཚན་ཞིབ་ཏུ་མོལ།

ཁྲི་རིན་པོ་ཆེ་ལས་ཐོག་པའི་ཞབས་ཕྱིར་སེར་འབྲས་ཀྱི་སློབ་དཔོན་རེ་དང་བཅས་བར་ཆིངས་སུ་འབྱོན་བཞེད་པ་བདེ་གཟར་གྱི་སྐབས་འདར་ཕྱར་རྒྱག་ལྡིང་གསུམ་དགོས་པ་ཞིག་འདུག་ཀྱང་ཐུགསབསམ་དག་པ་ལས་གནད་འགག་ཆེན་པོ་རང་ཡོད་མདོག་མ་ཁ་རུང་ཐུགས་དང་བསྟུན། ཞེས་འབྱུང་བས་སོ། ལྕགས་བྱི་༡༦༦༠ལོར་མངའ་རིས་ཕྱོགས་སུ་གདན་དྲང་པ་ལྟར་ཕྱོགས་དེར་ཕེབས་ནས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཐུབ་བསྟན་སྤྱི་དང་འཇམ་མགོན་རྒྱལ་བ་གཉིས་པའི་ལུགས་བཟང་བླ་ན་སྤེལ། ནད་མུག་སད་སེར་སོགས་ཀྱི་རྒྱུན་བཅད། སླར་དབུས་སུ་ཕྱིར་ཕེབས་ཏེ་རྒྱལ་བ་གཉིས་པའི་གསེར་ཁྲི་ལ་བཞུགས་ནས་འགྲོ་དོན་རྒྱ་ཆེན་བསྐྱངས་མཐར་རབ་བྱུང་བཅུ་པའི་ཆུ་སྟག་༡༦༦༢ལོར་ཁྲི་ལས་ཟུར་ཏེ། མངོན་དགར་ཟུར་དུ་བཞུགས་ནས་རྭ་སྒྲེང་དང༌། བདེ་ཆེན་གསང་སྔགས་མཁར། གསལ་ཁང༌། ཞོགས་གུང་མངོན་རྣམས་ཀྱི་ཞལ་འཛིན་གནང་ཞིང་དེ་དག་ལ་སྔ་ཕྱིར་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། མཐར་དགུང་ལོ་དོན་གསུམ་ཐོག་གཤེགས་ཤིང༌། སྐུ་གདུང་དངུལ་ལས་བསྐྲུན་པའི་བྱང་ཆུབ་མཆོད་རྟེན་བདེ་གཤེགས་ལྷ་ཁང་གི་བྱང་ཕྱོགས་སུ་བཞུགས། དེའི་སྤྲུལ་སྐུ་ལ་མོར་འཁྲུངས་པར་ཁྲི་སྤྲུལ་བྱང་རྩེ་བར་གྲགས་ཞེས་ཚུལ་བཻ་སེར་དུ་གསུངས།

དགའ་ལྡན་ཁྲི་ཐོག་ཞེ་གཅིག་པ་རྩེད་ཐང་བློ་བཟང་རྒྱལ་མཚན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཞེ་གཅིག་པ་རྩེད་ཐང་བློ་བཟང་རྒྱལ་མཚན་ནི། རང་བྱུང་བཅུ་པའི་ལྕགས་ཕག་༡༥༩༩ལོར་དབུས་ཀྱི་གཡོ་རུའི་ཆ་རྩེད་ཐང་དུ་འཁྲུངས། སྐུ་ན་ཆུང་དུས་ནས་བཟང་པོའི་བག་ཆགས་ཡོངས་སུ་སད་དེ་སྟག་ཚང་རྭ་བ་སྟོད་པའི་ཆོས་སྒོར་ཞུགས་ནས་རབ་ཏུ་བྱུང་ཐོག་ཡི་གེ་སྦྱོར་ཀློག་དང་བསྡུས་ཚད་དབུ་ཕར་འདུལ་མཛོད་བཅས་ལ་དཀའ་སྤྱོད་འབད་པ་དྲག་པོས་རིང་དུ་བསླབས་ཏེ་མདོ་ཕྱོགས་ཀྱི་གྲྭ་སྐོར་མཛད། དེ་ནས་དཔལ་ལྡན་སྟོད་རྒྱུད་དུ་ཞུགས་ནས་རྒྱུད་སྡེ་སྤྱི་དང་ལྷག་པར་བདེ་གསང་འཇིགས་ཀྱི་རྩ་བཤད་རྒྱུད་འགྲེལ་ཆ་ལག་དང་བཅས་པར་མཁས་པར་བསླབ་སྟེ། མདོ་སྔགས་གཉིས་ཀར་གཞན་དྲིང་མི་འཇོག་པའི་མཁས་པའི་གོ་ས་བརསྙེས། པཎ་ཆེན་བློ་བཟང་ཆོས་རྒྱན། འཇམ་དབྱངས་བླ་མ་དཀོན་མཆོག་ཚེས་འཕེལ་སོགས་སྐྱེས་ཆེན་དུ་མའི་དྲུང་ནས། མདོ་སྔགས་ཀྱི་ཟབ་ཆོས་མང་པོའི་བཀའ་ལུང་མན་ངག་ཞུས། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བླ་མ་དང་མཁན་ཁྲི་རིམ་པར་བསྐྱངས་ཏེ་རྒྱུད་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། དེ་ནས་ཤར་རྩེ་རྒྱུད། རབ་བྱུང་བཅུ་པའི་ཆུ་སྟག་༡༦༦༢ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་མི་འཇིགས་སེང་གེའི་ཁྲི་འཕང་མཐོན་པོར་འཛེགས་ཏེ། ལོ་དེའི་ཧོར་ཟླ་དང་པོའི་ནང་གོང་ས་ལྔ་པ་ཆེན་པོའི་བཀའ་དགོངས་བཞིན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཏེ་སྐྱེས་རབས་ཚོགས་བཤད།

པོ་ཏ་ལར་ཕེབས་ཏེ་སྐྱབས་མགོན་ལྔ་པ་དང་མཇལ་འཕྲད་ཞུས་ནས་ཐུགས་སྣང་ཤིན་ཏུ་གཤིན་པའི་གསུང་གླེང་གནང༌། དུ་༡༦༢༠ གཙང་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་དགོངས་པ་ཞི་བར་གཤེགས་པའི་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་ཞུས། ཆུ་ཡོས་༡༦༦༣ལོར་ལྷ་ལྡན་སྨོན་ལམ་ཚོགས་དབུར་ཕེབས་ཞོར་པོ་ཏ་ལར། སྐྱབས་མགོན་ལྔ་པ་ཆེན་པོ་མཇལ་འཕྲད་དུ་བཅར། དེ་ནས་སྨོན་ལམ་ཚོགས་དབུར་ཕེབས་ཏེ་རྒྱུན་ལྡན་བཞིན་སྐྱེས་རབས་སོགས་ཀྱི་ཆོས་བཀའ་བསྩལ། དུ་༡༦༥༥ ལོ་དེའི་ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་དགའ་ལྡན་ཁྲི་གདན་ཟུར་དང༌། རྩེ་ཤར་རྒྱུད་སྟོད་སྨད། སློབ་ཆུང་གཉིས། ལྔ་མཆོད་པ། བཀྲིས་ལྷུན་པོའི་གྲྭ་ཚང་གསུམ་ཀྱི་སློབ་དཔོན། མགྲོན་གཉེར་དཀའ་ཆེན་དགེ་འདུན་ཚུལ་ཁྲིམས་བཅས་འབྱོར་བའི་སོ་སོ་ནས་དངོས་འབྱོར་གྱ་ནོམ་པ་བཏེགས་ཏེ་ལྷན་ཅིག་ཏུ། གོང་ས་རྒྱལ་དབང་ལྔ་པ་ཆེན་པོ་ལ་བརྟན་བཞུགས་སྨོན་ལམ་གྲ་རྒྱས་ཞུས། ༡༦༦༣ ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ཉིན་ཁྲི་ཆེན་འདི་ཉིད་དང་བྱང་རྩེ་ཆོས་རྗེ། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། སྐྱོ་ལུང་མཁན་པོ་བཅས་སྐྱབས་མགོན་ལྔ་པ་ཆེན་པོ་མཇལ་ཁར་བཅར་ནས། བསྟན་འགྲོར་སྨན་པའི་གསུང་གླེང་གནང་དུ་༦༧༩མེ་སྟག་༡༦༦༦ཧོར་ཟླ་དང་པོའི་ཚེས་གསུམ་ལ་སྨོན་ལམ་ཚོགས་དབུར་ཕེབས་ཞོར་པོ་ཏ་ལར་ལྔ་པ་ཆེན་པོ་མཇལ་ཁ་དང༌། ལོ་དེའི་བྱམས་པ་གདན་འདྲེན་གྱི་ཉིན་ཁ་བ་ཤིན་ཏུ་ཆེ་བ་བབས་ཏེ་རི་ཀླུང་ཀུན་དཀར་པོར་སོང༌། སེར་སྦྲེང་པ་དང༌། ཆོས་སྐྱོང་གི་སྤྱན་གཟིགས་ཚ་སྦང་བ་ཞིག་བྱུང་བ་དེ་འདྲ་སྔར་བྱུང་མ་མྱོང་ཞིང༌། རྒྱུན་ལྡན་བཤད་སྲོལ་ལྟར། དེ་ནས་བཟུང་ལོ་མང་ཞིག་ཏུ་ནད་ཡོམ་མུ་གེ་སོགས་མ་བྱུང་ཞིང་ལྔ་པ་ཆེན་པོ་མཆོད་ཡོན་ཡང་སྐུ་ཚེ་བར་གེགས་མ་བྱུང་བས་བཟང་ལྟོས་སུ་གྲགས།

ཧོར་ཟླ་དྲུག་པའི་ནང༌། ཞབས་དྲུང་པའི་ཕྱག་མཛོད་ཕུན་ཚོགས་རབ་བརྟན་པས་དཔོན་སློབ་ཞབས་དྲུང་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་དགོས་པའི་ཞུ་བ་ནན་ཆེར་ཕུལ་སྐབས། ལྔ་པ་ཆེན་པོས། སྤྱན་ལྔ་པ་དང༌། འབྲུག་པ་པད་དཀར་ལྟ་བུ་རྩོད་གཞི་ཅན་གྱི་སྤྲུལ་སྐུ་གཉིས་རེ་བྱུང་ན་རྩོད་རྙོག་དང་མཛད་དཀའ་ཆགས་རྒྱུ་ཉག་གཅིག་ལ་བརྟེན། སྔོན་ནས་དོ་དམ་ཚགས་ཚུད་གནང་གལ་དང༌། དེ་ཡང་དགའ་ལྡན་ཁྲི་ཆེན་འདི་ཉིད་ཀྱིས་རྗེའི་དངུལ་སྡོང་དང་རྭ་སྒྲེང་མཁན་པོས་ཇོ་བོ་འཇམ་དཔལ་རྡོ་རྗེའི་སྤྲན་སྔར་ཟས་བརྟག་དྲིལ་རྒྱུའི་བཀའ་གནང་བས་མཚོན་ཁྲི་ཆེན་འདི་ཉིད་ལ་གདེང་འཇོག་ཧ་ཅང་ཆེ་བ་གནང་འདུག་སྟེ། ལྔ་པ་ཆེན་པོའི་རང་རྣམ་ལས་ཞེས་བྱུང་པས་སོ། །མེ་ལུག་༡༦༦༧ཧོར་ཟླ་དང་པོའི་ཚེས་བཞི་ཉིན་རྒྱུན་ལྡན་ལྟར་པོ་ཏ་ལར་ལྔ་པ་ཆེན་པོ་མཇལ་བཅར་ཕེབས། གོང་ས་ལྔ་པས་ཐུགས་དགྱེས་བརྩེ་ཆེན་པོས་དམིགས་བསལ་དཀར་སྤྲོ་བཤམས་ནས་གསུང་གླེང་འཕེལ་སྨོན་ལམ་ཆེན་མོའི་ཚོགས་དབུ་གནང་དུ་༢། ༥༢། ཧོར་ཟླ་བཅུ་པའི་ཚེས་བརྒྱད་ཉིན་རྒྱལ་མཆོག་ལྔ་པ་ཆེན་པོར་ཁྲི་ཆེན་འདི་ཉིད་དང༌། རྩེ་ཤར་གཉིས། སློབ་ཆུང༌། ལྔ་མཆོད་པ་གྲྭ་པ་གཉིས་བརྒྱ་ཙམ་དང༌། ཤངས་དགའ་ལྡན་ཆོས་འཁོར་གྱི་བླ་མ་བསོད་ནམས་ཆོས་འཕེལ་གྲྭ་སློབ། རྫིང་སྡོད་ཁྲི་ཕུ་བས་གཙོས་དྲུང་འཁོར་བརྒྱ་སྐོར། འོལ་དགའ་རྫིང་ཕྱིའི་སྤྱི་པ་དང་བཅས་པ་ཕྱོགས་མཐུན་ཀྱིས་མདོགས་པ་དཔངས་མཐོ་བ་བསྟར་ནས་མཌཎལ་བཤད་པ་དང་སྦྲགས་ནས་སྐུ་ཚེ་ཡུན་དུ་བརྟན་པའི་བརྟན་བཞུགས་འདེགས་འབུལ་ཞུས།དུ་༢། ༧༤། ས་སྤྲེལ༡༦༦༨ལོ་སྨོན་ལ་ཚེས་བཞི་ཉིན་གོང་ས་ལྔ་པ་ཆེན་པོར་མཇལ་བཅར་དང་སྦྲགས། ལྔ་པ་ཆེན་པོས་མཁན་པོ་གནང་ནས་དགེ་ཚུལ་སོ་དགུ་དང༌། དགེ་སློང་ལྔ་བཅུ་ང་གསུམ་སྒྲུབ་པའི་སློབ་དཔོན་གནང་དུ་༢། ༧༩།

ལོ་འདིའི་ཟླ་བ་གཉིས་པའི་ཚེས་བཅུ་བདུན་ལ་སྡེ་སྲིད་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་ཚེ་ཡི་དུས་བྱས་པའི་དགེ་བསྔོར་དགའ་ལྡན་ཕོ་བྲང་པས། ཧོར་ཟླ་གསུམ་པའི་ཚེས་བདུན་ལ་ལྷ་ས་འཁྱམས་ཚུན། ཐག་ཉེ་དཀོར་འབྲེང་དང་བཅས་པདགེ་འདུན་སྟོང་ཕྲག་གི་ཚོགས་དབུར་དགའ་ལྡན་ཁྲི་རིན་པོ་རྩིང་ཐང་པ་བློ་བཟང་རྒྱལ་མཚན་པ་འདི་ཉིད་གདན་དྲངས། ཉིན་གསུམ་བར་ཚ་ར་དང་འགྱེད་ཀྱི་རྙེད་བཀུར་གྱ་ནོམ་པ་བསྟབསདུ་༢། ༨༧། ཧོར་ཟླ་བརྒྱད་པའི་ཚེས་གཅིག་ལ་ཁྲི་ཆེན་འདི་ཉིད་དང༌། རྩེ་ཤར་སློབ་ཆུང༌། ལྔ་མཆོད། གྲྭ་པ་བརྒྱ་སྐོར། རྒྱལ་གྲུབ་གསར་པ་དང་དུ་བུ་རི་པ་ཅན་ཕྱོགས་མཐུན་དུ་གོས་དར་གྱིས་གཙོས་པའི་སྐྱེས་དང་བཅས་ཚེའི་རྟེན་འབྲེལ་སྒྲིག་པའི་བདེན་པ་བདར། དུ་༢། ༡༡༧བས་མཚོན་མི་ལོ་བདུན་གྱི་རིང་ལ་གཞུང་ས་དགའ་ལྡན་ཕོ་བྲང་པའི་སྲིད་གཞུང་དང་ཞྭ་སེར་ཅོད་པན་འཆང་བའི་ལུགས་བཟང་ཟུང་ལ་སྨོན་པའི་མཛད་པ་རླབས་པོ་ཆེ་བསྐྱངས་ནས་རབ་བྱུང་བཅུ་གཅིག་པའི་ས་སྤྲེལ་༡༦༦༨ལོ་མཇུག་ཏུ་དགའ་ལྡན་གསེར་ཁྲི་ལས་ཟུར་དུ་བཞུགས་ནས་ལྷ་སྔགས་རིང་འཛིན་གྱི་རྣལ་འབྱོར་ལ་གཅིག་ཏུ་བཞོལ་ཞིང༌། སྐབས་འགར་སྐྱབས་མགོན་ལྔ་པ་ཆེན་པོར་བརྟན་བཞུགས་ལེགས་འབུལ་ཞུ་མཁན་དང༌། དགེ་ཚུལ་སློང་གི་བསླབ་སྡོམ་གནང་སྐབས་སློབ་དཔོན་དུ་ཕེབས་པ་སོགས་རྣམ་པར་དཀར་བའི་མཛད་པ་རྒྱ་ཆེར་བསྐྱངས། མཐར་དགུང་ལོ་དོན་ལྔ་པ་རང་བྱུང་བཅུ་གཉིས་པའི་ཆུ་གླང་༡༦༧༣ལོ་ཧོར་ཟླ་དང་པོའི་ནང་ཞི་བ་གཤེགས་པར་སྣང་སྟེ། ལོ་འདིའི་ཐད་ཀྱི་དུ་ཀུ་ལའི་གོས་བཟང་ལས། དགའ་ལྡན་ཁྲི་རིན་པོ་ཆེ་ཟུར་པ་བློ་བཟང་རྒྱལ་མཚན་དག་པའི་གནས་སུ་རྗེ་བཙུན་འཇམ་དཔལ་སྙིང་པོའི་སྤྱན་སྔར་གཤེགས་པའི་ཐུགས་དམ་གསལ་འདེབས་པ་འབྱོར། དུ་༢། ༣༡༡ ཞེས་གསུངས་པས་སོ།

དགའ་ལྡན་ཁྲི་ཐོག་ཞེ་གཉིས་པ་འཕན་པོ་བློ་བཟང་དོན་ཡོད་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཞེ་གཉིས་པ་འཕན་པོ་བློ་བཟང་དོན་ཡོད་ནི། འཕན་ཡུལ་ཞོགས་གྲམ་ཕུར། རབ་བྱུང་བཅུ་པའི་ཆུ་སྟག་༡༦༠༢ལོར་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་སྔོན་གྱི་བག་ཆགས་བཟང་པོ་ཡོངས་སུ་སད་དེ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ནང་ཚན་བྱེས་པ་གྲྭ་ཚང་དུ་ཆོས་ཞུགས་གནང༌། བསྡུས་གཞུང་ནས་བཟུང་ཚད་མ་དང་དབུ་ཕར། འདུལ་མཛོད་བཅས་ལ་མཁས་པར་བསླབས། ལྷ་ལྡན་དུ་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་པས་མཁན་པའི་མཚན་སྙན་འབར། རྒྱུད་སྨད་དུ་ཞུགས་ནས་རྒྱུད་སྡེ་རྒྱ་མཚོ་ལ་གསན་བསམ་སློབ་གཉེར་རྒྱ་ཆེར་མཛད་དེ་མདོ་སྔགས་གཉིས་ཀར་མཁས་པར་གྱུར། པཎ་ཆེན་བློ་བཟང་ཆོས་རྒྱན་གདན་ས་འབྲས་སྤུངས་སུ་ཕེབས་ནས་མི་ཏྲ་བརྒྱད་ཅུའི་བཀའ་དབང་གནང་བ་དང་གཞན་ཡང་སྔ་ཕྱིར་ཆོས་བཀའ་ཤིན་ཏུ་མང་པོ་གནང་བ་ཀུན་གསན། རྒྱལ་མཆོག་ལྔ་པ་ཆེན་པོའི་དྲུང་ནས་དགེ་ལྡན་པའི་ལམ་རིམ་དང༌། ས་སྐྱ་བའི་ལམ་འབྲས། ལྔ་འགྱུར་རྙིང་པ་པའི་རྫོགས་ཆེན། བཀའ་བརྒྱུད་པའི་ཕྱག་ཆེན་སོགས་ཟབ་རྒྱས་ཆོས་ཀྱི་བསྒོ་སྐུལ་རྒྱ་ཆེར་དང༌། གཞན་ཡང་འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་དང༌། ཕ་བོང་ཁ་པ་འཇམ་དབྱངས་གྲགས་པ། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་སོགས་སྐྱེས་ཆེན་དུ་མའི་ཞལ་ནས་ཆོས་ཚུལ་རྒྱ་མཚོ་ལྟ་བུའི་བཀའ་ལུང་མན་ངག་གསན། རྒྱུད་སྨད་པའི་བླ་མ་དང་མཁན་ཁྲིར་ཕེབས་ནས་རྒྱུད་སྡེ་སྤྱི་དང་ལྷག་པར་བླ་མེད་རྡོ་རྗེ་ཐེག་པའི་སྐོར་གྱི་འཆད་ཉན་རྒྱ་ཆེར་གནང༌། དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་གཅིག་པའི་ཤིང་རྟ་༡༦༥༤ལོར་བྱང་རྩེའི་ཁྲིར་ཕེབས་རྗེས་སུའང་སེར་བྱེས་དང་རྒྱུད་སྨད་ལ་འཆད་ཉན་གྱི་རྒྱུན་སྤེལ་ཞོར་སྔ་ཕྱིར་གོང་ས་ལྔ་པ་ཆེན་པོར་བརྟན་བཞུགས་ཐེངས་མང་འབུལ་བར་མ་ཟད་རིང་འཚོའི་གཏན་ཚིགས་ཀྱི་མབྲསྤྱལ་བཤད་པ་མཛད་པས་སྐྱབས་མགོན་ལྔ་པ་ཐུགས་དབྱིངས་མཉེས་པ་བྱུང་ཚུལ་ཡང་དུ་ཀུ་ལའི་གོས་བཟང་དུ་གསལ།

ང་བདུན་པ་རབ་བྱུང་བཅུ་གཅིག་པའི་ས་སྤྲེལ་༡༦༦༨ལོ་མཇུག་ཏུ་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ཕྱི་ལོ་ས་བྱ་༡༦༦༩སྨོན་ལམ་སྐབས། ལྔ་པ་ཆེན་པོ་མཛད་བྲེལ་གྱིས་ཚོགས་དབུར་ཕེབས་མ་ཐུབ་པར་རྗེ་འདི་ཉིད་སྨོན་ལམ་ཚོགས་དབུར་ཕེབས་ནས་སྐྱེས་རབས་ཀྱི་ཆོས་བཀའ་གསུང༌།

ལོ་དེའི་ཧོར་ཟླ་བཞི་པའི་ནང་གོང་ས་ལྔ་པ་ཆེན་པོ། དགའ་ལྡན་ཁྲི་ཆེན་འདི་ཉིད་དང༌། ཁྲི་ཟུར་བློ་བཟང་རྒྱལ་མཚན། ཤར་བྱང་གི་ཆོས་རྗེས་ཐོག་དྲངས་པའི་དགའ་ལྡན་པའི་དགེ་འདུན་བརྒྱ་སྐོར་དང༌། དཔལ་ལྡན་འབྲས་སྤུངས་པའི་གྲྭ་སློབ་ཕྱེད་སུམ་བརྒྱ། སེ་ར་ཐེག་ཆེན་གླིང་གི་གྲྭ་སློབ་ཕྱེད་སུམ་བརྒྱ། མངའ་རིས་གྲྭ་ཚང་དཔོན་སློབ་རཱ་བསྡུས། ཆོས་འཁོར་ལྷ་ས་རུ་བཞི་བཅས་ཀྱིས་ཟང་ཟིང་གི་བདོག་པ་རྒྱ་ཆེར་སྤེལ་བ་དང་འབྲེལ་སྐུ་ཚེ་ཡུན་དུ་གནས་པའི་བརྟན་བཞུགས་འདེགས་འབུལ་ཞུས། དུ་༢། ༡༤༥ ལྕགས་ཕག་༡༦༧༡ཧོར་ཟླ་དང་པོའི་ཚེས་དབུ་ལ་ཁྲི་ཆེན་འདི་ཉིད་དང༌། རྒྱལ་སྲས་བཀྲིས་སྟག་རྩེ་ཐའི་ཇི། བཀྲ་ཤིས་ལྗོངས་ཆོས་རྗེ། ཞབས་དྲུང་གྲགས་པ་བཅས་ལྔ་པ་ཆེན་པོ་གནམ་ལོ་གསར་པའི་སྨོན་ལམ་ཚོགས་ཕེབས་དང་སྟབས་བསྟུན་ནས་མཇལ་བཅར་ཐོག ལྔ་པ་ཆེན་པོས་བསྒྲུབ་བྱ་བརྒྱ་དང་ཉེར་གསུམ་ལ་བསྙྙེན་རྫོགས་དང་བཞི་བཅུ་ལ་དགེ་ཚུལ་གྱི་བསླབ་སྡོམ་གནང་སྐབས་སློབ་དཔོན་གནང༌། དུ་༢། ༢༠༤ ཧོར་ཟླ་ལྔ་པའི་ཚེས་གཅིག་ནས་བཟུང་སླར་ཡང་སྐྱབས་མགོན་ལྔ་པ་ཆེན་པོ་སྐུ་ཚེ་ཡུན་དུ་བརྟན་པའི་ཆེད་ཁྲི་རིན་པོ་ཆེ་གདན་ཟུར་གྱིས་དབུས་དགའ་ལྡན་དགོན་པའི་མཁན་སློབ་གྲྭ་དམངས་སུམ་བརྒྱ་དང༌། དཔལ་ལྡན་འབྲས་སྤུངས་པའི་གྲྭ་སློབ་སུམ་བརྒྱ་སྐོར། སེ་ར་ཐེག་ཆེན་གླིང་གི་མཁན་ལས་གཙོས་གྲྭ་གྲངས་ཉིས་བརྒྱ། ལྷ་ས་རུ་བཞིའི་གྲྭ་གྲངས་སུམ་བརྒྱ་ཙམ་བཅས་སོ་སོས་རུང་མཐུན་ཉེར་སྤྱོད། གོས་ཕྱི་ནང་ཇ་རས་སོགས་དངོས་པོ་གཟེངས་བསྟོད་པའི་མབྲསྤྱལ་ཀྱིས་སྣེ་དྲངས་བདེན་ཚིག་ཤིས་བརྗོད་ཀྱིས་བརྟན་བཞུགས་འབུལ་ཚན་རྒྱ་ཆེར་བསྟར། དེ་དང་ཆབས་གཅིག་ལྔ་པ་ཆེན་པོ་བསྒྲུབ་བྱ་སུམ་བརྒྱ་ལ་བསྙེན་རྫོགས་དང༌། ཉི་ཤུ་ལ་དགེ་ཚུལ་གྱི་བསླབ་སྡོམ་གནང་བའི་ལས་སློབ་ཀྱང་མཛད། ཞར་ལ་ལྔ་པ་ཆེན་པོར་སྒྲོལ་མ་ཉེར་གཅིག་གི་བཀའ་ལུང་ཞུས།

ཆུ་བྱི་༡༦༧༢ སྨོན་ལམ་སྐབས་ལྔ་པ་ཆེན་པོ་ཚོགས་སུ་ཕེབས་འདོད་ཆེ་ནའང་མི་ཚོགས་ཆེ་བས་ཆམ་པའི་གཟུགས་གཞི་འཕར་དོགས་ཀྱིས་ཚོགས་ཕེབས་མ་ཐུབ་པའི་ཚབ་ཏུ་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ནས་ཆོས་བཀའ་རྒྱ་ཆེར་གནང༌། དུ་ཀུ་ལའི་གོས་བཟང་ལས་ཧོར་ཟླ་དང་པོ་ཉེར་ལྔ་ལ་འཁོར་གསུམ་ཆོས་ཀྱི་རྒྱལ་པོའི་གདན་ས་པ་ཁྲི་རིན་པོ་ཆེ་བློ་བཟང་དོན་ཡོད། བྱང་རྩེ་ཆོས་རྗེ། ལྷ་རིན་པོ་ཆེ། སྡེ་པ་བདེ་ཆེན་པ་ཡབ་སྲས། ཚེས་གསེབ་སྐུ་རྟེན་རྣམས་ངོ་བོ་དང་མཇལ་འཕྲད་བྱས། དུ་༢། ༢༥༠ཞེས་ཀྱང་གསུངས་སྣང་ངོ།། ཁྲི་ཆེན་འདིའི་སྐབས་༡༦༧༡གོང་ས་ལྔ་པ་ཆེན་པོས་བོད་ཀྱི་ཆོས་ལུགས་གྲུབ་མཐའི་བླ་ཆེན་ཁག་གི་གདན་ཡིག་མཛད་པའི་ནང༌། བཞུགས་ཁྲི་ཆ་ལྔར་ཕྱེས་པ་ལས་ཁྲི་ཆེན་འདི་ཉིད་བཞི་པའི་གྲས་ཀྱི་གདན་ཐོབ་གནང་བར་གསལ་ཏེ། དུ་༢། ༢༧༡༢༧༤ དུ་ཀུ་ལའི་གོས་བཟང་ལས། སྔོན་ཆད་གདན་ཡིག་སོགས་པར་བཀབ་གཏན་འཁེལ་མི་སྣང་བ་མཐོ་དམའ་ངེས་མེད་བྱུང་ཚེ་བསྙད་དོགས་རེ་འཁང་གི་རྒྱུ་དང༌། ཤེས་ལྡན་འདྲས་ཁྲེལ་གནས་སུ་མི་བྱེད་པའི་ངེས་པ་མི་འདུག་གཤེས།

འདི་གའི་ཁྲི་ལ་ཆ་ལྔར་བྱས་པའི་ཆ་བཞིའི་རྩིས་གདན་ས་གོང་འོག་ས་སྐྱ་དང་རྩེ་གདོང་གཉིས། དེའང་རྩེ་གདོང་གི་ཞལ་ངོ་ཆོས་ཀྱི་རྒྱལ་པོ་འཕགས་པའི་བཞུགས་ཁྲི་པདྨོ་ཅན་དུ་ཁྲི་འདོན་མ་མཛད་པའི་རིགས་ལ་གདན་ས་གོང་ལས་ཅུང་དམའ་བ། ཆ་ཕྱེད་བཞི་པ་སྣེ་གདོང་རྩེ། སྟག་ལུང་ལྷ་སྡེ། ཞྭ་གམར་ནག ཆ་གསུམ་པ་དགའ་ལྡན་ཁྲི་རིན་པོ་ཆེ། བཀྲ་ཤིས་ལྷུན་པོ། འབྲུག་པ། སྒམ་པོ། མཚུར་བུ་དྲུང་པ། འཕགས་པ་ལྷ་རྣམས་ཀྱི་སྤྲུལ་སྐུ། སྒམ་པོའི་གདུང་རྒྱུད་སྤྱན་སྔར་བཏོན་པ། ཁམས་རི་བོ་ཆེའི་ཆོས་རྗེ། འབྲི་ཁུང་གི་གདུང་རྒྱུད་ཡོད་སྐབས་སྟག་ལུང་པ་དང་འདྲ་ཡང་ད་ཆ་འདི་གྲས་དེ་ལས་ཅུང་ཟད་དམའ་བ་སྡེ་པ། ཆ་གཉིས་པ་རྡོ་རྗེ་བྲག བོ་དོང་སྦྱོར་ར་ཆེ་བ། འབྲོག་བསམ་སྡིངས། གཟིམ་ཁང་གོང༌། བར་ཁམས་རྟ་ཚག དེ་མོ་བ། ལྕགས་ཟམ་པ། ཁལ་ཁའི་འཇམ་དབྱངས། བྱམས་པ། རྒྱལ་ཁང་རྩེ། སྟོང་འཁོར་བ་རྣམས་ཀྱི་སྤྲུལ་སྐུ། གནས་རྙིང་ཁྲི་པ་བསླབ་གཙང་ཡིན་མིན་ལ་མ་བལྟོས་པ་དང་སྒེར་ལྷ་པ་བསླབ་གཙང་རྣམས། སུམ་སྟན་སྙེ་འབོལ་ཆེ་བ་ཞ་ལུ་དང༌། ཚོགས་སྡེ་བཞིའི་མཁན་པོ། གསང་ཕུའི་ཆོས་རྗེ་རྣམ་གཉིས། ལྷོ་བྲག་རྡི་ཚ། དཔའ་བོ། ཉག་རེ་བྲ་ཡག སི་ཏུ་བཞིའི་སྤྲུལ་སྐུ། ཏྲེ་བོ་ཧོར་ཚང་ཆོས་རྗེ་རྣམས། སྲབ་ལྔ་བརྩེགས་པ་དགའ་ལྡན་རྩེ་ཤར། དབུར་སྟོད་སེམས་དཔའ། རྒྱལ་སྲས། ཤེར་འཕེལ། ཀར་ལུགས་ཏྲེ་བོ། ལྷོ་གསུང་སྤྲུལ། ཐུགས་སྲས་ཟླ་བ། རས་ཆུང་ཕུག་ བར་ཁམས་ངག་དབང༌། སྦྱོར་ར་འགྲོ་མགོན། ལྷ་རྩེ་གྲུབ་དབང་རྣམས་ཀྱི་སྤྲུལ་སྐུ། ནཱ་ལེན྄དྲ་བཅོ་བརྒྱད་པ། བཀྲ་ཤིས་རྩེའི་དབོན། སྟོད་རི་བོ་ཆེ་པ་དང་སྒེར་པ་བའི་མི་ངོའིེ་རིགས་ཀྱི་ཆོས་རྗེ། ཁམས་རྒྱ་སྟོན་པ། རྒྱལ་ལེགས་བཤད་གླིང༌། སྤྱན་སྔར་མ་བཏོན་པའི་སྒམ་པོའི་གདུང་རྒྱུད། གེར་ལྷ་པ་གདུང་རྒྱུད། ངམ་རིང༌། མངའ་རིས་ཁྲི་རྩེ། བཟང་ལྡན། སྒྱེ་ཆུ། ཆོས་འཁོར་ལྷུན་པོ། འདར་གྲངས་མོ་ཆེ། ལྷུན་རྩེ། གངས་ཅན་ཆོས་འཕེལ། སྣར་ཐང༌། ངོར། ཐུབ་བསྟན་ཡངས་ཅན། ཤངས་རི་བོ་དགེ་འཕེལ། སྐྱེད་ཚལ་གོང༌། གྲ་བྱམས་གླིང༌། གྲ་ཐང༌། རི་བོ་བདེ་ཆེན། རྩེས་དང་ལྔ་མཆོད་པ། སྤྱན་གཡས་པ། གཉལ་སྡེ་དྲུག ཐར་པ། འཕགས་སྡེ་བཞི། རྫིང་ཕྱི། སྐུ་རབ་དགའ་ལྡན་རབ་བརྟན། རྭ་སྒྲེང༌། སྐྱོར་མོ་ལུང༌། གསང་སྔགས་མཁར་རྣམས་ཀྱི་མཁན་པོ། བྱ་ཡུལ། མས་དྲོ་ཆད་ཀ། བདེ་ཆེན་ཡངས་པ་ཅན་གསུམ་གྱི་སྤྱན་སྔ།། ཆོས་རྒྱལ་གཏེར་བདག་གླིང་པ། བསམ་ཡས་དཀར་པོ་བ། ཡང་འུག་རྟ་ནག་སྒྲོལ་མ་བ། སྨྲ་བོ་ལྕོག་པ། གནས་བཞི་བ་སོགས་སྔགས་རྒྱུད་ཆེ་ཁག་རྣམས། སྲབ་སུམ་བརྩེགས་པ་གྲ་ལྕོག་གྲ་པ། ཨེ་བྲག་སྣ་བ། ལ་སྟོད་སེ་བརྒྱ་མཁར་བ། གོང་དཀར་དོན་གཉེར་དཔོན། ཆོས་རྗེ་བཀྲ་བཟང་པ། རྩེས་དང་ཆེན་པོ་བྱང་མ་བ། སྙེ་མདོ་བ་སོགས་བཀའ་གཏེར་གྱི་ཆོས་རྒྱུད་ཟིན་ངེས། སེར་འབྲས་དགེ་གསུམ། ཆོས་འཁོར་རྒྱལ། བཀྲ་ཤིས་ལྷུན་པོའི་སློབ་དཔོན་པ་རྣམས། རྒྱས་སྐབས་སུམ་སྟན་སྙེ་འབོལ་དང༌། བཅས་སྟབས་བདེར་ས་སྟན་གོས་སྟན་ཁ་གང་མ་ཁགདན་ལྟ་བུར་སྣ་དཀར་རྩེ། ལྷ་བྱ། སྐྱིད་ཤོད། སྟག་ལུང་པ་སོགས། གདན་ས་གོང་འོག་གི་བཙུན་མོར་ཁ་གང་མ་བཞི་བརྩེགས།

སྣེའུ་གདོང་རྩེའི་བདག་མོར་སུམ་བརྩེགས་ཁ་གདན། ས་སྟན་སྟེང་གོང་སྟན་ཡུག་པ་ལྷོ་འབོག་གོང༌། ཐོན་པ། གཟིམ་ཤག་ལྷོ་པ། སྡེ་དཔོན་ཆེ་ཁའི་དཔོན་སའི་ལྕམ་རིགས། ནང་སོ་རྣམ་པ་དུ༷ས་མ་ལས་དྲག་ཙམ་ལ་གུང་སྟན་རིགས་གསུམ། ནང་སོ་རྣམ་པ་དུ༷ས་མ། ཀྲེ་ག་སོགས་འབྲོག་རིགས་ཀྱི་དཔོན། ཞང་སྟོན། དར་སྡིངས། རི་ཞིང༌། གྲུ་ཚང་བའི་མི་ངོའི་རིགས་སོགས་ལ་མགོ་སྟན་རིགས་གསུམ། མཇུག་བསྒྲིགས་རིགས་གསུམ། སྟག་སྟན་རིགས་གསུམ་རྣམས་གང་འོས། རྒྱ་སྔོ་དམར་པོ་གསུམ་གྱི་གྲུམ་སྟན་འཇགས་ལྡན་སྟེང་གསང་ཕུའི་ཆེན་པོ། དཔལ་རིསྤྲུལ་རྫོགས་ཆེན་སྤྲུལ་སྐུ། གོང་ར་ངེས་གསང་གླང་གི་བླ་མ། གྲ་དར་སྡིངས་པ། བླ་ཆེན་རྣམས་ཀྱི་ཕྱག་མཛོད། གོང་གསལ་འཇགས་མེད་གསུམ་གྱི་སྟེང་དབུས་གཙང་ས་དགེ་བཀའ་རྒྱུད་པའི་དགོན་གྲ་གཙང་བའི་སློབ་དཔོན། བལ་པོའི་རྒྱལ་ཁག་རྒྱ་གར་ར་གོ་ཤིང༌། འཛུམ་ལང༌། མངའ་རིས་སོགས་ཕྱོགས་མཐའི་རྒྱལ་ཁག་གི་མི་སྣ་རྣམསལ་དམར་གྲུམ་ཡན། ཉིས་ཚོས། ལྗང་གུ། ནག་པོ་གསུམ་གྱི་སྟེང་བཙན་བཙུན། བྱ་བྲག་གྱི་བླ་མའི་རིགས། སྐྱོང་གདན་གང་འོས་སྟེང་དྲུང་འཁོར། ལྡིང་དཔོན། ཆོས་སྡེ་ཁག་གི་གཉེར་ལས་འཛིན་སོགས། སྲབ་ལྔ་བརྩེགས་སྟེང་རྒྱ་ནག་གོང་མའི་མི་སྣ་རྒན་གཞོན། གོང་གི་ཆིང་གོང་མའི་ཐམ་ཁ་འཛིན་པའི་ནང་ཕྱོས་ཀྱི་ནང་སོ་རྣམས་ཁྲི་མཐོ་དམའ་ཇི་ལྟར་འཚམ་པའི་སྟེང་ཁལ་ཁའི་རྒྱལ་པོ། དེ་ལས་ཅུང་དམའ་བར་བསྟན་འཛིན་ད་ལའི་རྒྱལ་པོ། ཨོ་རོད་སེར་ཆེན་རྒྱལ་པོ་སོགས་རྒྱལ་སར་མངའ་གསོལ་བའི་རིགས། ས་སྟན་གོས་འཇབ་ཉིས་བརྩེགས་སྟེང་ཁལ་ཁ་ཨོ་རོད་ཀྱི་དཔོན་པོ། གོས་འཇབ་གཅིག་གིས་དམའ་བར་དཔོན་ཆུང་དང་དཔོན་མོའི་རིགས། གྲུམ་ཙེ་མི་བཟང་དང་མི་སྣ་དྲག་པར་འདིང་བ་སྤྱིར་བཏང་དང་དམིགས་བསལ།

ལོ་གསར་སོགས་བཞུགས་གྲལ་ཆེ་མོའི་དུས་ཁྲིའི་ཉེ་འཁོར་དུ་གྲོང་སྨད་ཨ་བར་སངས་རྒྱས་རྒྱ་མཚོ་ལ་ས་སྟན་གོས་འཇབ་ཁ་བཀུག་ཁ་གང་མ་ཁ་སྟན་ཅོག་ཙེ། གཟིམ་དཔོན་མཆོད་དཔོན་སོགས་ལས་ཚན་ཆེ་ཁ་རྣམས་ལ་གྲུམ་འཇག་མགོ་སྟན། རྒྱུད་སྟོད་སྨད། སེར་འབྲས་ཀྱི་སློབ་དཔོན་ལྟ་བུར་སུམ་སྟན་སྙེ་འབོལ་ཆུང་བ་བྱེད་སྐབས། གདན་གཟོས་གོང་མ་རྣམས་ཀྱང་དེ་གའི་འགྲོས་ཀྱི་འཕར་འགྲོ་ཞིང༌། གྲུམ་འཇག་ཐོབ་པར་སྲབ་སུམ་བརྩེགས་ལྔ་བརྩེགས་གང་རུང་མི་བབ་དང་བསྟུན་པ། སྐྱིད་ཤོདོ་གས་སྡེ་དཔོན་ཆེ་བ་རྣམས་རྒྱུན་དུ་སོག་པོའི་ཐའི་ཇི་ཚོ་དང་ལྷན་དུ་འཚོགས་སྐབས་སོག་པོའི་ཆེ་བས་སྙྙམ་པ་ལས་མི་ཡོང༌། རིན་ཅེན་རྒྱན་སྤྲོད་ཀྱི་དམིགས་བསལལ་སུམ་སྟན་སྙེ་འབོལ་ཆེ་བ། འབོག་གོང་པ་སོགས་དེའི་འོག་མ་ཚོར་སུམ་སྟན་སྙེས་འབོལ་ཆུང་བས་མཚོན་ཡུལ་དུས་གནས་སྐབས་ཀྱི་སྒྱུར་ལུགས། བླ་བྲེ། བང་ལྕོག་ འབྲསཤེལ། ཨ་ཏཱ་ལ། ངང་ཆུང་མ་སོགས། ཧོར་དཀར། གན་དཀར། རབ་དཀར་གྱིས་མཚོན་པའི་བྱེ་བྲག་རྣམས་དཔལ་ཕག་མོ་གྲུ་པའི་ལུགསསྲོལ་ཁུངས་མར་གཞི་བྱས་པའི་ཞིབ་མོ་རྣམ་དག་རབ་གསལ་མེ་ལོང་ཞེས་བྱ་བ་བྲིས། ཞེས་གསུངས་ཤིང༌། འདི་ཉིད་གལ་འགང་ཆེ་བར་སྣང་ཡང༌། དེ་སྔོན་ཟུར་འདོན་བྱས་པའི་ལུང་འདྲེན་དཀོན་པས་ཁྲི་ཆེན་འདི་ཉིད་ཀྱི་གདན་ཐོབ་དང་འབྲེལ་ནས་འདིར་བཀོད་པ་ལགས།

དུས་ཕྱིས་དགའ་ལྡན་ཁྲི་པ་རྣམས་གདན་ཐོབ་མཐོ་རུ་བཏང་ཡོད་པའང་རྒྱལ་མཆོག་སྐུ་ཕྲེང་རྗེས་མ་ཚོའི་རྣམ་ཐར་ཀློག་ན་ཤེས་ཐུབ། ཤིང་སྟག་༡༦༧༤ལོའི་སྨོན་ལམ་སྐབས། གོང་ས་ལྔ་པ་ཆེན་པོ་དང་མཇལ་འཕྲད་ཐོག་ཕྱག་དྲུག་པའི་བཀའ་བསྒོ་བར་ཆད་ཀུན་སེལ་ཀྱི་ལུང་ཞུས། ཤིང་ཡོས་༡༦༧༥ ཧོར་ཟླ་དང་པོ་སྔ་མའི་ཚེས་ཉེར་གསུམ་ལ་སྨོན་ལམ་ཚོགས་དབུར་ཕེབས་ཞོར་ལྔ་པ་ཆེན་པོ་ལ་མཇལ་འཕྲད་དང་གསུང་གླེང་ཞུས། སྔ་ཕྱི་མི་ལོ་བདུན་གྱི་རིང་དགའ་ལྡན་གསེར་ཁྲི་བདག་གིར་མཛད་དེ་ཞྭ་སེར་ཅོད་པན་འཆང་བའི་བསྟན་པ་དང་གཞུང་ས་དགའ་ལྡན་ཕོ་བྲང་གཉིས་ཀར་བཤད་སྒྲུབ་ལས་གསུམ་གྱི་བླ་ན་མེད་པའི་མཛད་པ་བསྐྱངས་ཏེ། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་གཅིག་པའི་ཤིང་ལུག་༡༦༧༥ལོར་གསེར་ཁྲི་ལས་ཟུར་ཏེ་རྗེས་བྱང་རྭ་སྒྲེང་གི་གདན་ས་དང༌། རིན་ཆེན་གླིང་སོགས་ཀྱི་གདན་ས་མཛད་དེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱལ་བ་གཉིས་པའི་བསྟན་པར་སྲི་ཞུ་བླ་མེད་མཛད། མཐར་དགུང་ལོ་དོན་བདུན་པ་རབ་བྱུང་བཅུ་གཉིས་པའི་ས་རྟ་༡༦༧༨ལོར་ཞི་བར་གཤེགས། གདུང་རྟེན་དངུལ་གྱི་བྱང་ཆུབ་མཆོད་རྟེན་ལ་རིན་པོ་ཆེའི་ཕྲ་རྒྱན་དུ་མས་སྤྲས་པའི་དངུལ་སྡོང་ཆེན་མོ་བདེ་གཤེགས་ལྷ་ཁང་ནང་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས། །

དགའ་ལྡན་ཁྲི་ཐོག་ཞེ་གསུམ་པ་དྭགས་པོ་བྱམས་པ་བཀྲ་ཤིས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཞེ་གསུམ་པ་དྭགས་པོ་བྱམས་པ་བཀྲ་ཤིས་ནི། རབ་བྱུང་བཅུ་པའི་ས་རྟ་༡༦༡༨ལོར་ཆོས་འཁོར་རྒྱལ་གྱི་ཉེ་འདབས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་སྔོན་གྱི་བག་ཆགས་བཟང་པོ་ཡོངས་སུ་སད་དེ། དབུས་ལྗོངས་ཆོས་སྡེ་ཆེན་པོ་གསུམ་གྱི་རྗེས་ནས་བཤད་སྒྲུབ་འཆད་ཉན་གྱི་སྲོལ་རྒྱུན་ཆེས་ཆེར་དར་སའི་བསྟི་གནས་མངའ་དྭགས་རྒྱལ་གསུམ་ལས། ཆོས་རྗེ་བློ་གྲོས་བརྟན་པའི་གདན་ས་དྭགས་པོ་གྲྭ་ཚང་དུ་ཆོས་ཞུགས་གནང༌། ཁྲི་ཆེན་བསྟན་འཛིན་ལེགས་བཤད་སོགས་ལ་བསྟེན་ནས་ཕར་ཚད་དབུ་མ་འདུལ་མཛོད་བཅས་ལ་མཁས་པར་སྦྱངས། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ནས་རྩེད་ཐང་བློ་བཟང་རྒྱལ་མཚན་སོགས་ལས་རྒྱུད་སྡེ་བཞི་དང་ལྷག་དོན་བདེ་གསང་འཇིགས་གསུམ་གྱི་རྩྭ་འགྲེལ་ཆ་ལག་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་པར་བསླབས། གོང་ས་ལྔ་པ་ཆེན་པོ་དང༌། པཎ་ཆེན་བློ་བཟང་ཆོས་རྒྱན༌། འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ་སོགས་སྐྱེས་ཆེན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་འབྲེལ་ཞུས།

རྒྱུད་སྟོད་མཁན་ཁྲིར་ཕེབས་ནས་རྒྱུད་ཆེན་ཀུན་དགའ་ཀུན་དགའ་དོན་འགྲུབ་ཀྱི་གདན་ས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཚུལ་བཞིན་བསྐྱངས། དགུང་ལོ་ཞེ་ལྔ་པ་རབ་བྱུང་བཅུ་པའི་ཆུ་སྟག་༡༦༦༢ལོར་ཤར་པ་ཆོས་རྗེའི་ཁྲིར་ཕེབས། ཞེ་དྲུག་པ་ཆུ་ཡོས་༡༦༦༣ལོའི་ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་དགའ་ལྡན་ཁྲི་ཟུར་རྩེད་ཐང་བློ་བཟང་རྒྱལ་མཚན་དང་ཁྲི་ལས་ཐོག་པ་འཕན་པོ་བློ་བཟང་དོན་ཡོད། ཤར་རྩེ་ཆོས་རྗེ་འདི་ཉིད། བྱང་རྩེ་ཆོས་རྗེ། རྒྱུད་སྟོད་སྨད་ཀྱི་མཁན་པོ་སོགས་ཀྱིས་ལྔ་པ་ཆེན་པོ་ལ་སྐུ་ཚེ་ཡུན་དུ་བརྟན་པའི་མཎ་ཌལ་རྟེན་གསུམ་འདེགས་འབུལ་ཞུས།

དེ་བཞིན་མེ་ལུག་༡༦༦༧ལོའི་ཧོར་ཟླ་བརྒྱད་པ་དང་བཅུ་པ་བཅས་ལ་ཁྲི་གདན་ཟུར་དང་ཤར་བྱང་གི་ཆོས་རྗེ་སོགས་ནས་ལྔ་པ་ཆེན་པོ་ལ་རྟེན་གསུམ་ཟབ་རྒྱས་འདེགས་འབུལ་ཞུས། དགུང་ལོ་ང་བརྒྱད་པ་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་༡༦༧༥ལོར་འཕན་པོ་བློ་བཟང་དོན་ཡོད་ཁྲི་ལས་ཟུར་པ་དང་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ་མངའ་གསོལ་བ་ལྟར་དགའ་ལྡན་གསེར་ཁྲིར་ཞབས་ཟུང་འཁོར་ལོའི་རེ་ཁ་མངོན་པར་འཁོད། ང་དགུ་པ་མེ་འབྲུག་༡༦༧༦ལོའི་ཆོ་འཕྲུལ་ཟླ་བ་དང་པོའི་ཚེས་ཉེར་ལྔ་ཉིན་ཁྲི་ཆེན་འདི་ཉིད་དང་ཀོང་པོ་དུང་དཀར་སྤྲུལ་སྐུ། ཁམས་དཔག་ཤོད་བླ་མ། སྟག་ལུང་ཀ་དྲུག་བླ་མ་སོགས་ལྔ་པ་ཆེན་པོར་མཇལ་གཅར་དང་ནང་མོལ་གྱི་གསུང་གླེང་འཕེལ།

ཧོར་ཟླ་གཉིས་པའི་ནང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཁྲི་ཆེན་འདི་ཉིད་ཀྱིས་གསོལ་བ་ཕུ་ཚུགས་སུ་བཏབ་པ་ལྟར་སྐྱབས་མགོན་ལྔ་པ་ཆེན་པོས་རིང་འཚོའི་ཞབས་བསྟན་ཚིགས་བཅད་མ་རང་རྩོམ་གནང་པ་དེ་ཉིད་དེ་ནས་བཟུང་དགའ་ལྡན་གྱི་ཚོགས་སུ་རྒྱུན་འདོན་གྱི་སྲོལ་བཙུགས། ཧོར་ཟླ་པའི་ནང་ལྔ་པ་ཆེན་པོ་ཟབས་ཀྱི་སྙུང་གཞི་བཞེས་ཚུལ་བསྟན་སྐབས་ཁྲི་འདིས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཇ་ཚུལ་ལྔའི་རིང་ལ་ཤེར་སྙིང་དགུ་ཁྲི་བརྒྱད་སྟོང་ལྔ་བརྒྱ་གསོག་ཏུ་བཅུག ཧོར་ཟླ་དྲུག་པའི་ཚེས་དྲུག་ནས་ཁྲི་ཆེན་འདི་ཉིད་ཀྱིས་དབུས། རྒྱུད་སྟོད་སྨད། གསང་ཕུ་ནེའུ་ཐོག་གིས་གཙོས༌། ལྷ་ས་རུ་བཞི། དགའ་ལྡན་སྐྱོ་མོ་ལུང༌། ཚེར་གསེབ་བཅས་ཀྱི་དགེ་འདུན་པ་ཤིན་ཏུ་མང་པོས་ལྔ་པ་ཆེན་པོའི་དྲུང་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དབང་ཆེན་ཞུས་རྗེས་མཌཎལ་འདེགས་འབུལ་དང་འབྲེལ། སྐུ་ཚེ་རིང་དུ་བརྟན་པའི་རྟེན་འབྲེལ་བསྒྲིགསཤིང༌། ཁྱད་པར་ཁྲི་ཆེན་རང་ཉིད་ཀྱིས་བསྐུལ་པ་ལྔ་པ་ཆེན་པོའི་ཞབས་བརྟན་ཚིགས་བཅད་རང་རྩོམ་མའི་ནང༌། ལང་ཚོ་ཞེས་པ་འདི་ཉིད་སྐྱོར་སྐབས་བྱིས་པ་ཞེས་འགྱུར་སོང་བས། སྐུ་ཚེ་ལྔར་ཕྱེས་པའི་དང་པོ་བྱིས་པ་ཡིན་པས། སླར་ཡང་དགུང་ལོ་དྲུག་བཅུ་ཐུབ་པ་དགོས་པའི་གཏན་ཚིགས་ཀྱང་མཛད། དུ་༣ཤ་༢༠ ས་ལུག་༡༦༧༩གནམ་ལོ་གསར་ཚེས་ལ་ཁྲི་རིན་པོ་ཆེ་གདན་ཟུར་དང༌། ཤར་པ་ཆོས་རྗེ་ཅོ་ནེ་འཇམ་དབྱངས་ཚུལ་ཁྲིམས། ལོ་སེམས་དཔའ་སྤྲུལ་སྐུ་སོགས་གོང་ས་ལྔ་པ་ཆེན་པོར་ལོ་གསར་གྱི་མཇལ་བཅར་ཐོག་ནང་མོལ་གྱི་གསུང་གླེང་འཕེལ། ཟླ་བ་དེའི་ཚེས་བཅོ་ལྔ་ཉིན་ཁྲི་ཆེན་འདི་ཉིད་གཙོས་དཔོན་སློབ་ཉི་ཤུ། ཇོ་རྫོང་སྡོད་མྱུག་པ་དང་རྒྱ་ཡགས་པ། དགའ་ཆགས་པ། རྟུལ་མི་མིང་སྲིང༌། ཟུང་ཁང་ཤར་པའི་ལྕམ། ཐོར་གོད་ཨན་དར་གྱི་མི་སྣ་སོགས་ལྔ་པ་ཆེན་པོ་མཇལ་ཁ་བཅར་སྐབས།

ཁྲི་ཆེན་འདིས་ལུགས་གཉིས་དང་འབྲེལ་བའི་གསུང་འཕྲོས་རྒྱ་ཆེར་ཞུས་ཚུལ་དུ་ཀུ་ལའི་གོས་བཟང༼་༣ ་ ༡༩༩༽དུ་གསལ། ལྕགས་སྤྲེལ་ཧོར་ཟླ་ལྔ་པའི་ཚེས་བདུན་ཉིན་འབྲོག་རི་བོ་ཆེ་དགའ་ལྡན་ནས་ཁྲི་རིན་པོ་ཆེ་འདི་ཉིད་དང༌། ཆོས་རྗེ་རྣམ་གཉིས། སློབ་དཔོན་གསུམ། ཁྲི་ཟུར་དབོན་གྲྭ་པ་བཞི་བརྒྱ་སྐོར་གྱིས་བདོགས་པའི་སྐྱེས་དང་བཅས་འཆི་བདག་དཔུང་ལས་རྒྱལ་བའི་བདེན་ཚིག་གསུངས་ཤིང༌། ཁྲི་རིན་པོ་ཆེ་འདིས་ལུང་རིགས་ཀྱི་ལམ་ནས་དྲངས་ཏེམི་འགྱུར་བརྟན་པའི་ཁས་ལེན་གྱིས་ཞེས་སྙན་འཇེབས་འབྲེལ་ཆགས་ཕེབས་པར་ཁྲི་རིན་པོས་དབུས།

དགེ་འདུན་རྣམས་ཐུགས་བསྟུན་རིང་འཚོའི་སྨོན་པ་མི་ཕྱེད་པའི་གསོལ་འདེབས་མཆོག་གསུམ་ལ་མཛད་པ་ལྟར་ལྔ་པ་ཆེན་པོས་ཀྱང་ཐུགས་སྣང་ཤིན་ཏུ་གཤིན་པོའི་སྒོ་ནས་སྐུ་ཚེ་རིང་དུ་བསྡད་འདུན་ཡོད་པའི་ལུང་གནང་ཚུལ་དང་༼དུ་༣ ༣༤༡༽།ལྕགས་བྱ་ཆོ་འཕྲུལ་ཟླ་བའི་ཚེས་བཞི་ཉིན་ཁྲི་ཆེན་འདི་ཉིད་དང༌། རྩེ་གདོང་ཕྱག་མཛད། དཔོན་རིན་ཆེན་གྱི་བུ། འབྲས་སྤུངས་དགེ་བསྐོས་བཅས་ལ་མཇལ་ཁ་དང་ལུཧགས་གཉིས་ལ་སྨོན་པའི་གསུང་གླེང་གནང་༼དུ་༣ ༤༠༧༽། ལོ་དེའི་ཧོར་ཟླ་ལྔ་པའི་ཚེས་བཅོ་བརྒྱད་ལ། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཁྲི་ཆེན་དགན་ཟུར་གཉིས་དང༌། ཤར་རྩེའི་ཙབ་མ། བྱང་རྩེ་ཆོས་རྗེ། སློབ་དཔོན་གསུམ། གྲྭ་པ་སུམ་བརྒྱ། དགོན་ལག་ལང་ལོང་བཙུན་མ་དང་བཅས་པས་དངོས་པོའི་མཙན་གྲངས་སྔོན་བཏེགས་ཀྱིས་བརྟན་བཞུགས་སྨོན་ལམ་གནས་བཅུ་དང་འབྲེལ་ནས་གསོལ་བ་ཕུ་ཚུགས་སུ་བཏབ་པ་དུ་༣༤༣༣སོགས་མདོར་ན་གངས་ཅན་པའི་བསྟན་སྲིད་གཉིས་ཀའི་སྲོག་རྩ་རྒྱལ་མཆོག་ལྔ་པ་ཆེན་པོ་ཁོ་ན་ཉིད་དུ་ངེས་ནས་སྔ་ཕྱིར་རིང་འཚོའི་གརྟན་བཞུགས་ཕུལ་བ་དང༌། ྋགོང་ས་ཆེན་པོའི་ཅི་གསུང་བཀའ་སྒྲུབ་ཀྱིས་བོད་ཀྱི་བསྟན་སྲིད་སྤྱི་དང༌། ཡང་དགོས་རི་བོ་དགེ་ལྡན་པའི་གསེར་སྦྱངས་གཙང་མའི་རིང་ལུགས་འདི་ཉིད་ལ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བཀའ་དྲིན་རྒྱ་ཆེར་དསྐྱངས་བཞིན་གསེར་ཁྲི་མི་ལོ་བདུན་གྱི་རིང་ལ་བསྐྱངས་སྟེ། དགུང་གྲངས་རེ་ལྔ་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་༡༦༨༢ལོར་ཁྲི་ལས་ཟུར་ནས་ཀྱང་བདེ་ཆེན་གསང་སྔགས་མཁར་སོགས་གཞིས་དགོན་དུ་མའི་ཁ་འཛིན་གནང༌། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གོང་ས་ལྔ་པ་ཆེན་པོའི་དངུལ་སྐུ་མི་ཚད་མ་གསར་གཞེས་དང༌། ཡངས་པ་ཅན་དུ་གསེར་ཟངས་ཀྱི་གཎ་ཇི་ར་གསར་བཞེས་མཛད། སྐལ་ལྡན་ལས་འཕྲོ་ཅན་གྱི་གདུལ་བྱ་མང་པོ་ལ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ། དགུང་གྲངས་རེ་བདུན་པ་རབ་བྱུང་བཅུ་གཉིས་པའི་ཤིང་བྱི་༡༦༨༤ ལོར་གླིང་ཡགས་སུ་དགོངས་པ་ཞི་བར་གཤེགས།

དགའ་ལྡན་ཁྲི་ཐོག་ཞེ་བཞི་པ་ཁྲི་རྒྱ་ནག་པ་བློ་གྲོས་རྒྱ་མཚོ་མཆོག

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཞེ་བཞི་པ་ཁྲི་རྒྱ་ནག་པ་བློ་གྲོས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་གཅིག་ཤིང་ཕག་༡༦༣༥ལོར་མདོ་སྨད་ཙོང་ཁར་གྲགས་པའི་ཕྱོགས། སྐུ་འབུམ་མཆོད་གཞིས་མི་ཉག་རྭ་ལྡིང་དུ། ཡབ་སྟག་ཕྱུག་ཚེ་ཐར་དངཡུམ་ཚེ་སྨོན་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་པའི་དུས་ནས་འཇིགས་སྣང་བྱུང་ཚེ་དམིགས་བརྩེ་མ་དང༌། བཋ་པཱ་ཎི་གསུངས་པས། རྗེའི་སྤྲུལ་པར་གྲགས། དེབ་རྒྱམ་དུ་སུམ་པ་དམ་ཆོས་རྒྱ་མཚོའི་སྐུ་ཕྲེང་ཕྱི་མ་ཡིན་ཞེས་གསལ། དགུང་ལོ་དྲུག་པའི་དུས་ཡབ་ཚད་པས་གྲོངས། རྗེ་ཉིད་ཀྱང་བསྙེནཔའི་ཚེ་ལྷ་མོ་ཡིན་ཟེར་བ་བུད་མེད་དཀར་མོ། ན་བཟའ་དཀར་པོ་རིན་པོ་ཆེས་སྤྲས་པ་གཅིག རེས་མདུན་གྱི་ནམ་མཁར་སྡོད། རེས་སྐུའི་ལོགས་གཡས་གཡོན་ལ་བཞུགས་ནས་དགྱེས་པར་མཛད་པ། དེ་འདྲ་ཞིག་ཆུང་ངུའི་དུས་ནས་ཡང་ཡང་བྱུང་ཞེས་གསུངས།།

དགུང་ལོ་བཅུ་གཅིག་ཤིང་བྱ་༡༦༤༥ལོར་སོག་ཡུལ་ཧལ་ཧ་དང་བོད་མཚམས་སྐུ་ཞང་གོང་མ་ཆོས་རྗེས་མཁན་པོ་མཛད་དེ་དགེ་བསྙེན་དང་བར་མ་རབ་བྱུང་མཛད། ཕག་ལོ་༡༦༤༧བར་ཧལ་ཧར་བཞུགས། དེའི་སྟོན་མཁར་སྔོན་པོར་ཕེབས་ནས་ཡོས་༡༦༥༡ལོའི་བར་བཞུགས། དེ་ནས་རྗེ་སྐུ་འབུམ་མཇལ་དུ་ཕེབས་སྐབས་གྲྭ་པ་རྣམས་ཀྱིས་བགྲོ་གླེང་མཛད་པ་གཟིགས་དུས་བདག་ཀྱང་དེ་འདྲ་ཞིག་བྱེད་དགོས་སྙམ་པའི་ཐུགས་འདུན་ལྷང་ལྷང་སྐྱེས། ཆུ་འབྲུག་༡༦༥༢ལོར་སྐྱབས་མགོན་ལྔ་པ་ཆེན་པོ་མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་དུ་ཕེབས་པ་དང་མཇལ་ནས་གསུང་གི་བདུད་རྩིའི་བགོ་སྐུལ་ཐོག་མར་མྱངས་ཏེ་མ་འགྱངས་པར་སྐུ་ཞང་དང་ལྷན་དུ་དབུས་སུ་བཏེགས། ཟླ་བ་བཅུ་པའི་ཚེས་བཅུ་བདུན་ཉིན་རྭ་སྒྲེང་དུ་ཕེབས། རྟེན་མཇལ་དང་ཚོགས་ལ་མང་འགྱེད་སོགས་ཕུལ། རྗེ་བསམ་སྒང་པ་ཐོག་མར་དེར་མཇལ་ཏེ་ཚེ་དཔག་མེད་ཀྱི་རྗེས་གནང་སོགས་གདམས་པ་མང་པོ་གསན། ལྔ་མཆོད་ཉིན་ལྷ་སར་ཕེབས། དེ་ནས་སེར་འབྲས་སོགས་མཇལ་ཞིང༌། དཔལ་ལྡན་བཀྲ་ཤིས་སྒོ་མང་སོགས་ལ་བསྙེན་བཀུར་དང་རྡོ་རྗེ་འཆང་མིའི་གར་མཛད་སྨིན་གྲོལ་ཞབས་ལ་དངུལ་གྱི་རྣམ་བུམ་ཕུལ་བས་ཕྱིས་སྒོ་མང་མཁན་པོ་ཡོང་བའི་ལུང་བསྟན་མཛད།

དེ་ནས་བཀྲ་ཤིས་ལྷུན་པོར་བྱོན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་མཇལ་ཅིང་བརྒྱ་འབུལ་དང་ཚོགས་པར་མང་འགྱེད་བཅས་ཕུལ། པཎ་ཆེན་ཐམས་ཅད་མཁྱེན་པ་ལས་སྨན་བླ་སོགས་ཀྱི་རྗེས་གནང་དང༌། དགེ་བསྙྙེན་ནས་དགེ་ཚུལ་བར་བསྒྲུབས་པ་གནང༌། ཟླ་བཅུ་གཉིས་པའི་ནང་ལྷ་སར་ཕེབས། སྨོན་ལམ་ཆེན་མོར་མང་འགྱེད་ཕུལ། དགའ་ལྡན་ཁྲི་རིན་པོ་ཆེ་དཀོན་མཆོག་ཆོས་བཟང་ལས་དམིགས་བརྩེ་མའི་ལུང་དང༌། ཆོས་རྒྱལ་རྗེས་གནང་སོགས་ཞུས། དེ་ནས་སྐུ་ཞང་མདོ་སྨད་ལ་ཕྱིར་འབྱོན་ཁར་ཆོས་ཚུལ་བཞིན་བྱེད་དགོས་པའི་སློབ་སྟོན་མཛད་དེ་ཆས་ཀ་དང་བཅས་ཞང་པོ་ཤེས་རབ་འབྱུང་གནས་ལ་གཏད། དགུང་ལོ་བཅུ་དགུ་ཆུ་སྦྲུལ་ཧོར་ཟླ་བཅུ་གཉིས་པའི་ཚེས་བདུན་༡༦༥༣ལ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་ཞུགས་ནས་འཇམ་དབྱངས་བླ་མ་སྨིན་གྲོལ་ཞབས་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོའི་ཞལ་སྔ་ནས་ལས་བསྡུས་གྲྭའི་དགའ་སྟོན་ཐོག་མར་མྱངས། དེ་ནས་རིམ་བཞིན་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཐར་སོན་ནས་དགུང་ལོ་ཉེར་དྲུག་ལྕགས་བྱི་ལོར་དགུན་ཆོས་ཆེན་མོར་གྲྭ་ཚང་དམ་བཅའི་སྐབས། འགའ་ཞིག་གིས་ན་གཞོན་པ་དང་འཛིན་གྲྭ་དམའ་བའི་སྟབས་ཀྱིས་དེ་རིང་ཀླུ་འབུམ་ཁམས་ཕྲུག་ལ་ཡིན་ཟེར་ནའང་འཁོར་གསུམ། མིན་ཟེར་ནའང་འཁོར་གསུམ་བྱེད་དགོས་ཟེར་ནས་བྱུང་བར། ཐོག་མར་སྤང་ལྟུང་ནས་ཚར་གཅོད་རྩིས་བྱས་ཀྱང་རིགས་ལུང་འགྲོ་བ་ཞིག་མ་བྱུང་བས་ལྟ་རྟོག་བྱས་འདུག་ཟེར། དེ་ནས་མཛོད་ཀྱི་ངོས་ལ་ཁ་སྤོས་ནས་བཏང་ཡང་རིགས་ལུང་མ་ཐོན། རིགས་ལམ་པ་ཁོང་སྐུ་ལ་དྲིལ་བུ་བཏགས་ན་འཁྲོལ་བའི་ཚོད་ཙམ་དུ་འདར་ཞིང༌། མདུན་དུ་ཇ་ལྷག་བསྐྱིལ་བའི་ནང་དུ་འགྱེལ་བས་ཁོང་ངོ་གནོང་ཞིང་དགེ་འདུན་རྣམས་བཞད་གད་དི་རི་བ་བྱུང༌།

དགུང་ལོ་ཉེར་བདུན་པ་ལྕགས་གླང་༡༦༦༡ལོར་སྨོན་ལམ་བཤད་པའི་ཉིན་དམ་བཅའ་བ་ཟླ་བོ་གཞན་རྣམས་ལས་ལན་འདེབས་གནང་ཚུལ་ལེགས་པ་བྱུང་ཞིང༌། ལྷག་པར་དམའ་འབེབས་བྱེད་འདོད་ཅན་འགའ་ཞིག་ཀྱང་མེ་དང་ཨ་རའི་དཔེར་སོང༌། ཡོངས་འཛིན་རིན་པོ་ཆེ་སོགས་ཚད་ལྡན་རྣམས་དགྱེས་ཤིང་ལེགས་སོ་མཛད། སེར་བྱེས་ཞལ་སྔ་ནས་ཀྲེ་བོས་ཀྱང་ལེགས་སོར་སྐུ་འགག་ཅིག་གནང་ནས་ཁྱེད་ཀྱིས་སྤྱིར་མཚན་ཉིད་པ་དང༌། ཁྱད་པར་ཁམས་སོག་གི་གཏམ་དོན་ལ་ཕན་པ་བྱས་པས་ང་ཤིན་ཏུ་དགའ་གསུངས། སྐབས་དེར་སུས་ཀྱང་རིགས་ལུང་མ་སོང་བས་མཁས་གྲགས་ཤིན་ཏུ་ཆེ་བ་བྱུང༌། ལོ་དེའི་ཟླ་གསུམ་པའི་ནང་གཙང་དུ་ཕེབས་དེ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཁན་པོ་དང་རྗེ་ཐོས་བསམ་གླིང་པས་ལས་སློབ། ལྷ་པ་ཞབས་དྲུང་རིན་པོ་ཆེས་གསང་སྟོན་པ་མཛད་དེ་དགེ་འདུན་གྲངས་ཚང་བའི་དབུས་སུ་སླར་ཡང་དགེ་བསྙེན་དང༌། དགེ་ཚུལ། སོ་ཐར་སྡོམ་པའི་མཆོག་དགེ་སློང་གི་དངོས་པོ་ལེགས་པར་ཐོབ། སླར་ཡང་དབུས་སུ་ཕེབས། ཡོངས་འཛིན་རིན་པོ་ཆེ་ངག་དབང་དཔལ་འབྱོར་པ་དང༌། རྗེ་བསམ་སྒང་པ་ལས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་དགའ་སྟོན་ཞུས།

དགུང་ལོ་ཉེར་དགུ་ཆུ་ཡོས་ལོར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཆུ་མིག་ལུང་ནང་ཞུགས། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་བློ་བཟང་དོན་ཡོད་ཀྱི་ཞལ་ནས་རྒྱུད་འགྲེལ་དང་བསྐྱེད་རྫོགས་རྒྱུད་གཞུང་སོགས་རྫོགས་པར་གསན། འབྲས་སྤུངས་སུ་དགེ་བཤེས་གྲལ་འཛིན་བྱས་པའི་ཕྱི་ཉིན་དེར་དཔལ་ལྡན་ཟབ་ཡངས་འཁྱིལ་པ་བདེ་ཡངས་གྲྭ་ཚང་གི་སློབ་དཔོན་བྱེད་དགོས་ཚུལ་གྱི་བཀའ་ཡིག་བྱུང་བརསྙིང་ནས་དགོངས་པ་ཞུ་དགོངས་ནས་ས་སྐྱོང་འཕྲིན་ལས་རྒྱ་མཚོ་དང་ྋགོང་ས་ལྔ་པ་ཆེན་པོ་ལ་དགོངས་པ་ཞུས་ཀྱང་མ་ཁྲོལ། ཆོས་སྐྱོང་ཆེན་པོ་མཇལ་སྐབས་སྔ་སོར་མ་འགྲོ་བྱས་པ་འདི་ཡིན། ཁྱོད་ཀྱི་འཕྲིན་ལས་ཀྱི་སྒོ་ཐོག་མར་འདི་ནས་འབྱེད་དགོས་པ་ཡོད་གསུངས། ལོ་དེའི་ཟླ་བཅུ་གཉིས་པའི་ནང་འབྲས་སྤུངས་བདེ་ཡངས་གྲྭ་ཚང་གི་མཁན་ཁྲིར་ཕེབས། དེར་ལོ་ངོ་གསུམ་གྱི་བར་འཆད་ཉན་གནང༌།

དགུང་ལོ་སུམ་ཅུ་པ་ཤིང་འབྲུག་༡༦༦༤ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གསུམ་ལ་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་བླ་མའི་སྙྙན་གསན་བྱུང་བར་བརྟེན་གཞུང་སར་དགོངས་པ་ཞུས་ཀྱང་མ་ཁྲོལ། ཆོས་སྐྱོང་ཆེན་པོས་ཀྱང་གྲྭ་ཚང་ལ་འཕྲིན་ལས་རྒྱས་པའི་དུས་ལ་བབས་པ་ཡིན་པས་སུས་ཀྱང་མི་ཁེགས་སློབ་དཔོན་མཐོང་བ་དོན་ལྡན་གྱི་བཀའ་བཞིན་གྱིས་ཞེས་ཕེབས། དགུང་ལོ་སོ་གཅིག་པ་ཤིང་སྦྲུལ་༡༦༦༥ཟླ་གཉིས་པའི་ནང་དཔལ་ལྡན་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས་ནས་ལོ་ངོ་དགུའི་རིང་འཆད་ཉན་རྒྱ་ཆེར་མཛད། འབྲས་སྤུངས་ཀུན་དགའ་ར་བར་ྋགོང་ས་མཆོག་ལ་བཀྲ་ཤིས་སྒོ་མང་ཡོངས་རྫོགས་ཀྱིས་ཞབས་བརྟན་དང་སྟོན་མོ་འབུལ་བ་རྒྱ་ཆེར་ཕུལ། ཆུ་གླང་༡༦༧༣ཧོར་ཟླ་གསུམ་པའི་ཚེས་གཉིས་ཉིན་རང་གི་སློབ་མ་སློབ་དཔོན་རིན་པོ་ཆེ་ཏྲེ་ནག་པ་དོན་གྲུབ་རྒྱ་མཚོའི་ཞལ་སྔ་ནས་བཀྲ་ཤིས་སྒོ་མང་གི་ཁྲིར་བཀོད་དེ་ཟླ་བ་དེའི་ཉེར་གསུམ་ལ་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཁྲིར་ཕེབས་ཏེ། ལྷ་སའི་རྒྱུད་ཁང་དུ་གྲགས་པ་རྒྱུད་སྨད་གྲྭ་ཚང་གི་གཙུག་ལག་ཁང་འདི་ཡང་ྋགོང་ས་ལྔ་པ་ཆེན་པོར་དགོངས་སྐོར་ཞུས་པར། བཀའ་ལས། ས་འདི་སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཚོགས་འཁོར་བསྐོར་བའི་གནས་དང༌། མ་འོངས་པ་ན་འཛམ་གླིང་ལ་དབང་བྱེད་པའི་གསང་སྔགས་ཀྱི་སྡེ་འབྱུང་བར་ཆོས་རྒྱལ་གྱིས་ལུང་བསྟན་པ་ཡིན་པས། ས་འདིར་རྒྱུད་ཁང་བཞེངས་ན་ལེགས་ཚུལ་སོགས་གསུངས་པ་ལྟར། མེ་འབྲུག་༡༦༧༦ལོར་ལྷ་ལྡན་གཙུག་ལག་ཁང་གི་བྱང་ངོས་སུ་རྒྱུད་ཁང་གི་འགྲམ་བཏིང༌། ལོ་དེར་གོང་ས་ལྔ་པ་ཆེན་པོའི་བཀའ་དགོངས་བཞིན་སོག་ཡུལ་ཨོ་རོད་དུ། སེ་ཆེན་རྒྱལ་པོ་དང་གཡོན་རུ་དབེན་ས་དགའ་ལྡན་ཧོར་ཐའི་ཇིའི་གཉིས་དམག་འཁྲུག་གི་ཡོ་ལོངས་བྱུང་བར་འདུམ་སྒྲིག་ཏུ་བྱོན། འཐབ་རྩོད་ཁོལ་བུ་དུ་མ་འདུམས་པ་དང༌། མུ་གེས་མནར་བའི་སེམས་ཅན་མང་པོ་སྡུག་བསྔལ་ལས་བསྐྱབས་པ། དད་འདུན་ཅན་དུ་མར་ཆོས་བཀའ་གནང་བས་མཚོན། བསྟན་འགྲོ་ལ་སྨན་པའི་འགྲོ་དོན་རྒྱ་ཆེར་བསྐྱངས་ནས་དབུས་སུ་ཕྱིར་ཕེབས།

སླར་དབུས་སུ་ཞབས་སོར་འཁོད་དེ་ས་རྟ་༡༦༧༨ལོར་རྫོགས་པར་གྲུབ་ཅིང༌། གཙང་ཁང་དུ་ཐུབ་དབང་དང་ཉེ་བའི་སྲས་བརྒྱད་དང་བཅས་པ། མགོན་ཁང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྣང་བརསྙན་སུམ་ཐོག་གི་ཚད་ཙམ། མགོན་པོ་ཕྱག་དྲུག་པ་དང་ལས་གཤིན་ཕྱི་སྒྲུབ་ཀྱི་སྣང་བརསྙན་ཉིས་ཐོག་གི་ཚད་ཙམ་སོགས་བཞེངས་ཚུལ་སོགས་ཞིབ་པར་ཤེས་འདོད་ན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་དང༌། རྒྱལ་མཆོག་བདུན་པས་རྗེ་དེའི་ཡང་སྲིད་བློ་བཟང་བསྟན་པའི་ཉི་མའི་རྣམ་ཐར་མཛད་པ་དེ་དག་ཏུ་མཇལ་བར་བྱའོ། །དེ་རྗེས་བྱང་རྩེའི་ཁྲིར་ཕེབས། ཡོན་དགེ་༥༢༠ཡོན་ཏན་རྒྱ་མཚོའི་དགེ་ལྡན་ཆོས་འབྱུང་གསེར་གྱི་ཆོད་སྡོང་འབར་བར་གཟིགས། དགུང་ལོ་ཞེ་བདུན་པ་ལྕགས་བྱ་༡༦༨༡ལོར་སླར་ཡང་གོང་ས་ལྔ་པ་ཆེན་པོའི་བཀའ་དགོངས་གཞིར་བྱས་ཏེ་སྨད་འདུལ་ལུགས་ཀྱི་སྡོམ་པ་ཕྱིར་ཕུལ་ཅིང་ལྔ་པ་ཆེན་པོའི་དྲུང་ནས་སྟོད་འདུལ་ལུགས་ཀྱི་དགེ་སློང་གི་སྡོམ་པ་ཞུས། རྒྱའི་གོང་མ་ཁཱང་ཤི་ཡིས་གོང་ས་ལྔ་པ་ལ་བསྟན་འགྲོ་ལ་ཕན་པའི་བླ་མ་ཞིག་རྒྱ་ཡུལ་ལ་གཏོང་རྒྱུའི་ཕོ་ཉ་འབྱོར་བ་ལྟར་འདི་ཉིད་ཤར་ཕྱོགས་རྒྱ་ནག་གི་ཡུལ་གྲུར་ཕེབས། དེར་ཐན་པ་ཆེན་པོ་བྱུང་བའི་སྐབས་དང་འཁེལ་བར་གོང་མའི་རེ་དགོངས་བཞིན་ཆར་འབེབས་མཛད་པ་ཆར་ཆུ་ཤིན་ཏུ་འབེལ་བ་བྱུང་བས་གོང་མ་ཐུགས་མཉེས་ཏེ་སྲི་ཞུ་དང་ཕུད་འདུད་རྒྱ་ཆེར་ཞུས། དགུང་ལོ་ཞེ་བརྒྱད་པ་ཆུ་ཁྱི་༡༦༨༢ལོར་དགའ་ལྡན་གསེར་ཁྲིར་ཕེབས།

ལྷོ་མོན་དཔུང་འཇུག་གི་དུས་དྲུག་ཅུ་པ་ཆེན་མོའི་ལྕགས་མཁར་བརྩིགས་ཏེ་བསྒྲལ་ཆོག་མཛད་པས་ཆུ་བྱི་ནག་པོ་གཅིག་ལྕགས་མཁར་གྱི་ཆོས་འབྱུང་ནང་ལ་ཡང་ཡང་འགྲོ་གྲབས་བྱེད་ཅིང་ཁ་གདངས་ནས་ན་བ་ལྟར་བྱས་པ་རབ་འབྱམས་པ་འོད་ཟེར་གྱིས་རྔ་གཡོག་གིས་ཡང་ཡང་ཕྱིར་འཐེན་དགོས་པ་སོགས་ཕ་རོལ་ལ་རྟགས་ཐོན་པའི་མཚན་མ་མངོན་སུམ་དུ་བྱུང༌། རྒྱ་ནག་གོང་མས་ྋསྐྱབས་མགོན་མཆོག་ལ་བསྟན་འགྲོར་སྨན་པའི་བླ་མ་ཞིག་དགོས་པའི་ཕོ་ཉ་བཏང་བར། གཞུང་ནས་རྗེ་འདི་ལ་ཕྱག་དམ་ཕེབས་སྐབསལྔ་པ་ཆེན་པོ་གསང་རྒྱའི་སྐབས་ཋཔ་སྤྱི་བོར་བླངས་ཏེ་ཁྲིར་ལོ་བཞི་སོང་མཚམས་མེ་སྟག་༡༦༨༦མདོ་སྨད་ཆོས་འབྱུང་བསྟན་རྩིས་ཀུན་བཏུས་སུ་མེ་ཡོས་ཟེར་ལོར་རྒྱ་ནག་རྒྱལ་ཁབ་ཏུ་བྱོན། གོང་མ་རྒྱལ་པོ་མཇལ་འཕྲད་གནང་ཞིང་གོང་མས་ཐུགས་དགྱེས་པ་ཁོ་ན་མཛད། དགའ་ལྡན་གསེར་ཁྲི་པ་རྒྱ་ནག་ཏུ་ཕེབས་མཁན་ཐེངས་དང་པོ་འདི་ཉིད་ཡིན་པས། ཁྲི་རྒྱ་ནག་པར་གྲགས། སྐབས་དེར་སོག་ཡུལ་དུ་རྒྱ་བོད་ཧོར་གསུམ་གྱི་བདེ་དོན་ཚོགས་འདུར་བོད་གཞུང་གི་སྐུ་ཚབ་མཛད་ནས་ཕེབས། ཚོགས་འདུའི་སྟེང་ཁལ་ཁ་རྗེ་བཙུན་དམ་པ་དང་བཞུགས་ཁྲི་འདྲ་མཉམ་མཛད་ཐོག་རྒྱ་ནག་གོང་མའི་བཀའ་ལུང་མ་བསྒྲགས་གོང་ཏཱ་ལའི་བླ་མའི་བཀའ་ལུང་བསྒྲགས་ཐུབ་པ་བྱུང༌། ཡང་ཁལ་ཁ་དང་ཨོ་རོད་འཁྲུག་གྲབས་བྱས་པ་ལོ་ཤས་ཞི་བར་བྱས། སླར་མདོ་སྨད་དུ་ཕེབས་ནས་དགུང་གྲངས་ལྔ་བཅུ་ང་བཞི་པ་རབ་བྱུང་བཅུ་གཉིས་པའི་ས་འབྲུག་༡༦༨༨ལོར་སྙན་ཟུག་སོགས་གང་ཡང་མེད་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། གདུང་ལ་རང་བྱོན་གྱི་རྣམ་པ་མང་དུ་སྣང་བ་ལ་དངུལ་གདུང་བཞེངས། སློབ་མ་ཐོར་གོད་དོན་གྲུབ་རྒྱ་མཚོ་དང༌། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས། ལྕང་སྐྱ་ངག་དབང་མཆོག་ལྡན་སོགས་མང་དུ་བྱོན།

ཁྲི་ཆེན་འདི་ཉིད་ཀྱི་ཡང་སྤྲུལ་བློ་བཟང་བསྟན་པའི་ཉི་མ་༡༦༨༩༡༧༦༢ མཚན་སྙན་ཤིན་ཏུ་ཆེ། ལྕང་སྐྱ་རོལ་རྡོར་དང་འདི་གཉིས་ནས་བསྟན་འགྱུར་སོག་སྐུད་དུ་སྒྱུར་བའི་བརྡ་སྤྲོད་བརྩམས་ཏེ་བསྒྱུར་བར་གྲགས་ཆེ། གསུང་རྩོམ་ཡང་ཕར་ཕྱིན་སྐོར་སོགས་སྣང༌། སྐུ་ཕྲེང་གསུམ་པ་འཇམ་དཔལ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་༡༧༦༣ - ༡༧༧༡ སྐུ་ཕྲེང་བཞི་བ་ངག་དབང་ཐུབ་བསྟན་དབང་ཕྱུག་དཔལ་ལྡན་འཕྲིན་ལས་རྒྱ་མཚོ་༡༧༧༢ - ༡༧༨༡ སྐུ་ཕྲེང་ལྔ་པ་ངག་དབང་ཐུབ་བསྟན་པའི་ཉི་མ། སྐུ་ཕྲེང་དྲུག་པ་བློ་བཟང་ཐུབ་བསྟན་རྒྱ་མཚོ་༡༨༤༧ - ༡༩༠༢ སྐུ་ཕྲེང་བདུན་པ་དགེ་འདུན་ལུང་རྟོགས་ཉི་མ་༡༩༠༤༡༩༣༢ སྐུ་ཕྲེང་བརྒྱད་པ་བློ་བཟང་བསྟན་པའི་རྒྱལ་མཚན་༡༩༣༣༡༩༦༠ སྐུ་ཕྲེང་དགུ་པ་ཆོས་ཀྱི་བློ་གྲོས་རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི་༡༩༧༠ལོར་ལ་མོ་བདེ་ཆེན་དང་ཐག་ཉེ་བ་ལྕང་ཚང་ཁ་ཞེས་པར་འཁྲུངས། ད་ལྟ་རྗེ་སྐུ་འབུམ་བྱམས་པ་གླིང་དང༌། བཀྲ་ཤིས་འཁྱིལ། ལ་མོ་བདེ་ཆེན་བཅས་པར་ཐུགས་གཉེར་ལ་འགྲུས་བཞིན་ཡོད་པ་ཐོས། །

དགའ་ལྡན་ཁྲི་ཐོག་ཞེ་ལྔ་པ་ཅོ་ནེ་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཞེ་ལྔ་པ་ཅོ་ནེ་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས་ནི། ཙོང་ཁ་དང་མི་རིང་པ་མདོ་སྨད་ཅོ་ནེ་དགའ་ལྡན་བཤད་སྒྲུབ་གླིང་དང་འདབས་འབྲེལ་ཞོ་བཟང་བྱ་བའི་ཡུལ་དུ་རབ་བྱུང་བཅུ་གཅིག་པའི་ཆུ་སྤྲེལ་༡༦༣༢ལོར་བལྟམས། མཚོ་ཁྲི་ཤོར་རྒྱལ་མོའི་འགྲམ་བཙན་གདོང་དམར་གྱི་སའི་ཆར་བྱ་ཁྱུང་མཁན་པོ་ནོ་མོན་ཁང་དོན་ཡོད་རྒྱལ་མཚན་གྱིས་མཁན་པོ་དང༌། ནོ་ཡོན་ཆོས་རྗེ་རྒྱལ་མཚན་དཔལ་བཟང་གིས་ལས་སློབ་མཛད་དེ་བླ་ཆེན་དགོངས་པ་རབ་གསལ་ནས་བརྒྱུད་པ་སྨད་འདུལ་ལུགས་ཀྱི་སྡོམ་རྒྱུན་ལས་རབ་ཏུ་བྱུང༌། མཚན་ཚུལ་ཁྲིམས་དར་རྒྱས་སུ་གསོལ། རིམ་གྱིས་དབུས་སུ་ཐུགས་གཉེར་དུ་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་གྲྭ་ཚང་སྨད་དུ་ཞུགས། རྒྱུ་མཚན་ཉིད་ཀྱི་ཐེག་པར་ཐུགས་གཉེར་ཡང་དག་པ་མཛད་པས་རྩོད་པའི་མཁས་པའི་གོ་སར་བརྙེས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དྲུང་ནས་སྨད་འདུལ་ལུགས་ཀྱི་དགེ་སློང་གི་སྡོམ་པ་ཞུས།

དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་འབྲས་བུ་སྔགས་ཀྱི་ཐེག་པ་ལ་ཐོས་བསམ་མཛད་བཞིན་པའི་དུས་ྋགོང་ས་ལྔ་པ་ཆེན་པོས་བཀའ་ཕེབས་ཏེ། དགུང་ལོ་སུམ་ཅུའི་ཐོག་༡༦༦༡རྒྱུད་སྨད་གྲྭ་ཚང་གི་འཆད་ཉན་སློབ་དཔོན་དུ་ཕེབས། ལོ་བཅུ་བཞིའི་རིང་བསྐྱངས། དེའི་རིང་འཆད་ཉན་འཕེལ་བའི་ཐབས་ལ་ཤིན་ཏུ་དམར་བར་མཛད་པས་གཞུང་ལུགས་སྤྱི་དང་བྱེ་བྲག་ལ་མཁས་པའི་དགེ་བའི་བཤེས་གཉེན་མང་དུ་ཐོན་ཞིང་རྟེན་བཞེངས་སོགས་ཕྱག་རིས་རླབས་ཆེ། ༡༦༧༤ལོར་རྒྱུད་ཀྱི་མཁན་ཁྲི་ལས་ཟུར་རྗེས་ཐུགས་སྨོན་རྣམ་པར་དག་པའི་མཚམས་སྦྱོར་ལ་བརྟེན་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི་གདན་ས་འོལ་ཁ་རྫིང་ཕྱིའི་མཁན་པོར་ཕེབས་ཏེ་འགྲོ་དོན་རྒྱ་ཆེར་འཕེལ། མེ་འབྲུག་༡༦༧༦ལོར་གོང་ས་ལྔ་པ་ཆེན་པོའི་བཀའ་དགོངས་བཞིན་སོག་ཡུལ་ཨོ་རོད་དུ་སེ་ཆེན་རྒྱལ་པོ་དང་གཡོན་རུ་དབེན་ས་དགའ་ལྡན་ཧོར་ཐའི་ཇིའི་གཉིས་དམག་འཁྲུག་གི་ཡོ་ལོངས་བྱུང་བར་འདུམ་སྒྲིག་ཏུ་བྱོན་

འཐབ་རྩོད་ཁོལ་བུ་དུ་མ་འདུམས་པ་དང༌། མུ་གེས་མནར་བའི་སེམས་ཅན་མང་པོ་སྡུག་བསྔལ་ལས་བསྐྱབས། དད་འདུན་ཅན་དུ་མར་ཆོས་བཀའ་གནང་བས་མཚོན། བསྟན་འགྲོ་ལ་སྨན་པའི་འགྲོ་དོན་རྒྱ་ཆེར་བསྐྱངས་ནས་དབུས་སུ་ཕྱིར་ཕེབས། དགུང་ལོ་ཞེ་བདུན་པར་སླར་ཡང་གོང་ས་ལྔ་པ་ཆེན་པོའི་དྲུང་ནས་སྟོད་འདུལ་ལུགས་ཀྱི་དགེ་སློང་གི་སྡོམ་པ་ཞུས། དགུང་ལོ་ཞེ་གསུམ་པ་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་༡༦༧༥ལོར་ཤར་པ་བྱམས་པ་བཀྲ་ཤིས་དགའ་ལྡན་ཁྲི་ལ་ཕེབས་ཤུལ་དུ་ཤར་རྩེ་ཆོས་རྗེའི་ཁྲིར་ཕེབས་ནས་འགྲོ་དོན་རྒྱ་ཆེར་སྐྱོང་བཞིན་པའི་མུར། བཀའ་འབྲེལ་ལྟར་ཤར་ཕྱོགས་རྒྱ་ནག་གི་ཡུལ་གྲུར་ཕེབས། དེར་ཐན་པ་ཆེན་པོ་བྱུང་བའི་སྐབས་དང་འཁེལ་བར་གོང་མའི་རེ་དགོངས་བཞིན་ཆར་འབེབས་མཛད་པས་ཆར་ཆུ་ཤིན་ཏུ་འབེལ་བ་བྱུང་བས་གོང་མ་ཐུགས་མཉེས་ཏེ་སྲི་ཞུ་དང་ཕུད་འདུད་རྒྱ་ཆེར་ཞུས། སླར་དབུས་སུ་ཞབས་སོར་འཁོད་དེ། བསམ་གླིང་སླེབ་རི། ཚལ་གུང་ཐང༌། གསང་སྔགས་མཁར་སོགས་གདན་ས་གཞན་ཡང་དུ་མ་བསྐྱངས། རྟེན་བརྟེན་པ་རྙིང་པའི་ཞིག་གསོ་དང་གསར་བསྐྲུན་མང་པོ་མཛད། ཆོས་དང་ཟང་ཟིང་གིས་འགྲོ་དོན་རྒྱ་ཆེར་བསྐྱངས། དགུང་ལོ་ང་བཞི་པ་ཤིང་མོ་གླང་༡༦༨༥ལོ་ལ་རྒྱལ་བ་གཉིས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་མི་འཇིགས་སེང་གེའི་ཁྲི་ཆེན་པོར་ཞབས་ཟུང་གི་པདྨོ་བཀོད། ཁྲི་ཐོག་ལོ་གྲངས་མ་རྫོགས་བར་ལྷ་ས་སྨོན་ལམ་ཆེན་མོའི་གྲལ་དབུ་སོགས་མཛད་པ་མཐའ་དག་ཚུལ་བཞིན་བསྐྱངས། ཕྲ་མོའི་སྙན་ཚུལ་ཙམ་གྱིས་ཀྱང་མ་གོས་པར་ཕྱོགས་བྲལ་འགྲོ་བའི་རེ་འདོད་ཅིག་ཅར་དུ་བཀང༌། བདེ་ཆེན་གསང་སྔགས་མཁར་གྱི་འདུ་ཁང༌། དགའ་ལྡན་དྲི་གཙང་ཁང་སོགས་རྟེན་དང༌། སྐུ་བྲིས་འབུར། དངུལ་གདུང༌། བཀའ་འགྱུར་སོགས་བརྟེན་པ་འགངས་ཆེ་དུ་མ་བཞེངས།

སྔ་ཕྱིར་ཕྱག་ན་པདྨོ་ངུར་སྨྲིག་གར་རོལ་ལྔ་པ་ལ་འཇམ་དབྱངས་ཆོས་སྐོར་གྱིས་མཚོན་པའི་ཟབ་ཆོས་སོགས་མང་དུ་གསན། དགུང་ལོ་རེ་གཅིག་པ་ཆུ་སྤྲེལ་༡༦༩༢ལོར་ཁྲི་ཐོག་ལོ་གྲངས་གཙང་ནས་རང་ཉིད་ཀྱི་གདན་ས་འོལ་ཁ་རྫིང་ཕྱི་ལ་ཕྱིར་ཕེབས་ཏེ་ཟབ་པ་དང་རྒྱ་ཆེ་བའི་ཆོས་འཁོར་བསྐོར་བཞིན་ཟུར་དུ་བཞུགས། རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་༡༦༩༤ལོའི་ཟླ་བ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་ཐུགས་སྨོན་གྱི་མཚམས་སྦྱོར་དམ་པོས་བཅིངས་སྟབས། ྋགོང་ས་ལྔ་པ་ཆེན་པོའི་གསང་བའི་དགོངས་རྫོགས་ཚོགས་མཆོད་ཆེན་མོའི་ཐོག་མའི་གྲལ་དབུ་མཛད་པ་སོགས་རྣམ་དཀར་གྱི་འཕྲིན་ལས་ནམ་མཁའི་མཐའ་ཁྱབ་ཏུ་བརྟས། དགུང་ལོ་ང་ལྔ་པ་རབ་བྱུང་བཅུ་གཉིས་པའི་ཤིང་ཕག་༡༦༩༥ལོར་ཁྲི་ཆེན་སྦྱིན་པ་རྒྱ་མཚོ་གློ་བུར་ཞི་བར་གཤེགས་པའི་ཚབ་ཏུ་ཤར་རྩེ་ཆོས་རྗེ་སྤོ་འབོར་བློ་བཟང་ཆོས་འཕེལ་གསེར་ཁྲིར་འཁོད་དགོས་ཀྱང་ཁོ་བ་མངའ་རིས་མཐོ་ལྡིང་དུ་ཕྱོགས་དེའི་རྒྱལ་བློན་རྣམས་ཀྱིས་ཡུན་རིང་བཞུགས་དགོས་ཚུལ་དང༌། གལ་ཏེ་ཕྱིར་ཕེབས་ཀྱི་དབང་བཏང་ཡང་བྱང་རྩེ་མངོན་དགའ་སྤྲུལ་སྐུའང་གློ་བུར་དུ་གཤེགས་ཤིང་བྱང་རྩེའི་གསར་དུ་འཁོད་འཕྲལ་མངའ་རིས་སུ་ཕེབས་དགོས་སྟབས་དུས་མ་འགྲིག་པའི་གནས་དུས་ཀྱི་བསྐལ་བས་ཁྲི་སྒང་སྟོང་པ་ལ་བརྟེན། ལོ་དེར་སླར་ཡང་རྗེ་ཉིད་ཐུགས་སྨོན་རྣམ་པར་དག་པའི་མཐུ་དཔལ་རྨད་དུ་བྱུང་བ་ལ་བརྟེན་དགའ་ལྡན་གསེར་ཁྲིར་ཞབས་ཟུང་གི་པདྨོ་བཀོད།

ལོ་དེའི་བོད་ཟླ་དགུ་པའི་ནང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་མོན་ནས་དབུས་སུ་གདན་དྲངས་ཏེ་པོ་ཏ་ལར་ཁྲི་སྟོན་མཛད་སྒོ་སྐབས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྔ་པ་ནས་དྲུག་པར་འཕོས་པའི་གཏམ་རབ་གསལ་གེར་གྱི་སྙེ་མ་གླེགས་བམ་དང་པོ་ལས། ཚེས་ཉེར་དྲུག་ཉིན་ཅོ་ནེ་ཆོས་རྗེ་བློ་བཟང་ཉི་མས་གསེར་སྲང་བདུན་ཅུ། དངུལ་སྲང་བརྒྱའི་མཎྜལ་དང་རྟ་རྨིག་མ་བརྒྱ་དང་ལྔ་བཅུ། ཁ་བཏགས་སྟོང༌། གོས་ཡུག་བརྒྱ་དང་སུམ་བཅུ། དར་ཡུག་ལྔ་བརྒྱ། སྤུ་ཇ་སྐོ་ཊ་སུམ་བརྒྱ། ཟམ་རས་སོགས་ཁྲི་འབུལ་ལ་ཉེ་བར་ཕུལ་གསལ་བ་ཡང་རྗེ་འདི་ཉིད་ཡིན་པ་སེམས་སོརབ་ ༣༨༨། མཆོད་སྡོང་འཛམ་གླིང་རྒྱན་གཅིག་རྟེན་དང་བརྟེན་པ་བཅས་གེགས་མེད་དུ་འབྱོངས་པའི་རབ་གནས་སྐབས་དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་དབྱེར་མེད་དུ་མཛད་པའི་ཤིས་བརྗོད་ཀྱི་ཚེ། ལྷ་ལྡན་དུ་ཐན་པས་གདུང་བཞིན་པའི་སྐབས་ཡིན་ཡང་གློ་བུར་དུ་ཆར་བབས་པ་སོགས་ཡ་མཚན་གྱི་རྟགས་མང་དུ་བྱུང༌། རྟེན་བཞེངས་ཀྱི་རིམ་པ་གསེར་ཟངས་ཀྱི་རྒྱལ་བ་བྱམས་པའི་སྐུ་ཁྲུ་བཞི་པ་དང་བཅས་པའི་གསེར་སྐུ་མང་བ། བདག་ཅག་གི་སྟོན་པ། གནས་བརྟན་བཅུ་དྲུག འཇམ་མགོན་ཙོང་ཁ་པ་སོགས་ཀྱི་སྐུ་པར། དུང་དཀར་གྱི་གཤོག་པ་གསར་བཟོ། འདུ་ཁང་དཀར་མོའི་ཡོ་བསྲང་དང་ཤིང་རྩི་ལྡེབས་བྲིས་རྒྱས་པ། འདུ་ཁང་སྟེང་ཁ་བཞི་མར་སྨན་བླ་བདེ་གཤེགས་བརྒྱད། སྟོན་པ་ཐུབ་པའི་དབང་པོ། འཕགས་པའི་གནས་བརྟན་བཅུ་དྲུག དགེ་བསྙེན་ངྷརྨ། ཧྭ་ཤང༌། རྒྱལ་ཆེན་བཞི། འདུ་ཁང་དུ་རྒྱལ་བ་གཉིས་པ་བློ་བཟང་གྲགས་པ། ྋགོང་ས་ལྔ་པ་ཆེནཔོ། པཎ་ཆེན་བློ་བཟང་ཡེ་ཤེས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཅས་ཀྱི་སྐུ་བརྙན་སོ་སོར་མཆོད་རྫས་དང་བཅས་པ། སྟོན་པ་ཐུབ་པའི་དབང་པོའི་བཀའ་བོད་ཡུལ་དུ་འགྱུར་རོ་ཅོག་པུསྟ་ཀ་བརྒྱ་ཕྲག་བརྒལ་བ་སོགས་རྣམ་དཀར་རྟེན་བཞེངས་ཀྱི་རིམ་པ། འདུ་ཁང་གི་ལྡེབས་བྲིས་ལ་ཕྱག་ནས་མཛད་པའི་ཚེ་འཇམ་མགོན་ཙོང་ཁ་པ་ཆེན་པོའི་སྐུས་མེ་ཏོག་དངོས་སུ་འཛིན་པར་མཛད་པ་སོགས་ངོ་མཚར་བའི་མཚན་མ་མང༌། ཆོ་འཕྲུལ་སྨོན་ལམ་དང་ཚོགས་མཆོད་ཆེན་མོའི་གྲལ་དབུ་སྟར་ཆགས་བཅས་བསྟན་འགྲོའི་ཕན་བདེ་གྱེན་དུ་འདེབས་པའི་མཛད་པ་རླབས་པོ་ཆེ་བསྐྱངས།

ཕྱག་ན་པདྨོ་ཚངས་དབྱངས་རྒྱ་མཚོ་ལ་ལམ་རིམ་ཆེན་མོས་མཚོན་ཟབ་རྒྱས་དམ་པའི་ཆོས་བཀའ་དུ་མ་ཕུལ། བཻ་སེར་ལས། སྤྱིར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བའི་སྐྱེས་ཆེན་འབའ་ཞིག་ལས་གང་ཟག་རང་རྒྱུད་པ་གསེར་ཁྲིར་ཕེབས་པའི་གོ་སྐབས་མེད་ཅིང༌། དེ་ཡང་རྩེ་ཤར་སོགས་ལ་སྐུ་ན་ཕྲ་མོ་ནས་ཕེབས་ཟིན་ཀྱང་ཁྲིར་འཁྱོལ་དཀའ་བ་དང༌། འཁྱོལ་ཀྱང་སྐུ་ཚེ་མཐར་མི་ཕྱིན་པ་ཁོ་ན་མང་བ་བྱུང་འདུག་རུང༌། འཇམ་དབྱངས་དཀོན་ཅོག་ཆོས་འཕེལ་དང་འདི་གཉིས་རང་རང་གི་ཁྲི་སྐལ་བཞེད་པ་ལྟར་བསྐྱངས་ནས། སླར་ཡང་གསེར་ཁྲིར་བལྡབས་ནས་ཕེབས་པ་ནི་ཁྲི་པ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པ་ཐུགས་སྨོན་གྱི་མཚམས་སྦྱོར་ཡང་དག་ཐེབས་པར་ངེས་པ་གཏིང་ནས་སྙེད་དོ། ། ཞེས་ཀྱང་གསུངས་སྣང་ངོ༌།།སྡེ་སྲིད་ཀྱིས་བཻ་སེར་རྩོམ་མཇུག་གྲུབ་པའི་༡༦༩༨ལོ་དེར་འདི་ཉིད་དགའ་ལྡན་ཁྲི་ཚབ་ཏུ་བཞུགས་པ་ཡིན། དེའི་ཕྱི་ལོ་དགུང་ལོ་རེ་བརྒྱད་པ་རབ་བྱུང་བཅུ་གཉིས་པའི་ས་གླང་༡༦༩༩ལོར་སྨོན་ལམ་ཚོགས་དབུར་ཕེབས་ནས་རྒྱུན་སྲོལ་ལྟར་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ལོ་དེའི་བོད་ཟླ་གསུམ་པའི་ཚེས་གཅིག་ཉིན་ྋགོང་ས་རྒྱལ་དབང་ཚངས་དབྱངས་རྒཊཡ་མཚོ་དུས་གསུམ་རྒྱལ་བ་ཀུན་གྱི་ཡབ་གཅིག་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་འབྲོག་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཞབས་སོར་འཁོད་པར་ཁྲི་ཆེན་འདི་ཉིད་ཀྱིས། ཤལ་དཀར་ཤུབས་ཅན་དང༌། ཐོན་ཐི་ཡུག་སོགས་དགུ་ཚན་བདུན་དང༌། ཤོད་དུ་ལྔ་རྣམས་བསྟར་ཞིང༌། མཎ་ཌལ་འབུལ་སྐབས། རྡོ་རྗེའི་སྐུ་ལ་གཡོ་བ་མི་མངའ་ཡང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་མིན་ལ་ལྟོས་པ་ལྟ་བུའི་སྣང་བ་བསྟན་པ་སངས་རྒྱས་ཀྱི་སྲོལ་ཡིན་པས། ཞབས་པད་བསྐལ་བརྒྱར་བརྟན་དགོས་པའི་ལུང་འདྲེན་དང་བཅས་ཞུས་པས། ཚངས་དབྱངས་རྒྱ་མཚོས་ལུང་འདྲེན་དང་བཅས་པ་ཞལ་བཞེས་གནང་ཚུལ་ཡང་རབ་གསལ་གསེར་གྱི་སྙེ་མར་༥༨༢གསལ། ལོ་དེར་ཁྲི་ལས་ཐོག་པ་ཡང་སྟེང་པ་བློ་བཟང་ཆོས་འཕེལ་མངའ་རིས་ནས་ཕྱིར་ལྷ་ལྡན་བརྒྱུད་དགའ་ལྡན་དུ་ཕེབས་པ་ལ་གསེར་ཁྲི་རྩིས་འབུལ་གནང་ནས་རང་ཉིད་ཁྲི་ལས་ཟུར་ནས་ཀུན་སྤང་མཛད། དགུང་ལོ་རེ་དགུ་པ་ལྕགས་སྦྲུལ་༡༧༠༠བོད་ཟླ་གསུམ་པའི་ཚེས་གཉིས་ཉིན་སླར་ཡང་ཚོམས་ཆེ་སྲིད་ཞིའི་ཕུན་ཚོགས་སུ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ལ་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེགས་དང་འབྲེལ་ནས་མཎ་ཌལ་རྟེན་གསུམ་དང་རྩེར་དགུ་ཚན་དང་བདུན་ཚན། ཤོད་དུ་དགུ་ཚན་གྱི་འབུལ་བ་གཏོས་ཆེར་བཏེགསརབ་ ༧༠༣། འདས་ལོ་མ་རྙེད།

དགའ་ལྡན་ཁྲི་ཐོག་ཞེ་དྲུག་པ་བཀའ་འགྱུར་པ་བསམ་བློ་སྦྱིན་པ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཞེ་དྲུག་པ་བཀའ་འགྱུར་པ་བསམ་བློ་སྦྱིན་པ་ནི། རབ་བྱུང་བཅུ་གཅིག་པའི་ས་སྦྲུལ་༡༦༢༩ལོར་མདོ་སྨད་ཁྲི་ཀའི་ས་ཆར་བིས་མདོ་ཞེས་པའང་སྣང་ལ་མཁས་དབང་ཚེ་ཏན་ཞབས་དྲུང་བའི་བྱ་ཁྱུང་གདན་རབས་སུ་ངག་རྒྱུན་ལ་རྨ་ཆུའི་བྱང་རྒྱུད་ཤེས་བཞིན་དུ་འཁྲུངས་པར་གྲགས་པར་གསུངས། སྐུ་འཁྲུངས། མཚན་གཞན་ངག་དབང་དཔལ་བཟང་ཞེས་ཀྱང་ཞུ། སྐུ་ན་ཆུས་དུས་ནས་ལ་མོ་ཞབས་དྲུང་སྔ་མ་ལ་སྐྲ་ཕུད་ཕུལ་ཞིང༌། གྲྭ་ཚང་ཆོས་རྗེ་ལས་རབ་ཏུ་བྱུང༌། ཆོས་གྲྭར་ཞུགས་པས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཆོ་ག་བཅས་པ་ལེགས་པར་མཁྱེན་ཐོག་བསྡུས་གཞུང་དང་བློ་རྟགས་སོགས་ཀྱང་ཚེགས་མེད་དུ་མཁྱེན་པ་བྱུང༌། སྐབས་མི་གཅིག་ལ་མི་མ་ཡིན་པའི་གདོན་འདྲེ་ཞིག་ལྷ་རུ་རྫུས་ཏེ་མིའི་ཁོག་རློམ་པར་གྲྭ་པ་མང་པོས་ལུང་བསྟན་ཞུས་པས། ལུང་འདྲ་མིན་བསྟན་པ་དང༌། གྲྭ་པ་མང་པོ་ཞིག་གིས་མདུད་པ་ཡང་ཞུས།

རྗེ་འདིས་འདྲེ་ལ་ལུང་ཞུ་བ་མི་རུང་ཞེས་གསུངས་པས་འདྲེ་དང་འཁོན་འགྲས་སུ་གྱུརཏེ་ངས་ཁྱོད་གསན་པོར་མི་བཞག་ཅེས་ཟེར་ཞིང་བསྡིགས། རྐྱེན་དེ་ལ་བརྟེན་ནས་འཇིགས་བྱེད་ཀྱི་དབང་ལུང་ཞུས་ཏེ་ཟླ་བ་དྲུག་ལ་མཚམས་དམ་པོར་བསྡོམས་ཏེ་བསྙེན་པ་བསགས་པས་གནོད་པ་མ་ནུས། སྔར་ལུང་ཞུ་བ་དང་སྲུང་མདུད་ལེན་མཁན་གྲྭ་པ་ཕལ་ཆེར་ཚད་རིམས་ཀྱིས་གྲོངས། སྐུ་ན་སོན་པ་དང་དབུས་སུ་ཕེབས་ནས་དཔལ་ལྡན་འབྲས་སྤུངས་བཀྲིས་སྒོ་མང་གི་ཆོས་གྲྭར་ཞུགས། དཔོན་སློབ་རྒ་རུ་དང་དཔོན་སློབ་ཧོར་རིན་པོ་ཆེ་ལ་དབུ་ཕར་འདུལ་མཛོད་བཞི་ཀ་གསན། ལྷ་ལྡན་དུ་སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་མཛད། དེ་ནས་རྒྱུད་ལ་ཕེབས་ཏེ་ལོ་ལྔའི་བར་དུ་འགྲེལ་པ་བཞི་སྦྲགས་དང༌། བསྐྱེད་རྫོགས་ཆེན་མོ་གཉིས། ཊིའཀ་ཆེན་ཊཱིཀ་ཆུང་གཉིས་སོགས་མདོར་ན་གསང་སྔགས་རྒྱུད་སྡེ་བཞི་ཀར་གསན་པས་མདོ་སྔགས་གཉིས་ཀ་ལ་མི་འཇིགས་པའི་གདིངས་ཐོབ། འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་ྋགོང་ས་རྒྱལ་དབང་ལྔ་པ་རིན་པོ་ཆེའི་དྲུང་ནས་ཟླ་བ་གཉིས་ཀྱི་རིང་བྱང་ཆུབ་ལམ་རིམ་ཆེན་པོའི་ཁྲིད་ལུང་རྒྱས་པར་གསན་པས་མཚོན། སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་རིང་དུ་བསྟེན་ནས་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར།

གཞན་ཡང་རྗེ་ཡབ་སྲས་དང་རྒྱལ་པཎ་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་བཀའ་འབུམ་དུ་མའི་ལུང་དང༌། བདེ་གསང་འཇིགས་གསུམ་གྱི་དབང༌། ཡི་དམ་དུ་མའི་སྒྲུབ་ཐབས་དང་རྗེས་གནང་སོགས་རྒྱ་ཆེར་ཞུས་ཏེ་དབང་ལུང་མན་ངག་གི་གཏེར་མཛད་དུ་གྱུར། དེ་ནས་འོལ་ཁར་ལམ་རིམ་དང༌། གསང་འཇིགས་ཀྱི་རིམ་གཉིས་ལ་སྦྱངས་པས་གཞུང་ལུགས་ནས་བཤད་པ་ལྟར་གྱི་ཐུགས་དམ་ལེགས་པར་འབྱོངས་པའི་རྟོགས་པའི་ཀློང་བརྡོལ། ྋགོང་ས་སྐྱབས་མགོན་ལྔ་པ་ཆེན་པོར་གསང་བའི་སྒོ་ནས་རྟོགས་པ་ཕུལ་པས། ཐུགས་ཤིན་ཏུ་མཉེས་ཏེ་ཞལ་ནས། བསམ་བློ་རབ་འབྱམས་པ་སྦྱིན་པ་ད་མ་གཡེང་ན་རྟོགས་པ་ཡ་མཚན་པ་སྐྱེ་བ་འདྲ་ཞེས་བསྔགས་པར་མཛད། དེ་ནས་དབུས་སུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ལུང་རྒཡུན་ཆད་ལ་ཉེ་བར་གཟིགས་ནས་ཐུགས་ཀྱིས་མ་བཟོད་པར་བཀའ་བསྟན་ཡོངས་སུ་རྫོགས་པའི་ལུང་རྒྱན་སྤེལ། རྗེ་ཡབ་སྲས་ཀྱི་གསུང་ཕལ་ཆེ་བ་དང༌། དགེ་འདུན་རྒྱ་མཚོའི་བཀའ་འབུམ། བློ་བཟང་དོན་གྲུབ་དང༌། སངས་རྒྱས་ཡེ་ཤེས་ཀྱི་བཀའ་འབུམ། པཎ་ཆེན་ཐམས་ཅད་མཁྱེན་པའི་བཀའ་འབུམ་སོགས་ཀྱི་ཆར་ཕབ། ལྷག་པར་ལམ་རིམ་ཆེན་པོ་མཆན་བཞི་སྦྲགས་སོགས་ཀྱི་ཁྲིད་རྒྱུན་དང་རྗེས་གནང་ཡང་དུ་མ་སྤེལ། ཞལ་ནས། ངས་དགེ་ལུགས་ཀྱི་ཁྲིད་དབང་ལུང་འདི་ནུབ་འགྲོ་བ་འདྲ་སྙམ་ནས་མ་བཟོད་པར་ལུང་རྒྱུན་སྤེལ་བ་ཡིན་གྱི། ད་རང་དོན་དང་འཆུག་འདུག །ཅེས་ཡང་ཡང་གསུངས་ཏེ། འདི་ཉིད་གལ་ཏེ་སྒྲུབ་པ་ཁོ་ན་ལ་བཞོལ་ན་སྐུ་ཚེ་དེ་ཉིད་ལ་ཟུང་འཇུག་འོད་ལུས་ཀྱི་གོ་འཕང་མངོན་དུ་བྱེད་རྒྱུ་ཡིན་ནའང་ཕྱི་རབས་ཀྱི་གདུལ་བྱ་ལ་ལུང་གི་བསྟན་པ་འདི་ཁོ་ན་གལ་ཆེ་བར་དགོངས་ནས་བཤད་པ་སྤེལ་བ་ཡིན་ནོ། དེ་དུས་ཁོང་མ་ཕེབས་བར་དུ་སེར་འབྲས་ནའང་ལམ་རིམ་གྱི་ལུང་དཔོན་སློབ་མེར་རྒན་གཅིག་པུ་ལས་མེད་ཅིང༌། སྔགས་ནི་གསུང་བར་མི་གནང༌། དེ་ནས་གྲོམ་མདའི་མཁན་པོ་གནང༌། དེ་ནས་མི་རིང་བར་རྒྱུད་སྨད་བླ་མ་གནང་ཞིང༌། གཏོར་ཆེན་གྱི་སྐབས་ཤིག་གཏོར་མ་ཞིག་པ་དང༌། ཆུ་མིག་ལུང་གི་སྦྱར་སྡོང་ཆེན་པོ་འགྱེལ་པར་ཀུན་གྱིས་རྟོག་བྱས་ཀྱང་རྗེ་འདིས་ངེད་ལ་སྐྱོན་མེད་གསུངས་པ་ལྟར་སྐྱོན་མ་བྱུང་ཞིང༌།

དེ་ནི་རྗེ་ཉིད་ཀྱི་སྐུ་སྐྱེ་སྔ་མ་དེ་དཔལ་ལྡན་ས་སྐྱ་བདག་ཆེན་ཨ་མེས་ཀུན་དགའ་རྒྱལ་མཚན་གྱི་སྐྱེ་བ་བཞེངས་སྐབས་དགེ་ཕྱོགས་ལ་དྲག་ལས་ཐེངས་འགའ་གནང་མྱོང་བས་དམ་ཅན་ཆོས་རྒྱལ་གྱི་འཚུབ་བསླང་ཡིན་ཞེས་གསུངས། ཚངས་པའི་འཇིགས་བྱེད་དཔའ་ཅིག་ཀྱང་གསུང་པས་དེ་དག་གི་འཚུབ་ཡིན་པ་འདྲ། དེ་དུས་དྲག་ལས་འདྲ་མཛད་པས་ལན་ཞེས་ཡང་ཡང་གསུངས། དགུང་གྲངས་ལྔ་བཅུ་ང་གཉིས་པ་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ་༡༦༨༠ལོའི་ཧོར་ཟླ་ལྔ་པར་གངས་ཅན་གྱི་རིག་སྔགས་འཆང་བའི་གཙུག་རྒྱན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཁྲིར་ཕེབས། མངའ་རིས་སུ་ནད་ཡམས་རིམ་འཁརུག་རྒྱུན་མར་བྱུང་བས་འདི་ཉིད་གདན་དྲང་པ་ལྟར་ཕེབས་ཏེ་ཞི་བའི་སྦྱི་བསྲེགས་མཛད་པས་ཡུལ་དེའི་ནད་རིམ་གནད་པ་དང་བཅས་པ་དམིགས་མེད་དུ་ཞི། རྒྱལ་བློན་ཀུན་གྱིས་ཞབས་སྤྱི་བོར་བླངས།

དགུང་ལོ་རེ་བཞི་པ་རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ་༡༦༩༢ལོར་སངས་རྒྱས་ཀྱིས་ལུང་བསྟན་པའི་སྒྲུབ་གནས། གངས་ཅན་གྱི་རྒྱལ་བ་གཉིས་པའི་བཞུགས་གདན ཛམ་བུ་སུ་ཝར྄ཎའི་མི་འཇིགས་གདོང་ལྔས་མངོན་པར་བཏེགས་པའི་ཁྲི་ལ་ཕེབས། ལོ་དེའི་སྨོམ་ལམ་ཚོགས་མཆོད་སྐབས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལས་རྨད་བྱུང་བསྐལ་སྔོན་མའི་ལུང་གསན། སྔ་ཕྱིར་དོན་གཉེར་ཅན་ཤིན་ཏུ་མང་པོ་ལ་རྗེའི་བཀའ་འབུམ་གྱི་ལུང་དང༌། རྗེས་གནང་སོགས་ཚད་མེད་པ་གནང་བ་སྟེ། ལོ་གསུམ་བར་དུ་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར། དགུང་ལོ་རེ་བདུན་པ་རབ་བྱུང་བཅུ་གཉིས་ཤིང་ཕག་༡༦༩༥ལོར་ཞི་བར་གཤེགས་པའི་ཚུལ་བསྟན། གསུང་ལས་སྐྱེས་པའི་སློབ་མ་རྡོ་རྗེ་འཛིན་པ་བློ་བཟང་ངག་དབང་དང༌། རྡོ་རྗེ་འཛིན་པ་བློ་བཟང་དཔལ་འབྱོར། ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་ལ་སོགས་པའི་དགེ་བཤེས་སྐད་གྲགས་ཆེ་བའང་ཤིན་ཏུ་མང་ལ། བླ་མ་ཆོས་གསན་པ་ནི། ཕ་བོང་ཁ་པ་ཁྱབ་བདག་འཇམ་དབྱངས་གྲགས་པའི་ཞལ་སྔ་ནས་དང༌། སྐྱིད་ཤོད་ཞབས་དྲུང་ངག་དབང་བསྟན་འཛིན་འཕྲིན་ལས་ཆོས་དབང་གྲགས་པའི་སྡེའི་ཞལ་སྔ་ནས་དང༌། འཕྱོང་རྒྱས་མཁན་པོ་གནས་རྙིང་ཞབས་དྲུང་དང༌། ཇོ་གདན་མཁན་པོ་ཁྱབ་བདག་རྡོ་རྗེ་འཆང་གཟིམས་ཤག་ཆོས་རྗེ་རིན་པོ་ཆེ་དང༌། སྒོ་མང་དཔོན་སློབ་འཇམ་དབྱངས་བླ་མ་དོན་གྲུབ་རྒྱ་མཚོ་དང༌། ཨ་པ་ལིའི་དོན་རྒྱམ་པ་དང༌། རྒྱུད་སྨད་བླ་མ་དཔལ་འབྱོར་རྒྱ་མཚོ་དང༌། ཤངས་ཀྱི་བླ་མ་གཞུང་ལས་པ་དཀོན་མཆོག་རབ་བརྟན་དང༌། གཞན་ཡང་དེ་དུས་དཀའ་རབ་འབྱམས་ཆེ་བགྲེས་ལ་ཆོས་མ་གསན་པ་མེད་པས་སུ་ཞིག་གིས་བགྲང་ཐུབ། དེང་དུས་རྗེ་ཡབ་སྲས་ཀྱི་ལུང་རྒྱུན་གཙང་དབུས་ན་ཅུང་ཟད་ཡོད་པ་འདི་ཐམས་ཅད་ཕ་བོང་ཁ་པ་དང་མེར་རྒན་དང༌། བླ་མ་འདི་དང༌། གཟིམས་ཤག་མཁན་རིན་པོ་ཆེ་རྣམས་ཁོ་ནའི་ཐུགས་རྗེ་ཡིན་པར་བཤད། འདིའི་སྐུ་ཕྲེང་གཉིས་པ་བསམ་བློ་ཁྲི་སྤྲུལ་ངག་དབང་འཇམ་དཔལ་ཡེ་ཤེས་ཆོས་འཕེལ་ནི། རབ་བྱུང་བཅུ་དྲུག་པའི་མེ་ལུག་༡༩༦༢ ལོར་མདོ་ཁམས་ཆབ་མདོ་ཁུལ་དུ་ཡབ་འབའ་སྤྲུལལ་སྐུ་འཕྲིན་ལས་རྒྱ་མཚོདང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། སྐུ་ན་ཆུང་དུས་ནས་ཡ་མཚན་པའི་རྟགས་མཚན་འདྲ་མིན་ཤིན་ཏུ་མང་པོ་བྱུང༌། དབུ་སུ་ཕེབས་ཏེ་རབ་བྱུང་དང་དགེ་ཚུལ་སྒྲུབ། པཎ་ཆེན་ཆོས་ཀྱི་རྒྱལ་མཚན་དང་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་འོན་རྒྱལ་སྲས་སྤྲུལ་སྐུ། དགེ་བཤེས་ལམ་རིམ་པ་སོགས་ལ་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་ཞུས། སྙན་ངག་དང་བརྡ་སྤྲོད། རྣམ་ཐར་དང་ལོ་རྒྱུས། སྨན་དང་དབྱངས་འཆར་ཀྱི་རྩིས། རྒྱ་ཡིག་དང་རྫས་སྦྱོར་སོགས་ལའང་གང་ཙམ་བསླབས། མངོན་ཤེས་ཐོགས་མེད་མངའ་བའི་མཚན་སྙན་རྒྱལ་ཁབ་ཕྱི་ནང་གང་སར་འབར། འོན་རྒྱལ་སྲས་རིན་པོ་ཆེས་ལྕང་སྐྱ་གོང་མའི་ཡང་སྲིད་ངོས་འཛིན་ཞུས། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་བཞིན་༡༩༩༧ལོར་རྒྱ་གར་དུ་ཕེབས་ཏེ་རྒྱལ་དབང་ཐམས་ཅད་མཁྱེན་པར་མཇལ་བཅར་ཞུས། ྋགོང་ས་མཆོག་གིས་དགའ་ལྡན་ཁྲི་ཐོག་ཞེ་དྲུག་པ་བསམ་བློ་བློ་བཟང་སྦྱིན་པའི་ཡང་སྲིད་ཐག་གཅོད་གནང་ནས། ད་ལྟར་གདན་ས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་འགྲོ་དོན་རྒྱ་ཆེར་སྤེལ་བཞིན་འཚོ་ཞིང་བཞུགས་པ་འདི་ཉིད་དེ། རྒྱས་པ་ཤེས་འདོད་ན་སྒོ་མང་ཆོས་འབྱུང་ཆོས་དུང་གཡས་སུ་འཁྱིལ་བའི་སྒྲ་དབྱངས་ལ་གཟིགས་དགོས། 

དགའ་ལྡན་ཁྲི་ཐོག་ཞེ་བདུན་པ་ཡང་སྟེང་བློ་བཟང་ཆོས་འཕེལ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཞེ་བདུན་པ་ཡང་སྟེང་བློ་བཟང་ཆོས་འཕེལ། རབ་བྱུང་བཅུ་གཅིག་པའི་ལོ་འགོ་ཙམ་དུ་མདོ་ཁམས་མདོ་པ་ཁུལ་གྱི་འདབས་ཡང་སྟེང་དགོན་དང་ཉེ་བར་ས་སྨད་རྒྱལ་པོའམ་དབང་ངེས་དཔོན་ཚང་དུ་གྲགས་པའི་རིགས་རུས་ཀྱི་རྒྱུད་དུ་སྐུ་བལྟམས། སྐུ་ན་ཆུང་དུས་ནས་སྔོན་གྱི་གོམས་པའི་དབང་གིས་དཔལ་མགོན་ཕྱག་དྲུག་པས་རྗེས་སུ་བཟུང་བའི་རྟགས་དང་མཚན་མ་གསལ་པོ་བྱུང༌། འདབས་ཡང་སྟེང་དགོན་གྱི་སྒྲིགས་སུ་ཞུགས་ནས་རབ་ཏུ་བྱུང་ན་ཡང་མདོ་སྔགས་ཀྱི་སློབ་གཉེར་ཆ་ཚང་ཞིག་མེད་སྟབས། ཐུགས་ལ་དབུས་གཙང་གི་གྲྭ་ས་ཆེན་པོར་སོང་ནས་མདོ་སྔགས་ཡོངས་རྫོགས་ལ་སྦྱངས་པ་མཐར་ཕྱིན་པ་ཞིག་བྱེད་རྒྱུ་བྱུང་ན་ཅི་མ་རུང་དགོངས་ནས་ཡོད་མུར། མགོན་པོ་ཕྱག་དྲུག་པའི་དམ་སྣང་འཁྲུལ་མེད་ཀྱིས་ལུང་གིས་སྐུལ་ཏེ་གཞིས་དགོན་དེ་ནས་དབུས་སུ་ཕེབས། ཐོག་མར་དགའ་ལྡན་གདན་ས་ཆེན་པོའི་ཤར་རྩེ་གྲྭ་ཚང་གི་སྒྲིགས་སུ་ཞུགས་ནས་ལོ་ཤས་སློབ་གཉེར་མཛད་ཅིང་བཞུགས་མུས་སུ་ཁ་ཕྱིར་བལྟས་ཀྱི་ཐོས་བསམ་སློབ་གཉེར་འདི་འདྲ་དགོས་པ་མི་འདུག་དགོངས་ཏེ་གྲྭ་སའི་སྒྲིགས་ནས་འཐེན་ཐོག་ཕ་ཡུལ་གྱི་དབེན་གནས་ཤིག་ལ་སྒྲུབ་པ་ཉམས་ལེན་ཞིག་བྱེད་དགོངས་ཏེ་དབུས་སྟོད་འབྲི་གུང་བར་དུ་ཕེབས་ནས་སྔོན་ཆད་སློབ་གཉེར་བྱས་པ་ལ་དགོས་པ་བྱུང་ཨེ་འདུག་དགོངས་ནས་ཐུགས་བསམ་བཞེས་པ་ན། རང་མཉམ་གཞན་དག་གི་སློབ་གཉེར་བྱེད་ཚུལ་དང་མི་འདྲ་བའི་གོ་རྟོགས་བཟང་པོ་བྱུང་ཡོད་པ་མཁྱེན་ནས་སླར་ཡང་སློབ་གཉེར་མུ་མཐུད་ནས་གནང་འདོད་ཀྱིས་ཕེབས་ཀྱང༌། སྐབས་འཕྲལ་དགའ་ལྡན་གྱི་སྒྲིགས་ཁོང་ནས་འཐེན་ཏེ་ཉིན་ཤས་ལས་མ་སོང་བར་བརྟེན་སེར་སྨད་གྲྭ་ཚང་དུ་ཞུགས་ཏེ་ཕར་ཕྱིན་གྱི་མཇུག་ནས་བཟུང་གཞུང་ཆེན་པོ་ལྔའི་སློབ་གཉེར་མཐར་ཕྱིན་པ་མཛད་དེ་དགེ་བཤེས་མཚན་བཏགས་ཀྱང་ཐོན། དེ་རྗེས་རྒྱུད་སྟོད་དུ་མཁན་ཆེན་དགེ་འདུན་གྲགས་པ་དང༌། མཁན་ཆེན་བློ་བཟང་དགེ་ལེགས་སོགས་བླ་མར་བསྟེན་ནས་གསང་སྔགས་ཀྱི་སྐོར་ལ། དབང༌། ཁྲིད། ལག་ལེན་བཤད་པ་སོགས་ཆ་ཚང་བར་གསན་ཅིང་བྱང་ཆུབ་པར་མཛད། ཞར་ལ་བླ་མ་བཟང་པོའི་དྲུང་ནས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། རིང་པོར་མ་སོང་བར་གྲྭ་དམངས་ཀྱི་འདོད་མོས་བཞིན་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས། དེའི་རིང་འཇམ་དཔལ་རང་བཞིན་མའི་དབྱངས་བཀའ་རྒྱ་མ་དང༌། མགོན་ཆོས་གཉིས་ཀྱི་དབྱངས་གསར་པ་ཁག་བཞི་གསར་གཏོད་ཀྱི་དབྱངས་ཡིག་ཀྱང་མཛད། རབ་བྱུང་བཅུ་གཉིས་པའི་ལྕགས་ལུག་༡༦༩༡ལོར་རྒྱུད་སྟོད་མཁན་པོའི་ཁྲིར་ཕེབས་ཤིང༌། མི་རིང་བར་ཤར་པ་ཆོས་རྗེའི་ཁྲིར་ཕེབས་ཏེ་འཆད་ཉན་དང་གཏོང་སྒོ་སོགས་ཡར་རྒྱས་བཟང་འགྲན་ལྟ་བུར་མཛད་མུས་སུ་མངའ་རིས་མཐོ་ལྡིང་དགོན་གྱི་མཁན་པོར་ཕེབས།

དེར་ལོ་ཤས་བཞུགས་རིང༌། ལམ་རིམ་བློ་སྦྱོང༌། དབང༌། ལུང༌། བཤད། ཁྲིད་སོགས་གང་ལ་གང་འཚམས་པའི་མདོ་སྔགས་ཀྱི་ཆོས་མང་དུ་གསུང༌། གསོད་ངེས་ཀྱི་མི་དང་དུད་འགྲོ་མང་པོའི་སྲོག་སྐྱོབ་པ་དང༌། དབུལ་ཕོངས་རྣམས་ལ་ན་ར་མ་དང་འཕར་མའི་སྦྱིན་གཏོང༌། ཡི་གེ་དང༌། རྩིས་དང༌། སྨན་སོགས་ཐ་སྙད་རིག་གནས་ཀྱི་སློབ་སྦྱོང་ལ་བསྐུལ་མ། སྡེ་འབངས་ཕན་ཚུན་མཐུན་སྒྲིལ་དང་ཕན་ཚུན་རོགས་རམ་དགོས་པའི་བཀའ་སློབ་སོགས་ཡང་ཡང་གནང་བས། མངའ་རིས་དང་ལ་དྭགས་ཁུལ་གྱི་དཔོན་འབངས་མང་པོས་གཞུང་དགའ་ལྡན་ཕོ་བྲང་ལ་ནན་ཏན་ཆེན་པོས། དམ་པ་འདི་ཉིད་སྐུ་ཚེའི་རིང་མངའ་རིས་ཁུལ་དུ་བཞུགས་འཇགས་ཡོང་བ་ཞུས་པར་བརྟེན། ཁྲི་ཆེན་བསམ་བློ་བ་སྦྱིན་པ་རྒྱ་མཚོ་ཁྲི་ལོ་གསུམ་ལས་མ་བཞུགས་པར་ཤིང་ཕག་༡༦༩༥ལོར་སྐུ་གཤེགས་པའི་རྗེས་སུ་དགའ་ལྡན་ཁྲི་ལ་ཕེབས་རེས་རྗེ་འདི་ཡིན་ཀྱང་ཁྲི་ལ་ཕེབས་མ་ཐུབ་པར་མངའ་རིས་སུ་ལོ་བཞི་བཞུགས་ནས་འགྲོ་དོན་རྒྱ་ཆེར་འཕེལ། དེའི་རིང་ཁྲི་ཆེན་ཚུལ་ཁྲིམས་དར་རྒྱས་ཀྱིས་དགའ་ལྡན་ཁྲི་ཚབ་མཛད་དགོས་བྱུང༌། དེ་ནས་རབ་བྱུང་བཅུ་གཉིས་པའི་ས་ཡོས་༡༦༩༩ལོར་གཞུང་དགའ་ལྡན་ཕོ་བྲང་ནས་དགའ་ལྡན་གསེར་ཁྲིར་འཕྲལ་དུ་ཕེབས་དགོས་པའི་བཀའ་བྱུང་བ་བཞིན་དབུས་སུ་ཕེབས་ནས། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང༌། པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས། སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཅས་ལ་མཇལ་འཕྲད་འབུལ་རྟེན་གྱ་ནོམ་པ་ཕུལ་ཞིང་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་ལོ་གཅིག་ལྷག་ཙམ་བཞུགས་རིང་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱལ་བ་གཉིས་པའི་བསྟན་པ་བླ་ན་བཏེགས་ཏེ་རབ་བྱུང་དེ་གའི་ལྕགས་སྦྲུལ་༡༧༠༠ལོར་དགོངས་པ་མྱ་ངན་ལས་འདས། སྐུ་གདུང་ཞུགས་འབུལ་ཞུས་པའི་དངུལ་གདུང་ལྷ་བབས་མཆོད་རྟེན་ཞིག་བཞེངས་པ་ཡངས་པ་ཅན་གྱི་བླ་མ་ལྷ་ཁང་ནང་བཞུགས་ཡོད། དམ་པ་དེའི་རྣམ་ཐར་སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པ་དཔར་མ་ལ་གྲངས་བཅུ་བཞི་ཡོད། གསུང་རྩོམ་ཡང་པོད་གསུམ་བཞུགས།

དགའ་ལྡན་ཁྲི་ཐོག་ཞེ་བརྒྱད་པ་ཏྲེ་ཧོར་ནག་ཚང་པ་དོན་འགྲུབ་རྒྱ་མཚོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཞེ་བརྒྱད་པ་ཏྲེ་ཧོར་ནག་ཚང་པ་དོན་འགྲུབ་རྒྱ་མཚོ་ནི། རབ་བྱུང་བཅུ་གཅིག་པའི་ཤིང་ལུག་༡༦༥༥ལོར་མདོ་ཁམས་ཏྲེ་ཧོར་དཀར་མཛེས་ཁུལ་གྱི་ནག་ཚང་གྲོང་དུ། ཡབ་སྤེན་པ་ཚེ་རིང་དང་ཡུམ་དཔལ་འཛོམས་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྤྱིར་ཏྲེ་ཧོར་ཞེས་པ་འདི་བུ་སྟོན་ཆོས་འབྱུང་སོགས་སྔ་རྩོམ་རྣམས་སུ་ཀ་ཀྲེ་དང་ཕྱིས་རྩོམ་རྣམས་སུ་ཏ་ཏྲེ་བྲིས་སྣང་ཞིང༌། ཡང་ཏྲེ་བོ་དང་ཏྲེ་ཧོར་ཞེས་འབྲི་ཚུལ་གཉིས་བྱུང་བ་ལས་ཧོར་གྱིས་དབང་བསྒྱུར་མ་བྱུང་བའི་སྔོན་དུ་ཏྲེ་བོ་དང་ཧོར་གྱི་དབང་བསྒྱུར་བྱས་པའི་རྗེས་ནས་ཏྲེ་ཧོར་ཞེས་པ་འདི་ཉིད་འབྲི་སྲོལ་ཆེ་བར་གྱུར་པ་ཡིན་ལ། རྗེ་འདིའི་འཁྲུངས་ཡུལ་སྐོར་བོད་གཞུང་གི་ཤིང་ཁྱི་༡༨༡༤ལོར་སྤྲུལ་སྐུའི་ཐོ་གཞུང་དུ། འབྲས་སྤུངས་གླིང་སྤྲུལ་སྐུའི་སྐྱེ་ཕྲེང་དང་པོ། དོན་འགྲུབ་རྒྱ་མཚོ་ཏྲེ་བོར་འཁྲུངས། འདིས་དགའ་ལྡན་གསེར་ཁྲིར་ཕེབས། ཏཱ་ལའི་བླ་མ་ཚངས་དབྱངས་རྒྱ་མཚོའི་དབུ་བླ་མཛད། དགུང་ལོ་དགུ་བཅུ་ཐམ་པར་གཤེགས། ཞེས་བཀོད་སྣང་ཞིང༌། གངས་ཅན་མཁས་དབང་རིམ་བྱུང་གི་མིང་མཛོད་དུའང་ཀྲེ་ཧོར་ནག་ཚང་དུ་འཁྲུངས་པར་བཤད།

དཀར་མཛེས་ཁུལ་འདིར་མི་ཐོག་མིས་བརྗེས། ཤིང་ཐོག་ལོ་མས་བརྗེས་ནའང་ཏྲེ་བོ་ནག་ཚང་ཞེས་པའི་ས་མིང་དང་སྡེ་པ་ནི་ད་ལྟའི་བར་དུའང་གནས་ཡོད་པས། འདི་ལ་བརྟེན་ནས་ད་ལྟའི་བར་དུ་འབྲས་སྤུངས་ཏྲེ་ཧོར་ཁང་ཚན་གྱིས་ཚོམས་ཇ་ནམ་ཡོད་གླིང་བླ་བྲང་དུ་སྐྱེལ་སྲོལ་འདུག གུང་བསྟན་གྱིས་བྲེ་བོ་ནག་ཚང་དུ་ཞེས་བཀོད་འདུག་པ་ནི་ཁྱད་དུ་བཟོ་བཅོས་བྱས་པ་མིན་ནམ་སྙམ་དུ་དོགས་ལ། མཁས་པའི་དབང་པོ་ཡོན་ཏན་རྒྱ་མཚོས། འདི་ལ་དཔེ་བལྟས་ནས་བསྒྲིགས་པའི་དགེ་ལྡན་ཆོས་འབྱུང་གསེར་གྱི་མཆོད་སྡོང་དུ། བྲེ་བ་ཞེས་བྲིས་པ་ནི་གུང་བསྟན་པའི་ཁྲི་རབས་ཡོངས་འདུའི་ལྗོན་བཟང་དཔེ་སྐྲུན་སྐབས་ལྕགས་འབྲུ་ཟད་རསྙིང་སོང་བ་དང་ཆག་གྲུག་སོང་བས་ན་རོ་མི་གསལ་བ་དེར་དཔེར་བྱས་པས་འཁྲུལ་བར་ཟད་ཁྲི་རབས་ཡོངས་འདུའི་ལྗོན་བཟང་དཔེ་སྐྲུན་བྱེད་སྐབས་ང་རང་བློ་གླིང་དཔེ་སྐྲུན་ཞུ་དག་པ་ཡིན་པས་རྒྱུས་གསལ་པོ་ཡོད། རྗེ་འདི་ཉིད་དགུང་ལོ་བཅུ་གསུམ་པ་མེ་ལུག་༡༦༦༧ལོར་གཞུང་གི་ནག་ཚང་འགོ་པ་དང་མཉམ་དུ་དབུས་འགྱུར་་ཆོས་ཀྱི་ཞིང་སར་ཕེབས། འབྲས་སྤུངས་ཏྲེ་ཧོར་དུ་ཞུགས་དགོས་ཀྱང༌། ཁང་ཚན་དགེ་རྒན་འཇོན་ཐང་ཅན་ཞིག་གིས་སྤགས་ཐེལ་གྱི་མཚམས་སྦྱོར་གནང་བ་ལ་བརྟེན་ནས་འབྲས་སྤུངས་བཀྲ་ཤིས་སྒོ་མང་ཧར་གདོང་ཁང་ཚན་དུ་འཛུལ་ཞུགས་བྱས།

དོན་རྐྱེན་འདི་ལ་བརྟེན་ནས་ཁང་ཚན་འདིར་དུས་དེ་ནས་བཟུང་ཉེ་འཁོར་བའི་གྲྭ་རྒྱུན་སུ་ཞིག་ཡིན་ཡང་ཁང་ཚན་དགེ་རྒན་ལང་མི་ཆོག་པར་བྱས་ཟེར། བསྡུས་གཞུང་ནས་བཟུང་གཞུང་ཆེན་ཁག་ལ་གསན་བསམ་རྒྱ་ཆེར་མཛད། ཐུགས་རིག་ཤིན་ཏུ་གསལ་བས་ཉིན་རེར་དཔེ་རིང་མདའ་ཚད་མ་བཅུ་རེ་བློ་འཛིན་གནང་བས་ལེགས་བཤད་གསེར་ཕྲེང་དང༌། རྣམ་བཤད་སྙིང་རྒྱན། ལེགས་བཤད་སྙིང་པོ། རྩ་བ་ལྔ་སོགས་ཐུགས་ཐོག་ཤར་ཤར་དུ་སྐྱོར་གནང་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་གདན་གསུམ་མཁས་མང་སྟོང་ཕྲག་ཚོགས་པའི་དབུས་ནས་ལྷ་རམས་ཨང་དང་པོའི་མཚན་རྟགས་བཞེས་པ་དང་མཁས་པའི་མཚན་སྙན་འབར། དགུང་ལོ་ཉེར་དྲུག་པར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་ཆེན་རྒྱུད་སྡེ་བཞིའི་དོན་ལ་གཞན་དྲིང་མེད་པའི༌། མཁས་པར་བསླབས། དགུང་ལོ་ཉེར་བརྒྱད་པར་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་ཕེབས་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་འཆད་ཉན་རྒྱ་ཆེར་བསྐྱངས།

རྗེ་འདི་ཉིད་མཁན་པོ་ལས་ཐོབ་སྐབས་གདན་ས་ཆེན་པོ་འདིར་སྔོན་གྱི་སྐྱེས་ཆེན་དུ་མའི་སྒྲིག་གཞི་བཅའ་ཡིག་དུ་མ་ཡོད་ནའང་ཕྱོགས་མཐའ་ཁག་ནས་གྲྭ་རྒྱུན་རྣམས་རྒྱ་མཚོ་ལ་ཆུ་བོ་འདུས་པ་དང༌། པད་མཚོ་ལ་ངང་མོ་འདུ་པ་བཞིན་ཧ་ཅང་གིས་འཕེལ་རྒྱས་ཇེ་ཆེར་སོང་སྟེ་འབྲས་སྤུངས་བདུན་སྟོང་བདུན་བརྒྱ་ཞེས་པའི་བཤད་སྲོལ་ཡང་རྗེ་འདིའི་སྐབས་ནས་བྱུང་ཞིང༌། དེ་དང་ཆབས་ཅིག་ཏུ་སྔོན་གྱི་བཅའ་ཡིག་ཁག་ཏུ་ཕྱི་ནང་གི་གླེང་གཞི་ཡང་མང་དག་ཅིག་གསར་དུ་བྱུང་བ་དང་བསྟུན་ནས། སྒོ་མང་སློབ་དཔོན་པ་དོན་གྲུབ་རྒྱ་མཚོ་འདི་ཉིད་དང༌། བློ་གསལ་གླིང་ཟུར་པ་ལེགས་པ་དོན་གྲུབ། འདུལ་བ་པ་བློ་བཟང་དགའ་ལྡན། བློ་གསལ་གླིང་ཁྲི་བ་བློ་བཟང་འཇམ་དཔལ། ཤག་སྐོར་བ་ངག་དབང་དོན་གྲུབ། རྒྱལ་པ་ཆོས་ལྷུན་གྲུབ། བདེ་ཡངས་པ་བློ་བཟང་ཡོན་ཏན། སྔགས་པ་ལེགས་བཤད་རྒྱ་མཚོ་སོགས་སློབ་དཔོན་པ། དགེ་སྐོས་དཀའ་བཅུ་བློ་བཟང་དོན་གྲུབ་དང་རབ་འབྱམས་པ་བློ་བཟང་ཡེ་ཤེས། དབུ་མཛད་ངག་དབང་བསྟན་འཛིན། གཉེར་པ་དཀའ་བཅུ་བློ་གྲོས་ལྷུན་གྲུབ་དང༌། རབ་འབྱམས་པ་བློ་བཟང་རབ་ཡངས་སོགས་ཀྱིས་བསྐུལ་མ་ཡང་ཡང་ཞུས་པ་དང་སྔ་ཐོག་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པས་མཛད་པ་རང་ཇི་ལྟར་རུང་རྙིང་པ་ཞིག་འདུག་པ་སྡེ་གཟར་དུས་བོར་བས་འཇམ་དབྱངས་བླ་མ་དཀོན་མཆོག་ཆོས་འཕེལ།

ས་སྐྱོང་བསོད་ནམས་རབ་བརྟན། སློབ་དཔོན་སངས་རྒྱས་བཀྲ་ཤིས་སོགས་དུས་དེའི་སློབ་དཔོན་པ་དང་གྲྭ་རྒན་རྒྱུས་ཡོད་རྣམས་གོ་བསྟུན་ནས་མཛད་པའི་བཅའ་ཡིག་དེ་ལ་ལ་སྤམ་དྲགས་པ་དང༌། འགའ་ཞིག་ཤིན་ཏུ་ཕྲ་བས་མཚོན་ཉམས་སུ་བསྟར་བདེ་མི་བདེ་སྣ་ཚོགས་འདུག་པ་བཅས་བགྱིད་འདུན་ཡོད་ཀྱང་ཆུ་གཉེར་ལྟ་བུའི་རྣམ་གཡེང་གིས་དུས་འདས་པའི་རིམ་ལུས་སུ་སོང་བར་མ་ཟད་ཕྱིས་སྐོར་ཁམས་ཆེན་སོགས་རེ་གཉིས་ཀྱིས་ངན་ཤེད་ལ་བརྟེན་པའི་སྒྲིགས་སྤང་བླང་རྣམས་ལོ་རེ་བཞིན་འགྱུར་ནས་མ་གནས་གཤིས་བགྱིས་པ་རྣམས་ཀྱང་ཚུལ་བཞིན་མ་བྱུང་བའི་ཚེ་དེ་ལམ་དུ་བཞག་ན་མ་འཐུས་པས་རིམ་འགྱངས་སུ་ལུས་པ་ཡིན་རུང་སྤྲུལ་པའི་ཆོས་སྐྱོང་ཆེན་པོ་ནས་རྟ་མཛོས་མཐའ་བརྟེན་པའི་བཀག་ཆའི་བཅད་བརྡར་དང༌། རྩ་ཚིག་བཟོས་པར་རྙེད་སྤང་བླང་རྣམས་མཆན་བུར་བཀོད་དེ་བརླིང་ཆ་གོང་ཆེ་འགབ་ལན་ཁ་ཡར་ཞིབ་དཔྱད་ཅིང་དེ་ལྟ་ལག་ཡོད་སྐལ་གཏོང་གི་ཐོག་གཞི་རྣམས་སྡེ་པའི་ལག་ཏུ་འདུག་པ་དང་ཡང་བཅད་དེ་སྤང་བླང་འཛོལ་མེད་ཉམས་སུ་ལེན་པའི་བཅའ་ཡིག་ཚུལ་འཆལ་ས་སྲུངས་འདུལ་བའི་ལྕགས་ཀྱུ་ཀུན་གསལ་མེ་ལོང་འདི་ནི་ཟ་ཧོར་གྱི་བབརསྤྱ༨་སྡེ་སྣོད་གསུམ་པ་ངག་དབང་བློ་བཟང་རྒྱ་མཚོས་འཕགས་པའི་ཡུལ་དུ་དུནྡུ་བྷི་ཞེས་པ་ལྗོངས་འདིར་རྔ་ཆེན། ཙི་ནའི་ཡུལ་དུ་བཞིན་ཟུ་ཞེས་ཆུ་ཕོ་ཁྱིའི་ལོ་ཉིན་མོར་བྱེད་པ་གླང་གི་ཁྱིམ་དུ་སྤྱོད་ཅིང་ཆུ་ཤེལ་གྱི་དབང་པོ་སོ་གས་ཉ་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་བླ་མེད་བྱང་ཆུབ་བརྙེས་པའི་དུས་ཆེན་ལ་ལུགས་བརྒྱའི་འདུན་ས་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གཞལ་མེད་ཁང་དམར་པོ་རིར་སྦྱར། ཞེས་གསུངས་པས་སོ། །བཅའ་ཡིག་དེ་ཉིད་ས་ཕག་དུས་འགྱུར་མ་བྱུང་བར་དུ་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་ཆེན་པོས་ཕྱག་ཏུ་བསྣམས་ནས་ཆོས་ཁྲིམས་དར་གྱི་མདུད་པ་ལས་ནམ་ཡང་མི་འདའ་བའི་སྲོལ་བཟང་འདི་ཉིད་བྱུང་བ་ཡིན་ནོ།།

དགའ་ལྡན་ཁྲི་ཐོག་ཞེ་དགུ་པ་ཅོ་ནེ་བློ་བཟང་དར་རྒྱས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ཞེ་དགུ་པ་ཅོ་ནེ་བློ་བཟང་དར་རྒྱས་ནི། རབ་བྱུང་བཅུ་གཅིག་པའི་ཆུ་སྟག་༡༦༦༢ལོར་མདོ་སྨད་ཅོ་ནེའི་ཨ་གཟིགས་ཐང་དུ་ཡབ་ཧོར་ཚང་མགོན་པོ་བསམ་གྲུབ་དང༌། ཡུམ་ལྷ་བཟའ་ལྷ་མོ་ཕྱུག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་འདུལ་འཛིན་བློ་གྲོས་རྒྱ་མཚོ་དང་མཁན་ཆེན་ཐབས་མཁས་རྒྱ་མཚོ་གཉིས་ལས་རབ་ཏུ་བྱུང་ཞིང་མཚན་ལ་བློ་བཟང་དར་རྒྱས་ཞེས་གསོལ། མཁན་སློབ་དེ་གཉིས་ལས་ཡི་གེའིསྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་བསླབས། ཅོ་ནེ་བཤད་སྒྲུབ་གླིང་གི་ཚོགས་གྲྭ་ལ་ཞུགས་ནས་གར་ཐིག་དབྱངས་གསུམ་སོགས་ལ་བྱང་ཆུབ་པར་མཛད། དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་ཕེབས་ཏེ་སེར་སྨད་དུ་ཞུགས་ཏེ་བསྡུས་གཞུང་དང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་ནན་ཏན་དུ་མཛད་པས་སྨྲ་བའི་སེང་གེ་ལྟ་བུར་གྱུར། རྗེ་ཕ་བོང་ཁ་པ་ངག་དབང་བསྟན་འཛིན་ལས་དགེ་ཚུལ་སྒྲུབ་པ་དང་མདོ་སྔགས་ཀྱི་ཆོས་འབྲེལ་ཡང་གསན། དགུང་ལོ་སོ་གཉིས་པར་སེ་ར་ཚོགས་ཆེན་དགེ་བསྐོས་མཛད་ནས་འགྲིག་ལམ་ལ་དོ་དམ་གང་ལེགས་གནང༌། དགུང་ལོ་སོ་བཞི་པར་སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་མཛད། དགུང་ལོ་སོ་ལྔ་པར་གོང་ས་ལྔ་པའི་དངོས་སློབ་གནས་བརྟན་འཇམ་དབྱངས་གྲགས་པའི་དྲུང་དུ་བསྙེན་པར་རྫོགས། དེ་ནས་སྟོད་རྒྱུད་གྲྭ་ཚང་དུ་ཕེབས་ཏེ་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་དང་བཅས་པར་མཁས་པར་སྦྱངས། དགུང་ལོ་སོ་བདུན་པར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས། དགུང་ལོ་སོ་དགུ་པར་རྒྱུད་པ་མཁན་པོའི་ཁྲི་ལ་བཞུགས་ནས་ལོ་ངོ་དགུའི་རིང་དུ་འཆད་ཉན་དང་གཏོང་སྒོ་གང་ཅིའི་ཐད་ནས་ལེགས་པར་བསྐྱངས། དགུང་ལོ་ཞེ་ལྔ་པར་ཤར་རྩེར་ཕེབས། དགུང་ལོ་ཞེ་དགུ་པ་རབ་བྱུང་བཅུ་གཉིས་པའི་ས་བྱི་༡༧༠༨ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བརྒྱད་ཀྱི་རིང་དུ་གསེར་ཁྲི་བསྐྱངས།

ཤིང་རྟ་༡༧༡༤ལོར་ཁྲི་ལས་ཟུར་ནས་ཀྱང་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་དང༌། བདེ་ཆེན་གསང་སྔགས་མཁར། རིན་ཆེན་གླིང༌། དྭགས་པོ་གྲྭ་ཚང་བཅས་ལ་ཞལ་འཛིན་གང་ལེགས་གནང༌། དགུང་ལོ་ང་དགུ་པ་རབ་བྱུང་བཅུ་གཉིས་པའི་ལྕགས་ཕོ་བྱི་༡༧༢༠ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་སྐུ་འབུམ་ནས་མཚོ་སྔོན་དཔོན་ཁག་དང་མན་ཇུ་དམག་གིས་ལྷ་སར་གདན་དྲངས་ནས་ལྷུན་གྲུབ་རྫོང་དུ་ཕེབས་པར་ཁྲི་ཟུར་འདི་ཉིད་དང་དགའ་ལྡན་ཁྲི་ཆེན་དགེ་འདུན་ཕུན་ཚོགས། ཀུན་གཟིགས་པཎ་ཆེན་རིན་པོའི་སྐུ་ཚབ་གདན་ས་གསུམ་གྱི་མ་ཁན་སློབ་ལས་སྣེགཞུང་ཞབས་སེར་སྐྱ་གང་འཚམས་བཅས་ཕེབས་གསུར་བཅར་པས་རྒྱལ་དབང་མཆོག་དང་ཕན་ཚུན་ཐུགས་སྣང་ཤིན་ཏུ་གཤིན་པོ་བྱུང༌། ལོ་དེར་རྒྱལ་དབང་མཆོག་པོ་ཏ་ལར་ཁྲི་འདོན་མཛད་སྒོ་གྲུབ་པ་དང་རྒྱལ་དབང་མཆོག་གི་ཡོངས་འཛིན་དུ་ཕེབས་ཏེ་བསྡུས་གྲྭ་ནས་བཟུང་ཕར་ཕྱིན་སྐབས་བརྒྱད་པའི་བར་ལོ་ངོ་བཞིའི་རིང་དུ་འབུལ་བར་མཛད། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཡོས་༡༧༢༣ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་བཞེངས་པའི་དངུལ་གདུང་ནི་དྭགས་པོ་རྣམ་གྲོལ་གླིང་གི་གཙུག་ལག་ཁང་དུ་བཞུགས་སོ། །

དགའ་ལྡ་ཁྲི་ཐོག་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་

[རྩོམ་སྒྲིག]

དགའ་ལྡ་ཁྲི་ཐོག་ལྔ་བཅུ་པ་བྱ་བྲལ་དགེ་འདུན་ཕུན་ཚོགས་ནི། མདོ་སྨད་གཅལ་ཞེས་བྱ་བའི་ཡུལ་དུ་དབལ་ཤུལ་གྱི་རིགས་ལས། ཡབ་འབུམ་ཕྱུག་དང༌། ཡུམ་རྡོ་རྗེ་མཁའ་འགྲོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་བྱི་༡༦༤༨ལོར་སྐུ་འཁྲུངས། དབལ་མང་རིན་པོ་ཆེ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལས་འཁྲུངས་ལོ་ཤིང་སྦྲུལ་ཡིན་ཞེས་གསུངས་པར་བརྟགཆུང་དུས་ནས་རབ་ཏུ་བྱུང་སྟེ་ཆོས་སྒོར་ཞུགས། དགུང་ལོ་བཅོ་ལྔ་པ་ཆུ་སྟག་༡༦༦༢ལོར་དབུས་སུ་བྱོན་ནས་འབྲས་སྤུངས་སྒོ་མང་བྱ་བྲལ་ཁང་ཚན་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་པོད་ལྔར་གསན་སྦྱོང་མཐར་ཕྱིན་པ་མཛད། གསེར་དབར་ནམ་བྱུང་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེ། ཁྲི་ཆེན་བློ་གྲོས་རྒྱ་མཚོ། བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ། གཙང་པ་ངག་དབང་སྦྱིན་པ། འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་སོགས་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་རྒྱུན་ཧ་ཅང་མང་པོ་གསན། དགེ་བཤེས་ལྷ་རམས་པའི་མཚན་བཏགས་གྲྭ་སྐོར་དམ་བཅའ་འགྲན་ཟླ་བྲལ་བ་གནང་སྟེ། རྒྱུད་སྨད་གྲྭ་ཚང་དུ་སྒྲིགས་ཞུགས་མཛད་ནས། རྒྱུད་པའི་སྒྲིག་སྲོལ་དང༌། ཆོ་ག་ཕྱག་བཞེས། ཁྲིད་སྐྱོང་སོགས་ལ་བྱང་ཆུབ་པར་མཛད། རིམ་བཞིན་རྒྱུད་སྨད་བླ་མ་དབུ་མཛད་དང་མཁན་པོའི་ཁྲིར་ཕེབས། རྗེ་ཤེས་རབ་སེང་གེའི་རྣམ་འཕྲུལ་དུ་ལྷ་དང་བླ་མའི་ལུང་གིས་ཟིན། མཁན་པོ་མཛད་རིང་བདེ་ཆེན་གསང་སྔགས་མཁར་གྱི་རྒྱུད་སྨད་འདུ་ཁང་དང༌། ལྷ་སའི་རྒྱུད་སྨད་འདུ་ཁང་བཅས་གསར་རྒྱག་མཛད། ཞལ་ནས་བདག་འཛིན་འདི་ཨ་རེ་འཇིགས། ཁོ་བོ་མདོ་སྨད་དུ་རྐང་པ་ན་ནས་གསང་བདག་གི་བསྙེན་པ་བྱས། ལྷའི་ང་རྒྱལ་བཟུང་བའི་ཚེ་ཉི་དཀྱིལ་གྱིས་རྐང་པ་ཚའམ་སྙམ་པ་ཤར། ཞེས་གྲུབ་དབང་སྟོབས་ལྡན་སྔགས་རམས་པ་ལ་གསུངས། ཡང་ང་གསང་བ་འདུས་པའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་སྙམ་པ་ཡོད་ཀྱང་རླུང་འདུ་ལུགས་འདུས་པ་དང་མི་མཐུན་པ་འདུག

ཁོ་བོ་གཞོན་དུས་ནས་རྩ་རླུང་ཐིག་ལེ་རང་གྲོལ་དུ་ཡོད་ཅེས་ཁྲི་ཆེན་ངག་དབང་མཆོག་ལྡན་ལ་གསུངས་པར་ལྕང་སྐྱ་རྡོ་རྗེ་འཆང་ནས་གསུངས་ཞེས་སྐྱབས་མགོན་འཇིགས་མེད་དབང་པོའི་ཞལ་ལས་ཐོས་ཞེས་བྱུང༌། ཏཱ་དབོན་དཔལ་ལྡན་གྲགས་པའི་རྣམ་ཐར་ལས། དགའ་ལྡན་ཁྲི་ཆེན་ལྔ་བཅུ་པ་དགེ་འདུན་ཕུན་ཚོགས། འཇམ་དབྱངས་བདེ་བའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་དུ་མའི་ཞབས་དྲུང་ནས། ལམ་རིམ་དམར་འཁྲིད་དང༌། འཇམ་དཔལ་ཞལ་ལུང་སོགས་ལམ་རིམ་གྱི་འཁྲིད་ལྔ་བཅུའི་འཁྲིད་སོགས་ཞུས་ཚུལ་གསལ་ཞིང༌། རྭ་སྒྲེང་ཁྲི་ཆེན་རིན་པོ་ཆེའི་རྣམ་ཐར་དུ། རྒྱུད་སྨད་ཆོས་རྗེ་དགེ་འདུན་ཕུན་ཚོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་འགྲེལ་པ་འགྲེལ་བཤད་མན་ངག་ལག་ཁྲིད་དང་བཅས་པ་དང༌། མ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་དཔལ་འཁོར་ལོ་སྡོམ་པ་རྒྱུད་འགྲེལ་མན་ངག་ལག་ཁྲིད་དང་བཅས་པ་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པའི་རྒྱུད་མན་ངག་ལག་ཁྲིད་དང་བཅས་པ་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་མཛད་ནས་དགུང་ལོ་ཉེར་བདུན་པའི་ལོ་དབྱར་གནས་ཐོག་རྒྱུད་ཆེན་དགེ་འདུན་ཕུན་ཚོགས་ལ་གསོལ་བ་བཏབ་སྟེ། ཕྱི་མིག་ལུང་གི་ཁྲིད་ཁང་དུ་ཞུགས་ནས་མཁས་གྲུབ་རིན་པོ་ཆེའི་དཀར་ཆག་ཐོའི་ཡིག་ཆུང་ལས་ཇི་ལྟར་འབྱུང་བ་ལྟར་འདུས་པའི་རིམ་གཉིས་ཀྱི་ཁྲིད་ལག་ལེན་ཆེ་ཕྲ་མཐའ་དག་ཉམས་པ་མེད་པར་ཁྲིད་པར་མཛད།

རྒྱུད་ཆེན་དགེ་འདུན་ཕུན་ཚོགས་འདི་ལ་དཔལ་དབེན་ས་སྙན་རྒྱུད་ཀྱི་མན་ངག་དང༌། སྲད་རྒྱུད་ཀྱི་མན་ངག་དང༌། རྒྱུད་སྨད་རང་གི་རྡོ་ལག་བརྒྱུད་ཀྱི་མན་ངག་གསུམ་ག་མངའ་ཞིང༌། དེ་ཡང་བཀླགས་ལུང་ཙམ་མིན་པར་དམར་ཁྲིད་ལག་རྗེས་དང་བཅས་པ་ཞིབ་ཏུ་ཁྲིད་པར་མཛད་པས་ལམ་རིམ་གཉིས་ལ་མི་འཇིགས་པའི་གདེང་ཐོབ། ཅེས་དང༌། ཁྲི་ཆེན་དགེ་འདུན་ཕུན་ཚོགས་ལ་བདེ་མཆོག་རྩ་རྒྱུད་དང་སྦས་དོན་དུ་གསལ་གཉིས་རྩ་འགྲེལ་སྦྲགས་པའི་ལུང་སོགས་ཟབ་ཆོས་མང་དུ་གསན། ཞེསའབྱུང་བ་ལྟར་འགྲོ་དོན་ཤིན་ཏུ་ཆེ། དགུང་ལོ་ང་བཞི་པ་སྦྲུལ་༡༧༠༠ལོར་བྱང་རྩེ་ཆོས་རྗེའི་ཁྲི་ཐོག་མཛད། ལྕགས་བྱི་༡༧༢༠ལོ་བོད་ཟླ་གསུམ་པའི་ཚེས་གཉིས་ཉིན་ཚོམས་ཆེན་སྲིད་ཞི་ཕུན་ཚོགས་སུ་དགའ་ལྡན་ཁྲི་གདན་ཟུར་གྱིས་གཙོས་དགོན་སྡེ་གྲྭ་ཚང་མང་པོས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ལ་བརྟན་བཞུགས་འདེགས་འབུལ་སྐབས།

རྗེ་འདིས་མཎ་ཌལ་རྟེན་གསུམ་དང་རྩེ་ཤོད་གཉིས་སུ་དགུ་ཚན་གྱི་འབུལ་བ་གཏེགས་ནས་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ཞུསརབ་༧༠༣། དེས་མཚོན་གོང་ས་སྤྲུལ་པའི་སྐུ་རིན་པོ་ཆེ་ཡང་ཡང་མཇལ་བཅར་དང་འབུལ་ཚན་སྦྲགས་སྐུ་ཚེ་ཡུན་དུ་བརྟན་པའི་གསོལ་འདེབས་ནན་ཏན་མཛད་པ་སོགས་ཐུགས་སྣང་ཤིན་ཏུ་གཤིན་པ་སྣང༌། བྱང་རྩེ་ཁྲིར་རིང་འགྲེལ་པ་བཞི་སྦྲགས་ལ་སླར་ཡང་ཞུས་དག་ནན་ཏན་གནང་སྟེ་ཤིང་དཔར་གསར་བསྐྲུན་གནང༌། དགུང་ལོ་རེ་བདུན་པ་རབ་བྱུང་བཅུ་གཉིས་པའི་ཤིང་རྟ་༡༧༡༤ལོར་གསེར་ཁྲིར་བྱོན། དུང་དཀར་ཚིག་མཛོད་ལྟར་ན་རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག་༡༧༡༢ལོར་དགའ་ལྡན་ཁྲིར་ཕེབས་ཞེས་གསུང་པ་མི་བདེན་ཏེ། འདི་ཉིད་ཁྲི་ལོ་དྲུག་ལས་བཞུགས་མེད་ཅིང༌། ལྕགས་བྱི་༡༧༢༠ལོར་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་སྐུ་འབུམ་ནས་དབུས་སུ་ཆིབས་བསྒྱུར་གྲུབ་སྐབས་འདི་ཉིད་ཁྲི་ལས་ཐོབ་པ་ཡིན་ཚུལ་ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མར་གསལ་བའི་ཕྱིར། དད་འདུས་སློབ་མ་རྣམས་ལ་རང་རང་གི་འདོད་མོས་དང་མཚམས་པའི་ཆོས་བཀའ་མང་དུ་གནང་བས་ཞལ་སློབ་གྲགས་པ་ཅན་མང་པོ་བྱུང༌། དགའ་ལྡན་ཁྲི་པ་གནང་རིང་མཚོ་སྔོན་ཆིང་ཝང་བློ་བཟང་བསྟན་འཛིན་ལ་བཀའ་གནང་སྟེ། རྗེ་བླ་མའི་དངུལ་གདུང་གི་ཕྱི་ནས་གསེར་སྦྱངས་ཀྱི་གཡོགས་ཏེ་གསེར་གདུང་དུ་བསྒྱུར། ས་ཕག་༡༧༡༩ལོར་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་སྐུ་འབུམ་ནས་དབུས་སུ་ཕེབས་སྐབས་ལྷུན་གྲུབ་རྫོང་དུ་ཕེབས་གསུར་བཅར་ནས་ཕན་ཚུན་ཐུགས་སྣང་གཤིན་པོར་གནང་ཞིང༌། པོ་ཏ་ལར་ཁྲི་འདོན་སྐབས་སོགས་དང་མཎ་ཌལ་ལྗགས་བཤད་གནང་བ་སོགས་རྒྱལ་བ་དགྱེས་པའི་མཆོས་སྤྲིན་བསྟར། ལོ་དེར་དགའ་ལྡན་ཁྲི་པའི་ལོ་དུས་གཙང་ནས། དཔོན་རིགས་ཁག་ནས་རེ་བསྐུལ་ཞུས་པ་ལྟར་ཚལ་གུང་ཐང་གཙུག་ལག་ཁང་དགོན་པ་དང་བཅས་པའི་འཛིན་བདག་གནང་ནས་ཞིག་གསོ་དང༌། གསར་བཞེངས་སོགས་གང་ལ་གང་འོས་ཀྱི་འཛིན་སྐྱོང་ཚགས་སུ་ཚུད་པ་མཛད་ནས། དགུང་ལོ་དོན་བརྒྱད་པ་རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ་༡༧༢༥ལོར་ཚལ་གུང་ཐང་དུ་སྐུ་གཤེགས།

ཁྲི་ཆེན་དེའི་སྐུ་ཕྲེང་རིམ་བྱོན་ལ་གུང་ཐང་ཚང་ཞེས་ཞུ་བའི་རྒྱུ་མཚན་ཡང་དེ་ཉིད་ཀྱིས་ཡིན། སྐུ་རུས་ལ་རྟེན་ངོ་མཚརཅན་མང་དུ་བྱོན་པ་རྣམས་བདེ་ཆེན་གསང་སྔགས་མཁར་དང༌། བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ནས་སྐུ་བརྙན་ཁག་གི་ནང་རྟེན་དུ་བཞུགས།

རྗེ་འདིའི་སྐོར་སེར་སྨད་མཁན་པོ་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི་དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར་ལེ་ཚན་ང་པར་ཤོག་གྲངས་དྲུག་ཡོད། དེ་རྗེས་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་པའི་རྒྱལ་མཚན་རབ་བྱུང་བཅུ་གཉིས་པའི་མེ་ལག་༡༧༢༧ལོར་སྐུ་འཁྲུངས་ནས་དགུང་ལོ་སོ་གསུམ་པ་རབ་བྱུང་བཅུ་གསུམ་པའི་མེ་ཡོས་༡༧༥༩ལོར་སྐུ་གཤེགས། སྐུ་ཕྲེང་གསུམ་པ་དཀོན་མཆོག་བསྟན་པའི་སྒྲོན་མེ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ་༡༧༦༢ལོར་སྐུ་འཁྲུངས་ནས་དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་བཞི་པའི་ཆུ་ལུག་༡༨༢༣ལོར་སྐུ་གཤེགས། སྐུ་ཕྲེང་བཞི་པ་དཀོན་མཆོག་བསྟན་པའི་རྒྱ་མཚོ་རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་༡༨༢༤ལོར་སྐུ་འཁྲུངས་ཏེ། དགུང་ལོ་སོ་དྲུག་པ་རབ་བྱུང་དེ་གའི་ས་ལུག་༡༨༥༩ལོར་སྐུ་གཤེགས། སྐུ་ཕྲེང་ལྔ་པ་འཇམ་དབྱངས་བསྟན་པའི་ཉི་མ་རབ་བྱུང་བཞི་པའི་ལྕགས་སྤྲེལ་༡༨༦༠ལོར་སྐུ་འཁྲུངས་ནས་རབ་བྱུང་བཅོ་ལྔ་པའི་སྨད་དུ་སྐུ་གཤེགས། སྐུ་ཕྲེང་དྲུག་པ་ད་ལྟའི་མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་བསྟན་པའི་དབང་ཕྱུག་རབ་བྱུང་བཅོ་ལྔ་པའི་མེ་སྟག་༡༩༢༦ལོར་སྟག་ཟླ། སྟག་ཉི། སྟག་གི་དུས་བཅས་སྟག་བཞི་འཛོམས་ལ་སྐུ་འཁྲུངས། དགུང་ལོ་བདུན་ཅུ་པ༌། །སྐུ་ཕྲེང་སོ་སོའི་མཛད་རྣམ་ཅུང་ཞིབ་པ་གཤམ་དུ་ག་སྡེའི་གུང་ནང་གསལ་བ་དེར་གཟིགས།

དགའ་ལྡན་ཁྲི་ཐོག་ང་གཅིག་པ་རྟ་དབོན་དཔལ་ལྡན་གྲགས་པ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ང་གཅིག་པ་རྟ་དབོན་དཔལ་ལྡན་གྲགས་པ་ནི། མདོ་སྨད་ཧོར་ཚང་ལུང་ཆེན་གསུམ་དུ་གྱེས་པའི་ཡ་གྱལ་ཀོ་ཉིན་དུ་ཡབ་མི་དཔོན་ཆེན་པོ་སེང་གེ་བཅོ་བརྒྱད་རིམ་བརྒྱུད་དུ་འོང་དཔོན་མགོན་པོ་སེང་གེ་དང༌། ཡུམ་སྐྱིད་མི་ཡག་གཉིས་ཀྱི་སྲས་སུ་བསམ་བཞིན་སྲིད་པ་བཟུང༌། རྗེ་འདི་དང་ཡབ་ཡུམ་གཅིག་པའི་སྐུུ་མཆེད་ལྔ་ཡོད་པ་ལས་འདི་ཉིད་གསུམ་པ་ཡིན། སྐུ་ན་ཆུང་དུས་ནས་འཁོར་བའི་འདུ་འཛི་ལ་སུན་ཞིང་དམ་པའི་ཆོས་ལ་གཅིག་ཏུ་མོས་པའི་བག་ཆགས་ཡོངས་སུ་སད་དེ། བྲོས་སྟབས་ཀྱིས་བར་ཁམས་ཚ་བ་དཔག་ཤོད་བླ་མ་བ་སོ་རྗེ་དྲུང་འཇམ་པའི་དབྱངས་ངག་དབང་དཀོན་མཆོག་ཉི་མ་ཨ་མདོའི་ཁུལ་དུ་ཕེབས་པའི་དྲུང་དུ་བཅར་ནས་དབུ་སྐྲ་གཙུག་ཕུད་ཕུལ་བ་དང་ཆབས་ཅིག་རབ་བྱུང་གི་སྡོམ་པ་ཞུས། དེ་ནས་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ལ་ཐོས་པས་མཐའ་རྒྱ་གཅད་པའི་ཆེད་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས། གདན་ས་འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་ནས། སྒོ་མང་བླ་མ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས་འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་ལའང་ཅོལ་འདྲི་བའི་བཤེས་གཉེན་མཁས་པ་དུ་མའི་ཞབས་པད་རིང་དུ་བསྟེན་ནས་རིག་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་ཕར་ཚད་དབུ་མ་འདུལ་མཛོད་བཅས་ལ་རིམ་པར་བཞིན་བསླབས།

སྐབས་དེ་དག་ཏུ་གསོལ་ཆས་ཡང་ཡང་རྫོགས་ཏེ་མར་ལྐོག་བཙོ་ནས་བཞེས་དགོས་བྱུང་བ་དང༌། རྒྱུན་ལྡན་ན་བཟའ་གཟན་ཤམ་དང་ཟླ་གམ་ལ་ལྷན་པ་འདྲ་མིན་མང་པོ་བཏབ་པས་ཁྲབ་ཀྱི་བྱང་བུ་ལྟར་གྱུར་པ། ཏཱ་དབོན་ཁྲབ་གྱོན་ཞེས་པའི་མིང་འདོགས་ཀྱང་ཐོགས་སྐུད། དེ་ལྟར་གཞུང་ཆེན་པོད་ལྔར་དཀའ་སྤྱོད་འབད་པ་གཞན་དང་མི་མཉམ་པའི་བརྩོན་པ་ལྷུར་བླངས་ནས། ལྷ་ལྡན་སྨོན་ལམ་ཆེན་མོའི་རབ་འབྱམས་པའི་གྲྭ་སྐོར་སྐབས་མཁས་པའི་མཚན་སྙན་མདོ་དབུས་ཡོངས་སུ་བརྡལ། མདོ་ཕྱོགས་ཀྱི་སློབ་གཉེར་ཟིན་ནས། གསང་ཆེན་སྔགས་ཀྱི་སྟི་གནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་རྒྱུད་སྡེ་བཞི་དང་ལྷག་པར་བླ་མེད་རྒྱུད་སྡེ་ལ་མཁས་པར་བསླབས། ཀུན་མཁྱེན་འཇམ་དབྱངས་བཞེད་པ་ངག་དབང་བརྩོན་འགྲུས་དང༌། དགའ་ལྡན་ཁྲི་ཆེན་ལྔ་བཅུ་པ་དགེ་འདུན་ཕུན་ཚོགས། འཇམ་དབྱངས་བདེ་བའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་དུ་མའི་ཞབས་དྲུང་ནས། ལམ་རིམ་དམར་འཁྲིད་དང༌། འཇམ་དཔལ་ཞལ་ལུང་སོགས་ལམ་རིམ་གྱི་འཁྲིད་ལྔ་བཅུར་ཉེ་བ། བདེ་གསང་འཇིག་གསུམ་སོགས་རྒྱུད་སྡེ་བཞིའི་བཀའ་དབང༌། སྒྲུབ་ཐབས་རྒྱལ་མཚོ། བཱ་རི་བརྒྱ་རྩ་སྣར་ཐང་བརྒྱ་རྩ། འཇམ་དབྱངས་ཆོས་སྐོར། མགོནཔོ་བཀའ་བཅུ་གསུམ། རྣམ་སྲས་བཀའ་བཅོ་ལྔ་སོགས་རྗེས་གནང་གི་རིགས་མང་པོ་དང༌། བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་ཁྲིད། འགྲེལ་བ་བཞི་སྦྲགས། བསླབ་བཏུས། ལེགས་བཤད་སྙིང་པོ། རིམ་ལྔ་གསལ་སྒྲོན་སྦས་དོན་ཀུན་གསལ། འབྲས་ཏཱ་དབོན་རྒྱུད་ཁང་དུ་དགེ་འདུན་བརྒྱ་ཕྲག་མང་པོ་ལ་ཞག་བཅོ་ལྔའི་རིང་ཆོས་ཐུན་རིང་མོ་གཉིས་གཉིས་བྱས་ཏེ། ལམ་རིམ་ཆེན་མོའི་བཤད་ལུང་རྫོགས་པར་གནང་བ་དང༌། རྩ་འཇུག་གི་རྣམ་བཤད་ཆེན་མོ་གཉིས་སོགས་གཞུང་ཆེན་རྣམས་ཀྱི་བཤད་ལུང་ཚར་མང་པོ་དང༌། བཀའ་བསྟན་བཅོས་ཀྱི་ཀླགས་ལུང་དུ་མས་མཚོན་ཟབ་རྒྱས་ཆོས་ཚུལ་ཤིན་ཏུ་མང་པོ་གསན། སྐབས་ཤིག་སྡེ་སྲིད་ཕྱོགས་གཏོགས་པས་འཚིག་པ་གཡག་ལ་ཟ། འགྲམ་ལྕག་རྟ་ལ་བྱུག་པའི་དཔེ་ལྟར། རྗེ་འདི་དང༌། ཏཱ་དབོན་ཁྲི་ཆེན་རྒྱལ་མཚན་སེང་གེ་གཉིས་ལ་སྦྱར་དུག་བཏང་ནས། བསྙུན་ཚབ་ཆེན་པོ་བྱུང་བར་ཀུན་མཁྱེན་འཇམ་དབྱངས་བཞད་པས། ངའི་གསེར་ཁྲི་རྣམ་གཉིས་ཅུང་མིན་ན་ལག་ཉེས་གཏང་འདུག་ཅེས་གསུངས་ནས། བུམ་ཆུའི་དུག་སྦྱངས་མཛད་པས་བསྙུན་གཞི་ལས་སངས། དེ་ནས་མི་རིང་བར་རྒྱུད་ཀྱི་དགེ་བསྐོས་དང་བླ་མ་མཁན་ཁྲི་བཅས་ལ་རིམ་པར་ཕེབས་ཏེ། རྒྱུད་པའི་སྒྲིག་སྤྱོད་དང༌། འཆད་ཉན་ཤིན་ཏུ་འཚག་ཚུད་མཛད། འདི་ཉིད་མཁན་པོ་ལས་ཐོག་སྐབས་དེ་སྔོན་རྒྱུད་སྟོད་གྲྭ་ཚང་བྲག་ཡེར་པར་དབྱར་གནས་སུ་ཕེབས་སྐབས་གུར་ནང་དུ་བཞུགས་རྒྱུ་ལས་རྒྱུད་ཁང་ཟུར་དུ་མེད་སྟབས། ཡེར་པ་གྲྭ་ཚང་དང་བཀའ་མོལ་མཛད་དེ།

ད་ལྟའི་རྒྱུད་ཁང་ཡོད་པའི་ས་ཆ་སྐབས་དེར་དུར་ཁྲོད་ཡིན་པ་དེ་ཉིད་ཕུལ་བ་ཐུགས་མཉེས་བཞིན་དུ་ཞལ་འཛིན་མཛད་དེ་རྒྱུད་ཁང༌། རུང་ཁང༌། མཁན་པོ། བླ་མའི་གཟིམ་ཆུང༌། ཆོས་གྲྭ་བཅས་གསར་བཞེངས་དང༌། ཚོགས་གདན། ཐབ་ཆས། མཆོད་རྫས། མཆོད་ཆ་སོགས་ཉེར་མཁོ་གང་དགོས་འབུལ་འབྱོར་གནང་བ་སོགས་བྱ་བ་ལས་ཀྱི་འཁོར་ལོའི་འཕྲིན་ལས་ཆེས་ཆེར་སྤེལ། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་༡༧༢༠ལོར་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲིར་ཞབས་སོར་འཁོད་དེ། ཁྲི་པའི་བྱེད་སྒོ་འཐུས་ཚང་གནང་ཐོག་གདུལ་བྱ་ཤིན་ཏུ་མང་པོ་ལ་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། དད་རྫས་སུ་ཕུལ་བའི་དངོས་པོ་ཆུང་ཚག་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར། གདན་ས་གསུམ་དང༌། རྒྱུད་སྟོད་སྨད། བཀྲ་ཤིས་ལྷུན་པོ། ལྷ་ལྡན་སྨོན་ལམ་ཆེན་མོ་བཅས་ལ། མང་ཇ་དང་སྐུ་འགྱེད་སོགས་མཆོད་འབུལ་བློ་ཡུལ་ལས་འགོང་བ་མཛད་དེ། གཞུང་ས་རིན་པོ་ཆེ་ནས་བྱ་ཡུལ་མང་ར་དགོན་མཆོད་གཞིས་སུ་རྩལ་བའི་ཁྲིར་ཞབས་པད་བཀོད་ཅིང༌། དགོན་མཆོད་གཞིས་དང་བཅས་པར་ཆོས་སྲིད་ཀྱི་འཕྲིན་ལས་བཟང་པོས་ཡོངས་སུ་བསྐྱངས། སྔར་ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་སེར་འབྲས་གཙོར་གྱུར་ཐོག ཉེ་འགྲམ་གཞིས་དགོན་ཁག་གི་དགེ་ལྡན་པའི་དགེ་འདུན་རྣམས་ཕེབས་པ་ལས། གདན་ས་རི་བོ་དགའ་ལྡན་ནས་ཕེབས་སྲོལ་མ་བྱུང་ཡང་ཁྲི་ཆེན་འདིའི་རིང་ཆུ་ཡོས༡༧༢༣ལོ་ནས་བཟུང་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་བཀའ་འབྲེལ་ལྟར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགེ་འདུན་རྣམས་ཀྱང་ཕེབས་ཐུབ་ན་ལེགས་ཚོགས་ཆེ་བར་དགོངས་ནས་གདན་ཤུས་དང་བཞུགས་གྲལ་སོགས་ཐོབ་ཐང་སྤྱི་མཚུངས་གནང་བའི་བཟང་གི་རྒྱུན་ད་ལྟའི་བར་དུ་གནས། གཞན་ཡང་ཁམས་ལི་ཐང་སོགས་སུ་སྐུ་གསུང་ཐུགས་རྟེན་གྱི་འཇོག་པ་དང༌། འགྱེད། མང་སྐོལ། སྤྱི་འཇོག་རྒྱ་ཆེར་གནང༌། རྟ་དབོན་རྒྱལ་མཚན་སེང་གེ་ཕ་ཡུལ་དུ་ཕེབས་གྲབས་བྱེད་སྐབས། ཁྱོད་གྲྭ་སར་བསྡད་ནས་ངའི་རྗེས་སུ་དགའ་ལྡན་ཁྲི་ལ་ཕེབས་དགོས། ཞེས་ལུང་བསྟན་པ་དང༌། དབུས་གྲྭ་ངག་དབང་མཆོག་ལྡན་ཞེས་པ། མཐུན་རྐྱེན་ཤིན་ཏུ་སྐྱོ་བ་ཞིག་ཡོད་པ་དེ་ལ་ཤམ་ཐབས་འཐུས་ཚང་བ་ཞིག་གོན་རྒྱུ་མེད་སྟབས་ཁོས་རྨ་ཆེན་སྤོམ་ར་ལ། ཤམ་ཐབས་ཤིག་གནང་རོགས་ཞེས་གསོལ་བ་འདེབས་པ་དེ་རྗེ་འདི་ཉིད་ཀྱིས་མཁྱེན་ནས། ཐེངས་ཤིག་ཁོང་རྗེ་འདི་ཉིད་ལ་མཇལ་ཁ་གཅར་སྐབས། ཁྱོད་ལ་ཤམ་ཐབས་དགོས་ན་ངས་སྤྲད་ཆོག་ཅེས་གསུངས་ནས་ཤམ་ཐབས་ཤིག་གནང་པ་སོགས་ཀྱིས་མངོན་ཤེས་ཐོགས་མེད་དུ་མངའ་བར་བཤད། ཁྲི་ཆེན་ནམ་མཁའ་བཟང་པོ་ལ་རྗེ་རང་ཉིད་འདུལ་འཛིན་བློ་གྲོས་སྦས་པའི་སྐྱེ་བ་དྲན་ཚུལ་ཡང་ཡང་གསུངས།

རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་༡༧༢༤ལོར་རྒྱལ་བའི་ཡོངས་འཛིན་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་དགེ་འདུན་ཕུན་ཚོགས་ཞི་བར་གཤེགས་པའི་ཚབ་ཏུ་རྒྱལ་མཆོག་སྐུ་འཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་དུ་གདན་དྲངས་པ་ལྟར་ཕེབས་ནས། དབུ་ཕར་འདུལ་མཛོད་ཀྱི་གཞུང་ཆེན་ཁག་གི་སློབ་ཁྲིད་རྒྱ་ཆེར་ཕུལ་ཏེ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དཀྲིགས། ཆུ་ཡོས་༡༧༢༣ལོར་དེ་སྔོན་རྒྱལ་མཆོག་བདུན་པ་པོ་ཏ་ལར་ཁྲི་སྟོན་སྐབས་མན་ཇུ་སྐུ་ཚབ་མདུན་གྲལ་དང་སོག་པོ་དཔོན་རིགས་རྣམས་རྒྱབ་གྲལ་དུ་བཞག་པའི་འཁོན་གྱིས་སོག་པོ་ཨོ་རོད་གུ་ཤྲི་ཁཱང་གི་སྲས་རྒྱུད་ཆིང་ཝང་བློ་བཟང་བཟང་བསྟན་འཛིན་སོགས་བོད་སོག་མཉམ་འབྲེལ་གྱིས་མན་ཇུ་ལ་དམག་འཁྲུགས་སློང་བའི་དུས་ཟིངས་ཚབས་ཆེར་བྱུང་བར། གོང་ས་མཆོག་གིས་བར་ཆིངས་མངགས་དོན་བཞིན་ཁྲི་ཆེན་འདི་ཉིད་ངང་གཉརཏ་བློ་བཟང་བཀྲ་ཤིས་མཚོ་སྔོན་ཆེད་ཕེབས་ཀྱིས་ཆིངས་འདུམ་གང་ནུས་གནང་ཡང་ལས་ཀྱི་དབང་བཙན་པས་དོན་ཕན་མ་བྱུང༌། དེ་ནས་ཕྱིར་དབུས་སུ་ཕེབས་རྗེས་རྒྱལ་མཆོག་དམ་པ་འདི་ཉིད་དང་མཉམ་དུ་གདན་ས་གསུམ་དང༌། བསམ་ཡས། དགེ་རྒྱས་བྱེ་མ་གླིང༌། ལྷ་ལྡན་གཙུག་ལག་ཁང༌། ཆོས་འཁོར་རྒྱལ། གཙང་ཐོག་སོགས་སུ་ཞབས་ཀྱིས་བཅགས་ནས། འགྲོ་དོན་རྒྱ་ཆེར་བསྐྱངས། ཤིང་སྦྲུལ་༡༧༢༥གསེར་ཁྲི་ལས་ཟུར། རབ་བྱུང་བཅུ་གཉིས་པའི་མེ་རྟ་༡༧༢༦ས་ག་ཟླ་བའི་བཅོ་ལྔའི་ཉིན་ལྷ་ལྡན་གཙུག་ལག་ཁང་དུ། ཇོ་བོ་ཤཱཀྱ་མུ་ནིའི་སྤྱན་སྔར། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་རྒྱལ་མཆོག་ཐམས་ཅད་མཁྱེན་པའི་དགེ་སློང་གི་སྡོམ་པ་བཞེས་པའི་སྐབས་ལས་སློབ་གནང༌། སྐབས་དེར་པཎ་ཆེན་ཐམས་ཅད་མཁྱེན་པའི་དྲུང་ནས། རྒྱལ་དབང་མཆོག་དང་མཉམ་དུ་དཔལ་གསང་བ་འདུས་པ་དང༌། བདེ་མཆོག་ལུ་ཨི་པའི་དབང༌། བ་རི་ལོ་ཙཱ་བ་ནས་བརྒྱུད་པའི་སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་སོགས་མདོ་སྔགས་ཀྱི་གསེར་ཆོས་ཤིན་ཏུ་མང་པོ་གསན།

ས་སྤྲེལ་༡༧༢༨ལོར་ཕོ་ལྷ་བ་འི་འཕྲུལ་གྱིས་མན་ཇུ་གོང་མ་དང་མཇལ་འཕྲོད་དགོས་ལུགས་ལ་བསྙད་དེ་རྒྱལ་མཆོག་བདུན་པ་ཆེན་པོ་ཁམས་ལི་ཐང་དུ་ཆིབས་བསྒྱུར་བྱེད་དགོས་བྱུང་བའི་སྐབས་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་དང་རྗེ་འདི་ཉིད་ཀྱིས་ནན་ཏན་ཆེན་པོས་གཤོལ་བཏབ་ཀྱང་གཅིག་ཏུ་མདོ་ཁམས་ཀྱི་བསྟན་དང༌། གཉིས་སུ་སྲིད་ཀྱི་ཁ་ལོ་བའི་ཇུས་ལ་གཟུར་ཐབས་མེད་སྟབས་རྒྱལ་དབང་མཆོག་གིས་ཞལ་བཞེས་མ་གནང་བས་ཐུགས་ཕམ་ཆེན་པོའི་ཕེབས་སྐྱེལ་གནང༌། དེའི་ཕྱི་ལོར་རབ་བྱུང་དེ་གའི་ས་བྱ་༡༧༢༩ཧོར་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་གཟུགས་སྐུའི་བཀོད་པ་ཡོངས་སུ་བསྡུས་ཏེ། རྒྱལ་བ་འཇམ་དཔལ་སྙིང་པོའི་མདུན་སར་གཤེགས་པའི་གདུང་རུས་ལ་ཡིག་འབྲུའི་རྣམ་པ་ཤིན་ཏུ་གསལ་བ་བྱོན་པ་དུས་ཕྱིས་གོང་ས་སྐྱབས་མགོན་མཆོག་གིས་བཞེས། ཞུན་ཐིགས་ནོར་བུ་དགའ་འཁྱིལ་དབྱིབས་ཅན་པདྨ་ར་ག་ལྟར་དམར་ཞིང་འཚེར་ལ་བརྗིད་པ་ཞིག་རྒྱུད་སྨད་དཔོན་སློབ་ངག་དབང་མཆོག་ལྡན་པས་བསྣམ། ཞུན་ཐིགས་ལ་ཐུབ་དབང་གི་སྐུ་གསལ་བོ་བྱུང་བ་ལི་ཐང་རྩེའི་རི་ཁྲོད་ཀྱི་རྟེན་ཞིག་ལ་གཟུངས་གཞུག་ཏུ་འབུལ་བར་མཛད། དེ་ནས་ལྷ་མིའི་འདྲེན་མཆོག་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དང༌། དཔོན་སློབ་རིན་པོ་ཆེ་གདན་འཛོམས་སྐབས་གོང་བཞེས་གནང་བའི་རྗེས་མ་རྣམས་བཀའ་བཀོད་ལྟར། ཐུགས་ལྗགས་སྤྱན་གསུམ་དང༌། དབུ་ཐོད་ལ་འཇིགས་བྱེད་རང་བྱོན། སྐུ་སྨད་ཀྱི་པུར་རུས་ལ་འཇམ་དབྱངས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་འོད་སྐོར་དང་བཅས་པ། ཡ་མ་རྭ་ཛའི་སྔགས་ཕྲེང་གདུང་རུས་ཀྱི་ངོས་ལ་བྲིས་པ་ལྟར་ཕབ་པ། གཞན་ཡང་གསང་བདག་གི་སྐུ་དང༌། གཟུངས་སྔགས་དང༌། རིང་བསྲེལ་གྱི་ཕུང་པོར་གྱུར་པ་རྣམས་ཆོས་སྐུའི་རྟེན་གྱི་གཙོ་བོར་བུམ་པའི་ནང་དུ་བཞུགས་གསོལ་བྱས་པར་སྐུ་གདུང་མཆོད་རྟེན་དཀར་ཆག་ལས་འབྱུང་ཞིང༌། སྐུ་གདུང་རིན་པོ་ཆེར་སྐུ་རྒྱུ་ཕྲ་རྒྱན་སོགས་བསྡོམས་ན་དངུལ་ཕབ་སྲང་ལྔ་བརྒྱ་དང་བཅུ་གསུམ། གསེར་རྐྱང་ཞོ་བརྒྱ་དང་བཅུ་གསུམ་ལས་བྱང་ཆུབ་མཆོད་རྟེན་དཔངས་སུ་རྒྱུག་མཐོ་བཅུ་གཅིག་ཡོད་པ། རྒྱུད་ལས་ཇི་ལྟར་འབྱུང་བ་བཞིན་བསྐྲུན་གྲུབ་པའི་བཞུགས་གནས་ཀྱང་རྗེ་བཙུན་ཙོང་ཁ་པའི་དངུལ་གདུང་རིན་པོ་ཆེའི་སྐུ་གཡས་ཀྱི་སྤྱན་སྔར་ཞལ་ཤར་གཟིགས་ཀྱི་ཚུལ་དུ་བཞུགས་སུ་གསོལ། །

ལྕགས་ཁྱི༡༧༣༠བོད་ཟླ་དང་པོའི་ནང༌། ཁྲི་ཆེན་འདི་ཉིད་དགོངས་པ་རྫོགས་ཚུལ་གྱི་ཕོ་ཉ་ཁམས་སུ་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་དྲུང་དུ་འབྱོར་བ་དང༌། རྒྱལ་དབང་མཆོག་གིས་ཡོངས་འཛིན་དམ་པ་ཁྲི་ཆེན་རིན་པོ་ཆེ་འདི་ཉིད་ཞིང་གཞན་དུ་གཤེགས་པའི་དགོངས་པ་རྫོགས་ཐབས་སུ། དཀྱིལ་འཁོར་སྒྲུབ་མཆོད་ཀྱིས་རྩིས་རྣམ་པར་དཀར་བའི་རིམ་གྲོལ་རླབས་ཆེན་སྒྲུབ་པར་མཛད་ཅིང༌། ཡང་སྲིད་མཡུར་བྱོན་གྱི་སྨོན་ཚིག་ཀྱང་བཀའ་རྩོམ་གནང་བསྐལ་༢༥༣། ཀྲི་ཆེན་འདི་ཉིད་ཀྱི་ཞབས་ཕྱི་པྱག་མཛོད་སོགས་གངས་ལྗོངས་སུ་འགྲོ་རྒྱུར་བཀའ་ཤོག་དང་གསོལ་རས་གྱ་ནོམ་པ་རྩལ་ཏེ་རྫོང་ད་གནང་ཚུལ་ཡང་དཔག་བསམ་སྙེ་མར་གསལ། གསུང་ལས་སྐྱེས་པའི་སློབ་མ་ཡང་དགའ་ལྡན་ཁྲི་ཐོག་ང་གསུམ་པ་ཏཱ་དབོན་རྒྱལ་མཚན་སེང་གེ་དང༌། ཁྲི་ཐོག་ང་ལྔ་པ་ཁྲི་ཆེན་ནམ་མཁའ་བཟང་པོ། རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐུལ་བཟང་རྒྱ་མཚོ། ཇོ་གྱ་རིན་པོ་ཆེ་བློ་བཟང་བཀྲ་ཤིས། གཉན་པོ་བསྟན་སྐྱོང་བཟང་པོ་སོགས་བཤད་སྒྲུབ་ཟུང་གི་སྒོ་ནས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བ་ལ་འགྲན་ཟླ་མེད་པའི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌། རྗེ་འདིའི་རྣམ་ཐར་ཁྲི་སྤྲུལ་སྐུ་ཕྲེང་གསུམ་པ་འཇིགས་མེད་སེང་གེས་མཛད་པའི་རྣམ་ཐར་དད་པའི་མྱུ་གུ་ཞེས་བྱ་བར་དཔེ་རིང་ཤོག་གྲངས་བཅུ་བདུན་ཅན་ཞིག་དང༌། སེར་སྨད་མཁན་ཟུར་གྲགས་པ་མཁས་གྲུབ་ཀྱི་མཛད་པའི་དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར་ལེའུ་ཅཔ་ཤོག་གྲངས་དྲུག་ཡོད་པ་བཅས་ལ་གཟིགས་དགོས། ། རྗེ་འདིའི་སྐུ་ཕྲེང་གཉིས་པ་ཁྲི་སྤྲུལ་བློ་བཟང་བསྟན་པའི་རྒྱ་མཚོ་ནི། ལྕགས་ཁྱི་༡༧༣༠ལོར་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་གླང་༡༧༥༧ལོར་ཞི་བར་གཤེགས། སྐུ་ཕྲེང་གསུམ་པ་ཁྲི་སྤྲུལ་འཇིགས་མེད་སེང་གེ་རབ་བྱུང་དེ་གའི་མེ་གླང་༡༧༣༠ལོ་སྨད་དུ་འཁྲུངས། སྐུ་ཕྲེང་བཞི་པ་ཁྲི་སྤྲུལ་འཇིགས་མེད་སེང་གེ །

དགའ་ལྡན་ཁྲི་ཐོག་ང་གཉིས་པ་དྭགས་པོ་ངག་དབང་ཚེ་འཕེལ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ང་གཉིས་པ་དྭགས་པོ་ངག་དབང་ཚེ་འཕེལ་ནི། རབ་བྱུང་བཅུ་གཅིག་པའི་ས་ཕོ་སྤྲེལ་༡༦༦༨ལོར་དྭགས་པོ་ཙ་རིའི་གཡག་ཞོལ་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་དགའ་ལྡན་རབ་བརྟན་གླིང་གི་ཆོས་སྒོར་ཞུགས་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དེ་ནས་ཁྲི་ཆེན་བློ་བཟང་བསྟན་པའི་གདན་ས་དྭགས་པོ་བཤད་སྒྲུབ་གླིང་གི་གྲྭ་ཚང་དུ་ཞུགས་ཤིང་བསྡུས་གཞུང་ནས་བཟུང་གཞུང་ཆེན་རྣམས་ལ་ཐོས་བསམ་ནན་ཏན་དུ་མཛད། མཁན་ཆེན་ངག་དབང་བློ་བཟང་མཁས་བཙུན་ལས་བསྙེན་པར་རྫོགས་ཤིང་དབང་ལུང་ཁྲིད་གསུམ་མང་དུ་ཞུས། དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས་ཏེ་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་ལེགས་པར་སྦྱངས་པས་རྒྱུད་ཆེན་རྡོ་རྗེ་འཛིན་པ་ཆེན་པོར་གྱུར། དགུང་ལོ་ཞེ་གཉིས་པར་དྭགས་པོ་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་གཞུང་ཆེན་པོའི་འཆད་ཉན་གྱི་རྒྱུན་རྒྱ་ཆེར་སྤེལ། དེ་ནས་མི་རིང་བར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་དང་མཁན་ཁྲིར་ཕེབས་ཏེ་རྒྱུད་སྡེ་རྒྱ་མཚོའི་འཆད་ཉན་བསྐྱངས།

རྗེ་སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་དང་ཁྲི་ཆེན་དགེ་འདུན་ཕུན་ཚོགས་སོགས་ལས་འཇམ་དཔལ་ཞལ་ལུང་དང་གསང་བདེ་འཇིགས་གསུམ་གྱི་དབང་ལུང་ཁྲིད་གསུམ་མང་དུ་ཞུས། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ༡༧༢༥ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་ངོ་བདུན་གྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་མདོ་སྔགས་ཆོས་ཀྱི་འཁོར་ལོ་བསྐོར། འདི་ཉིད་ཁྲི་པ་གནང་རིང་ས་སྤྲེལ་༡༧༢༨ལོར་དབུས་ཀྱི་ང་ལུམ་རྒྱ་གསུམ་དང་གཙང་གི་དཱ་ཆིང་བ་དུར་བསོད་ནམས་རྒྱལ་པོ་བཀྲོངས་པ་ལས་འཕྲོས་ཏེ། ཕོ་ལྷ་བས་དམག་སྟོས་ཆེར་དབུས་སུ་དྲངས་པར་གཙང་གི་པཎ་ཆེན་རིན་པོ་ཆེ་དང༌། ས་སྐྱ་གོང་མའི་མགྲོན་གཉེར། དབུས་ཀྱི་ཁྲི་ཆེན་པོ་ཆེ་འདི་ཉིད་དང་གདན་གསུམ་རྒྱུད་གྲྭ་གཉིས་ཀྱི་མཁན་ལས་ངོ་བཅར་གྱིས་དབུས་གཙང་དམག་འཁྲུགས་དབར་བར་ཆིངས་བྱས་ཀྱང༌། ཕོ་ལྷ་བས་སྔར་དབུས་ཀྱིས་ང་ཕམ་ཉེས་སུ་གཏོང་པའི་སླད་ངའི་རྗེས་སུ་དབུས་དམག་སྟེས་ཆེར་གཏོང་དུས་ཁྱོད་རྣམས་ཆིངས་བསྒྲིག་ཏུ་ཕེབས་སམ། དེ་རྗེས་དབུས་དང་ཀོང་པོའི་དམག་ལོ་གཉིས་ཙམ་གཙང་དུ་བསྡད་དེ། དགོན་དང་ལྷ་ཁང༌། ཡུལ་གྲོང་མང་པོ་སྟོར་བརླགས་དང༌། ཆགས་རྟེན་བྲལ་བའི་བརྡབས་བསིགསདང་བཙན་ཤེད་བྱེད་སྐབས་ཁྱོད་རྣམས་ཆིངས་བསྒྲིག་ཏུ་ཕེབས་སམ། ད་ཆར་ངས་ཞྭ་སེར་བསྟན་པའི་ཞབས་འདེགས་དང༌། དཱ་ཆིང་བ་དུར་གྱི་དགྲ་ཤ་ལེན་ལ་ཉེ་བའི་སྐབས་ཆིངས་དོན་གནང་བ་དེ་དྲང་པོ་མ་རེད་ཅེས་ཁས་ལེན་མ་བྱས། ལོ་དེའི་བོད་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་ཕོ་ལྷ་བས་དབུས་གཙང་མདོ་ཁམསཡོངས་སུ་དབང་བསྒྱུར་བས། དབུས་ཀྱི་གུང་བློན་ང་ལུམ་རྒྱ་གསུམ་པོ་ཏ་ལར་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་དྲུང་དུ་སྲོག་སྐྱོབ་ཞུས་ནས་བསྡད་མུར། ཁྲི་ཆེན་འདི་ཉིད་དང༌། བཙན་པོ་ནོ་མི་ཧན། འོན་རྒྱལ་སྲས། གདན་ས་གསུམ་གྱི་མཁན་སློབ་ལས་སྣེ་བཅས་ཕོ་ལྷ་བའི་དྲུང་དུ་གཅར་ནས་ཁྲི་ཟུར་ནས་ཀྱང་བསྟན་འགྲོའི་དོན་ཆེན་འབའ་ཞིག་ལ་བརྩོན་བཞིནཔའི་མུར། རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་སྟག་༡༧༣༤ལོར་དགུང་ལོ་རེ་བདུན་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་དངུལ་གདུང་བྱང་ཆུབ་མཆོད་རྟེན་བཞེངས་ཏེ་གཞིས་དགོན་དགའ་ལྡན་རབ་བརྟན་གླིང་དུ་བཞུགས་སོ། ། 

དགའ་ལྡན་ཁྲི་ཐོག་ང་གསུམ་པ་ཏཱ་དབོན་རྒྱལ་མཚན་སེངྒེ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ང་གསུམ་པ་ཏཱ་དབོན་རྒྱལ་མཚན་སེངྒེ་ནི། རབ་བྱུང་བཅུ་གཅིག་པའི་ས་རྟ་༡༦༧༨ལོར་མདོ་ཁམས་སྨད་ཀྱི་ཆ་ཡུལ་ཆོས་འཁོར་ཞེས་པར་འཁྲུངས། ཆུང་ངུ་ནས་བྱིས་པའི་སྤྱོད་པ་ལས་འདས་ཤིང་ཤངས་གཟེངས་མཐོ་བ་དབུ་གདུགས་ལྟར་རྒྱས་པ་སོགས་དམ་པའི་འབུར་དུ་ཐོན། རིམ་གྱིས་འདན་ཆོས་འཁོར་མཁན་པོ་ཡོངས་འཛིན་གླིང་སྤྲུལ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་བཞེས། ཀ་ཁ་ནས་བཟུང་ཆོས་སྤྱོད་ཞལ་འདོན་གསང་བདེ་འཇིགས་གསུམ་གྱི་ཆོ་ག་སོགས་ཐུགས་ལ་བྱང་བར་བཟུང༌། དེ་ནས་ཏཱ་དབོན་པའི་བླ་མ་ཚུལ་ཁྲིམས་སེངྒེ་ལས་དགེ་ཚུལ་བཞེས་ཏེ་མཚན་རྒྱལ་མཚན་སེངྒེ་ཞེས་གསོལ། དགུང་ལོ་ཉེར་དགུ་པ་མེ་ཕོ་ཁྱིའི་ལོ་ལ་དབུས་ཕྱོགས་སུ་ཕེབས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་དཔལ་བཟང་པོ་ལས་བསྙེན་རྫོགས་བཞེས།

འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་དང༌། ཁྲི་དཔལ་ལྡན་གྲགས་པ་སོགས་ཡོངས་འཛིན་མཁས་གྲུབ་རྣམས་ཀྱི་ཞབས་ལ་གཏུགས་ཏེ་རིགས་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང༌། ལོ་བཅུ་བཞིའི་རིང་ཕར་ཚད་དབུ་མ་མཛོད་འདུལ་ཏེ་བཀའ་པོད་ལྔ་ལ་གསན་བཞེས་མཛད་པས་མཁས་པའི་ཕུལ་དུ་གྱུར། ཆོས་གྲྭར་ཕེབས་སྐབས་ཤིག་ལ་ཀུན་མཁྱེན་རིན་པོ་ཆེའི་ཞལ་ནས་རྗེ་འདི་ནི་གཞན་དང་མི་འདྲ་བ་ཞིག་ཡིན་ཏེ་དམ་ཅན་ཆོས་རྒྱལ་འབྲལ་མེད་དུ་ཕྱི་བཞིན་འབྲང་གིན་འདུག་ཅེས་ཕྱག་ཕྱིར་འཁོད་པའི་གྲྭ་པ་རྣམས་ལ་དངོས་སུ་གསུངས། དེ་ནས་གྲྭ་སྐོར་མཛད་དེ་རྒྱུད་སྟོད་དུ་ཕེབས། སྐབས་ཤིག་ཁོང་དང་ཁྲི་དཔལ་ལྡན་གྲགས་པ་གཉིས་ལ་བསམ་ངན་ཁག་ཅིག་གིས་སྐུལ་སློང་ངན་པས་ཟས་དྲངས་པས་དུག་ནད་ཀྱིས་ཐེབས། དགེ་འཕེལ་དུ་ཀུན་མཁྱེན་འཇམ་བཞད་པའི་དྲུང་དུ་ཕེབས་ཏེ་ཞུས་པར་བུམ་ཆུ་གནང་སྟེ་སྐྱུགས་འདྲེན་མཛད་པས་ཟས་ངན་རྣམས་སྐྱུགས། བཅོས་མཛད་པས་དྭངས་སངས་སུ་སོང༌། ཀུན་མཁྱེན་མཆོག་ནས་ཅུང་མིན་ན་ངའི་གསེར་ཁྲི་རྣམ་གཉིས་བཀྲོངས་འདུག་གསུངས། རིམ་གྱིས་རྒྱུད་པའི་བླ་མ་དབུ་མཛད་གནང༌། རིང་པོ་མ་ལོན་པར་རྒྱུད་སྟོད་མཁན་པོ་དང་ཤར་རྩེ་ཆོས་རྗེ་ཟུང་འབྲེལ་ལོ་གསུམ་མཛད།

ལྕགས་བྱི་༡༧༢༠ལོར་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་མཚོ་སྔོན་ནས་དབུས་སུ་ཆིབས་བསྒྱུར་སྐབས་ཕེབས་གསུ་ལ་བཅར། དགུང་ལོ་ང་ལྔ་པ་རབ་བྱུང་བཅུ་གཉིས་པའི་ཆུ་བྱི་བའི་༡༧༣༢ལོ་ལ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་ཟུང་ཉེ་བར་བཀོད་དེ་རྒྱལ་ཚབ་ཏུ་མངའ་གསོལ། ཁྲིར་བཞུགས་ལོ་བརྒྱད་མཛད། ཤིང་ཡོས་༡༧༣༥ལོར་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ཁམ་ས་ལི་ཐང་དང་མགར་ཐར་ཕྱོགས་སུ་བསྟན་དོན་རྒྱ་ཆེར་སྤེལ་ནས་སླར་དབུས་སུཕྱིར་ཕེབས་འབྱོར་སྐབས་ཁྲི་ཆེན་འདི་ཉིད་དང༌། བོད་ཀྱི་སྤྲུལ་སྐུ་རྣམ་གསུམ། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། གདན་སའི་སློབ་དཔོན་སློབ་དཔོན་ལས་ཟུར། མི་དབང་ཕོ་ལྷ་བ་སོགས་དབུས་ཀྱི་བསྟན་འགྲོའི་ཆེ་མགོ་ཚོས་སྣེ་ཁྲིད་དེ་ཕེབས་གསུར་བཅར་ནས་རྒྱལ་དབང་མཆོག་དང་མཇལ་འཕྲོད་ལྷུག་པོར་གནང༌།

དགའ་ལྡན་ཚོགས་ཆེན་གྱི་མགོན་ཁང་རྔམ་ནག་ཏུ་ཆོས་རྒྱལ་རང་བྱོན་གྱི་གནམ་ཡོལ་གསར་བརྗེ་གནང་སྐབས་ཆོས་རྒྱལ་ཀྱི་རྭ་བར་དུ་རྗེ་ཉིད་ཀྱི་ཞབས་ཀྱིས་བརྫིས་པ་ན་ཆོས་རྒྱལ་གྱིས་དབུ་གཡུག་གཡུག་བྱས་པས་གླང་མགོ་ཅན་ཁྱོད་འདུག་མི་ཐུབ་བམ་ཞེས་བཀའ་ཀྱོན་པའི་ཚུལ་མཛད། རྗེ་རིན་པོ་ཆེའི་ལུང་བསྟན་དུས་སུ་བབས་པ་ལྟར་ཆོས་རྒྱལ་རང་བྱོན་གྱི་ལྗགས་ལ་ཞིག་གསོ་གནང་ནས། སྟོབས་ཆེན་གཤིན་རྗེ་རྒྱལ་པོ་འཁོར་བཅས་ཀྱིས། །ཨ་ཏི་ཤ་དང་བློ་བཟང་གྲགས་པ་ཡི།།བསྟན་ལ་གནོད་པའི་དགྲ་བགེགས་ཚར་གཅོད་ལ།།བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་བར་མཛོད། །ཞེས་པའི་ཤློཀ་གཅིག་པོ་འདི་ཉིད་གསར་རྩོམ་མཛད་དེ་འཕྲིན་ལས་བཅོལ། འདི་ཉིད་ད་ལྟའི་བར་དུ་གདན་ས་གསུམ་དང་རྒྱུད་གྲྭ་རྣམ་གཉིས་གཙོས་དགེ་ལྡན་པའི་ཆོས་སྡེ་ཆེ་ཕྲ་ཡོངས་ཀྱིས་རྒྱུན་འདོན་བྱེད་པའིསྲོལ་དར། ཆབ་མདོ་འཕགས་པ་ལྷ་དང་ཁམས་བྲག་གཡབ་སྤྲུལ་སྐུ་སོགས་སེ་འབྲས་ཀྱི་བླ་གྲྭ་ཁག་མང་པོ་དང་དད་ལྡན་གྱི་སློབ་ཚོགས་ཕོན་ཆེ་བ་ལ་དཔལ་གསང་བ་འདུས་པའི་དབང་ཆེན་དང༌། བྱང་ཆུབ་ལམ་རིམ་གྱི་འཆད་ཉན་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་རེ་གཉིས་པ་ས་ལུག་༡༧༣༩ལོར་ཁྲི་ལས་ཟུར་པ་དང་ཀོང་པོ་འབྲུག་པའི་མཁན་ཁྲིར་བསྐོས་པས་དེར་ལོ་གཅིག་བཞུགས། དེ་ནས་སེམས་དཔའ་ཆེན་པོ་གཞོན་ནུ་འོད་ཀྱི་གདན་ས་བྱ་ཡུལ་མང་རའི་མཁན་པོར་ལོ་བརྒྱད་བཞུགས།

དགོན་སྡེ་འདིའི་ཁྲི་པ་རིམ་རྒྱུད་ལ་རྒྱལ་འགོང་གི་གནོད་པ་ལྟ་བུས་ཡུན་རིང་མི་བཞུགས་པས་ཀྲི་ཆེན་འདི་ཉིད་ལོ་བཞིའི་རིང་སྐུ་མཚམས་དམ་པོར་མཛད་ནས་ཁྲི་སྲི་མནན། ལོ་བཞིའི་རིང་ལུགས་གཉིས་ཀྱི་སྒོ་ནས་ཁྲི་ལེགས་པར་བསྐྱངས། དེ་ཀའི་བཀའ་འགྱུར་རིན་པོ་ཆེའི་དཀར་ཆག་གསར་རྩོམ་མཛད། གཞན་ཡང་བྱང་ཆུབ་ལམ་རིམ་ཆེན་མོའི་ཁྲིད་ཡིག །གསང་འདུས་རྩ་རྒྱུད་ལེའུ་ལྔ་པ་ཡན་གྱི་རྒྱུད་འགྲེལ། འཇིགས་བྱེད་ལྷ་བཅུ་གསུམ་པའི་བསྐྱེད་རྫོགས། རྗེ་ཉིད་ཀྱི་འཁྲུངས་རབས་གསོལ་འདེབས་སོགས་ཀྱང་ལྗགས་རྩོམ་མཛད། དགུང་ལོ་དོན་གཅིག་པ་ས་འབྲུག་༡༧༤༨ལོར་གཽ་ཤྲིའ་བསྟན་འཛིན་ཆོས་རྒྱལ་གྱི་གདུང་རྒྱུད་ཇིང་གིར་རྒྱལ་པོ་ཆིའང་ཝང་གིས་ྋགོང་ས་མཆོད་ཡོན་རྣམ་གཉིས་ལ་རྗེ་འདི་ཉིད་ཁོ་བོའི་མཆོད་གནས་སུ་ཕེབས་ཆོག་པ་ཞིག་ཅིས་ཀྱང་མཁྱེན་ཞེས་ཞུ་བ་ཕུལ་བ་ལ། ྋགོང་ས་མཆོག་ནས་དགའ་ལྡན་ཁྲི་པ་ས་མཐར་ཕེབས་པའི་སྲོལ་ཆེར་མེད་ཀྱང༌། ཁྱེད་བསྟན་པ་རིན་པོ་ཆེའི་སྦྱིན་བདག་གཞན་དང་མི་འདྲ་གཤིས་རིན་པོ་ཆེ་ཉིད་ལ་ཞུས་ཏེ་བཞེད་ན་དེ་ལུགས་བྱས་ཆོག་ཅེས་བཀའ་ཕེབས།

མང་རར་ཝང་གི་ཨེར་ཆི་བཏང་ནས་ཞུ་བ་ཕུལ་བས་རྗེ་ཉིད་ནས་མདོ་སྨད་ཕྱོགས་སུ་འཕྲིན་ལས་ཀྱི་འཇུག་པ་དུས་ལ་བབས་པར་གཟིགས་ནས་དགྱེས་བཞིན་དུ་འབྱོན་པར་ཞལ་གྱིས་བཞེས། གནམ་བསྐོས་དགའ་བ་བརྒྱ་ལྡན་པ་ནས་སྐུ་གསུང་ཐུགས་རྟེན་གྱིས་གཙོས་ཕེབས་རྫོངས་རྒྱ་ཆེན་པོ་དང་བཅས་དེ་ཀའི་ལོར་སྟོན་མཇུག་ཆིའང་ཝང་གི་ཨེར་གེའི་སྟེང་དུ་ཕེབས། ཆིའང་ཝང་ཡབ་ཡུམ་གྱིས་གཙོས་དེ་ཕྱོགས་ཀྱི་སེར་སྐྱ་དད་ལྡན་གྱི་ཚོགས་རྒྱ་ཆེན་པོ་ལ་དཔལ་གསང་བ་འདུས་པའི་དབང་ཆེན་སོགས་གནང་བས་མདོ་སྨད་ཕྱོགས་སུ་འཕྲིན་ལས་ཀྱི་སྒོ་ཐོག་མར་ཕྱེ་སྟེ་གདུལ་བྱ་སོ་སོའི་རྒྱུད་ལ་ཐར་པའི་ས་བོན་ཐེབས་ངེས་སུ་མཛད། རིམ་གྱིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡང་སྲིད་མཆོག་སྤྲུལ་འཇིགས་མེད་དབང་པོ་སོགས་བཀྲ་ཤིས་འཁྱིལ་གྱི་ཚོགས་པ་ཡོངས་ལ་གསང་བདེ་འཇིགས་གསུམ་གྱི་དབང་དང་ལམ་རིམ་སོགས་ཆོས་འཁོར་རྒྱ་ཆེར་བསྐོར། དེ་ནས་ཅོ་ནེ་རྒྱལ་པོས་གདན་ཞུས་ལྟར་དེ་ཕྱོགས་སུ་ཆིབས་བསྒྱུར་གནང་ནས་འདོད་ཆོས་ཀྱིས་རེ་བ་བསྐུངས། རྒྱལ་པོ་ཡབ་ཡུམ་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་པར་གསར་སྐྲུན་ལེགས་གྲུབ་ཀྱི་པར་ཕུད་ལ་བཞེངས་པའི་བཀའ་འགྱུར་ཚར་གཅིག་དང༌། གཞན་ཡང་དུང་རོལ་རྒྱ་གླིང་སོགས་མཆོད་ཆས་སྐོར། དགོན་སྡེ་ཁག་དང་མི་སེར་འགའ་བཅས་ཕུལ་ཏེ་རྗེ་ཉིད་ཀྱིས་དགེ་འདུན་གྱི་སྡེ་ཞིག་གསར་འཛུགས་གནང་ན་སྦྱིན་བདག་ཞུ་བར་ཁས་བླངས།

རྗེ་ཉིད་ནས་ཀྱང་ད་དུང་བསྟན་འགྱུར་པར་དུ་འཁོད་ཐུབ་པར་གྱིས་ཞེས་རྟ་ཆེན་ཉི་ཤུ་སོགས་ཀྱི་གནང་སྦྱིན་དང་བཅས་བཀའ་ཕེབས། དགུང་ལོ་དོན་ལྔ་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་༡༧༥༢ལོར་རྐྱང་ཚའི་ཆུ་ཚན་དུ་ཕེབས་ནས་ལྷ་མོའི་གནས་མདུན་དུ་བཞུགས་སྒར་བཏབ། དེའི་ཚེ་གནམ་ས་བརྟགས་པས་འབྲང་རྒྱས་ཀྱི་ས་དེ་དགོན་སར་གཟིགས་ནས་བླ་བྲང་གི་གཞི་བཟུང༌། མཛོད་དགེ་ཕྱོགས་ཁ་བཞིའི་བླ་དཔོན་རྣམས་ཀྱིས་ཀྱང་སྦྱིན་བདག་གི་མཐིལ་མཛད་དེ་ས་གཞི་བྱིན་རླབས་དང་ཨར་ལས་སོགས་འདུལ་བ་ནས་འབྱུང་བ་ལྟར་བགྱིས་ཏེ་སྟོན་ཁར་འདུ་ཁང་ལེགས་གྲུབ་བྱུང༌། དེ་གའི་ལོ་ཧོར་ཟླ་བཅུ་པའི་ཚེས་བཅུ་བདུན་ལ་རྗེ་ཉིད་ནས་འཆད་ཉན་གྱི་དབུ་ཚུགས། དེ་ནས་ཀུན་མཁྱེན་གོང་མའི་ཐུགས་སྲས་བསེ་ངག་དབང་བཀྲ་ཤིས་ཀྱི་དངོས་སློབ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྔ་པ་ཆོས་སྐྱོང་རྒྱ་མཚོ་འཆད་ཉན་གྱི་སློབ་དཔོན་དུ་བསྐོས། ཚོགས་པ་སུམ་བརྒྱར་ཉེ་བར་བསྡུས། ཕྱིས་ལྔ་བརྒྱ་ལྷག་ཏུ་འཕེལ། དགོན་པའི་མཚན་ལ་དགའ་ལྡན་བཤད་སྒྲུབ་པད་མ་དཀར་པོ་གྲོལ་བའི་གླིང་ཞེས་གསོལ། ཁྲི་རིན་པོ་ཆེ་མཆོག་ནས་བཅའ་ཡིག་བླང་དོར་གསལ་བའི་མེ་ལོང་ལྗགས་རྩོམ་མཛད། དེ་ལྟར་རྗེ་འདིའི་བཀའ་དྲིན་གྱི་གདུགས་དཀར་པོའི་གྲིབ་བསིལ་ལ་བརྟེན་ནས་དགོན་མ་ལག་ལྷ་སྡེ་མི་སྡེ་དང་བཅས་པའི་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཀུན་ནས་བརྟན་པར་བྱས། དགུང་ལོ་དོན་དགུ་བཞེས་པ་མེ་བྱི་༡༧༥༦ཧོར་ཟླ་དགུ་པའི་ནང་ཟུང་ཇུ་དགེ་བཤེས་བློ་བཟང་ཤེས་རབ་ལ་རྗེ་ཉིད་ཀྱི་གདན་ས་གཏད་དེ་གང་ཅིའི་ཞལ་ཏ་ཞིབ་པར་གནང་ནས་ཚེས་བཅོ་ལྔའི་ཉི་ཤར་ཙམ་ལ་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ཕྱག་གཉིས་མཉམ་བཞག་མཛད་དེ་སྟོང་པ་གསུམ་རིམ་གྱིས་ཐིམ་པའི་མཐར་ཐམས་ཅད་སྟོང་པ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱས་ནས་རྒྱལ་བ་འཇམ་དཔལ་སྙིང་པོའི་དྲུང་དུ་གཤེགས་སོ། །

དགའ་ལྡན་ཁྲི་ཐོག་ང་བཞི་བ་ཁྲི་ཆེན་ངག་དབང་མཆོག་ལྡན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ང་བཞི་བ་ཁྲི་ཆེན་ངག་དབང་མཆོག་ལྡན་ནི། གཅན་ཚ་དཀར་མོ་ཕུག་ཏུ་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་༡༦༧༧ལ་འཁྲུངས། དགུང་ལོ་བཅུ་གཅིག་ཐོག་བྱ་ཁྱུང་དུ་ཕེབས་ནས་རྗེ་ཉིད་ཀྱི་ཁུ་བོ་ཁྲི་རིན་པོ་ཆེ་ངག་དབང་ཚུལ་ཁྲིམས་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། འདོན་ཆོས་སྤྱོད་བྱང་བར་སྦྱངས། དགུང་ལོ་བཅོ་ལྔའི་སྟེང་དབུས་གཙང་དུ་ཕེབས་ནས་སེ་ར་བསམ་བློར་ཞུགས། བཀའ་པོད་ལ་དཔྱིས་ཕྱིན་པའི་གསན་སྦྱོང་མཛད། དགུང་ལོ་ཉི་ཤུའི་སྟེང་གསང་ཕུར་ཕར་ཕྱིན་གྱི་མཚན་བཏགས་དང༌། ཉེར་ལྔའི་སྟེང་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་མཛད། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙྙེན་རྫོགས་བཞེས་འཕྲལ་སྨད་རྒྱུད་གྲྭ་ཚང་དུ་ཞུགས། རྒྱུད་སྨད་ཆོས་རྗེ་དགེ་འདུན་ཕུན་ཚོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་འགྲེལ་པ་འགྲེལ་བཤད་མན་ངག་ལག་ཁྲིད་དང་བཅས་པ་དང༌། མ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་དཔལ་འཁོར་ལོ་སྡོམ་པ་རྒྱུད་འགྲེལ་མན་ངག་ལག་ཁྲིད་དང་བཅས་པ་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པའི་རྒྱུད་མན་ངག་ལག་ཁྲིད་དང་བཅས་པ་ལ་སྦྱངས་ཏེ་མཁས་པའི་ཕུལ་དུ་ཕྱིན་པར་མཛད་ནས་དགུང་ལོ་ཉེར་བདུན་པའི་ལོ་དབྱར་གནས་ཐོག་རྒྱུད་ཆེན་དགེ་འདུན་ཕུན་ཚོགས་ལ་གསོལ་བ་བཏབ་སྟེ། ཕྱི་མིག་ལུང་གི་ཁྲིད་ཁང་དུ་ཞུགས་ནས་མཁས་གྲུབ་རིན་པོ་ཆེའི་དཀར་ཆག་ཐོའི་ཡིག་ཆུང་ལས་ཇི་ལྟར་འབྱུང་བ་ལྟར་འདུས་པའི་རིམ་གཉིས་ཀྱི་ཁྲིད་ལག་ལེན་ཆེ་ཕྲ་མཐའ་དག་ཉམས་པ་མེད་པར་ཁྲིད་པར་མཛད།

རྒྱུད་ཆེན་དགེ་འདུན་ཕུན་ཚོགས་འདི་ལ་དཔལ་དབེན་ས་སྙན་རྒྱུད་ཀྱི་མན་ངག་དང༌། སྲད་རྒྱུད་ཀྱི་མན་ངག་དང༌། རྒྱུད་སྨད་རང་གི་རྡོ་ལག་བརྒྱུད་ཀྱི་མན་ངག་གསུམ་ག་མངའ་ཞིང༌། དེ་ཡང་བཀླགས་ལུང་ཙམ་མིན་པར་དམར་ཁྲིད་ལག་རྗེས་དང་བཅས་པ་ཞིབ་ཏུ་ཁྲིད་པར་མཛད་པས་ལམ་རིམ་གཉིས་ལ་མི་འཇིགས་པའི་གདེང་ཐོབ། དེ་ནས་འཇམ་དབྱངས་བཞད་པ་རྡོ་རྗེ་ལ་ཡང་ལམ་རིམ་གྱི་ཁྲིད་དང་བསྐྱེད་རྫོགས་ཀྱི་ཁྲིད་དང་དབང་རྗེས་གནང་མང་དུ་གསན། གཞན་ཡང་དགེ་བའི་གཉེན་དུ་མ་ལ་དབང་ལུང་མན་ངག་མཐའ་ས་པ་གསན། དེ་ནས་ཡབ་ཡུམ་གྱིས་ནན་གྱིས་བསྐུལ་ཏེ་མདོསྨད་དུ་བྱོན་ནས་ལོ་ངོ་བཞི་ཙམ་བཞུགས། སླར་དགུང་ལོ་སོ་གསུམ་གྱི་ཐོག་དབུས་སུ་ཕེབས་ནས་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ལ་གསང་བདེ་འཇིགས་གསུམ་གའི་བསྐྱེད་རྫོགས་རྣམས་ཀྱི་ཁྲིད་དང་རྗེ་རིན་པོ་ཆེའི་གསུང་འབུམ་གྱི་ལུང་སོགས་ཆོས་བཀའ་མཐའ་ཡས་པ་གསན། དགུང་ལོ་སོ་བཞི་པར་གཞུང་ས་ནས་མཐོ་ལྡིང་མཁན་པོར་བསྐོ་བཞག་གནང་སྟེ་མཐོ་ལྡིང་གསེར་ཁྲིར་ཕེབས་ནས་ལོ་ཆེན་རིན་ཆེན་བཟང་པོའི་གདན་ས་བསྐྱངས་ཏེ་ལོ་ཆེན་གྱིས་བསྟན་པའི་དོན་དུ་སྐུ་གསུང་ཐུགས་རྟེན་རྒྱ་ཆེན་པོ་བཞེངས་པ་རྣམས་དང༌། མདོ་སྔགས་ཀྱི་འཆད་ཉན་བཙུགས་པ་རྣམས་བར་སྐབས་སུ་ཉམས་པ་རྣམས་དམ་པ་འདིས་ལེགས་པར་གསོས་ཏེ་ལོ་ཆེན་རང་ཉིད་སླར་བྱོན་པ་ལྟར་མངའ་རིས་སྐོར་གསུམ་དུ་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་བཤད་དེ་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད། མངའ་རིས་སུ་ལོ་བདུན་གྱི་རིང་བསྟན་པའི་བྱ་བ་མཛད་ནས་མཐོ་ལྡིང་གི་ཁྲི་བཞག་སྟེ་དབུསགཙང་དུ་འབྱོན་པའི་ལམ་ཞོར་གངས་ཏེ་སེ་མཇལ་བར་ཕེབས། གནས་དེར་བཀའ་བརྒྱུད་པའི་བླ་མ་གོང་མ་མང་པོས་ཕྱག་རྗེས་དང་ཞབས་རྗེས་བཞག་པ་མང་དུ་སྣང་བ་རྣམས་གཟིགས་པ་ན་འཇམ་མགོན་བླ་མའི་བསྟན་པའི་ཆེ་བ་འདོན་ཕྱིར་དམ་པ་འདིས་ཀྱང་རྡོ་ལ་ཞབས་རྗེས་འཇོག་པར་མཛད། དེ་ནས་མང་ཡུལ་སྐྱིད་གྲོང་དུ་ཕེབས་ཏེ་རང་བྱུང་ཝ་ཏི་བཟང་པོ་ལ་མཆོད་འབུལ་སྨོན་ལམ་རྒྱ་ཆེར་མཛད། དེ་ནས་སྐྱིད་གྲོང་གི་ཕུ་བྲག་ཁ་རི་ཁྲོད་དུ་ལི་ཐང་རབ་འབྱམས་པ་བླ་མ་བློ་བཟང་ཆོས་འཁོར་ལ་ཆོས་མང་དུ་གསན།

དེ་ནས་དཔལ་ཁུད་དུ་ཕེབས་ནས་པད་མ་ཆོས་སྡིངས་མཇལ། བོ་དོང་འཇིགས་བྲལ་གྱི་གསུང་རྣམས་ལ་ཤིན་ཏུ་དགྱེས་པར་མཛད། དེ་ནས་རིམ་གྱིས་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོར་རྟ་བཟང་པོ་སུམ་ཅུ་སྐོར་གྱིས་གཙོས་པའི་འབུལ་བ་སྤམ་ཆེ་བ་མཛད། བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་ཆོས་མང་དུ་ཞུ་བར་མཛད། དེ་ནས་དབུས་སུ་ཕེབས་ཏེ་གྲུབ་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་བ་ལ་མི་ཏྲ་བརྒྱ་རྩ་སོགས་དབང་རྗེས་གནང་མང་དུ་གསན། ཁྲི་ཆེན་དགེ་འདུན་ཕུན་ཚོགས་ལ་བདེ་མཆོག་རྩ་རྒྱུད་དང་སྦས་དོན་དུ་གསལ་གཉིས་རྩ་འགྲེལ་སྦྲགས་པའི་ལུང་སོགས་ཟབ་ཆོས་མང་དུ་གསན། དེ་ནས་རྒྱུད་སྨད་ཀྱི་ཁྲི་ལ་ཕེབས་ཏེ་རྗེ་ཐམས་ཅད་མཁྱེན་པས་རྗེ་བཙུན་ཤེས་རབ་སེང་གེ་ལ་ཕ་རྒྱུད་གསང་བ་འདུས་པ་དང༌། མ་རྒྱུད་འཁོར་ལོ་སྡོམ་པ་གཉིས་ཀྱི་རྒྱུད་འགྲེལ་དང༌། བསྐྱེད་རྫོགས་ཀྱི་ཁྲིད་རྣམས་རྒྱུན་མི་ཉམསཔར་བྱ་བའི་ཕྱིར་རྒྱུད་གྲྭ་འཛུགས་དགོས་པར་བཀའ་ཕེབས་པ་ལྟར་རྗེ་ཤེས་རབ་སེང་གེས་རྗེའི་བཀའ་ལྟར་རྒྱུད་ཀྱི་རྒྱལ་པོ་གཉིས་ཀྱི་འཆད་ཉན་གཙོ་བོར་བཏོན། བདེ་གསང་འཇིགས་གསུམ་གྱི་ཆོ་ག་ཕྱག་ལེན་མཐའ་དག་རྒྱུད་དང་རྗེའི་དགོངས་པ་ལྟར་རྣམ་པར་དག་པའི་རྒྱུད་གྲྭ་འཛུགས་པར་མཛད་ཅིང་རིང་ཞིག་འཕེལ་རྒྱས་སུ་གྱུར་ནའང་བདེ་མཆོག་གི་སྐོར་འདི་ལྷག་པར་བཀའ་གཉན་པ་དང༌། དུས་དབང་གིས་བར་སྐབས་ཤིག་ནས་བཟུང་རྒྱུན་ཆད་པ་དམ་པ་འདིས་གསོ་བར་བཞེད་ནས་རྗེ་རིན་པོ་ཆེ་ཉིད་ལ་གསོལ་བ་ཤུགས་དྲག་ལ་རྒྱུན་རིང་བཏབ། རྗེ་རིན་པོ་ཆེའི་བསྟན་པ་གཉེར་དུ་གཏད་པའི་སྲུང་མ་མགོན་ཆོས་གཉིས་ལ་འཕྲིན་ལས་བཅོལ་ཏེ་སྡེ་སྣོད་འཛིན་པ་བློ་གསལ་དོན་གཉེར་ཅན་ཁ་ཤས་དབེན་དགོན་དུ་བཏང་སྟེ་གྲུབ་ཆེན་དབེན་ས་པ་ཡབ་སྲས་ཀྱིས་ཇི་ལྟར་བཙུགས་པའི་བདེ་མཆོག་གི་ཆོ་གའི་ཕྱག་ལེན་རྣམས་ཉམས་པ་མེད་པར་བླངས་ཏེ་ཆོ་ག་རྣམས་ལེགས་པར་བཙུགས། སྔར་ནས་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཉན་རྒྱུན་ཉམས་པ་མེད་པར་གནས་པ་གོང་འཕེལ་གྱི་ཐོག་བདེ་མཆོག་རྩ་རྒྱུད་དང༌། སྦས་དོན་ཀུན་གསལ་རྩ་འགྲེལ་སྦྲགས་པའི་འཆད་ཉན་ལེགས་པར་བཙུགས། ཊཱིཀྐའི་འཛིན་ཆོས་དང༌། བདེ་གསང་གཉིས་ཀྱི་བསྐྱེད་རིམ་དང༌། རིམ་ལྔ་གསལ་སྒྲོན་གྱི་གཟབ་བཤད།

འཇིགས་བྱེད་ཀྱི་བསྐྱེད་རྫོགས་ཆེན་མོའི་གཟབ་བཤད་དབྱར་གནས་ཐོག་འདུས་པའི་བསྐྱེད་རྫོགས་ཀྱི་མྱོང་ཁྲིད་ལོ་རེ་བཞིན་ཉམས་པར་མེད་པ་བསྐྱངས། དོན་གཉེར་ཅན་འགའ་བྱས་ལ་ཁྲིད་ཆེན་བརྒྱད་ཀྱང་གནང་སྟེ་རྡོ་རྗེ་ཐེག་པའི་བསྟན་པ་ཆེས་ཆེར་སྤེལ་བས་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་རྡོ་རྗེ་ཐེག་པའི་བསྟན་པ་ལ་བཀའ་དྲིན་ཟླ་མེད་དུ་མཛད་དོ། །གཞན་ཡང་བློ་གསལ་གླིང་ཞལ་སྔ་ནས་བློ་བཟང་སྦྱིན་པ་དང༌། གྲུབ་པའི་དབང་ཕྱུག་དོན་ཡོད་མཁས་གྲུབ་སོགས་ལའང་མདོ་སྔགས་ཀྱི་ཟབ་ཁྲིད་མང་དུ་གསན། དེ་ལྟར་མེ་ཕག་ནས་མེ་སྤྲེལ་བར་༡༧༠༧་༡༧༡༦ལོ་བཅུའི་རིང་ལ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གདན་ས་མཛད་དེ་ཆོས་ཟང་ཟིང་གཉིས་ཀའི་སྒོ་ནས་དགེ་འདུན་གྱི་སྡེ་ལེགས་པར་བསྐྱངས། ཁྱད་པར་བདེ་མཆོག་གི་ཆོས་སྐོར་ཉམས་པ་གསར་དུ་གསོ་བར་མཛད། ཡུན་རིང་གནས་པའི་ཕྱིར་གཞུང་ས་ཆེན་པོར་རྩོལ་བ་ཆེན་པོས་ཞུས་ཏེ་བདེ་མཆོག་སྒྲུབ་མཆོད་ཀྱི་མཆོད་གཞིས་ཡང་གསར་སྦྱོར་མཛད། དེ་ནས་རྒྱལ་བ་ཐམས་ཅད་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་སྔགས་ཀྱི་གསན་སྦྱོང་མཛད་རྒྱུའི་ཡོངས་འཛིན་དུ་རྗེ་འདི་པ་སྤྱན་དྲངས་པ་རྒྱུད་སྨད་ཀྱི་གདན་ས་བཞག་སྟེ་རྒྱལ་བ་མཆོག་གི་ཡོངས་འཛིན་དུ་བཞུགས་ཏེ་འགར་ཐར་དུ་ཕེབས། འགར་ཐར་དུ་བཞུགས་པའི་རིང་རྒྱལ་བ་བསྐུལ་བཟང་རྒྱ་མཚོར་རྒྱུད་སྨད་ཀྱི་ཕྱག་བཞེས་བཞིན་རྡོ་རྗེ་སློབ་དཔོན་མཆོད་པའི་ཆོ་ག་སྔོན་དུ་བཏང་སྟེ་ཉིན་རེ་བཞིན་འགྲེལ་པ་བཞི་སྦྲགས་ནས་གཟབ་བཤད་རེ་དང་རྒྱུད་ྜྲིའཀ་གི་འཛིན་ཆོས་ཆག་མེད་ཐོག་བར་བར་དུ་དབང་རྗེས་གནང་གི་རིགས་དང་ལུང་གི་རིགས་འབུལ་བར་མཛད།

དགུན་དུས་ཕལ་ཆེར་བཅད་རྒྱར་བཞུགས་ཤིང་རྒྱུད་པའི་ཕྱག་བཞེས་ལྟར་དཔྱིད་ཆོས་ནས་བཟུང་རྒྱུད་འགྲེལ་གྱི་འཆད་ཉན་གོང་འཕེལ་དུ་མཛད་དེ་བཀླགས་ལུང་ཙམ་གྱིས་ཆོག་པར་མ་མཛད་པར་རྩ་རྒྱུད་དང་བཤད་རྒྱུད་རྣམས་ཤན་སྦྱར། དེ་དག་གི་དོན་འཕགས་པ་ཡབ་སྲས་ཀྱི་གཞུང་རྣམས་དང་རྗེ་ཡབ་སྲས་ཀྱི་གཞུང་རྣམས་དང་སྦྱར་ཏེ་མཐའ་དྲུག་དང་ཚུལ་བཞིའི་དོན་མཐའ་དག་པར་བཤད། རྒྱལ་བ་མཆོག་འདིའང་སྤྱིར་རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་དང༌། ཁྱད་པར་བླ་མེད་རྡོ་རྗེ་ཐེག་པའི་བསྟན་པ་ཉམས་པ་རྣམས་གསོ་བ་དང་རྒྱུན་ཅུང་ཟད་གནས་པ་རྣམས་ཆེས་ཆེར་སྤེལ་བར་བཞེད་པའི་ལྷག་བསམ་སྙྙིང་སྟོབས་ལྷག་པར་ཆེ་བས་རྒྱ་མཚོ་ཆེན་པོ་ཆུས་མི་ངོམས་པ་ལྟར་བླ་མ་རྡོ་རྗེ་འཆང་གིས་ཇི་ཙམ་བཤད་ཀྱང་ཚིམ་པ་མེད་པར་གོང་འཕེལ་དུ་མཛད། འགར་ཐར་དུ་བཞུགས་རིང་ཐོས་བསམ་སྒོམ་པའི་བྱ་བ་མཐའ་དག་དབྱར་གྱི་མཚོ་དང་ཡར་ངོའི་ཟླ་བ་ལྟར་གོང་འཕེལ་དུ་གྱུར་པ་ཞིག་བྱུང༌། དེ་ལྟར་ལོ་གཉིས་ལྷག་ཙམ་གྱི་རིང་ལ་འགྲེལ་པ་བཞི་སྦྲགས་ནན་ཏན་དུ་བྱས་ནས་ཐུགས་སུ་ཆུད་པར་མཛད། དེ་ནས་དབུས་སུ་འབྱོན་པར་ཆས་པ་ན་གོང་མའི་རྒྱལ་ཁབ་སར་ལྕང་སྐྱ་རིན་པོ་ཆེ་ཡང་ཕེབས་ཏེ་རྒྱལ་བ་མཆོག་དང་རྗེ་འདི་གཉིས་ཀ་ལ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པར་གསན་ཞིང་ལྷག་པར་རྗེ་འདི་ལ་འགྲེལ་བ་བཞི་སྦྲགས་དང༌། རིམ་ལྔ་གསལ་སྒྲོན་གྱི་གཟབ་བཤད་དང༌། ཁྲིད་ཆེན་བརྒྱད་སོགས་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་གསན་ཅིང་རྗེ་འདིས་ཀྱང་བུམ་པ་གང་བྱོ་ལྟ་བུར་གནང་བར་མཛད། དེ་ནས་ཕོ་བྲང་ཆེན་པོར་ཕེབས་ནས་ཀྱང་རྒྱལ་བ་མཆོག་ལ་མདོ་སྔགས་ཀྱི་ཟབ་ཆོས་མཐའ་དག་རིམ་གྱིས་འབུལ་བར་མཛད་ཅིང༌། ས་ལུག་༡༧༣༩ལོར་དགའ་ལྡན་གྱི་གསེར་ཁྲིར་ཕེབས་ཏེ་རྗེ་རིན་པོ་ཆེའི་མཛད་སྲོལ་རྣམས་མ་ཉམས་པར་བསྐྱངས།

ལོ་བདུན་གྱི་རིང་ལ་གསེར་ཁྲི་སྐྱོང་བར་མཛད། དེ་ནས་ཁྲི་བཞག་སྟེ་ཕོ་བྲང་ཆེན་པོར་བཅར་བཞུགས་ཀྱིས་རྒྱལ་བ་མཆོག་ལ་ཆོས་འབུལ་དགོས་རྣམས་དང་དོན་གཉེར་ཅན་གཞན་མང་པོ་ལའང་ཆོས་སྐལ་རྒྱ་ཆེར་གནང༌། དེ་ནས་དགུང་ལོ་བདུན་ཅུ་ལོན་ནས་སྐུ་སྨིན་ཚུལ་ཆེ་བར་ཕེབས་པ་ན་གསེར་སྲང་བརྒྱ་ཕྲག་བརྒལ་བ་བཏུས་ཏེ་གངས་རིའི་ལྗོངས་ཀྱི་རྟེན་བྱིན་རླབས་ཅན་རྣམསལ་གསེར་གསོལ་མཛད། མདོར་ན་བདག་ཉིད་ཆེན་པོ་འདིས་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ནས་བཀའ་མདོ་རྒྱུད་མཐའ་དག་ལ་མཁས་པར་སྦྱངས་པས་ཡང་དག་པའི་ལམ་ལ་རིགས་པའི་ལམ་ནས་དྲངས་པའི་ངེས་པ་གཏིང་ཚུགས་པ་རསྙེད་ཅིང་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་ཕྱིན། ངེས་འབྱུང་གི་བསམ་པ་བཅོས་མིན་དུ་འཁྲུངས་པས་ཟག་བཅས་ཀྱི་བདེ་བ་མཐའ་དག་ལ་ཞེན་པ་གཏིང་ནས་ལོག །བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་ཐུགས་འབྱོངས་པས་སྒོ་གསུམ་གྱི་མཛད་པ་མཐའ་དག་གཞན་དོན་འབའ་ཞིག་ཏུ་གྱུར། ཕྱི་ནང་གི་རྟེན་འབྲེལ་ཐམས་ཅད་ཆུ་ཟླ་ལྟར་གཟིགས་པས་ཡེ་ཤེས་དང་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན། ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་དང་བདེ་སྟོང་གི་ཏིང་ངེ་འཛིན་ལ་མངའ་བརསྙེས་པ་མཁའ་འགྲོ་དབང་དུ་འདུ་ཞིང་ཆོས་སྐྱོང་སྲུང་མ་བྲན་དུ་འཁོལ། རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་གྱི་མཐུ་གྲུབ་པས་དུས་ཀྱི་མཐའ་འདིར་ཡང་ཐུབ་བསྟན་སྤྱི་དང༌། ཁྱད་པར་རྒྱལ་བ་བློ་བཟང་གྲགས་པའི་བསྟན་པའི་གནད་མཐའ་དག་ཉིན་མོ་ལྟར་གསལ་བར་མཛད་པ་ཞིག་ཡིན་ལ། སྒྲུབ་པ་ཉམས་ལེན་གྱི་དབང་དུ་བགྱིས་ན་གངས་ཏེ་སེ། ཀམ་པོ་གནས་དང༌། རྟ་སོ་བྲག་དཀར། བཞག་བྲག་གངས་རི། རི་བོ་དགེ་ལྡན། ཕ་བོང་ཁ་ལ་སོགས་པའི་སྒྲུབ་གནས་དུ་མར་སྐུ་མཚམས་ཡུན་རིང་དུ་མཛད་ཅིང༌། གཞན་ཡང་བྲེལ་བ་ཆེ་སྐབས་མ་གཏོགས་མངའ་རིས་སུ་ཕེབས་པ་ནས་བཟུང་གཞན་དོན་དུ་དགོངས་པ་གཏད་པ་ཚུན་ཆད་ལོ་རེ་བཞིན་མ་ཐ་ཟླ་བ་གསུམ་བཞི་རེ་ཙམ་མ་ཆག་པར་སྐུུ་མཚམས་མཛད་ཅིང་རྒྱུན་པའི་ཐུགས་དམ་གྱི་རིམ་པ་ཡང༌། སྙན་རྒྱུད་བླ་མའི་རྣལ་འབྱོར་ལ་བརྟེན་པའི་དབང་བཞི་ལེན་པ་དང༌། བྱང་ཆུབ་བདེ་ལམ་གྱི་སྟེང་ནས་ལམ་རིམ་གྱི་དམིགས་ཁྲོད་སྐྱོང་བ། གསང་འདུས་མི་སྐྱོད་རྡོ་རྗེ། བདེ་མཆོག་དྲིལ་བུ་ལུས་དཀྱིལ། འཇིགས་བྱེད་ལྷ་བཅུ་གསུམ་གྱི་རྣལ་འབྱོར་རྒྱས་པ་རང་རང་གི་རྫོགས་རིམ་གྱི་ཉམས་བཞེས་དང་བཅས་པ། མྱུར་མཛད་མགོན་པོ་ཕྱག་དྲུག་པས་གཙོས་སྲུང་མ་རྣམས་ལ་གཏོར་བསྔོ་རྒྱས་པ་ཆབ་གཏོར་བརྒྱ་རྩ་ལ་སོགས་པའི་ཆོས་སྤྱོད་གཏོར་མའི་རིམ་པ། ཐབས་ཤེས་ཀྱི་ཉམས་ལེན་རྣམས་ཆག་མེད་དུ་མཛད་ཅིང་ཐུན་མཚམས་སུ་ཕྱག་དང་མཎ྄ཌལ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ཉིད་ལ་ཐུགས་དམ་གྱི་གཙོ་བོར་མཛད་པ་ཡིན་ཞིང་རྒྱུན་བསྙོན་ང་དཀྱིལ་འཁོར་གཙོ་བོའི་རྩ་སྔགས་རྣམས་དང༌།

ཁྱད་པར་འཇིགས་བྱེད་ཀྱི་རྩ་སྔགས་ལྔ་བརྒྱ་ཙམ་རེ་ཆག་མེད་དུ་བཟླ་བ་དང༌། རྡོ་རྗེ་བཟླས་པ་དང༌། བུམ་པ་ཅན་གྱི་རླུང་སྦྱོང་ཡང་མང་དུ་མཛད་པར་སྣང་ངོ༌། །ལེགས་པར་བཤད་པས་གདུལ་བྱ་བསྐྱངས་པའི་རིམ་པ་ཡང༌། མངའ་རིས་སུ་ཕེབས་པ་ནས་བཟུང་གཞན་དོན་དུ་དགོངས་པ་གཏད་པ་ཚུན་ཆད་ལོ་རེ་གཉིས་ཙམ་མ་གཏོགས་ཕལ་ཆེར་ལམ་རིམ་གྱི་ཁྲིད་རྒྱས་བསྡུས་གང་ཡང་རུང་བ་རེ་མ་ཆག་པར་མཛད་ཅིང་ལམ་རིམ་ཆེན་མོའི་བཤད་ལུང་ཡང་བཅུ་ཕྲག་བརྒལ་བ་དང༌། འགྲེལ་པ་བཞི་སྦྲགས་ཀྱི་སྟེང་ནས་འདུས་པའི་རྒྱུད་ཀྱི་བཤད་པ་ཚར་ཉི་ཤུ་ལྷག་དང༌། རིམ་ལྔ་གསལ་སྒྲོན་བདེ་མཆོག་སྦས་དོན་ཀུན་གསལ་ལ་སོགས་པ་གཞུང་ཆེན་མོ་དུ་མའི་བཤད་པ་དང༌། དབང་ཁྲིད་ལུང་རྗེས་གནང་མཐའ་ཡས་པའི་སྒོ་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་ཅིང༌། ལྷག་པར་རྒྱལ་བ་མཆོག་ལ་ལོ་ཉི་ཤུ་རྩ་བཞིའི་བར་དུ་ཡོངས་འཛིན་མཛད་དེ་ཆོས་བཀའ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ཕུལ། རྒྱལ་བ་མཆོག་ནས་ཀྱང་ཡོངས་འཛིན་རྣམས་ཀྱི་ནང་ནས་རྗེ་འདི་པ་བཀའ་དྲིན་ཟླ་མེད་དུ་འཛིན་པར་མཛད་དོ། དགུང་ལོ་དོན་ལྔ་པ་ལྕགས་ལུག༡༧༥༡ལོར་གསེར་ཁྲི་ལས་ཟུར་ནས་ར་སྒྲེང་དུ་ཕེབས་པའི་སྔ་ཞོགས་ནམ་སེང་ཙམ་ལ་གོང་ས་སྐྱབས་མགོན་ཆེན་པོ་ཚུར་གཟིམ་ཤག་ཏུ་ཕེབས་ཡབ་སྲས་གཉིས་གསུང་གླེང་ཤིན་ཏུ་མང་བ་དང་ཕན་ཚུན་འབྲལ་མི་ཕོད་པའི་ཚུལ་གྱིས་སྤྱན་ཆབ་མང་དུ་བསིལ་ནས་བྱིན་རླབས་ཞུ་རེས་མཛད་དེ་རྗེ་རང་གི་འབྲལ་སྤང་ལྟ་བུའི་ཐུགས་དམ་རྟེན་རྗེ་བཙུན་མཁའ་སྤྱོད་མའི་སྐུ་བྱིན་རླབས་ཅན་ཞིག་གོང་ས་རིན་པོ་ཆེར་ཕུལ་ཏེ། མགོན་པོ་ཁྱེད་ཞབས་པད་བརྟན་པ་དང༌། འཕྲིན་ལས་ད་ལྟའི་མུ་བཞིན་རྒྱས་པ། བདག་སྐྱེ་བ་ཐམས་ཅད་དུ་འབྲལ་མེད་རྗེས་སུ་གཟུང་དུ་གསོལ། བན་རྒན་གྱི་སྨོན་ལམ་འདེབས་རྒྱུ་དེ་ཡིན་ཐུགས་རྗེས་ཟུངས་ཞེས་ཞུས་ཤིང་རྒྱལ་བ་མཆོག་ནས་ཀྱང་ཞལ་བཞེས་བཟང་པོ་གནང༌།

སྐུ་ཧར་གྱི་བཞེངས་ཏེ་གཟིམ་ཆུང་མདོ་བར་དུ་ཕེབས་སྐྱེལ་མཛད་སྐབས་གོང་ས་མཆོག་གི་དབུ་རྗེ་འདི་པའི་ཐུགས་ཀའི་ཐད་དུ་གཏད་ནས་ཐུཌ་སྨོན་ཡུན་རིང་གནང་ཞིང་སྤྱན་ཆབ་བསིལ། །ཕོ་བྲང་ཆེན་པོའི་རྒྱལ་སྒོའི་ཉེ་འགྲམ་ནས་ཕེབས་བྱམས་ལ་གདན་དྲངས། གསོལ་དཔོན་ཆེན་མོ་གྲགས་པ་མཐའ་ཡས་སོགས་རྩེ་དྲུང་ནང་མ་རྣམས་ལ་བསླབ་བྱ་ཞལ་གདམས་མང་དུ་གནང༌། དེ་ནས་རིམ་གྱིས་རྭ་སྒྲེང་དུ་ཕེབས་ཏེ་ལོ་དེའི་༡༧༥༡་ཟླ་བ་བརྒྱད་པའི་ཚེས་བདུན་གྱི་ཉིན་ཁྲི་མཐོན་པོ་ཞིག་བཤམ་བཅུག་ནས་དེར་བཞུགས་པ་མཛད། གོང་ས་མཆོག་ནས་ཆེད་དུ་སྒྲུབ་གནང་གི་བུམ་ཆུ་དང་འཕེལ་གདུང་སོགས་གནང་བ་ཚེས་བརྒྱད་ཀྱི་སྔ་དྲོ་འབྱོར་པས་པོ་ཏ་ལ་ངོས་སུ་ཕྱག་ཐལ་མོ་སྦྱར་ནས་བཞེས་པ་གནང༌། དྲོ་གོང་སྐབས་ཆར་ཟིམ་བུ་ཞིག་འབབ་བཞིན་པ་ལ་ཞབས་རྡོ་རྗེ་སྐྱིལ་ཀྲུང༌། ཕྱག་གཉིས་མཉམ་གཞག་དང་སྐུ་དྲང་པོར་བསྲངས་ཏེ་སྟོང་པ་གསུམ་རིམ་གྱིས་ཐིམ་པའི་ཐམས་ཅད་སྟོང་པ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་མཛད། གཟུགས་སྐུ་རགས་པའི་ཟ་མ་ཏོག་ནས་ཡེ་ཤེས་ཀྱི་སྐུུ་ཁ་སྦྱོརབདུན་ལྡན་གྱི་རྣམ་པ་ཅན་དུ་བཞེངས་པ། ཞིང་དག་པ་རབ་འབྱམས་ཀྱི་དཔའ་བོ་དང་མཁའ་འགྲོའི་ཚོགས་བྱེ་བ་འབུམ་གྱིས་རྨད་དུ་བྱུང་བའི་ལྷ་རྫས་ཀྱི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བསུས་ཏེ་དགའ་ལྡན་མི་ཕམ་ཆོས་ཀྱི་བླ་མའི་མདུན་ས་ཆེན་པོར་གཤེགས་པར་གྱུར་ཏོ།

གསུང་རྩོམ་ཡང༌། མགོན་པོ་ཕྱག་དྲུག་པའི་བསྙྙེན་ཡིག་འཕྲིན་ལས་བཞི་ཡི་བང་མཛོད་དང༌། དམིགས་བརྩེ་མའི་ལས་ཚོགས་ཆར་འབེབ་སོགས་བཞུགས། དེའི་སྐུ་ཕྲེང་གཉིས་པ་ཁྲི་ཆེན་བསྟན་པ་རབ་རྒྱས། ལི་ཐང་དུ་རབ་བྱུང་བཅུ་གསུམ་པའི་ས་ཡོས་༡༧༥༩ལོར་སྐུ་འཁྲུངས་ཏེ་དགུང་ལོ་ང་བདུན་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕག་༡༨༡༥ལོར་སྐུ་གཤེགས། སྐུ་ཕྲེང་གསུམ་པ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་རབ་བྱུང་བཅུ་བཞི་པའི་མེ་གླང་༡༨༡༧ལོར་འཁྲུངས་ཏེ་རབ་བྱུང་བཅུ་བཞི་པའི་ཆུ་ཕག་༡༨༦༣ལོར་སྐུ་གཤེགས། སྐུ་ཕྲེང་བཞི་པ་ངག་དབང་ཡེ་ཤེས་རབ་བྱུང་བཅུ་བཞི་ཤིང་བྱི་༡༨༦༤ལོར་འཁྲུངས་ཏེ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕག་༡༩༡༡ལོར་སྐུ་གཤེགས། སྐུ་ཕྲེང་ལྔ་པ་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་༡༩༡༢ལོར་སྐུ་འཁྲུངས། དགུང་ལོ་སོ་དྲུག་པ་རབ་བྱུང་བཅུ་དྲུག་པའི་མེ་ཕག་༡༩༤༧ལོར་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་གཞུང་ཞབས་འཇོན་ཐང་ཅན་ཁག་གཅིག་གིས་བཙོན་འཇུག་ལྐོག་བསྐྲོངས་བྱས། སྐུ་ཕྲེང་དྲུག་པ་བསྟན་འཛིན་འཇིགས་མེད་མཐུ་སྟོབས་དབང་ཕྱུག་རབ་བྱུང་བཅུ་དྲུག་པའི་ས་བྱི་༡༩༤༨ལོར་སྐུ་འཁྲུངས་ཏེ་རབ་བྱུང་བཅུ་བདུན་པ་མེ་གླང་༡༩༩༧ལོར་སྐུ་གཤེགས། སྐུ་ཕྲེང་བདུན་པ་བློ་གྲོས་རྒྱ་མཚོ་འཕྲིན་ལས་ལྷུན་གྲུབ་མཆོག་ནི་ད་ལྟར་འཚོ་ཞིང་བཞུགས་པ་འདི་བཞིན་ལགས་སོ།

དགའ་ལྡན་ཁྲི་ཐོག་ང་ལྔ་པ་ཟམ་ཚ་ངག་དབང་ནམ་མཁའ་བཟང་པོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ང་ལྔ་པ། ཟམ་ཚ་ངག་དབང་ནམ་མཁའ་བཟང་པོ་ནི། ཨ་མདོ་ཟམ་ཚ་མཛོད་ཚང་གི་གྲས་ལྡན་ཐང་གྲོང་འཕགས་པ་ཚང་ཟམ་ཚ་ངོ་རང་ཟེར་བའི་རྒྱུད་ལས་ཡབ་དཀོན་མཆོག་སྐྱབས་དང༌། ཡུམ་ཀླུ་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པ་ལྕགས་རྟ་༡༦༩༠ལོར་འཁྲུངས། རབ་བྱུང་བཅུ་གཅིག་པའི་ཤིང་གླང་ཕྱི་ལོ་༡༦༨༥ཟེར་བའང་སྣང༌། ལོ་ན་གཞོན་དུས་ནས་སྒོ་གསུམ་བག་ཡངས་སུ་མི་གཏོང་ཞིང་སྐྱེ་བོ་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་ལ། མི་རིང་བར་ཟམ་ཚ་རི་མོ་ཆེའི་ཕར་ངོས་ཀྱི་དེའུར་དབེན་གནས་རི་ཁྲོད་པ་བྱ་བ་འཕགས་དགེ་བླ་མར་གྲགས་པ་ལུང་རྟོགས་ལ་མངའ་བརསྙེས་པ་ཞིག་མཆིས་པ་དེ་ཉིད་ཀྱི་མདུན་སར་ཕེབས་ཏེ་ཡུན་རིང་བླ་མར་བསྟེན། འདུལ་བའི་མཛོད་འཛིན་ཉང་ཚང་ཆེན་པོ་ལས་དགེ་བསྙེན། རབ་བྱུང༌། དགེ་ཚུལ་གྱི་བསླབ་ཁྲིམས་རྣམས་དུ༷ས་གཅིག་ཏུ་ལེགས་པར་མནོས། བསླབ་བྱའི་སྤང་བླང་ཚུལ་བཞིན་མཛད་ནས་ཀློག་པ་ཐོས་བསམ་ལ་བརྩོན་པ་ཆེན་པོས་ཡོན་ཏན་ཀུན་གྱི་ཕྱི་མོ་ཡི་གེ་འབྲི་ཀློག་ནས་བཟུང་སངས་རྒྱས་བྱང་སེམས་ཀྱི་བསྟོད་སྨོན། ཡི་དམ་ལྷག་པའི་ལྷ་མང་པོའི་སྒྲུབ་ཐབས་ཆེ་ཆུང་སོགས་ལ་འཛིན་སྦྱོང་ཀློག་གསུམ་གྱིས་དུས་འདའ་བར་མཛད།

དགུང་ལོ་བཅོ་ལྔ་པར་དབུས་གཙང་དུ་སློབ་གཉེར་ཕེབས་པའི་ཐུགས་འཁྲུན་བཅད། དེ་ནས་འཕགས་དགེ་བླ་མའི་སྤྱན་སྔར་ཞུས་པས་བླ་མ་ཐུགས་མཉེས་ཏེ་ཞལ་ནས་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པས་སྙིང་ནས་གསོལ་བ་ཐོབ། དགའ་ལྡན་གསེར་ཁྲི་མ་ཐོབ་པར་ཕྱིར་མ་ཡོང༌། ཉིན་རེ་བཞིན་དམིགས་བརྩེ་མ་སྟོང་ཕྲག་རེ་དང༌། ཆོས་རྒྱལ་ནང་སྒྲུབ་ཀྱི་བསྟོད་པ་ཚར་རེ་མ་ཆག་པ་གྱིས་ཞེས་གསུངས་ནས་ཕྱག་འཁར་ཞིག་རྗེ་འདི་ཉིད་ཀྱི་ཕྱག་ཏུ་གཏད་དེ། གཙུག་ལག་ཁང་རྣམས་ཀློག་པ་དང་ཞེས་སོགས་གསུངས་ཀྱིས་ཐུགས་སྨོན་རྣམ་པར་དག་པ་མཛད། ཕྱག་འཁར་དེ་བསྣམས་ནས་དུས་ཕྱིས་དགའ་ལྡན་གསེར་ཁྲིར་ཕེབས་པ་ཁྲི་ཆེན་རྒྱལ་མཚན་སེངྒེ་དང་ལྷན་ཅིག་ཏུ་ལྷ་ལྡན་དག་པའི་ཞིང་ཁམས་སུ་ཞབས་ཀྱིས་བཅགས། ཐོག་མར་དགའ་ལྡན་དང་སེ་རར་ཕེབས་ནས་ཆོས་གྲྭར་ཞུགས་རྩིས་མཛད་མོད་ཀྱང་དེ་གཉིས་ནས་སྣེ་ལེན་མ་བགྱིས་སྟབས་སླར་ལྷ་སར་བཞུད་ནས་ཇོ་ཤཱཀ་རྣམ་གཉིས་དང༌། པོ་ཏ་ལ། གསེར་གདུང་རིན་པོ་ཆེ་སོགས་སུ་ཐུགས་སྨོན་རྣམ་དག་མཛད་ཅིང༌། དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གི་ཁང་ཚན་གཞུང་པར་ཕེབས་ཏེ། རྗེ་བཙུན་འཇམ་དབྱངས་བཞད་པ་དབལ་ཤུལ་ངག་དབང་བརྩོན་འགྲུས་དང༌། མཁས་དབང་དཔལ་ལྡན་གྲགས་པ་སོགས་སློབ་དཔོན་མང་དུ་བསྟེན་ནས་ཐོག་མར་རིགས་པའི་སྒོ་འབྱེད་བསྡུས་ཚན་ཆེ་ཆུང་ནས་བརྩམས་ཕར་ཕྱིན་ཟུར་བཀོལ། དབུ་མ་འདུལ་མཛོད་རྣམ་འགྲེལ་ལ་སོགས་པ་གྲྭ་ཚང་རང་གི་ཡིག་ཆ་གསར་རསྙིང་རྣམས་གཞི་མར་བཟུང་སྟེ། རྗེ་ཡབ་སྲས་རྣམས་ཀྱི་གསུང་རྣམ་བཤད་གསེར་ཕྲེང༌། དགོངས་པ་རབ་གསལ། སྟོང་ཐུན་ཆེན་མོ། རྣམ་བཤད་ཐར་ལམ་གསལ་བྱེད། མཚོ་ཊཱིཀ། མཆིམས་མཛོད་སོགས་ཐད་ཀའི་བརྩི་བཞག། སྤྱི་མཐའ་དཔྱོད་རྩ་ཊིཀ་སོགས་ཀྱི་འཛིན་སྐྱོར་རྩོད་གསུམ་ལ་རྩེ་གཅིག་ཏུ་ཐུགས་གཞོལ་བས་སྤྱི་ཁང་ཕྱི་ནང་དང་འཛིན་གྲྭ་ཡས་མས་ཐམས་ཅད་ཀྱི་མིག་རྒྱན་དུ་གྱུར། སྐུ་ཚེ་དེ་ལ་ཨ་ར་པ་ཙ་དང༌། ཡ་མ་རཱ་ཛ། གསང་སྙིང་བཛྲ་ཌྷིཀ་བཅས་དུང་ཕྱུར། ཡིག་བརྒྱ་ས་ཡ་བཞི། རྟེན་འབྲེལ་བསྟོད་པ་འབུམ་ཐེར། འཇམ་དཔལ་མཚན་བརྗོད་ཁྲི་ཚར།

གཞན་ཡང༌། ཀླུ་དབང་རྒྱལ་པོ། མགོན་པོའི་སྙིང་པོ་དང་ལྷ་མོའི་ཁ༩ཎཿབདུན་མ་སོགས་གྲངས་མང་བསགས་ནས་སྒྲུབ་པ་སྙིང་པོར་གཞོལ། ཆོས་གྲྭ་དེ་གར་བསླབ་གཞི་ལ་བརྩོན་གཉེར་མཛད་པའི་དུས་ཀྱི་རིང་འཕྲལ་གྱི་ཕན་པ་ཙམ་ཡལ་བར་བོར་ནས་ཕུགས་ཀྱི་ཐུགས་འདུན་ཁོ་ནས་ཉིན་མཚན་དུས་དྲུག་འདའ་བར་མཛད་པས་ཐ་ན་གནས་སྐབས་སུ་ཟས་གོས་ཀྱི་གཡེང་བའང་ཡེ་མ་མཛད་པར་འགྱེད་དངུལ་ཊམ་རེ་ཙམ་བྱུང་ན་ཡང་དེ་འཕྲལ་མར་རྩམ་གཟིགས་ནས། མཆོད་མེ་དང་ཞལ་ཟས་བཞེངས་ནས་འབུལ་བ་དང༌། རང་ལ་གང་ཡོད་ཆོས་འབྲེལ་གང་མཆིས་ཀྱི་བླ་མ་རྣམས་ཀྱི་ཞབས་བརྟནདང༌། ཞིང་གཤེགས་དག་གི་དགོངས་རྫོགས་སོགས་སུ་འགྲོ་བར་མཛད། ནམ་རྒྱུན་རྗེ་ཉིད་ཀྱིས་གྲྭ་ཇ། མང་ཇ། ཚོམས་ཇ་ཙམ་ལས་གཟིམས་ཤག་ནས་ཇ་བསྐོལ་པ་སོགས་ཀྱི་རྩོལ་བ་ནི་རྣམ་པ་ཀུན་ནས་མེད་པར་ཆུ་རྐྱང་ཙམ་ལ་བརྟེན་ཏེ་འཚོ་བ་རོལ་བར་མཛད། ཚོགས་ལ་ཕེབས་སྐབས་ཀྱང་ཕལ་ཆེ་གསོལ་ཞིབ་རིགས་བསྣམ་རྒྱུ་མེད་པའི་དབང་གིས་གྲལ་མཚེས་པ་རྒྱུས་ཡོད་དག་སྣང་ཅན་མང་པོས་གསོལ་ཞིབ་ཕུལ་བ་ལན་རེ་ཙམ་བྱུང་ན་དེ་ནས་བཟུང་གྲལ་གཞན་དུ་སྤོས་ནས་གསོལ་ཞིབ་འབུལ་མི་དེ་དང་གྲལ་མཚེས་མི་བགྱིད་པ་སོགས་ངོ་མཚར་ཤིན་ཏུ་ཆེ་བ་ཞིག་དེ་དུས་རང་ནས་ཡོད་པར་གསུངས་ཤིང༌།

རྗེ་འདི་ཉིད་ཀྱི་དངོས་ཆས་ཤིན་ཏུ་བཀྲེན་པར་འདུག་མོད་ཀྱང་ཁང་ཚན་གྱི་དགེ་རྒན་ལ་བཞེངས་ནས་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གཞུང་པ་ཁང་ཚན་གྱིས་གཙོས་གདན་ས་ཐམས་ཅད་ལ་གྲྭ་རྒྱན་སོགས་རྒྱས་ཤིང་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་བཟང་གོང་འཕེལ་དུ་འགྱུར་པར་དམིགས་ཏེ། རྗེ་རྒྱལ་བ་གཉིས་པའི་སྐུ་བརྙན་མི་ཚད་མ་མཇལ་བ་ཙམ་གྱིས་སྲིད་ཞིའི་རྒུད་པ་ལས་གྲོལ་བར་ནུས་པ་ཞིག་ཕྱག་བཟོ་མཛད་དེ་རིང་བསྲེལ་རྣམ་བཞི་སོགས་ཀྱིས་ཕྱུག་པར་མཛད་ཅིང༌། རབ་གནས་སོགས་ཀྱི་མཛད་སྒོ་འཐུས་ཚང་བ་རྗེ་རང་ཉིད་ཀྱིས་གནང༌། རྒྱུན་པར་མཁས་དབང་ཆེན་པོ་ཏཱ་དབོན་དཔལ་ལྡན་གྲགས་པའི་ཞབས་ཀྱི་པདྨོ་གཙུག་གི་རྒྱན་དུ་བསྟེན་ནས་དཔེ་ཁྲིད་དབང་ལུང་ཁྲིད་མན་ངག་མཐའ་ཡས་པ་གསན་ཅིང༌། གཞན་ཡང༌། ཐང་སག་པ་དངོས་གྲུབ་རྒྱ་མཚོའི་ཐུགས་སྲས་རྗེ་ཆོས་རྒྱ་མཚོ། སྤྲུལ་བའི་སྐུ་བློ་བཟང་བསྟན་པ། རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཐུགས་སྲས་མཁན་ཆེན་ངག་དབང་བློ་བཟང༌། བླ་མ་འཇམ་དབྱངས་སོགས་དགེ་བའི་བཤེས་གཉེན་མང་པོའི་སྤྱན་སྔར་གཏུགས་ཏེ་སྙན་བརྒྱུད་ཀྱི་མན་ངག་ཐམས་ཅད་ཕས་བུ་ལ་སློབ་པ་ལྟར་གསན་ཅིང་བརྗེད་བྱང་མཛད་ནས་ཐུགས་ཀྱི་ཉམས་ལེན་དུ་བསྟར། སུམ་བླྷ་མཁན་པོ་ཡེ་ཤེས་དཔལ་འབྱོར་རྩ་བའི་ཡོངས་འཛིན་མཛད། དེ་ནས་དགུང་ལོ་སོ་བདུན་པ་མེ་རྟ་༡༧༢༦ལོར་ལྷ་སའི་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་ཐོབ།

སྐབས་དེར་གྲུབ་རྟགས་ངོ་མཚར་ཅན་མང་པོ་བསྟན་ནས་སྐྱེ་འགྲོ་ཐམས་ཅད་དད་པའི་ས་ལ་བཀོད། དེ་ནས་ྋཐམས་ཅད་མཁྱེན་པ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བློ་བཟང་ཡེ་ཤེས་ཀྱི་ཞབས་དྲུང་དུ་བསྙེན་པར་རྫོགས་ཏེ་ལུང་རྟོགས་ཀྱི་ཟབ་དོན་བགྲང་ལས་འདས་པ་གསན། དེའི་ཚེ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ནས་ཁྱེད་ཆོས་གོས་རྣམ་གསུམ་གྱོན་བཞིན་པ་དང་བཅས་རྒྱལ་བ་མི་ཕམ་པའི་སྤྱན་སྔར་ཕེབས་རྒྱུ་ཡིན་ནམ་གསུངས་པ་ན། བདག་གིས་ཀྱང་དེ་ཁོ་ན་ལྟར་སྨོན་པས་སྨོན་པ་ཇི་བཞིན་འགྲུབ་པའི་སྐྱབས་འཇུག་བརྩེ་གཟིགས་མཁྱེན་མཁྱེན་ཞུས། ཀུན་གཟིགས་མཆོག་ནས་ཀྱང་དགྱེས་དགྱེས་མཛད་བཞིན་དུ་ཞལ་བཞེས་གནང་སྟེ་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་ཀྱང་མང་ཙམ་གསུང་བར་བཤད། དེ་ནས། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་ནས་སྔགས་ལ་སྦྱངས་པར་མཁན་ཆེན་རྡོ་རྗེའཆང་ལས་བརྩི་བཞག འགྲེལ་བ། བསྐྱེད་རྫོགས། གར་ཐིག་དབྱངས་གསུམ་ཐམས་ཅད་ལ་སྦྱོང་མཐར་སླེབས་ཤིང་དབང་འབྱོར། དབྱངས་ཅན་མ་དམར་མོའི་བསྙེན་སྒྲུབ་ཟླ་དྲུག་ཙམ་ལ་མཛད་པས། འཆད་པ་དང་རྩོད་པ་དང་རྩོམ་པའི་མཁྱེན་རབ་ཀྱི་ཀློང་འབད་མེད་དུ་བརྡོལ་བས་གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ན། ཚེ་འདི་སྣང་གི་བྱ་བ་མ་ལུས་པར་རྒྱབ་གྱིས་ཕྱོགས་ཏེ་སྒྲུབ་པ་སྙིང་པོར་མཛད་ཕྱིར་རི་བོ་དགེ་འཕེལ་དུ་ཕེབས། གནས་དེར་རྗེ་དོན་ཡོད་མཁས་གྲུབ་ཀྱི་མདུན་སར་རྒྱུད་སྟོད་བླ་མ་དབུ་མཛད་སོགས་ཕེབས་ནས་དགེ་བཤེས་གང་ཡོད་འཚོགས་ཤིང་མདོ་སྔགས་གཉིས་ཀའི་བགྲོ་གླེང་མཛད་པར་ཀུན་གྱི་ཐུགས་རབ་ཏུ་འཕྲོག་སྟེ་རྗེས་སོར་རྒྱུད་སྟོད་མཁན་ཁྲིར་མངའ་གསོལ། དེ་ནས་མཁན་ཁྲི་ནས་ཤར་རྩེ་སོགས་ རིམ་པར་ཞབས་ཀྱིས་བཅགས། རྗེ་འདི་ཉིད་ཀྱིས་མཁན་ཁྲི་སྐྱོང་བའི་རིང་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་བའི་སྒྲོབ་སྒྲོབ་ཀྱི་བྱ་བ་དག་ལ་ནམ་ཡང་མི་དགྱེས་པར་བླ་སློབ་ཚང་མ་འཆད་ཉན་འབའ་ཞིག་གི་གནས་སུ་བཀོད། མཁན་ཁྲི་མཐར་འཁྱོལ་བའི་དུས་སུའང་སྐུ་ཆས་གང་ཡོད་ཐམས་ཅད་རྒྱུད་པ་གྲྭ་ཚང་གི་ཡིན་པ་མ་གཏོགས་ངེད་ལ་ནི་ཁབ་སྐུད་ཙམ་ཡང་དགོས་པ་མེད་གསུངས་ནས་ཡོ་ཆས་ཐམས་ཅད་མཁན་པོ་གསར་པ་ལ་རྩིས་འབུལ་ཞུས།

དེ་ནས་འབྲས་དགེ་འཕེལ་རི་ཁྲོད་དུ་ལོ་ཤས་བཞུགས་པའི་བར་ཐུགས་དམ་ཆུ་བོའི་རྒྱུན་བཞིན་བསྐྱངས། །སྐྱབས་མགོན་ནོ་མིན་ཧན་ཆེན་པོ་ཁྲི་ཆེན་ངག་དབང་མཆོག་ལྡན་དེ་དུས་གྲྭ་རྐྱང་རང་ག་པའི་རྣམ་པ་ཅན་དུ་ཡོད་པར་རྗེ་འདི་པས་བདག་ཕ་ཡུལ་དུ་འགྲོ་རྩིས་ལ་ལོ་ཅི་ཙམ་དུ་ཕྱིན་ན་འགབ་ཚུལ་ཞུས་པར་ཁྱོད་རང་འབྲུག་ལོའི་བར་སྔར་མུས་བཞིན་རྒྱུད་གྲྭ་རང་དུ་སྡོད་དང༌། དེ་ནས་འགྲོ་འདུག་གི་དབྱེ་བ་དོད་ཡོང་ཞེས་བཀའ་གནང་བ་བཞིན་ལོ་དེར་ཁོང་བླ་མ་དབུ་མཛད་ཀྱི་ཁྲིར་བཞུགས་དགོས་བྱུང༌། བློ་གསལ་དོན་གཉེར་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་ཚད་མེད་དུ་བསྐོར།

ཁྱད་པར་དུ་སྐབས་དེར་རྗེ་ཉིད་ཀྱི་ཐུགས་ཀྱི་སྲས་མཆོག་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དེ་ཉིད་ཕུར་བུ་ལྕོག་ཏུ་བྱམས་མགོན་བླ་མ་རིན་པོ་ཆེའི་ཞབས་པད་བསྟེན་ནས་མཆིས་པའི་ཉིན་གཅིག་བླ་མའི་ཞལ་ནས་ཁྱོད་རང་འབྲས་སྤུངས་དགེ་འཕེལ་དུ་ཆོས་རྗེ་ནམ་མཁའ་ཞེས་དཔལ་འཁོར་ལོ་སྡོམ་པ་ངུར་སྨྲིག་གི་རྣམ་པར་རོལ་པ་ཞིག་བཞུགས་འདུག་པ་གང་གི་དྲུང་དུ་བྱོན་ན། དེ་ལ་གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང་ཆེན་དང་མན་ངག་རྣམས་མངའ་བས་དེ་དག་མནོས་ན་ལེགས་ཞེས་གསུངས་པ་ལྟར་རྗེ་ཉིད་ཀྱི་སྤྱན་སྔར་ཕེབས་ཏེ་བླ་མར་བསྟེན། བདག་ཉིད་ཆེན་པོ་གང་གིས་ཀྱང་བཀའ་སློབ་མང་པོ་གནང་ཞིང་ཡི་དམ་ཐུན་མོང་མ་ཡིན་པའི་དབང་ལུང་མན་ངག་སོགས་བསམ་གྱིས་མི་ཁྱབ་པ་བསྩལ།

དེ་ནས་ཡོངས་འཛིན་རིན་པོ་ཆེ་བསྟན་འགྲོའི་དཔལ་དུ་ས་མཐའི་རི་ཁྲོད་དུ་ཞབས་ཀྱིས་བཅགས་པའི་ཐུགས་བཞེད་སྨིན་པ་ན། རྗེ་ཉིད་ལ་མུ་མཐུད་དུ་རྗེས་སུ་འཛིན་དགོས་པ་སོགས་སྐྱབས་འཇུག་མང་པོ་ཞུ། ཕྱི་ཕྱག་འཚལ་གྲབས་མཛད་པར་རྗེ་ཉིད་ནས་ཐུགས་འཁྲེང་བའི་རྣམ་པས་སླད་ཆར་རང་རེ་སླར་ཡང་འཕྲད་པའི་རྟེན་འབྲེལ་གྱི་ཆེད་འགྲོ་ཁར་ཕྱག་མ་འཚལ་ཅིག །ཁོ་བོ་དགའ་ལྡན་གསེར་ཁྲིར་འཁོད་པའི་ཚོད་ལ་འཕྲད་དུ་ཤོག །ཅེས་གསུངས། ཡོངས་འཛིན་རིན་པོ་ཆེས་ཀྱང་རང་གི་བླ་མས་ཅི་གསུང་ཐུགས་ཀྱི་མཐིལ་དུ་བཅངས་ནས་ཕེབས་པ་བྱུང༌། ཁྲི་ཆེན་འདི་ཉིད་ཀྱིས་ཁྱུང་ཁྲའི་རྗེས་གནང་ལན་རེ་གནང་ན་ཉེ་འཁོར་གྱི་ཐར་ནུ་སོགས་དུག་རིགས་རྣམས་ཉིན་ཤས་ནས་སྐམ་འགྲོ་བར་བཤད། མགོན་ཆོས་ཀྱི་རྗེས་གནང་གི་དུས་ནང་ཐམས་ཅད་ཤ་ཆེན་གྱི་དྲིས་ཁྱབ། གང་གནང་གཞན་དང་མི་འདྲ་བའི་ཞིབ་ཆ་དང་བྱིན་རླབས་ཆེ་བར་གྲགས། ཐུགས་སྲས་དམ་པ་བྲག་རྒྱབ་སྔགས་རམས་པ་བློ་བཟང་ཆོས་འཕེལ། མཁས་གྲུབ་ཆེན་པོ་དགེ་འདུན་བདེ་ཆེན་སོགས་ནམ་མཁའི་སྐར་ཚོགས་ལྟ་བུའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་པོ་བྱོན་པ་ཐམས་ཅད་ཀྱང་མདོ་སྔགས་ཀྱི་ཆོས་སྐོར་མཐའ་ཡས་པས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཐང་ཀ་ཕྱག་བྲིས་མ་ཡ་མཚན་པ་ཞིག་གསར་དུ་བཞེངས་པ་དེ་ཉིད་བླ་མ་ཉིད་ཀྱིས་ཕྱག་ནས་བསྩལ་ཅིང་དགའ་ལྡན་སོག་པ་ཁང་ཚན་གྱི་རྟེན་གཙོར་བཞུགས། རྟེན་བྱིན་རླབས་ཅན་འདི་ཉིད་ཁང་ཚན་དུ་སྤྱན་དྲངས་པ་ནས་བཟུང་ཁང་ཚན་གྱི་གྲྭ་རྒྱུན་དང་གྲྭ་ཚོགས་སྔར་ལས་ཕོན་ཆེར་འཕེལ་ཞིང་འཆད་ཉན་གྱི་འཕྲིན་ལས་ཀྱང་ཡར་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བ་མངོན་སུམ་དུ་གྲུབ་པར་བཤད།

དགུང་ལོ་ང་དྲུག་པ་རབ་བྱུང་བཅུ་གཉིས་པའི་མེ་སྟག་༡༧༤༦ལོར་དགའ་ལྡན་གྱི་ཁྲི་རིན་པོ་ཆེར་ཞབས་ཟུང་འཁོད་དགོས་ཀྱི་བཀའ་རྒྱ་འབྱོར་བ་ལྟར་དགའ་ལྡན་གསེར་ཁྲིར་བཞུགས། སྲིད་སྐྱོང་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ནས་དག་སྣང་ཆེན་པོས་རང་རེ་མཆོད་ཡོན་གཉིས་ཟུང་དུ་འབྲེལ་ནས་བསྟན་པ་རིན་པོ་ཆེ་ལ་ཕན་ཐོགས་གང་ཆེ་ཞུས་ཆོག་པ་ཞུ་ཞེས་ཁྲི་ཕེབས་ཀྱི་མཁོ་དགོས་ཆ་ཚང་བ་སྟ་གོན་མཛད། དགའ་ལྡན་དུ་གསེར་ཁྲི་ཆེན་མོར་ཞབས་སོར་བཀོད། མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོའི་སྒོ་འཕར་ཡངས་པོར་ཕྱེས། ཁྲིར་བཞུགས་རིང་ཡང་ཇུན་གར་བ་སོགས་སོག་རིགས་མང་པོས་རྣམ་དཀར་དགེ་སྒྲུབ་ཀྱི་སྲི་ཞུ་བླ་མེད་བྱས།

རྗེ་ཉིད་ལ་འབུལ་བ་ཅི་ཙམ་བྱུང་ཡང་བདག་འཛིན་མེད་པར་སྲིད་པའི་ཕུན་ཚོགས་ཐམས་ཅད་མི་གཙང་བའི་འདམ་རྫབ་བཞིན་དུ་གཟིགས་པའི་ངེས་འབྱུང་བཅོས་མིན་ཐུགས་ལ་མངའ་བའི་རང་མདངས་མཐའ་ཡས་པ་ཞིག་བསྟན་པར་སྣང༌། དེ་ནས་མི་རིང་བ་ན་སྲིད་སྐྱོང་ཕོ་ལྷ་བ་སྐུ་མྱ་ངན་ལས་འདས་རྗེས། རིགས་སྲས་ཆེ་བ་གུང་འགྱུར་མེད་ཚེ་བརྟན། ཆུང་བ་ད་ལེ་བཱ་ཐུར་ཝང་འགྱུར་མེད་རྣམ་རྒྱལ་གཉིས་ནང་མ་འཆམ་ནས་ཝང་གིས་གུང་ལ་ངན་གཏད་དགོས་པའི་བཀའ་ལུང་བསྒྲགས་ནའང་དང་དགའ་ལྡན་ཁྲི་པས་མི་གསོད་མི་ཐུབ་ཅེས་བཀའ་ལ་མ་ཉན་སྟབས་ཝང་འགྱུར་མེད་རྣམ་རྒྱལ་གྱིས། རྗེ་འདི་ཉིད་ཁྲིར་ཕེབས་ནས་ལོ་ངོ་ལྔ་སོང་བའི་ལྕགས་རྟ་༡༧༥༠ལོར་ཁྲི་འཕྲལ་དུ་བཙན་འཇོག་དགོས་ཚུལ་ཀྱི་བཀའ་བསྒྱུར་ཕབ། རྒྱུད་པ་བློ་བཟང་དྲི་མེད་གློ་བུར་དགའ་ལྡན་གྱི་ཁྲིར་བཀོད་པས། ཞབས་གྲས་རྣམས་ཀྱིས་ཆོས་ལ་དགྲ་བྱུང་ན་སངས་རྒྱས་ར་མདའ་ལ་སྦྲན་པའི་དཔེ་བཞིན་ཝང་དེ་ལ་དྲག་པོའི་ལས་སྦྱོར་ཞིག་ངེས་པར་དགོས་ཞེས་ཞུས་ཀྱང༌། ང་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་རྗེ་བཙུན་བྱམས་པ་མགོན་པོ་དང་ཡབ་རྗེ་འཇམ་དཔལ་སྙིང་པོའི་ཞབས་དྲུང་དུ་ཆོས་གོས་རྣམ་གསུམ་དང་བཅས་ཏེ་འགྲོ་བ་ཡིན་པས་ཁྱོད་ཚོས་དེ་འདྲ་མ་ཟེར་གསུངས། ལུགས་སྲོལ་ལ་དགའ་ལྡན་ཁྲི་རིན་པོ་ཆེ་རིམ་བྱོན་གྱི་དངུལ་གདུང་བཞེངས་སྲོལ་ཡོད་ཀྱང༌། རྗེ་འདི་པས་དངོས་ཆས་ཇི་སྙེད་བྱུང་བ་རྣམས་ཀྱང་དཀོན་མཆོག་གི་མཆོད་པ་དང་དགེ་འདུན་གྱི་གཏོང་སྒོར་རང་མཛད་པ་ལས། དངུལ་གདུང་བཞེངས་རྒྱུའི་རྩོལ་བ་ཆེར་མ་མཛད་མོད། གང་ཉིད་ཀྱི་སློབ་བུ་སོག་རིགས་དད་ཅན་ཞིག་གིས་སོག་ཡུལ་ནས་དངུལ་གདུང་བཞེངས་ཐེབས་ཀྱི་རྒྱུ་ནོར་གྱ་ནོམ་པ་བསྐུུར་བར་དངུལ་འདི་ཙམ་རང་དགོས་པ་ཅི་མཆིས་གསུངས། དེ་ནས་ཁྲི་བཤོལ་ཁར་ཐུགས་སྲས་ནམ་མཁའི་སྐར་ཚོགས་ལྟར་མང་བ་རྣམས་ལ་བཀའ་ཆོས་ཟབ་རྒྱས་གནང་བས་ཚོགས་པ་ཐམས་ཅད་སྤྱན་ཆབ་བསིལ་བ་བྱུང༌། དེ་དུས་རྗེ་ཉིད་ཀྱི་ཞལ་ནས་ང་ལ་ད་ལིང་པཱ་ཐུར་གྱིས་དགོངས་ཕོག་གཏོང་བ་འདི་རིགས་ལ་བསམས་ན་ངས་དམ་ཅན་ཆོས་རྒྱལ་ལ་གཏོར་མ་མཛུབ་མོ་ཙམ་ཞིག་བྱིན་ན་ཁོང་ཚོ་ཐམས་ཅད་སེ་གོལ་གཅིག་གཏོགས་པའི་ཡུན་ལ་བརླག་ཐུབ་མོད་ཀྱང༌། ང་ནི་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་མི་ཕམ་ཆོས་ཀྱི་མདུན་སར་འགྲོ་བ་ཡིན་པས་ཐུགས་ཕམ་མི་དགོས་ཞེས་བཀའ་སློབ་ཀྱི་ཐ་མ་གནང་སྟེ། བསྔོ་སྨོན་མཚམས་སྦྱོར་མཛད་ནས་ཁོ་བོ་དགའ་ལྡན་གསེར་ཁྲིེར་འཁོད་དེ་རྒྱལ་བ་ཙོང་ཁ་པ་ཆེན་པོའི་བསྟན་པ་ལ་ཕན་གནོད་གང་ཞིག་བྱས་པ་དམ་ཅན་ཆོས་ཀྱི་རྒྱལ་པོ་དཔང་པོ་ལ་ཡོད་གསུངས་ནས།

དགུང་ལོ་རེ་གཅིག་སོན་པ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་༡༧༥༠ལོའི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་ཐེ་བོ་ཁང་ཚན་དུ་ཕེབས་ནས་བཞུགས་འདིང་སྟེང་དུ་ཞབས་སྐྱིལ་ཀྲུང་མཛད། ཆོས་གོས་རྣམ་གསུམ་དང་པཎ་ཞྭ་སྣེ་རིང་བཅས་བཞེས་ཏེ་ང་ལ་ཆོ་ག་མང་པོ་མི་དགོས། ཞག་ཞེ་དགུའི་རིང་ལ་དམིགས་བརྩེ་མ་བགྲོངས་གསུངས། མཆོད་པ་རྒྱས་པ་ཞིག་བཤམ་དུ་བཅུག་ནས་དགའ་ལྡན་ལྷ་བརྒྱ་མ་ཚར་གཅིག་གསུངས། དེ་ནས་ད་ང་མི་ཕམ་ཆོས་ཀྱི་མདུན་སར་འགྲོ་ངེས་ཡིན་ཞེས་གསུངས་ནས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། སྐུ་གདུང་གསེར་དངུལ་སྤེལ་མ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་གྱི་ནང་གཞུག་ཏུ་གསེར་ལྗང་བརྡུངས་ལས་གྲུབ་པའི་རྡོ་རྗེ་འཆང་གི་སྐུ་དང༌། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་སོགས་རིང་བསྲེལ་རྣམ་བཞི་དང༌། ཁྲི་ཆེན་ཉིད་ཀྱི་ཐུགས་ལྗགས་སྤྱན་གསུམ་དང་རིང་བསྲེལ་ཅན་གྱི་པུར་རུས་བཅས་བཞུགས་ནས་ཐུབ་པ་ཚུལ་ཁྲིམས་མའི་ལྷ་ཁང་དུ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞུགས། དབུ་གདུགས་པཎ་ཞྭ་སྣེ་རིང་སོགས་ཁྲི་ཆས་ཕལ་མོ་ཆེ་གཞུང་པ་ཁང་ཚན་གྱི་ནང་རྟེན་དུ་ཕུལ། རྗེ་འདི་ལ་ལྗགས་རྩོམ་ཡང་མཁས་གྲུབ་རིམ་བྱོན་གྱི་ལོ་རྒྱུས་དང་གནས་བསྟོད། དམ་ཅན་ཆོས་སྲུང་རྣམས་ཀྱི་གཏོར་འབུལ་སོགས་ཡོད་པར་བཤད།

དགའ་ལྡན་ཁྲི་ཐོག་ང་དྲུག་པ་སྤོ་འབོར་བློ་བཟང་དྲི་མེད་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ང་དྲུག་པ་སྤོ་འབོར་བློ་བཟང་དྲི་མེད་ནི། རབ་བྱུང་བཅུ་གཉིས་པའི་ས་སྟག་༡༦༩༨ལོར་མདོ་ཁམས་ལི་ཐང་ཤོག་དྲུག་ཏུ་འཁྲུངས། སྐུ་ན་ཆུང་དུས་ནས་ལི་ཐང་ཤོག་དྲུག་དགེ་ལྡན་ཆོས་འཕེལ་གླིང་དུ་ཆོས་ཞུགས་གནང་ནས་ཡི་གེ་སྦྱོར་ཀློག་དང༌། ཆོས་སྤྱོད་ཆོ་ག་འབུད་བརྡུང་དཀྲོལ་གསུམ་སོགས་བྱང་ཆུབ་པར་མཛད། དེ་ནས་གཙང་ཕྱོགས་སུ་ཕེབས་པ་དགོངས་བཞེད་སྐབས། ལི་ཐང་མཁན་པོ་སངས་རྒྱས་ཆོས་འཕེལ་ཀྱིས་མ་འོངས་མངོན་གཟིགས་ཀྱིས་བཀའ་མངགས་གནང་བ་ལྟར་དབུས་གཙང་དམ་པའི་ཆོས་ཀྱི་ཞིང་སར་ཕེབས་ཏེ་གནས་མཇལ་དང་མཆོད་འབུལ་གང་མཚམས་གནང༌། གདན་ས་དཔལ་ལྡན་འབྲས་སྤུངས་སུ་མཁས་མང་བློ་གསལ་གླིང་གི་ཆོས་གྲྭར་ཞུགས་ནས། བློ་གླིང་སློབ་དཔོན་དགེ་འདུན་ཚུལ་ཁྲིམས་དང༌། མཚུངས་མེད་ཆོས་རྗེ་འཇམ་དབྱངས་ཕུན་ཚོགས་སོགས་ལ་བསྟེན་ནས། ཚད་མ་དང༌། དབུ་ཕར། འདུལ་མཛོད་སོགས་གཞུང་ཆེན་ཁག་ལ་ཐོས་བསམ་རྒྱ་ཆེར་མཛད་དེ། དགུང་ལོ་ཞེ་གཅིག་པ་རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་༡༧༢༣ལོར་སེར་འབྲས་དགེ་གསུམ་དང་དྭགས་པོ་སོགས་དགེ་ལྡན་བསྟན་པ་འཛིན་པའི་འདུས་སྡེ་རྒྱ་མཚོ་ལྟ་བུ་ལྷན་དུ་ཚོགས་པའི་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་སྐབས་ལུང་རིགས་ཀྱི་ཕུལ་མཚམས་དང་གོ་བའི་བབ་སོ་ལ་རྩོད་མེད་མཁས་པ་ཀུན་གྱིས་ཡིད་དབང་འཕྲོག་སྟེ་དབུས་གཙང་ཁུལ་དུ་མཁས་པའི་མཚན་སྙན་འབར། ལོ་དེར་སྨད་རྒྱུད་གྲྭ་ཚང་དུ་ཕེབས་ནས་གསང་བ་སྔགས་ཀྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ལ་གསན་བསམ་རྒྱ་ཆེར་མཛད་པས་མདོ་སྔགས་གཉིས་ཀ་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་གོ་སར་བསྙེགས། དེ་ནས་གསང་སྔགས་མཁར་གྱི་མཁན་ཁྲིར་ཕེབས་ནས་དགོན་སྡེ་དེར་འཆད་ཉན་གྱི་རྒྱུན་སྐྱོང་བཞིན་པའི་མུར། གསང་ཆེན་རྒྱུད་སྡེ་རྒྱ་མཚོའི་བསྟི་གནས་རྗེ་ཤེས་རབ་སེང་གེའི་གདན་ས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་གདན་དྲངས་པ་ལྟར་ཕེབས་ཏེ་རྒྱུད་སྡེ་བཞིའི་འཆད་ཉན་རྒྱ་ཆེར་སྐྱོང་བཞིན་པའི་ཐོག་ཚལ་གུང་ཐང་གི་གཙུག་ལག་ཁང་གསར་བཞེངས་མཛད། དེ་ནས་བྱང་རྩེ་རྒྱུད་དགུང་ལོ་ང་གསུམ་པ་རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་༡༧༥༠ལོར་འཇམ་མགོན་བླ་མའི་རྒྱལ་ཚབ་ཏུ་དགའ་ལྡན་གསེར་ཁྲིར་ཕེབས་ནས་ལོ་བདུན་རིང་ལ་འཆད་ཉན་གྱི་སྲོལ་རྒྱ་ཆེར་སྤེལ་བ་དང༌། ཆོ་འཕྲུལ་སྨོན་ལམ་སྐབས་སྐྱེས་རབས་དང་དཔག་བསམ་འཁྲི་ཤིང་གི་བཤད་ཁྲིད་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས་མཛད་པ་སོགས། བཤད་སྒྲུབ་ལས་གསུམ་གྱིས་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་བླ་ན་སྤེལ།

དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་གསུམ་པའི་མེ་གླང་༡༧༥༧ལོར་གསེར་ཁྲི་ལས་ཟུར་ནས་ཀྱང་བཀའ་གདམས་པའི་དགེ་བཤེས་བྱ་ཡུལ་བའི་གདན་ས་བྱ་ཡུལ་ཆོས་སྡེར་བཞུགས་ནས་རིམ་གཉིས་ཀྱི་ཟབ་མོའི་རྣལ་འབྱོར་ལ་གཞོལ། གསེར་ཟངས་ལས་གྲུབ་པའི་རྗེ་བླ་མའི་སྐུ་བརྙན་ཐོག་བརྩེགས་མ་གསར་བཞེངས་མཛད་པ་འབྲས་སྤུངས་ལ་བཞུགས་སུ་བཅུག་པ་སོགས་ཕལ་བའི་བློ་ཡུལ་ལས་འགོངས་བའི་མཛད་པ་རླབས་པོ་ཆེ་བསྐྱངས། རབ་བྱུང་དེ་གའི་ས་ཡོས་༡༧༥༩ལོར་པཎ་ཆེན་དཔལ་ལྡན་ཡེ་ཤེས་དབུས་སུ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཡང་སྲིད་འཇམ་དཔལ་རྒྱ་མཚོ་ངོས་འཛིན་གནང་མཁན་དུ་ཕེབས་པའི་སྐབས་ལོ་དེའི་བོད་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་དགའ་ལྡན་ཁྲི་གདན་ཟུར་གཉིས་ཀ་མཇལ་ཁར་བཅར་ནས་ཇ་གྲལ་ཐོག་གསུང་གླེང་དང༌། ཁྲི་ཟུར་འདི་ཉིད་ཀྱིས་དངོས་འབུལ་རྒྱ་ཆེ་དང་འབྲེལ་གཟིམས་ཆུང་དུ་ཞབས་བརྟན་ཕུལ་ཅིང་བླ་མའི་རྣལ་འབྱོར་གྱི་ཆོས་འབྲེལ་ཡང་ཞུས། ཟླ་བ་གཉིས་པའི་ཚེས་བཅུ་དགུ་ནས་གདན་གསུམ་གྲྭ་བླ་ཡོངས་དང་ལྷན་ཅིག་པཎ་ཆེན་ཐམས་ཅད་མཁྱེན་པའི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུས།

པཎ་ཆེན་རྣམ་ཐར་ཉི་མའི་འོད་ཟེར་ཤོག་གྲངས་༢༧༣ན་གསལ། རྗེ་འདིའི་འཁྲུངས་རབས་གོང་མ་ཇི་ལྟར་བྱུང་ཚུལ་ལི་ཐང་ཤོག་དྲུག་སྐྱབས་མགོན་སྐུ་ཕྲེང་བཞི་པ་རྗེ་ངག་དབང་བློ་བཟང་རིན་ཆེན་འཕྲིན་ལས་ཀྱི་རྣམ་ཐར་ངོ་མཚར་དད་པའི་རྒྱ་མཚོར་བཀོད་པ་ལྟར་ན། སྟོན་པའི་སྤྱན་སྔར་ཁྱེའུ་སྣང་བ། ཆོས་རྒྱལ་དགེ་བ་དཔལ་སོགས་ཡིན་པར་བཤད་ཅིང༌། བོད་དུ་མཁས་པའི་དབང་པོ་འདན་མ་སྟོང་དཔོན་རིན་པོ་ཆེས་མཛད་པའི་སྐྱེས་རབས་གསོལ་འདེབས་ལས། སྲོང་བཙན་སྒམ་པོ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། ས་ཆེན་ཀུན་དགའ་སྙིང་པོ། རྒྱལ་ཚབ་དར་མ་རིན་ཆེན། རྒྱལ་མཆོག་བསོད་ནམས་རྒྱ་མཚོ་བཅས་ཡིན་པར་གསུངས། རྗེ་འདི་ཉིད་ཀྱིས་བརྩམས་པའི་ལེགས་བཤད་ད་ཕན་མ་མཐོང་ཡང་ཅིས་ཀྱང་ཡོད་ངེས་པས་རསྙེད་ན་མཚམས་འདིར་འཇུག་དགོས། མཐར་དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་གསུམ་པའི་ས་ཡོས་ ༡༧༥༩ལོེར་དགོངས་པ་ཆོས་དབྱིངས་སུ་ཐིམ། གཞན་དུ་ས་སྟག་༡༧༥༨ལོར་དགོངས་པ་ཆོས་དབྱིངས་སུ་བསྟིམས་ཚུལ་བཤད་པ་ནི་ནོར་བ་སྟེ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་ཉི་མའི་འོད་ཟེར་ལ་གཟིགས་ན་ཤེས་ཐུབ། དེའི་སྐུ་ཕྲེང་གཉིས་པ་ལི་ཐང་ཤོག་དྲུག་སྐྱབས་མགོན་ནི།

རབ་བྱུང་བཅུ་གསུམ་པའི་ས་ཡོས་༡༧༥༩ལོར་ཁམས་ལི་ཐང་ཤོག་དྲུག་ཏུ་འཁྲུངས། རབ་བྱུང་བཅུ་བཞི་པའི་ཆུ་འབྲུག་༡༨༣༢ལོར་དགོངས་པ་རྫོགས།འདིའི་མཚན་གསལ་བ་མ་ངེས་ སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་ནི། རབ་བྱུང་བཅུ་བཞི་པའི་ཆུ་སྦྲུལ་༡༨༣༣ལོར་ཁམས་ལི་ཐང་དུ་འཁྲུངས། རབ་བྱུང་བཅོ་ལྔ་པའི་མེ་ལུག་༡༩༠༧ལོར་དགོངས་པ་རྫོགས་པ་མངོན་ནོ། ། སྐུ་ཕྲེང་བཞི་པ་ལི་ཐང་ཤོག་དྲུག་སྐྱབས་མགོན་ངག་དབང་བློ་བཟང་བསྟན་འཛིན་འཕྲིན་ལས་ནི། རབ་བྱུང་བཅོ་ལྔ་པའི་ཕུར་བུ་ཞེས་པ་ས་སྤྲེལ་༡༩༠༨ལོར་གངས་ཅན་བོད་ཆེན་པོའི་ཤར་ཕྱོགས་ལི་ཐང་ཤོག་དྲུག་ཏུ་འཁྲུངས། མཛད་པ་བཟང་ཞིང་འཕྲིན་ལས་ཤིན་ཏུ་རྒྱས། རབ་བྱུང་བཅུ་དྲུག་པའི་མེ་ཕག་༡༩༤༧ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། ། སྐུ་ཕྲེང་ལྔ་པ་འཇམ་དབྱངས་དཔལ་ལྡན་རྡོ་རྗེ་ནི། རབ་བྱུང་བཅུ་དྲུག་པའི་ས་གླང་༡༩༤༩ལོར། ལི་ཐང་དུ་འཁྲུངས། ད་ལྟར་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་མཛད་པ་རྒྱ་ཆེར་སྐྱོང་བཞིན་འཚོ་ཞིང་བཞུགས་བཞིན་པ་འདི་བཞིན་ལགས་སོ། །སྐུ་ཕྲེང་སྔ་ཕྱི་འདི་དག་གི་རྣམ་པར་པ་མདོར་བསྡུས་རེ་ནི་ཁོ་བོས་འཕགས་བོད་ཆོས་འབྱུང་ཛམྦུའི་གསེར་གྱི་འཁྲི་ཤིང་གླེགས་བམ་གཉིས་པའི་ནང་བཀོད་ཡོད་པས་ཤེས་པར་འདོད་ན་དེར་གཟིགས་དགོས།

དགའ་ལྡན་ཁྲི་ཐོག་ང་བདུན་པ་ཆོས་རྗེ་བསམ་གཏན་ཕུན་ཚོགས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ང་བདུན་པ་ཆོས་རྗེ་བསམ་གཏན་ཕུན་ཚོགས་ནི། རབ་བྱུང་བཅུ་གཉིས་པའི་ཆུ་ལུག་༡༧༠༣ལོར་དབུས་སྟོད་ལོ་འདར་ཞེས་པར་ཡབ་ལྷ་མོ་དར་རྒྱས་དང༌། ཡུམ་ཨ་མ་ཕྱོགས་ཡག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་གདན་ས་འབྲས་སྤུངས་མཁས་མང་བློ་གསལ་གླིང་དབུ་སྟོད་ཁང་ཚན་དུ་སྒྲིག་ཞུགས་གནང༌། ཡི་གེ་འབྲི་ཀློག་དང་རྒྱན་འཇུག་སོགས་གཞུང་ཆེན་ཁག་གི་རྩ་བ་བློ་འཛིན་བྱས། ལེགས་ལམ་སྨྲ་བ་བློ་བཟང་སྦྱིན་པ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས། རྭ་སྒྲེང་མཁན་པོ་བློ་གླིང་བློ་བཟང་དར་རྒྱས་སོགས་ལ་བསྟེན་ནས་བསྡུས་གཞུང་ནས། ཚད་མ་དང༌། དབུ་ཕར། འདུལ་མཛོད་བཅས་ལ་བསླབས་པས་མཁས་པར་གྱུར། དགུང་ལོ་སུམ་ཅུ་སོ་གཅིག་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་མཁས་མང་ཁྲི་ཕྲག་ཚོགས་པའི་དབུས་སུ་གྲྭ་སྐོར་དམ་བཅའ་བཞག་པས་མཁས་པའི་མཚན་སྙན་ཕྱོགས་ཀྱི་བུ་མོའི་རྣ་ལུང་བརྡལ། དགུང་ལོ་སོ་བཞི་པར་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོའི་དྲུང་ནས་བསྙྙེན་རྫོགས་ཀྱི་སྡོམ་པ་མནོས་ཤིང་མདོ་སྔགས་ཀྱི་བཀའ་ཆོས་དུ་མ་གསན། ཕུར་ལྕོག་ངག་དབང་བྱམས་པ་དང༌། དྭགས་པོ་བློ་བཟང་སྦྱིན་པ། ལྕང་སྐྱ་ཡེ་ཤེས་བསྟན་པའི་སྒྲོན་མེ། ཁྲི་ཆེན་རྒྱལ་མཚན་སེང་གེ ངག་དབང་ནམ་མཁའ་བཟང་པོ། ཤར་ཆེན་ངག་དབང་ལྷུན་གྲུབ། བཀྲ་ཤིས་ལྷུན་པོའི་དཀའ་ཆེན་ཐབས་མཁས་རྒྱ་མཚོ་སོགས་མདོ་དབུས་གཙང་གསུམ་གྱི་སྐྱེས་ཆེན་དུ་མའི་ཞལ་ནས་མདོ་སྔགས་ཀྱི་ལམ་རིམ་དང༌། གསང་བདེ་འཇིགས་གསུམ་གྱི་དབང་ལུང་གིས་མཚོན་དབང་དང་རྗེས་གནང་མན་ངག་རྒྱ་མཚོ་ལྟ་བུ་བུམ་པ་གང་བྱོའི་ཚུལ་དུ་གསན། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་གསང་བ་སྔགས་ཀྱི་རྒྱུད་སྡེའི་ཐིག་རྩ་ནས་བཟུང་ལག་ལེན་གྱིས་ཁྲིད་དང་འབྲེལ་ནས་སྦྱངས་པ་མཐར་ཕྱིན་པ་མཛད། རྒྱུད་པའི་བླ་མ་དབུ་མཛད་དང་མཁན་ཁྲི་རིམ་པར་བརྒྱུད་ནས་འབྲེལ་བ་བཞི་སྦྲགས་དང་ཊིཀྐ་སོགས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། ཤར་རྩེ་རྒྱུད་དགུང་ལོ་ལྔ་བཅུ་ང་ལྔ་པ་རབ་བྱུང་བཅུ་གསུམ་པའི་མེ་གླང་༡༧༥༧ ལོར་དགའ་ལྡན་གསེར་ཁྲིར་ཕེབས། རབ་བྱུང་དེ་གའི་ས་ཡོས་༡༧༥༩ལོར་པཎ་ཆེན་དཔལ་ལྡན་ཡེ་ཤེས་དབུས་སུ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ཡང་སྲིད་འཇམ་དཔལ་རྒྱ་མཚོ་ངོས་འཛིན་གནང་མཁན་དུ་ཕེབས་པའི་སྐབས་ལོ་དེའི་བོད་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་དགའ་ལྡན་ཁྲི་གདན་ཟུར་གཉིས་ཀ་མཇལ་ཁར་བཅར་ནས་ཇ་གྲལ་ཐོག་གསུང་གླེང་དང༌། ཟླ་བ་གཉིས་པའི་ཚེས་བཅུ་དགུ་ནས་གདན་གསུམ་གྲྭ་བླ་ཡོངས་དང་ལྷན་ཅིག་པཎ་ཆེན་ཐམས་ཅད་མཁྱེན་པའི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུས། ཟླ་བ་ལྔ་པའི་ནང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ངུ་ཕེབས་པར་ཁྲི་ཆེན་འདི་ཉིད་ཐབ་བསུའི་ཐོག་བཅར་ནས་ཕེབས་བསུ་ཞུས། ཁྲི་ཆེན་རང་ཉིད་ཀྱིས་ཡངས་པ་ཅན་དུ་གདན་དྲང་ནས་དཀར་སྤྲོ་དང་དངོས་འབུལ་རྒྱ་ཆེར་བཏེག། པཎ་ཆེན་རྣམ་ཐར་ཉི་མའི་འོད་ཟེར་ཤོག་གྲངས་༢༧༣དང་༢༨༡ན་གསལ།དགའ་ལྡན་གསེར་ཁྲིར་ལོ་བདུན་རིང་བཞུགས་ཤིང་དེའི་རིང་མདོ་སྔགས་ཀྱི་ལམ་རིམ་དང་བཀའ་གདམས་ཕ་ཆོས་དང་བུ་ཆོས་གཞུང་ཆེན་ཁག་གི་ཁྲིད་རྒྱུན་ཀྱི་འཆད་ཉན་རྒྱ་ཆེར་སྤེལ། སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ནས་སྐྱེས་རབས་དང་དཔག་བསམ་འཁྲི་ཤིང་གི་ཐོག་ནས་སྟོན་པ་བདེ་བར་གཤེགས་པའི་མཛད་རྣམ་རྒྱ་ཆེར་འཆད་པ་སོགས་འཇམ་མགོན་བླ་མའི་བསྟན་པ་རིན་པོ་ཆེའི་སྲོལ་རྒྱུན་བཟང་པོ་བླ་ན་བཏེགས། ཁྲི་ལས་ཟུར་ནས་དགུང་ལོ་རེ་གཉིས་པར་དབུ་སྟོད་ཕག་མོ་ཆོས་སྡེར་ཟུར་བཞུགས་མཛད་ནས་རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་བསྒྲེངས། དགུང་ལོ་རེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་༡༧༧༠ལོར་གཞིས་དགོན་དབུ་སྟོད་ཕག་མོ་ཆོས་སྡེར་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན། འཇམ་དབྱངས་མཁྱེན་དབང་པོ་སོགས་ས་དགེ་མཁས་གྲུབ་དུ་མའི་གསུང་འབུམ་དུ་འདི་ཉིད་རྗེ་ཙོང་ཁ་པའི་རྣམ་སྤྲུལ་འཁྲུལ་མེད་ཡིན་ཚུལ་གསལ། གསུང་ལས་སྐྱེས་པའི་སློབ་མ་ཡང་དགའ་ལྡན་ཁྲི་ཐོག་རེ་གཉིས་པ་བློ་བཟང་སྨོན་ལམ་དང༌། སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་ཤིན་ཏུ་མང་པོ་བྱུང༌།

དགའ་ལྡན་ཁྲི་ཐོག་ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས་མཆོག་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ང་བརྒྱད་པ་བསམ་བློ་ངག་དབང་ཆོས་གྲགས་མཆོག་ནི། རབ་བྱུང་བཅུ་གཉིས་པའི་མེ་ཕག་༡༧༠༧ལོར་མདོ་སྨད་བྱ་ཁྱུང་ཉེ་འདབས་མཚམས་རིང་བར་སྐུ་འཁྲུངས། སྐུ་ན་ཆུང་དུས་བྱ་ཁྱུང་དགོན་དུ་ཆོས་སྒོར་ཞུགས། རྗེ་བདེ་ཡངས་ངག་དབང་ནོར་བུ་ལས་རབ་ཏུ་བྱུང༌། དགུང་ལོ་ཉེར་གཅིག་པ་མེ་ལུག་༡༧༢༧ལོར་དབུས་གཙང་དག་པའི་ཞིང་དུ་ཕེབས། སེ་ར་བྱེས་གྲྭ་ཚང་དུ་ཆོས་ཞུགས་མཛད། རྗེ་བློ་བཟང་ཆོས་འཕེལ་དང༌། བྲག་རི་ངག་དབང་དོན་གྲུབ་སོགས་ཀྱི་ཞབས་ལ་གཏུགས་ནས་གཞུང་ལུགས་ལེགས་པར་གསན། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ྋརྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་དང༌། ཁྲི་ངག་དབང་མཆོག་ལྡན། རྗེ་ཕུར་ལྕོག་པ། ཁྲི་རྒྱལ་མཚན་སེང་གེ། ཨ་ཀ་བསོད་ནམས་བཟང་པོ་སོགས་མཁས་གྲུབ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཟབ་ཆོས་དུ་མ་དང༌། བཀའ་འགྱུར་ལུང་སོགས་གསན། ལྷ་རམས་དམ་བཅའ་མཛད་དེ་རྒྱུད་སྨད་ལ་ཞུགས། དེ་ནས་བླ་མ་དབུ་མཛད་དང་རྒྱུད་པའི་མཁན་ཁྲི་དང་བྱང་རྩེ་མཁན་ཁྲི་སོགས་ལ་རིམ་པས་ཕེབས། དེ་སྐབས་རྒྱུད་ཁང་ཞིག་གསོས་རྒྱ་ཆེར་མཛད། ྋརྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དུ་བཀུར། དགུང་ལོ་ང་བརྒྱད་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྤྲེལ་༡༧༦༤ལོར་དཔལ་རི་བོ་དགའ་ལྡན་དགོན་གྱི་གསེར་ཁྲིར་ཕེབས། སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། རྗེའི་དངུལ་སྐུ་མི་ཚད་མ་ཁྲི་རྒྱབ་ཡོལ་བཅས་བཞེངས་ནས་ལྷ་ལྡན་དཀྱིལ་འཁོར་སྡིངས་སུ་བཞུགས་སུ་གསོལ། གསེར་ཟངས་ལས་ཇོ་བོའི་སྐུ་མི་ཚད་མ་ཕྲ་རྒྱན་ཕུན་སུམ་ཚོགས་པ་བཞེངས་ནས་བྱ་ཁྱུང་དགོན་དུ་ཕུལ། ཁྲི་ལས་ཟུར་པའི་རྗེས་སུའང་ལྕགས་ཡོས་༡༧༧༡ལོར་པཎ་ཆེན་ཐམས་ཅད་མཁྱེན་པའི་དྲུང་ནས་ྋརྒྱལ་དབང་འཇམ་དཔལ་རྒྱ་མཚོ་མཆོག་གིས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་སྐབས་ཀྱི་ལས་སློབ་ཀྱང་མཛད། དགའ་ལྡན་ཁྲི་ཐོག་ཏུ་ལོ་བདུན་བཞུགས་ནས། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་དང༌། ཁྲི་ཆེན་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ་སོགས་ཀྱི་སྐུ་སྐྱེས་སུ་གྲགས་ཆེ། དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་གསུམ་པའི་མེ་བྱ་༡༧༧༧་ལོའི་ལྷ་ལྡན་སྤྲུལ་པའི་ཕོ་བྲང་དུ་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཆེན་གསུམ་འཛོམས་ས་ག་ཟླ་བའི་ཚེས་བཅོ་ལྔ་གཟའ་སྐུར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་གནས་ཕུན་སུམ་ཚོགས་པ་འཕྲུལ་སྣང་གན྄དྷོ་ལ་བདེ་ལྡན་ཞིང་གི་མགོན་པོ་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་མཁན་པོ་དང༌། ཁྲི་ཟུར་ངག་དབང་ཆོས་གྲགས་འདི་ཉིད་ཀྱིས་ལས་སློབ། ཡོངས་འཛིན་བློ་བཟང་ཆོས་འཕེལ་ཀྱིས་གསང་སྟེ་སྟོན་པའི་སློབ་དཔོན། ཁྲི་ཆེན་བློ་བཟང་བསྟན་པས་དུས་གོ་བ། བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་གྱིས་སྣོད་བྲིམ་པ། བྱང་རྩེ་ཆོས་རྗེ་བློ་བཟང་སྨོན་ལམ། ཤར་པ་ཆོས་རྗེ་བློ་བཟང་སྦྱིན་པ། རྒྱུད་སྟོད་མཁན་པོ་བློ་བཟང་སྦྱིན་པ་སོགས་བཤེས་གཉེན་དམ་པ་བདུན་ཕྲག་གསུམ་གྱི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། དེབ་གསུམ་པ་༥༡༣༥༡༤ཞེས་འབྱུང༌། དགུང་ལོ་དོན་གཉིས་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ས་ཁྱི་༡༧༧༨ལོར་ལྷ་ལྡན་ཁྲི་ཐོག་ཁང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་གདུང་ཞུགས་ལ་འབུལ་སྐབས་ཐུགས་ལྗགས་སྤྱན་གསུམ་བབས། གདུང་རྟེན་དངུལ་གྱི་མཆོད་སྡོང་སེར་བྱེས་མཁས་སྙན་གྲྭ་ཚང་དུ་བཞུགས། །

དགའ་ལྡན་ཁྲི་ཐོག་ང་དགུ་པ་ཆུ་བཟང་ངག་དབང་ཆོས་གྲགས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་ང་དགུ་པ་ཆུ་བཟང་ངག་དབང་ཆོས་གྲགས་ནི། རབ་བྱུང་བཅུ་གཉིས་པའི་ལྕགས་སྟག་༡༧༡༠ལོར་སྐྱིད་ཤོད་སྟོད་ལུང་ཆུ་བཟང་དུ་ཡབ་ཚེ་རིང་བསམ་གྲུབ་དང༌། ཡུམ་འཛོམས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་དུའི་དུས་ནས་ཆུ་བཟང་དགོན་གྱི་ཆོས་སྒོར་ཞུགས་ཏེ་རབ་ཏུ་བྱུང༌། ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སོགས་ལ་བྱང་ཆུབ་པར་མཛད། དེ་ནས་སེ་ར་ཐོས་བསམ་གླིང་དུ་ཞུགས་ཤིང་བསྡུས་གཞུང་དང༌། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆའི་སྟེང་ནས། དབུ་ཕར། འདུལ་མཛོད། རྣམ་འགྲེལ་བཅས་ལ་ཐོས་བསམ་རྨད་དུ་བྱུང་བར་མཛད་ཅིང་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། དེ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ཤིང་ཁྲི་ཆེན་ནམ་མཁའ་བཟང་པོ་དང༌། ཤར་ཆེན་ངག་དབང་ལྷུན་གྲུབ། ཁྲི་ཆེན་བསམ་གཏན་ཕུན་ཚོགས་སོགས་ལས་སྤྱི་ཆོས་དང་སྒེར་ཆོས། རྒྱུད་སྡེ་སོ་སོའི་ཆོ་ག་ཕྱག་ལེན་གར་ཐིག་དབྱངས་གསུམ་སོགས་ལ་ནང་བྱན་ཆུད་པ་ན། རྒྱུད་པའི་མཁན་བླ་དང་ཤར་རྩེའི་ཁྲི་ལ་བཞུགས་ནས་འཆད་ཉན་བསྐྱངས།

རབ་བྱུང་བཅུ་གསུམ་པའི་ལྕགས་ཡོས་༡༧༧༡ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་གཉིས་ཀྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་དབྱར་ཆོས་དང༌། དགུན་ཆོས། གསོ་སྦྱོང་མདོ་འཆང༌། ལྔ་མཆོད་ཀྱི་གཏོང་སྒོ་སོགས་མ་ཉམས་པ་མཛད་ཅིང་སྨོན་ལམ་ཆེན་མོའི་མགོན་དུ་ཕེབས། རྗེ་འདི་ཉིད་ནི་རྣམ་ཀུན་ཆོག་ཤེས་ཁོ་ནས་ན་བཟའ་སོགས་ལ་གཟབ་མཆོར་སྤྲོས་ཆས་རིགས་གཏན་ནས་མི་མཛད་པ་དང༌། ལྷག་པར་དགའ་ལྡན་གསེར་ཁྲི་ཆེན་མོར་ཕེབས་པའི་ཉིན་ཡང་སྐུ་འགག་གོས་ཆེན་རྒྱན་དྲུག་སོགས་མ་བཞེས་པར་སྤུ་ཕྲུག་ཇིབས་ཐུམ་ཁོ་ན་དང༌། མཆོད་ཞལ་ཡང་སྐྱ་ཕོར་དགེ་ལྡན་ཀྲི་ག་མར་གྲགས་པར་སྙིང་སོང་ཞིག་ཏུ་གསོལ་ཇ་བཞེས། དགུང་ལོ་དྲུག་ཅུ་རེ་གསུམ་པ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་༡༧༧༢ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་བཞེངས་པའི་དངུལ་གདུང་བྱང་ཆུབ་མཆོད་རྟེན་ནི་དགའ་ལྡན་བློ་གསལ་གླིང་དུ་བཞུགས། གསུང་སྐྱེས་སློབ་མ་གྲགས་ཆེ་བ་ནི་སྐྱབས་མགོན་ཚེ་སྨོན་གླིང་ནོ་མིན་ཧན་ངག་དབང་ཚུལ་ཁྲིམས་དང༌། ཀློང་རྡོལ་བླ་མ་ངག་དབང་བློ་བཟང༌། གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་སོགས་མང་པོ་བསྐྱངས།

དགའ་ལྡན་ཁྲི་ཐོག་དྲུག་ཅུ་པ་ཚ་བ་བློ་བཟང་བསྟན་པ།བློ་གསལ་གླིང་།

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་དྲུག་ཅུ་པ་ཚ་བ་བློ་བཟང་བསྟན་པ་ནི། རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ་༡༧༢༥ལོར་མདོ་ཁམས་ཚ་བ་རོང་ར་ལོ་ཞེས་པར་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་དམ་པའི་སྐྱེས་བུའི་རྟགས་མཚན་ཡོད་པ་ཞིག་ཏེ། ཕྱུགས་རྫིར་བསྐྱོད་པའི་སྐབས་ར་ལུག་སེམས་ཅན་རྣམས་མཐར་བསྐོར་ཏེ། རང་ཉིད་རྡོ་ཕ་བོང་གི་སྟེང་དུ་འཛེགས་ནས་དེ་དག་ལ་ཆོས་འཆད་པའི་སྟངས་ཀ་ཡང་ཡང་མཛད་ཀྱི་ཡོད་ཅེས་རྒན་རབས་དག་གི་ངག་རྒྱུན་ཡས་ཐོས་ཚུལ་ཆོས་རྗེ་བློ་བཟང་ཉི་མས་རྒྱུད་རྨད་ཆོས་འབྱུང་གཡའ་དག་འཕྲུལ་གྱི་མེ་ལོང་དུ་གསུངས། རྒྱུད་སྨད་ ༡༩༡༡༩༢ གཞིས་དགོན་ཚ་བ་ར་ལོ་དགོན་པའི་ཆོས་སྒོར་ནས་རབ་བྱུང་སྒྲུབ་སྟེ་ཡི་གེ་སྦྱོར་ཀློག་དང་ཆོས་སྤྱོད་ཆོ་ག་སོགས་དགོན་དེའི་བྱེད་སྒོ་ཀུན་ཐུགས་ལ་ཆུབ་པར་མཛད། དགུང་ལོ་བཅུ་དྲུག་པར་༡༧༤༡དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་ཏེ་གདན་ས་གསུམ་དང་རྒྱུད་གྲྭ་ཇོ་ཁང་གཉིས་ཀྱི་མཚོན་པའི་རྟེན་དང་གནས་ཆེན་ཁག་ལ་མཆོད་མཇལ་གནང༌། དེ་ནས་གངས་ཅན་གྱི་ཆོས་སྡེ་ཆེན་པོ་སེ་ར་བྱེས་པ་གྲྭ་ཚང་གི་ལཱ་བ་ཁང་ཚན་དུ་ཆོས་ཞུགས་གནང༌། བསྡུས་གཞུང་ནས་བཟུང༌། རྣམ་འགྲེལ་དང༌། དབུ་ཕར། འདུལ་མཛོད་བཅས་ལ་དགག་བཞག་སྤོང་གསུམ་གྱི་སྒོ་ནས་བསླབ་པའི་མཐར་སོན་གླིང་བསྲེའི་གྲྭ་སྐོར་མཛད་པས་མཁས་པའི་མཚན་སྙན་འབར། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང༌། དུང་དཀར་ངག་དབང་ཆོས་གྲགས་རྒྱ་མཚོ། དེ་མོ་ངག་དབང་འཇམ་དཔལ་དགེ་ལེགས་རྒྱ་མཚོ་གསུམ་ལས་དགེ་སློང་གི་སྡོམ་པ་མནོས། རྒྱུད་སྨད་དུ་ཞུགས་ཏེ་རྒྱུད་སྨད་མཁན་པོ་ཆོས་རྒྱ་མཚོ་སོགས་ལ་བརྟེན་ནས་རྒྱུད་སྡེ་རྒྱ་མཚོའི་མན་ངག་གཅིག་ཏུ་འཁྱིལ་བ་རྗེའི་འགྲེལ་བ་བཞི་སྦྲགས་དང་ཤེར་སེང་བའི་ཊིཀཱྐའི་ཐོག་ནས་རྒྱུད་སྡེ་བཞིའི་དོན་ལ་མཁས་པར་བསླབས། ཕུར་ལྕོག་ངག་དབང་བྱམས་པ་སོགས་བསྟན་འཛིན་སྐྱེས་ཆེན་དུ་མའི་ཞལ་ནས་མདོ་སྔགས་ཀྱི་ལམ་གྱི་རིམ་པའི་དབང་ལུང་མན་ངག་ཤིན་ཏུ་མང་པོ་མནོས། དགུང་ལོ་སོ་བདུན་པར་རྒྱུད་སྨད་དགེ་བསྐོས་དང་བླ་མ་དབུ་མཛད་མཉམ་དུ་གནང༌།

དེ་ནས་རིམ་བཞིན་རྒྱུད་སྨད་མཁན་ཁྲིར་ཕེབས་ཏེ་རྒྱུད་ཀྱི་འཆད་མཉན་རྒྱ་ཆེར་བསྐྱངས། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་༡༧༧༢ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ། མདོ་སྔགས་ཀྱི་ཆོས་ཚུལ་འཆད་མཉན་དང་རྟེན་གསུམ་གསར་བཞེངས་སོགས་ཀྱིས་མཚོན་མདོར་ན་ཁྲི་ལོ་དྲུག་སྐྱོང་རིང་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དགེ་ལྡན་བསྟན་པའི་རྒྱལ་མཚན་མི་ནུབ་བླ་ནས་བླ་ན་བཏེགས། རྗེ་འདིས་རྒྱལ་མཆོག་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཡང་གནང་སྟེ་གཞུང་ཆེན་ཁག་གི་འཛུབ་འཁྲིད་གནང༌། མེ་བྱ་༡༧༧༧་ལོར་རྒྱལ་མཆོག་འཇམ་དཔལ་རྒྱ་མཚོ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་དགེ་སློང་གི་སྡོམ་པ་བཞེས་པའི་སྐབས་དུས་གོ་བར་མཛད་དེ། རྒྱལ་མཆོག་འཇམ་དཔལ་རྒྱ་མཚོ་རྣམ་ཐར་ལས། ཟླ་བ་གསུམ་པའི་ཚེས་བདུན་ལ་གྲལ་རྩེ་ཕེབས་པར་ངེད་ཀྱི་ཏཱ་ལའི་བླ་མ་རིན་པོ་ཆེ། ད་ལྟ་མདོ་སྔགས་ཀྱི་བཀའ་ཆོས་མང་པོ་གསན་བཞེས་ལ་སྐུ་ཡོན་གྱི་བགེགས་སུ་མི་འགྱུར་བའི་ཆེད། ཨེར་ཏེ་ནེ་ནོ་མིན་ཧན་ངག་དབང་ཚུལ་ཁྲིམས་ཆོས་སྲིད་ཀྱི་ལས་དོན་ཞབས་འདེགས་ཞུ་བར་བཀའི་ལུང་གི་མངགས་ཏེ་རྫོང་བདའི་གནས་ཚུལ་ལན་ཡང་ཕུལ། ཡབ་སྲས་ལྷན་ཅིག་ལྷ་ལྡན་སྤྲུལ་པའི་ཕོ་བྲང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཆེན་སོགས་གསུམ་འཇོམ་གཟའ་སྐུར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་རྟ་བདུན་དབང་པོ་ཤར་རིའི་རྩེ་ལས་མངོན་པར་འཕགས་ཏེ་དི༷ལ་འཁོར་བཞི་ཆ་ལོངས་བར། གནས་ཕུན་སུམ་ཚོགས་པ་འཕྲུལ་སྣང་གན྄དྷོ་ལ་རྡོ་རྗེ་གདན་གཉིས་པར་རྟེན་ཕུན་སུམ་ཚོགས་པ་བསྟན་པའི་བདག་པོ་དངོས་དང་དབྱེར་མེད་ཀྱི་སྐུའི་དྲུང་དུ། བདེ་ལྡན་ཞིང་གི་མགོན་པོ་ངུར་སྨྲིག་གར་རོལ་ཐུབ་བསྟན་ཡོངས་རྫོགས་ཀྱི་ཁུར་ཐེག་པ་ཐུགས་རྗེའི་བདག་ཉིད་འཛམ་གླིང་བསླབ་གསུམ་རྒྱན་མཛེས་རྣམས་ཀྱི་གཙུག་གི་ནོར་བུ་བརྟན་མཁས་ཀྱི་ཡོན་ཏན་ཟུང་དང་ལྡན་པ་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་མཁན་པོ། སྡེ་སྣོད་གསུམ་གྱི་དོན་རྣམས་འབྱེད་ནུས་པ་མང་ཐོས་འཇིགས་པ་མེད་པའི་ཁྱུ་མཆོག་རླབས་པོ་ཆེའི་གནས་འཐོབ་པ་མཁས་ཤིང་གནས་བརྟན་འདུལ་བ་འཛིན་པ་ཁྲི་ཟུར་ངག་དབང་ཆོས་གྲགས་ཀྱི་ལས་སློབ། བསྟན་པ་མ་ལུས་པའི་བརྗོད་དོན་མངོན་དུ་གྱུར་པ་བཀའ་དྲིན་མཚུངས་མེད་ཡོངས་འཛིན་བློ་བཟངོ་ཆོས་འཕེལ་གྱི་ཞལ་སྔ་ནས་ཀྱི་གསང་སྟེ་སྟོན་པའི་སློབ་དཔོན། ལུང་རྟོགས་སྡེ་སྣོད་འཛིན་པ་ཆེན་པོ་ཁྲི་ཆེན་བློ་བཟང་བསྟན་པས་དུས་གོ་བ། མཁས་ཤིང་གྲུབ་པའི་དབང་ཕྱུག་བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་ནས་ཀྱིས་དྲང་སྲོང་ཆེན་པོའི་སྣོད་བྲིམ་པ། བྱང་ཆུབ་ཀྱི་སེམས་དང་རྒྱུད་འགྲོགས་པ་བྱང་རྩེ་མཁན་པོ་བློ་བཟང་སྨོན་ལམ། ཤར་པ་ཆོས་རྗེ་བློ་བཟང་སྦྱིན་པ། རྒྱུད་སྟོད་མཁན་པོ་བློ་བཟང་སྦྱིན་པ་སོགས་བཤེས་གཉེན་དམ་པ་བདུན་ཕྲག་གསུམ་གྱི་དབུས་སུ་སྔ་དྲོའི་གྲིབ་ཚོད་སྐྱེས་བུ་གཅིག་དང༌། རྐང་པ་གཅིག་གི་སྟེང་དུ་སླེབས་པ་ན་གསོལ་བ་དང་བཞིའི་ལས་ཀྱི་ད་ལྟར་གྱི་ཆོ་ག་སྦྱོར་དངོས་མཇུག་གསུམ་ཡོངས་སུ་རྫོགས་པ་ཕྱག་ལེན་རྣམ་པར་དག་པའི་འཇུག་པ་སྔོན་དུ་མཛད་དེ་བསྟན་པའི་སྙིང་པོ་སོ་སོ་ཐར་པའི་སྡོམ་པ་རྣམས་ཀྱི་མཆོག་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཚུལ་བཞིན་བཞེས་ས་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་ཐུབ་དབང་མཆོག་གི་རྒྱལ་ཚབ་ཆེན་པོར་མངའ་སོལ་བར་གྱུར་ཏོ། །

༥༡༣༥༡༤ཞེས་འབྱུང་བས་སོ། ལོ་དེའི་བོད་ཟླ་དགུ་བའི་ཚེས་གསུམ་ལ་སྲིད་སྐྱོང་རིན་པོ་ཆེ་ཤར་བ་ཆོས་རྗེ་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཆེ་བ་དང༌། དགའ་ལྡན་ཁྲི་ཟུར་བློ་བཟང་བསྟན་པ་འདི་ཉིད་ཡོངས་འཛིན་ཆུང་བ་མཛད་དེ་རྒྱལ་དབང་མཆོག་ལ་མཚན་ཉིད་ཀྱི་བཤད་ཁྲིད་རྒྱ་ཆེར་ཕུལ། མཐར་དགུང་གྲངས་ང་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ཆུ་སྟག་༡༧༨༢ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། གསུང་སྐྱེས་སློབ་མ་ཡང་རྒྱལ་མཆོག་འཇམ་དཔལ་རྒྱ་མཚོ་དང༌། དགའ་ཁྲི་རེ་གཉིས་པ་སྤྲོ་ནང་བློ་བཟང་སྨོན་ལམ་དང༌། སྟག་ཕུ་གར་དབང༌། རྨི་ལི་མཁན་ཆེན་བློ་བཟང་སྦྱིན་པ་སོགས་མཁས་པའི་སྐྱེས་ཆེན་ཤིན་ཏུ་མང་པོ་བསྐྱངས། རྗེ་འདིའི་སྐུ་ཕྲེང་གཉིས་པ་ཚ་བ་བུལ་ཏོག་སྤྲུལ་སྐུ་མཆོག་འཁྲུངས་ལོ་འཁྲུངས་ཡུལ་མི་གསལ་ཡང༌། གདན་ས་འབྲས་སྤུངས་བློ་གསལ་གླིང་གི་ཚ་བ་ཁང་ཚན་དུ་ཞུགས་ནས། བསྡུས་གཞུང་ནས་ཚད་མ་དང་དབུ་ཕར། འདུལ་མཛོད་བཅས་ལ་གཞན་དྲིང་མེད་པའི་མཁས་པར་བསླབ་ནས་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། ཁམས་ཁུལ་དུ་ཕེབས་ནས་སྐུར་མདའ་དགོན་པ་སོགས་མདོ་ཁམས་ཀྱི་ཆོས་སྡེ་དུ་མར་དཔལ་ལྡན་དུས་ཀྱི་འཁོར་ལོའི་ཕྱི་ནང་གསང་གསུམ་གྱི་དབང་དང་གཞན་ཡང་བདེ་གསང་འཇིགས་གསུམ་གྱི་དབང༌། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་སོགས་མདོ་སྔགས་ཀྱི་བཀའ་ལུང་མན་ངག་རྒྱ་ཆེར་གནང༌། སྐུ་ཕྲེང་གསུམ་པ། ཁམས་དོན་འགྲུབ་གླིང་དུ་འཁྲུངས། ཆུང་དུས་ནས་གོང་མའི་ཡང་སྲིད་ངོས་རྙེད་བྱུང༌། དབུས་སུ་བྱོན་ནས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང༌། ཚ་བ་དགེ་བཤེས་འཇམ་དབྱངས་ཉི་མ་དང༌། མ་ཎི་སྤྲུལ་སྐུ་སོགས་ཀྱི་ཞབས་པད་ལ་བརྟེན་ནས། གཞུངལུགས་ཁག་ལ་གསན་བསམ་མཛད་ནས་གྲྭ་སྐོར་མཛད། དུས་འགྱུར་བྱུང་རྗེས་ཀླ་ཀློའི་མནར་བཅད་སྣ་ཚོགས་མྱོང༌། ལོ་རབས་བདུན་ཅུ་པའི་ནང་དབུས་འགྱུར་འཕགས་པའི་ཡུལ་དུ་བྲོས་བྱོལ་དུ་འབྱོར་ནས་བལ་པོའི་ཡུལ་དུ་འཚོ་བཞུགས་ཡོད་སྐད་ཐོས། །

དགའ་ལྡན་ཁྲི་ཐོག་རེ་གཅིག་པ་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་དཔལ་བཟང་པོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་རེ་གཅིག་པ་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་དཔལ་བཟང་པོ་ནི། རབ་བྱུང་བཅུ་གཉིས་པའི་ལྕགས་གླང་༡༧༢༡ལོར་ཅོ་ནེའི་མངའ་ཁོངས་ཆ་ལག་དར་མོའི་རྟ་བོ་མདོ་གྲོང་སྡེ་རུ་ཆོས་ལ་དད་ཅིང་གཤིས་རྒྱུད་འཇམ་པ་བྱམས་བརྩེའི་གཤིས་སུ་གནས་པའི་ཡབ་ཆོས་སྐྱབས་དང་ཡུམ་མཚེས་ཆེན་ཞེས་པའི་སྲས་སུ་ངོ་མཚར་བའི་མཚན་མ་དང་བཅས་སྐུ་བལྟམས། དགུང་ལོ་བདུན་བཞེས་པའི་སྐབས་ཉེ་འདབས་ཀྱི་ཚ་རྡོར་དགོན་དུ་ཞུགས་ཏེ་འདོན་ཆ་བསླབས། དགོན་པའི་ཁྲི་པ་མཁན་པོར་མདུན་ནས་རབ་ཏུ་བྱུང༌། མཚན་ལ་ངག་དབང་ཚུལ་ཁྲིམས་ཞེས་གསོལ། དགུང་ལོ་བཅུ་དྲུག་གི་སྟེང་ཅོ་ནེ་དགོན་ཆེན་དུ་ཕེབས་ནས་མཚན་ཉིད་གྲྭ་ཚང་དུ་ཚོགས་ཞུགས་མཛད། མཚན་ཉིད་མཁན་པོ་རྗེ་བཙུན་གྲགས་པ་བཤད་སྒྲུབ་བླ་མར་བསྟེན་ནས་བསྡུས་གྲྭ་དང་ཚད་མ་རྣམ་འགྲེལ། ཚད་མ་རྣམ་ངེས། མངོན་རྟོགས་རྒྱན། ཕར་ཕྱིན་སོགས་གཞུང་མང་པོར་གསན་སྦྱངས་མཛད། དགུང་ལོ་ཉེར་གསུམ་པའི་དུས་སུ་ཁོང་གི་དགེ་རྒན་རྗེ་བཙུན་གྲགས་བཤད་སྒྲུབ་མཆོག་གི་བཀས་སྐུལ་དང་དུ་བླངས་ཏེ་བོད་ལྷ་ལྡན་དུ་ཕེབས། སྲུང་མ་ཐ་འོག་ཆོས་རྒྱལ་གྱིས་སྤྲུལ་བའི་ཚོང་དཔོན་རྟ་ནག་ཅན་ཞིག་གིས་བསྐུལ་ཏེ་སེར་སྨད་གྲྭ་ཚང་ཚ་རྡོར་ཁང་ཚན་དུ་ཞུགས་ནས་འཚོ་བ་ངན་ངོན་ཙམ་གྱི་ངང་དཀའ་སྤྱད་སྡུག་རུས་སྣ་ཚོགས་ཀྱིས་གཞུང་ཆེན་བཀའ་པོད་ལྔ་ལ་སོགས་པར་གསན་སྦྱོང་གཏིང་ཚུགས་པར་མཛད། དེ་ནས་བྱན་ཆུད་པས་འཆད་རྩོད་རྩོམ་གསུམ་སྤེལ་ནུས་པར་མ་ཟད། ཐོས་བསམ་གྱི་བར་གསེང་དུ་རྒྱལ་དབང་བསྐུལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ཕུར་ལྕོག་ངག་དབང་བྱམས་པ་ཁྲི་ཆེན་ངག་དབང་ཆོས་གྲགས་སོགས་སྐྱེས་ཆེན་དམ་པའི་སྤྱན་སྔ་ནས་མདོ་སྔགས་ཀྱི་དབང་ལུང་མན་ངག་ཚུལ་བཞིན་གསན་པ་དང༌།

དགུང་ལོ་སོ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ས་སྟག་༡༧༥༨ལོའི་ཟླ་བ་དང་པོ་ཚེས་བཅུ་གསུམ་ལ་ལྷ་ལྡན་གཙུག་ལག་ཁང་དུ་སྨོན་ལམ་ཆེན་མོར་དགེ་འདུན་ཉིས་ཁྲི་ཚོགས་པའི་དབུས་སུ་གྲྭ་སྐོར་གྱི་དམ་བཅའ་མཛད་པ་ལ་གཞུང་ཆེན་བཀའ་པོད་ལྔ་དང་བཅས་པ་གང་གི་ཐད་ལའང་ཞུམ་མེད་ཀྱི་ལན་ཐོགས་པ་མེད་པར་རབ་འབྱམས་སྨྲ་བའི་མཁས་དབང་ཀུན་གྱི་ཐུགས་མཉེས་པར་གྱུར་ཏེ་ལྷ་རམས་པའི་མཚན་གནས་བཞེས། ལོ་དེར་རྗེ་ངག་དབང་བྱམས་པའི་བཀས་བསྐུལ་ལྟར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཚོགས་འགྲིམས་མཛད་དེ་ཆོས་རྗེ་ངག་དབང་ཆོས་གྲགས་ཀྱི་ཞལ་སྔ་ནས་རྒྱུད་སྡེ་བཞི་དང་རྒྱུད་འགྲེལ་སོགས་གསན་སྦྱོང་དཔྱིས་ཕྱིན་པར་མཛད་དེ་མཐར་མདོ་སྔགས་ཟུང་ལ་མཁྱེན་པའི་བློ་སྟོབས་རྒྱས་པས་དྲན་དབང་ཀུན་གྱི་ཡང་རྩེར་སོན།

དེ་ནས་རྒྱུད་སྟོད་པའི་བླ་མ་དབུ་མཛད་ཀྱི་ཁྲིར་མངའ་གསོལ་བ་དང་ལྕགས་སྤྲུལ་ལོར་དེའི་མཁན་པོ་མཛད། དགུང་ལོ་ཞེ་གཉིས་བཞེས་སྐབས་རྒྱལ་ཚབ་དེ་མོ་རིན་པོ་ཆེ་དང་ཨམ་བན་བོད་སྡོད་བློན་ཆེན་གཉིས་བཅས་ལ་ཆིན་ཆན་ལུང་གོང་མས་དགེ་ལྡན་ཁྲི་པ་ལྟ་བུའི་དགེ་བཤེས་ཞིག་པེ་ཅིན་དུ་འབྱོར་ནས་དགའ་ལྡན་བྱིན་ཆགས་གླིང་གི་བསྟན་པ་སྤེལ་བར་ཆེད་གཉེར་དགོས་པའི་བཀའ་ལུང་ལྟར་འབྱོར་བ་དང༌། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་བཅིལ་བ་བཞིན་ཤར་བ་ཆོས་རྗེའི་ཁྲིར་བཀོད་པའི་བཀའ་སྒྱུར་གནང་ཞིང་ཟླ་བ་ཁ་ཤས་ལ་ཁྲི་བཞུགས་མཛད། ལོ་དེའི་ཟླ་ལྔ་བའི་ནང་སྐུ་འཁོར་མི་ཉུང་བ་དང་བཅས་པེ་ཅིན་ལ་ཆིབས་སྒྱུར་མཛད། ཆུ་རྟ་ལོའི་ཟླ་དགུ་པའི་ཚེས་ལྔ་ལ་པེ་ཅིན་དུ་འབྱོར། དགའ་ལྡན་བྱིན་ཆགས་གླིང་གི་དགོན་པའི་ཁྲི་པ་ལོ་བཅུ་དྲུག་བཞུགས་པའི་རིང་སྟེ་ཁོང་དགུང་ལོ་ཞེ་དྲུག་ནས་ལམ་རིམ་སོགས་ཆོས་འཆད་ཉན་རྒྱ་ཆེར་གནང་སྟེ་མཛད་རྗེས་རླབས་ཆེ་བ་བྱུང་བས་གོང་མ་ཐུགས་དགྱེས་ནས་བསྟན་པའི་བཀའ་གསལ་བྱེད་ཆོས་ཀྱི་རྒྱལ་པོ་ཞེས་པའི་སོག་མན་བོད་རྒྱའི་སྐད་ཀྱི་ཐམ་ཀ་དང་འཇའ་ས་བསྩལ།

དགུང་ལོ་ལྔ་བདུན་བ་མེ་བྱ་༡༧༧༧ལོའི་ཟླ་དང་པོའི་ཚེས་ཉེར་གཉིས་ལ་བོད་སྲིད་སྐྱོང་ཡོངས་འཛིན་དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་སྐུ་ཞི་བར་གཤེགས། སྐབས་དེར་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་སྐུ་ན་ཕྲ་བས་རེ་ཞིག་སྲིད་སྐྱོང་མེད་སྟབས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ནོ་མོན་ཧན་ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་བོད་ཀྱི་སྲིད་སྐྱོང་གི་ཁུར་བཞེས་སྣོམས་ན་ལེགས་ལམ་ཆེ་ཚུལ་གོང་སའི་སྙན་དུ་འཁྱོལ་བར་ཞུས་པས། མེ་བྱ༡༧༧༧ལོའི་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ལ་སྔར་བོད་དུ་གཏོང་ངོས་བྱས་པའི་ཛ་སག་བླ་མ་མཚན་སྒྲོག་མཁན་ཆེན་ཕྱིར་འཐེན་ནས་ཚེ་སྨིན་གླིང་བ་ལ་དགའ་ལྡན་ཤྲིའ་ཐུ་ནོ་མིན་ཧན་ཞེས་པའི་མཚན་བསྩལ་ནས་བོད་སྲིད་སྐྱོང་གི་ལས་འགན་འཕྲོ་མཐུད་སྦྲེལ་བར་བྱ་བའི་བཀའ་ཕབ་པ་ལྟར་བློན་ཆེན་སྦྱར་སྤི་རྣམས་དང་བསྡེབས་ནས་བོད་དུ་ཆིབས་ཁ་བསྒྱུར།

བྱིན་ཆགས་གླིང་གི་ཨེར་ཏི་ནི་ནོ་མིན་ཧན་ཞེས་པའི་ཆོ་ལོ་བསྩལ་པ་དང་ཟླ་བ་བཞི་བའི་ཚེས་བརྒྱད་ལ་བོད་དུ་ཕེབས་པར་རྩོམ་པ་ན་ཡང་ཆན་ལུང་གོང་མས་ཏཱ་ལའི་བླ་མར་རམ་དེས་བྱེད་པའི་དགའ་ལྡན་ཤྲིའ་ཐུ་ནོ་མིན་ཧན་ངག་དབང་ཆུལ་ཁྲིམས་ཀྱིས་སྲིད་སྐྱོང་མཛད་ཅིག ཅེས་པའི་རེ་བ་ཞུས་ནས་གོ་ས་དང་ཐམ་ཀ་གནང་ཞིང་བོད་དབུས་གཙང་ཕྱོགས་ཀྱི་ཞྭ་སེར་གྱི་བསྟན་པ་རྒྱ་ཆེར་སྤེལ་ཏེ་མངའ་འབངས་བཀའ་ཁྲིམས་ཀྱིས་བཅེས་སྐྱོང་མཛད་དགོས་པ་བསྟན། ལོ་དེའི་ཟླ་དགུ་བའི་ཚེས་གསུམ་ལ་སྲིད་སྐྱོང་རིན་པོ་ཆེ་འདི་ཉིད་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་ཆེ་བ་དང༌། དགའ་ལྡན་ཁྲི་ཟུར་བློ་བཟང་བསྟན་པ་ཡོངས་འཛིན་ཆུང་བ་མཛད་པར་དགའ་སྟོན་རྟེན་འབྲེལ་བགྱིད་སྐབས་མི་སེར་ཚོས། ཉི་མ་ཤར་ནས་ཤར་བྱུང༌། ། སྐུ་ཞབས་རྒྱ་ནས་ཕེབས་བྱུང༌། ། བོད་ཁམས་སྐྱོང་པའི་ནོར་བུ། ། གསེར་གྱི་ཁྲི་ལ་ཕེབས་ནས། ། དགེ་ལྡན་བསྟན་པ་དར་ཞིང༌། ། ཆབ་འབངས་བདེ་ལ་བཀོད་སོང༌། ། ཞེས་པའི་བསྟོད་བསྔགས་བརྗོད།

དགུང་ལོ་ང་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ས་ཁྱི་༡༧༧༨ལོའི་བོད་ཟླ་ལྔ་བའི་ཚེས་བཅུ་གཉིས་ལ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ། སྔ་ལོ་མེ་བྱ་ལོར་རྒྱུད་སྟོད་ལྷ་ཁང་གསར་དུ་བཞེངས་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པར་གནང་བས་ལི་ཁང་ཀ་བ་སུམ་ཅུ་སོ་དྲུག་སྦུག་མགོན་ཁང་དང་མཛོད། མདོར་སྒོ་མཆོར་བཅས་དང་སྟེང་ཤོད་རུང་ཁང་རྡོ་གཅལ་ཆེན་མོ་ཆོས་གྲྭ་ལྡན་པ་ཕུབ་ཅིང་ཚོན་རྩི་དང་སྡེབས་རིས། གནམ་རྒྱན་མཆོད་རྫས་ལེགས་པར་གྲུབ་པ་ལ་རྒྱལ་དབང་ཐམས་ཅད་མཁྱེན་པ་སྤྱན་དྲངས་ནས་རབ་གནས་གནང༌། ལྷ་ཁང་མན་ལ་ལེགས་བཤད་ཀུན་སྒྲོག་གླིང་ཞེས་གསོལ། རྗེ་ཁོང་ཉིད་གསང་འདུས་བདག་འཇུག་གི་ཚོགས་མགོན་མཛད། དེའི་རྗེསགོང་མས་པཎ་ཆེན་སྐུ་ཕྲེང་དྲུག་པ་པེ་ཅིན་དུ་ཕེབས། དགོན་པ་དང་བོད་སྲིད་སྐྱོང་བཅས་ཀྱིས་དེའི་ཐད་སྟ་གོན་བྱ་དགོས་པའི་བཀའ་འབྱོར་པས་ན་རྗེ་འདི་བས་བཀའ་ཤག་དང་སྡེ་དཔོན་བཅས་པས་ཟླ་དྲུག་པའི་ཚེས་བཅུ་བདུན་ལ་ཡངས་པ་ཅན་དུ་ཕེབས་སྐྱེལ་ཞུ་ཆེད་རྒྱལ་དབང་མཆོག་དང་སྡེ་སྲིད། བོད་སྡོད་ཨམ་བན་དག་ལ་ཞལ་འཛོམས་ལྷན་སྡུད་མཛད་ཅིང་བཀྲ་ཤིས་མཐོང་སྨོན་ཞེས་པས་ཕེབས་སྐྱེལ་གྱི་མཛད་སྒོ་རྒྱ་ཆེན་པོ་ཚོགས། འོན་ཀྱང་སྟབས་མ་ལེགས་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་གློ་བུར་དུ་ལྕགས་བྱི་ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་གཉིས་ལ་པེ་ཅིན་ལྷ་ཁང་སེར་པོ་ནས་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཞིང༌། རྒྱ་ནག་ནས་བོད་དུ་བརྡ་འབྱོར་འཕྲལ། ཕྱི་ལོའི་གླངཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་ལ་པཎ་ཆེན་རིན་པོ་ཆེའི་སྐུ་གདུང་འབྲུ་ཆུའི་སྟོད་རྒྱུད་དུ་བསྐྱལ་བ་ལ་རྒྱལ་དབང་མཆོག་དང་སྲིད་སྐྱོང་ཁོང་ཉིད་ཀྱིས་བཀའ་ཤག་གི་བཀའ་བློན་ཐུབ་པ་གཙོས་ནས་གདུང་བསུ་སྐུ་ཚབ་ཏུ་མངགས་ནས་སྐུ་གདུང་གདན་འདྲེན་ཞུས།

བོད་ཟླ་བརྒྱད་པའི་ཚེས་བརྒྱད་ལ་པཎ་ཆེན་རིན་པོ་ཆེའི་སྐུ་གདུང་གཙང་བཀྲ་ཤིས་ལྷུན་པོར་གདན་དྲངས་ནས་གདུང་རྟེན་དུ་བཞུགས་སུ་གསོལ་བ་དང་གོང་མས་རྒྱལ་དབང་སྐུ་ཕྲེང་བརྒྱད་པ་སྲིད་སྐྱོང་དུ་མཛད་པ་དང༌། ཚེ་སྨོན་གླིང་བས་མུ་མཐུད་དུ་སྲིད་སྐྱོང་རོགས་འདེགས་མཛད་དགོས་པའི་བཀའ་སློབ་བསྩལ། ལྷ་ལྡན་གཙུག་ལག་ཁང་དུ་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ལ་རྗེ་འདི་བའི་དྲུང་ནས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་དགེ་ཚུལ་གྱི་སྡོམ་པ་མནོས། ལྕགས་བྱི་ལོར་ཡང་སེར་སྨད་ཐོས་བསམ་ནོར་བུ་གླིང་དུ་འདུ་ཁང་གི་རྟེན་གཙོ་བོ་གསར་བཞེངས། ཇོ་བོ་བྱང་ཆུབ་ཆེན་པོ་ཆེ་ཁྲི་དྲུག་འགྱོགས་ཅན་བཟོ་བཀོད་ཕྲ་རྒྱན་ཅན་ལྟ་བས་མི་ངོམས་པ་གསར་དུ་བཞེངས་པ་དང༌། སྤྱན་རས་གཟིགས་ཀྱི་ལྷ་ཁང་གི་གཡས་སུ་གསེར་ཟངས་ལས་གྲུབ་པའི་འཕགས་པ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱིས་སྐུ་བརསྙན་རྒྱལ་ཡོལ་བ་ཏྲ་མ་ཕྲ་རྒྱན་གྱིས་སྤྲས་པ། གཡོན་དུ་ཙན་དན་དམར་པོ་ལས་གྲུབ་པའི་ཇོ་བོ་ལོ་ཀི་ཤོ་རའི་སྣང་བརསྙན་ཁྲི་རྒྱབ་ཡོལ་ཅན་མི་ཚད་གཉིས་ཙམ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། གདུགས་དཀར། ཕྱག་སྟོང་སྤྱན་སྟོང༌། གཞན་ཡང་རྗེ་ཙོང་ཁ་པ་དང༌། བྱམས་ཆེན་ཆོས་རྗེ། རྒྱལ་དབང་སྐུལ་བཟང་རྒྱ་མཚོ། པཎ་ཆེན་དཔལ་ལྡན་ཡེ་ཤེས། ཀུན་མཁྱེན་བྱང་ཆུབ་འབུམས་པ། རྗེ་བཙུན་ངག་དབང་བྱམས་པ། རྗེ་བཙུན་གྲགས་པ་བཤད་སྒྲུབ། ཁྲི་ཆེན་ཚེ་སྨོན་གླིང་བ་རང་ཉིད་ཀྱི་འདྲ་སྐུ་སོགས་གསར་དུ་བཞེངས་ཏེ་ལེགས་པར་གྲུབ། ཆུ་ཡོས་ལོར་སེ་ར་ཐེག་ཆེན་གླིང་གི་ཚ་རྡོར་ཁང་སེར་གྱི་ཤུལ་དུ་ཞབས་བརྟན་ལྷ་ཁང་དང་ཉེར་མཁོའི་གཟིམ་ཆུང་སོགས་གསར་སྐྲུན་མཛད་པ་ལ།

རྒྱལ་དབང་མཆོག་གིས་ཐུབ་བསྟན་རིན་ཆེན་བཤད་སྒྲུབ་གླིང་ཞེས་པའི་མཆོག་བྱང་བསྩལ་ཅིང་རབ་གནས་མཛད། གོང་མས་ཀྱང་པཎ་ཡིགའབྲུ་བཞི་བ་བོད་སྐུད་དུ། བྱིན་རླབས་ཀྱི་འཁོར་ལོས་འཇིག་རྟེན་ཀུན་ལ་ཁྱབ་པར་བྱེད་དོ། །ཞེས་པ་དང་ལྷ་ཁང་གི་མཚན་ལ་སྐུད་རིགས་བཞི་སྦྱར་ཏེ་བོད་སྐུད་དུ་བཀྲ་ཤིས་བདེ་ལེགས་ལྷ་ཁང་ཞེས་བསྩལ། ཁང་སེར་གྱི་ཚབ་ཏུ་ད་ལྟའི་ཚ་རྡོར་སྤྱི་ཁང་ཚོམས་པ་གསར་དུབསྐྲུན། ཤིང་འབྲུག་ལོའི་བོད་ཟླ་བདུན་པའི་ཚེས་དགུར་གོང་ས་རྒྱལ་དབང་དང་ལྷན་རྒྱས་བཀྲ་ཤིས་ལྷུན་པོར་ཆིབས་ཁ་བསྒྱུར་ཅིང་ཟླ་དགུ་བའི་ཚེས་བཞི་ལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཕྱི་དངུལ་གྱི་གདུང་རྟེན་ལ་རབ་གནས་དང༌། ཚེས་བཅུའི་ཉིན་པཎ་ཆེན་ལྔ་བ་རིན་པོ་ཆེའི་གཙུག་ཕུད་བཞེས་ཤིང་དགེ་བསྙྙེན་གྱི་བསླབ་སྡོམ་འབོགས་བཞེས་དང་མཚན་གསོལ་མཛད་དོ། ། དགུང་ལོ་རེ་ལྔ་བ་མེ་རྟ་ལོ་༡༧༨༦ལ་ཆན་ལུང་གོང་མས་གསེར་ཡིག་འབྱོར་ནས། ཁྱེད་ཉིད་པེ་ཅིན་ཐམ་ཀ་བླ་མར་བསྐོ་བཞག་བྱས་པ་ཡིན་པས་འཕྲལ་དུ་ཕེབས་ཤིག་ཅེས་བསྩལ་སྟབས། ཟླ་བཅུ་བའི་ཚེས་གཅིག་ལ་བྱང་ལམ་བརྒྱུད་དེ་པེ་ཅིན་གྱི་གོང་མའི་གཟིམ་ཆུང་དུ་གོང་མར་མཇལ། ཚེས་བརྒྱད་ལ་རྗེ་ཉིད་ཀྱི་དགའ་ལྡན་བྱིན་ཆགས་གླིང་དུ་བཞུགས་སུ་གསོལ། སྐབས་དེར་གོང་མ་ཐུག་དགྱེས་ཏེ་ས་མ་ཏི་པརྔཏ༣་ཁོང་ལྟ་བུ་དེང་སང་མི་འདུག་ཅེས་བསྔགས་བརྗོད་མཛད་དེ་གཟེངས་སུ་བསྟོད། ༡༧༨༨ལོའི་ཟླ་བརྒྱད་པར་གོ་ཁས་བོད་ལ་བཙན་འཛུལ་བྱས་ཏེ་སྐྱིད་གྲོང་དང་གཉའ་ནང༌། རྫོང་དགའ་བཅས་ས་ཆ་གསུམ་བཟུང༌། བཀའ་ཤག་གིས་གྲོས་མོལ་མངགས་པའི་བཀའ་བློན་བསྟན་འཛིན་དཔལ་འབྱོར་གྱིས་བོད་ཤོར་ས་ཆ་ཕྱིར་སྤྲོད་རྒྱུ་དང་བོད་ནས་ལོ་གསུམ་གྱི་ནང་ལོ་རེར་རྒྱ་དངུལ་རྟ་མིག་མ་སུམ་བརྒྱ་རེ་སྤྲོད་པ་ཁས་བླངས་པ་སོགས། དབུས་གཙང་ཁུལ་དུ་ཕམ་ཉེས་ཆེན་པོ་བྱུང་སྟབས་རིས་མེད་སྐྱ་སེར་ཡོངས་རྫོགས་ཀྱི་རེ་བ་ནན་ཞུས་ལྟར་གོང་མར་དགོངས་ཞུས་བཀའ་འཕྲོལ་བྱུང་བས། ལོ་དེའི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ལ་ཕྱིར་ལོག་པའི་ཆིབས་བསྟར་མཛད། ཟླ་བཅུ་གཉིས་པའི་ཚེས་དགུ་ལ་བསུ་བ་གཟབ་རྒྱས་དང་བཅས་ལྷ་ལྡན་དུ་འབྱོར་ཏེ་ཕོ་བྲང་ཆེན་པོ་པོ་ཏ་ལར་ཞབས་སོར་འཁོད་ནས་སླར་ཡང་བོད་ལ་ཆོས་སྲིད་ཡོངས་རྫོགས་བདག་གིར་སྐྱོང་བར་མཛད། བཀའ་འགྱུར་སོག་སྐུད་དུ་བསྒྱུར་བ་སོགས་མཛད་རྗེས་ཤིན་ཏུ་ཆེ།

དགུང་ལོ་དོན་གཅིག་བཞེས་སྐབས་བོད་རབ་བྱུང་བཅུ་གསུམ་པ་ལྕགས་ཕག་༡༧༩༡ལོའི་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་དེར་སྐུ་ཁམས་ཅུང་མི་བདེ་བའི་ཚུལ་གྱིས་ཉི་མ་ཕྱེད་ཡོལ་ཙམ་ལ་གློ་བུར་དུ་བླ་གོས་དང་གནམ་སྦྱར་བརྩེགས་ནས་མནབས་ཤིང་ཞལ་ནུབ་ཕྱོགས་སུ་གཟིགས་པ་དང༌། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་ཏེ་ཐུགས་སྤྲོ་བའི་ཉམས་ཀྱིས་སྐུ་མདུན་པ་རྣམས་ལ་ངེད་ཀྱི་བྱ་བ་མཐའ་དག་ཟིན་པ་ཡིན་གསུངས་མཐར་སྐུ་སྟོད་དང་དབུ་ཅུང་སྒུར་ཙམ་གྱིས་བཞུགས་བཞིན་རེ་ཞིག་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན། ། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་མཆོག་ཀྱང་ཐུགས་མྱ་ངན་གྱི་ཚུལ་དུ་བསྔོ་སྨོན་གསུང་པ་དང་གདན་ས་གསུམ་དང་བཅས་པར་མང་འགྱེད་རྒྱ་ཆེན་པོར་བཏང༌། པེ་ཅིན་དགའ་ལྡན་བྱིན་ཆགས་གླིང་སོགས་ནས་གོང་མའི་བཀའ་ལྟར་བསྔོ་སྨོན་གསུང་བའི་མཛད་སྒོ་སྤེལ་བ་བསམ་གྱིས་མི་ཁྱབ་པར་གྱུར། སྐུ་གདུང་ཧྲིལ་པོར་བཞུགས་པའི་དངུལ་གདུང་རིན་པོ་ཆེ་ནི་སྐྱེ་འགྲོ་རྣམས་ཀྱིས་བསོད་ནམས་ཀྱི་བགོ་སྐལ་དུ་ཐུབ་བསྟན་རིན་ཆེན་བཤད་སྒྲུབ་གླིང་གི་རྟེན་གཙོ་ལ་བཞུགས་སོ།།

དགའ་ལྡན་ཁྲི་ཐོག་དྲུག་ཅུ་རེ་གཉིས་པ་བྱང་ཆུབ་སེམས་དཔའ་བློ་བཟང་སྨོན་ལམ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་དྲུག་ཅུ་རེ་གཉིས་པ་བྱང་ཆུབ་སེམས་དཔའ་བློ་བཟང་སྨོན་ལམ་ནི། རབ་བྱུང་བཅུ་གཉིས་པའི་ས་ལུག་ལོར་རྒྱལ་མོ་རྨི་རྡོའི་རི་བོའི་མདུན་སྤྲོ་སྣང་ཞེས་པའི་སར་འཁྲུངས། དགུང་ལོ་བཅུ་བདུན་པར་གཞིས་དགོན་ལྷ་མོ་རྩེ་དགའ་ལྡན་འགྲོ་ཕན་གླིང་དུ་ཞུགས་ནས་དགོན་དེའི་དགེ་བཤེས་བྱམས་པ་རབ་རྒྱས་ཡོངས་འཛིན་དུ་བསྟེན་ཡི་གེ་འབྲི་ཀློག་སོགས་ལ་བསླབས། དགུང་ལོ་ཉི་ཤུ་པ་ས་སྟག་ལོར་དབུས་སུ་ཕེབས་ཏེ་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཞུགས་ཞེས་ལྷ་མོ་རྩེ་དགོན་གྱི་ལོ་རྒྱུས་སུ་དེབ་ ༣ ཤོག ༤༩ གསལ།

རབ་བྱུང་བཅུ་གཉིས་པའི་ས་བྱ་༡༧༢༩ལོར་མདོ་ཁམས་རྒྱལ་མོ་ཚ་བ་རོང་གི་སྤྲོ་ནང་ཟེ་ཁུག་བྲག་ཁ་ལ་འཁྲུངས་ཞེས་གླིང་ཆེན་ཆོས་གླིང་དགོན་གྱི་ལོ་རྒྱུས་སུ་གསལ་ཞིང༌། ཡབ་ཨུ་ཎི་ཥ་དང༌། ཡུམ་སྒྲོལ་མ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་གཞིས་དགོན་གླིང་ཆེན་ཆོས་གླིང་དགོན་ནམ་དགའ་ལྡན་ཆོས་འཕེལ་གླིང་གི་ཆོས་སྒོར་ཞུགས་ནས་ཡི་གེ་ཕྱི་མོ་འབྲི་ཀློག་དང་དགོན་དེའི་ཆོས་སྤྱོད་ཀྱི་རིམ་པར་བསླབ་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གསུམ་པར་དབུས་འགྱུར་ཆོས་ཀྱི་ཞིང་སར་ཞབས་ཟུང་བཀོད་དེ་གདན་ས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང༌། མཁས་པའི་དབང་པོ་དཀོན་མཆོག་མཐུ་སྟོབས་དང༌། རབ་འབྱམས་སྨྲ་བ་བློ་བཟང་བསམ་གཏན་སོགས་གཞུང་ལུགས་རྒྱ་མཚོ་ལ་ནང་བྱན་ཆུད་པའི་མཁས་གྲུབ་དུ་མའི་ཞབས་པད་ཚུལ་བཞིན་བསྟེན་ནས། བསྡུས་གཞུང་ནས་རྣམ་འགྲེལ་དང༌། དབུ་ཕར། འདུལ་མཛོད་བཅས་གཞུང་ཆེན་པོད་ལྔར་གསན་བསམ་རྒྱ་ཆེར་མཛད་པས་མཁས་པའི་གོ་སར་བསྙེགས།

བློ་གླིང་རྒྱལ་རོང་ཁང་ཚན་གྱི་ལོ་རྒྱུས་ས་བོན་ནང་འཁོད་ལྟར་ཡོངས་གྲགས་ཀྱི་བཤད་སྲོལ་གཞན་ཞིག་ཡོད་པ་ནི། དེ་ཡང་ཁོང་ཐོག་མར་དགུང་ལོ་ཉེར་བདུན་བར་ཙམ་དུ་ཁྱིམ་ཐབ་བཟུང་ནས་ཆེས་དབུལ་པོའི་ངང་ཚུལ་བཞེས་ནས་བཞུགས། བཟའ་ཟླ་ཤིན་ཏུ་མ་རུང་པ་ཁྲོ་གཏུམ་ཅན་ཞིག་དང་འཕྲད་པས་ཉིན་ཞིག་དེས་རྐྱེན་བྱས་ཏེ་འཁོར་བ་ལ་སྙིང་ཐག་པ་ནས་ཞེན་པ་ལོག དེའི་ཚེ་ནང་གི་གླང་གཅིག་ཡོད་པ་དེ་ཡང་ཚེ་ཐར་བཏང་བ་མ་ཟད་བཟའ་ཟླའི་སེར་པན་ཐག་ཕྲེང་ཕྱེད་བཞག་ནས་རང་ཉིད་ཀྱི་སྐུལ་བ་སེར་པན་ཐག་ཕྲེང་ཕྱེད་དེ་བསྣམས་ནས་ཡུལ་དབུས་སུ་ཕེབས། མཁས་མང་བློ་གླིང་གྲྭ་ཚང་དུ་སྒྲིག་ཞུགས་མཛད་ནས་གསན་བསམ་སློབ་གཉེར་གནང་བའི་སྐབས་ནའང་དཀའ་སྤྱད་སྙིང་རུས་ཀྱིས་འཚོ་བ་ཤིན་ཏུ་སྐྱོ་པོའི་ངང་ཐོས་བསམ་སྒོམ་གསུམ་གནང་འདུག་པ་དཔེར་ན་སྔར་སྲོལ་ཚོགས་ལ་ཕེབས་སྐབས་ཚོགས་ཁུག་ནང་རྩམ་པ་མེད་པས་ཁོང་ནས་རྒྱུན་དུ་རྩམ་པ་ཡོད་འདོག་གིས་རྒྱུན་དུ་ཚོགས་ཁུག་ནང་གོ་ཐལ་བླུག་སྟེ་ཕེབས་ཀྱི་ཡོད་པ། ཉིན་གཅིག་ཚོགས་ཆེན་ཞལ་ངོས་མཁྱེན་ནས་ཁོང་གི་ཁག་ཤག་དགེ་རྒན་ཆེད་གཉེར་དུ་བོས་ཏེ་ཚོགས་གཏམ་གནང༌། སློབ་གཉེར་མཐར་ཕྱིན་མཚམས་ཀྱང་དགེ་བཤེས་གཏོང་སྒོ་བཏང་ཐུབ་ཐབས་མེད་སྟབས། ཕ་ཡུལ་ཕྱོགས་སུ་ཕྱིར་ལོག་གིས་ལྷ་ས་ནས་ཉིན་གཉིས་ཙམ་ཕྱིན་པའི་ས་ཁུལ་ཞིག་ཏུ་རྡོ་ཕ་བོང་ཞིག་གི་སྟེང་རང་ཉིད་ཀྱི་གྱོན་གོས་རྣམས་ལ་ཤིག་ཀྱང་འཚངས་ཡོད་པས་ཉི་མར་བཀྲམ་ཞིང་སྒྲུག་གིན་བཞུགས་པ་ན། ནམ་མཁའ་ནས་བྱ་རྒོད་ཅིག་གིས་རྡོག་སྒྲིལ་ཆེན་པོ་ཞིག་ཁོང་གི་ཉེ་འགྲམ་དེར་སྐྱུར་བ་གཟིགས་ནས། ཁོང་ཡིད་ཤིན་ཏུ་དྲང་ཞིང་བླ་མ་དཀོན་ཅོག་དཔང་བཞག་གནང་ནས་ལམ་ཁ་དང་ལྷ་ས་གང་སར་རྡོག་སྒྲིལ་བདག་པོ་རྩད་གཅོད་གནང་བས་མཐར་བདག་སྤྱོད་མ་བྱུང་བས་ཐུགས་བརྟག་ཞུས་འབྲས་སུ། རྡོག་འཁྲེག་དེ་ཁོང་གི་དགེ་བཤེས་གཏོང་སྒོའི་ཆེད་ཡིན་པར་མཁྱེན་ནས་ཁ་ཕྱེ་བའི་ཚེ་ནང་དུ་གསེར་ཊམ་མང་དག་ཅིག་ཡོད་པ་གཞི་ནས་མཁྱེན། དེས་ཆ་རྐྱེན་བྱས་ནས་དགེ་བཤེས་ཀྱི་གཏོང་སྒོ་ཟབ་རྒྱས་བཏང་ནས་དགེ་བཤེས་ལྷ་རམས་པའི་དམ་འཇོག་མཛད། ཞེས་ཀྱང་བྲིས་སྣང་ངོ།།

གང་ལྟར་ཡང་ལྷ་ལྡན་དུ་ཆོ་འཕྲུལ་སྨོན་ལམ་སྐབས་གྲྭ་སྐོར་མཛད་པས་མཁས་པའི་མཚན་སྙན་གང་སར་འབར། དགུང་ལོ་བཞི་བཅུ་པར་རྒྱུད་སྨད་དུ་ཞུགས་ནས་རྗེའི་འགྲེལ་བ་བཞི་སྦྲགས་དང༌། ཤེར་སེང་རྒྱུད་ཊིཀ་ཐོག་ནས་རྒྱུད་སྡེ་བཞིའི་གཞུང་ལུགས་ཆོ་ག་དང་བཅས་པའི་དོན་ལ་ནང་བྱན་ཆུད་པར་བསླབས། ཕུར་ལྕོག་བྱམས་མགོན་རིན་པོ་ཆེ་དང༌། དཀའ་ཆེན་ཡེ་ཤེས་རྒྱལ་མཚན། སྤོམ་ར་ཁྲི་ཆེན་བློ་བཟང་དྲི་མེད། དབུ་སྟོད་ཁྲི་ཆེན་བསམ་གཏན་ཕུན་ཚོགས་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མའི་དྲུང་ནས་བཀའ་གདམས་གཞུང་དྲུག་དང༌། མདོ་སྔགས་ཀྱི་ལམ་རིམ། གསང་བདེ་འཇིགས་གསུམ་གྱི་དབང་སོགས་མདོར་ན་མདོ་སྔགས་ཀྱི་དབང་ལུང་མན་ངག་འཁྲིད་རྒྱུན་དང་བཅས་པ་ཕལ་ཆེར་མ་གསན་པ་མེད་པར་ལྟ་བུ་མཛད། བློ་གླིང་ལོ་སེམས་དཔའ་རིན་པོ་ཆེའི་ཡོངས་འཛིན་ཀྱང་མཛད་པས་རྗེ་འདིར་ཡོངས་འཛིན་བློ་བཟང་སྨོན་ལམ་ཞེས་ཀྱང་ཞུ། དགུང་ལོ་ཞེ་གསུམ་པར་རྒྱུད་སྨད་ཀྱི་བླ་མ་དབུ་མཛད་དང༌། ཞེ་བདུན་པར་མཁན་ཁྲིར་ཕེབས། རྒྱུད་ཀྱི་འཆད་ཉན་ཚུལ་བཞིན་གནང་པའི་མུར་༡༧༨༤ ལོར་བྱང་རྩེའི་ཁྲིར་ཕེབས་ནས་མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་བསྐྱངས། ལོ་དེར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་རྒྱལ་མཆོག་འཇམ་དཔལ་རྒྱ་མཚོས་དགེ་སློང་གི་སྡོམ་པ་བཞེས་དུས་ལས་གྲྭ་ཡང་གནང་འདུག་སྟེ། རྒྱལ་མཆོག་བརྒྱད་པའི་རྣམ་ཐར་ལས། བདེ་ལྡན་ཞིང་གི་མགོན་པོ་ངུར་སྨྲིག་གར་རོལ་ཐུབ་བསྟན་ཡོངས་རྫོགས་ཀྱི་ཁུར་ཐེག་པ་ཐུགས་རྗེའི་བདག་ཉིད་འཛམ་གླིང་བསླབ་གསུམ་རྒྱན་མཛེས་རྣམས་ཀྱི་གཙུག་གི་ནོར་བུ་བརྟན་མཁས་ཀྱི་ཡོན་ཏན་ཟུང་དང་ལྡན་པ་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་མཁན་པོ། སྡེ་སྣོད་གསུམ་གྱི་དོན་རྣམས་འབྱེད་ནུས་པ་མང་ཐོས་འཇིགས་པ་མེད་པའི་ཁྱུ་མཆོག་རླབས་པོ་ཆེའི་གནས་འཐོབ་པ་མཁས་ཤིང་གནས་བརྟན་འདུལ་བ་འཛིན་པ་ཁྲི་ཟུར་ངག་དབང་ཆོས་གྲགས་ཀྱི་ལས་སློབ། བསྟན་པ་མ་ལུས་པའི་བརྗོད་དོན་མངོན་དུ་གྱུར་པ་བཀའ་དྲིན་མཚུངས་མེད་ཡོངས་འཛིན་བློ་བཟང་ཆོས་འཕེལ་གྱི་ཞལ་སྔ་ནས་ཀྱི་གསང་སྟེ་སྟོན་པའི་སློབ་དཔོན། ལུང་རྟོགས་སྡེ་སྣོད་འཛིན་པ་ཆེན་པོ་ཁྲི་ཆེན་བློ་བཟང་བསྟན་པས་དུས་གོ་བ། མཁས་ཤིང་གྲུབ་པའི་དབང་ཕྱུག་བློ་བཟང་ཐུབ་བསྟན་དགེ་ལེགས་རྒྱལ་མཚན་ནས་ཀྱིས་དྲང་སྲོངེ་ཆེན་པོའི་སྣོད་བྲིམ་པ། བྱང་ཆུབ་ཀྱི་སེམས་དང་རྒྱུད་འགྲོགས་པ་བྱང་རྩེ་མཁན་པོ་བློ་བཟང་སྨོན་ལམ། ཤར་པ་ཆོས་རྗེ་བློ་བཟང་སྦྱིན་པ། རྒྱུད་སྟོད་མཁན་པོ་བློ་བཟང་སྦྱིན་པ་སོགས་བཤེས་གཉེན་དམ་པ་བདུན་ཕྲག་གསུམ་གྱི་དབུས་སུ་སྔ་དྲོའི་གྲིབ་ཚོད་སྐྱེས་བུ་གཅིག་དང༌། རྐང་བ་གཅིག་གི་སྟེང་དུ་སླེབས་པ་ན་གསོལ་བ་དང་བཞིའི་ལས་ཀྱི་ད་ལྟར་གྱི་ཆོ་ག་སྦྱོར་དངོས་མཇུག་གསུམ་ཡོངས་སུ་རྫོགས་པ་ཕྱག་ལེན་རྣམ་པར་དག་པའི་འཇུག་པ་སྔོན་དུ་མཛད་དེ་བསྟན་པའི་སྙིང་པོ་སོ་སོ་ཐར་པའི་སྡོམ་པ་རྣམས་ཀྱི་མཆོག་སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཚུལ་བཞིན་བཞེས་པས་ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་ཐུབ་དབང་མཆོག་གི་རྒྱལ་ཚབ་ཆེན་པོར་མངའ་གསོལ་བར་གྱུར་ཏོ། ། ཞེས་གསུངས་བས་སོ།།

དགུང་ལོ་ལྔ་བཅུ་ང་བདུན་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ་༡༧༨༥ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ལོ་བདུན་རིང་བཤད་སྒྲུབ་འཆད་ཉན་དང་རྟེན་གསུམ་གསར་བཞེངས་རྒྱ་ཆེར་མཛད། ཁྲི་ལས་ཟུར་རྗེས། ཁྲི་ཐོག་རེ་གསུམ་པ་རྗེ་བློ་བཟང་མཁས་མཆོག་པ་གློ་བུར་དགོངས་པ་རྫོགས་སྟབས། སླར་ཡང་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་༡༧༩༢ནས་ལོ་གཉིས་རིང་དགའ་ལྡན་གསེར་ཁྲིར་ཞབས་སོར་འཁོད་ནས་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་དགེ་ལྡན་བསྟན་པའི་ལུགས་བཟང་བླ་ན་སྤེལ། དགུང་ལོ་བདུན་ཅུ་པ་རབ་བྱུང་བཅུ་གསུམ་པའི་ས་རྟ་༡༧༩༨ལོར་མི་ཕམ་རྒྱལ་བའི་མདུན་ས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་གཤེགས་པའི་སྐུ་གདུང་དངུལ་གྱི་མཆོད་རྟེན་མཁས་མང་བློ་གསལ་གླིང་དུ་བཞུགས། །དེའི་སྐྱེ་སྤྲུལ་རིམ་བྱོན་ནི་སྡེ་དྲུག་སྐུ་ཕྲེང་རིམ་བྱོན་རྣམས་ཡིན་ནོ། ། 

དགའ་ལྡན་ཁྲི་ཐོག་རེ་གསུམ་པ་ཚ་རྡོར་བློ་བཟང་མཁས་མཆོག་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་རེ་གསུམ་པ་ཚ་རྡོར་བློ་བཟང་མཁས་མཆོག་ནི། རབ་བྱུང་བཅུ་གཉིས་པའི་མེ་ཕོ་འབྲུག་༡༧༣༦ལོར་འཕན་ཡུལ་དུ་ཡབ་བསམ་གྲུབ་ཚེ་རིང་དང༌། ཡུམ་ཨ་སོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་བཅུ་སྐོར་ལོན་དུས་ཆོས་བྲོས་ལ་ཕེབས་ཏེ་སེར་སྨད་ཐོས་བསམ་གླིང་གི་ནང་ཚན་ཅོ་ནེ་ཚ་རྡོར་ཁང་ཚན་དུ་ཆོས་སྒོར་ཞུགས་པས་ན་ཚ་རྡོར་བློ་བཟང་མཁས་མཆོག་ཏུ་གྲགས། དེ་ནས་ཚ་རྡོར་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་ལ་བསྟེན་ནས་ཡི་གེའི་སྦྱོར་ཀློག་དང༌། འདོན་ཆོས། རྒྱན་འཇུག་སོགས་རྩ་གཞུང་ཆེན་མོ་རྣམས་ཀྱང་མི་རིང་བར་བྱང་ཆུབ་པར་མཛད། སྤྱི་ཆོས་ཀྱི་སློབ་དཔོན་ངག་དབང་རབ་བརྟན་དང༌། གྲགས་པ་འཕྲིན་ལས། སྲད་རྒྱུད་མཁནཆེན་བློ་བཟང་རིན་ཆེན། སྦྱིན་པ་ཆོས་བཟང་སོགས་ལ་བསྟེན་ནས་བསྡུས་གཞུང༌། དབུ་མ། ཕར་ཕྱིན། འདུལ་བ། མངོན་པ་མཛོད། ཚད་མ་རྣམ་འགྲེལ་བཅས་ལ་ཐོས་བསམ་མཐར་ཕྱིན་པར་མཛད་ཅིང་ལྷ་ལྡན་སྨོན་ལམ་ཆོ་འཕྲུལ་ཆེན་མོའི་ནང་ལྷ་རམས་པའི་མཚན་བཏགས་བཞེས། གཞན་ཡང་སྒེར་ཆོས་ཀྱི་སློབ་དཔོན་བཀའ་གདམས་བསྟན་པའི་སྒྲོན་མེ་ཕུར་ལྕོག་ངག་དབང་བྱམས་པ་དང༌། རྒྱལ་མཁན་ཆེན་བསྐལ་བཟང་རབ་རྒྱས། འོན་རྒྱལ་སྲས་རིན་པོ་ཆེ། རྗེ་སྒྲུབ་ཁང་པ་འཇམ་དཔལ་དགེ་ལེགས་རྒྱ་མཚོ། ཆབ་མདོ་ལྕགས་ར་མཆོག་སྤྲུལ་རིན་པོ་ཆེ་རྣམས་ལ་བསྟེན་ནས་ཟབ་ཆོས་ཀྱི་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་གསན། དེ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་ཤར་ཆེན་བློ་བཟང་རྟེན་འབྲེལ་སོགས་ལ་བསྟེན་ནས་གསང་སྔགས་རྒྱུད་སྡེ་བཞིའི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་ཆུབ་པར་མཛད་ཅིང་རྒྱུད་པའི་བླ་མ་དབུ་མཛད་དང༌། རྒྱུད་པའི་མཁན་ཁྲི། ཤར་རྩེའི་ཁྲི་ལ་ཕེབས་ནས་འཆད་ཉན་བསྐྱངས། དགུང་ལོ་ང་བདུན་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཕོ་བྱི་ལོ་༡༧༩༢ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ཀྱང་ཟླ་བ་དྲུག་ལས་མ་འགྱངས་པར་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་༡༧༩༢ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་གདུང་བྱང་ཆུབ་མཆོད་རྟེན་བཞེང། སྐབས་དེར་བྱང་རྩེ་ཆོས་རྗེ་རྒཡ་ནག་གོང་མའི་དྲུང་དུ་སྦ་ཡན་ལ་གཤེགས་ཟིན་སྟབས་དགའ་ལྡན་ཁྲི་ཟུར་བློ་བཟང་སྨོན་ལམ་སླར་ཡང་ཁྲི་ཚབ་ཏུ་ལོ་གཉིས་རིང་བཞུགས།

དགའ་ལྡན་ཁྲི་ཐོག་རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲིས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་རེ་བཞི་པ་ཏྲེ་ཧོར་བློ་བཟང་བཀྲིས་ནི། རབ་བྱུང་བཅུ་གཉིས་པའི་ས་ལུག་༡༧༣༩ལོར་མདོ་ཁམས་ཏྲེ་ཧོར་རོང་པ་ཚ་བྲག་མགོ་ཞེས་པའི་གྲོང་གསེབ་དུ་ཡབ་པདྨ་ཚེ་རིང་དང༌། ཡུམ་བུ་མོ་མཆོག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལོ་རྒྱུས་ཤེས་མཁན་དང་མི་ཤེས་མཁན་ཅི་རིགས་ཀྱིས་བྲིས་པའི་ཁྲི་རབས་ལོ་རྒྱུས་རྣམས་སུ་རྗེ་འདི་ཉིད་ཁོང་དགུང་ལོ་བརྒྱད་པར་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་པའི་ཧོར་ཁོག་དགོན་སྡེ་བཅུ་གསུམ་གྱི་ནང་ཚན་བཀྲིས་དར་རྒྱས་དགོན་དུ་ཞུགས་ཏེ་ཡི་གེའི་སྦྱོར་ཀློག་ནས་བཟུང་ཐུན་མོང་རིག་གནས་དང་འདོན་ཆོས་རྣམས་ལ་བྱང་པར་མཛད། དགུང་ལོ་ཉི་ཤུ་ཐམ་པར་དབུས་སུ་ཕེབས་ཏེ་སེ་ར་བྱེས་པ་གྲྭ་ཚང་ནང་ཚན་ཏྲེ་ཧོར་ཁང་ཚན་དུ་ཞུགས་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་རབས་བཅུ་དྲུག་པ་རྩེད་ཐང་བྱམས་པ་སྨོན་ལམ་སོགས་ལ་བསྟེན་ཏེ་བསྡུས་གཞུང་དང༌། འཇམ་དཔལ་དབྱངས་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆའི་སྟེང་ནས། དབུ་མ། ཕར་ཕྱིན། འདུལ་བ། མངོན་པར་མཛོད། ཚད་མ་རྣམ་འགྲེལ། ལེགས་བཤད་སྙིང་པོའི་བཤད་ལུང་བཅས་ལ་ཐོས་བསམ་རྨད་དུ་བྱུང་བར་མཛད། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ནང་ལྷ་རམས་པའི་མཚན་བཏགས་བཞེས། ཏྲེ་ཧོར་རབ་བྱམས་པ་བློ་བཟང་རྟེན་འབྲེལ་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས་ཤིང་ཆོས་འབྲེལ་དུ་མ་གསན།

དགུང་ལོ་ཉེར་ལྔ་པར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་བསྙྙེན་པར་རྫོགས་ཤིང་ལམ་རིམ་ཆེན་མོ་དང༌། བདེ་ལམ། ལམ་རིམ་བསྡུས་དོན་གྱི་བཤད་ལུང་བཅས་དང༌། གསང་བདེ་འཇིགས་གསུམ་སོགས་ཀྱི་དབང་ཆེན་ཞུས། གཞན་ཡང་བྲག་རི་ངག་དབང་དོན་གྲུབ་དང༌། ཀློང་རྡོལ་བླ་མ་ངག་དབང་བློ་བཟང༌། ཁྲི་ཆེན་བློ་བཟང་སྙན་གྲགས་སོགས་ལ་བསྟེན་ནས་སྨད་རྒྱུད་ལུགས་ཀྱི་ཁྲིད་ཆེན་བརྒྱད། འགྲེལ་པ་བཞི་སྦྲགས། སྦས་དོན་ཀུན་གསལ། རིམ་ལྔ་གསལ་སྒྲོན། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། སྒྲུབ་ཐབས་རྒྱ་མཚོ། མགོན་ཆོས་བཅུ་གསུམ་སོགས་ཀྱི་དབང་ལུང་ཁྲིད་གསུམ་མཐའ་ཡས་པ་གསན། དགུང་ལོ་སོ་གསུམ་པར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་སྨད་མཁན་ཆེན་ངག་དབང་དཔལ་ལྡན་སོགས་ལ་བསྟེན་ནས་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་བར་མཛད། དགུང་ལོ་སོ་བདུན་པར་རྒྱུད་པའི་བླ་མ་དབུ་མཛད་ཀྱི་ཁྲི་དང༌། དགུང་ལོ་ཞེ་བདུན་པར་རྒྱུད་པའི་མཁན་ཁྲིར་ཕེབས་ནས་རྒྱུད་པའི་འཆད་ཉན་སྐོར་དམ་པ་གོང་མའི་ཕྱག་སྲོལ་མ་ཉམས་པར་མཛད།

དགུང་ལོ་ཞེ་དགུ་པར་བྱང་རྩེའི་ཁྲི་བཅས་ལ་རིམ་བཞིན་བཞུགས་ཏེ་སྐབས་དང་བསྟུན་ནས་འཆད་ཉན་གང་ལེགས་གནང༌། དེ་ནས་གོར་ཁའི་དམག་དཔུང་རྣམས་བོད་དུ་སླེབས་ཀྱང་སྦྱོར་ངན་རང་ལོག་ཏུ་སོང་བས་སྦ་ཡེར་འབུལ་བ་གོང་མ་ཆེན་པོའི་ཕོ་བྲང་དུ་ཕེབས་ཏེ་མཆོད་ཡོན་རྣམས་ཀྱི་འདོད་དོན་ཡོངས་སུ་འགྲུབ་པར་མཛད། པེ་ཅིན་གྱི་གཡུང་དགོན་དང༌། དར་མདོ་ལྔ་མཆོད་དགོན་པ། འབའ་ཆོས་སྡེ། ལི་ཐང་ཐུབ་ཆེན་བྱམས་པ་གླིང༌། རྫི་མཐོ་དགོན་སོགས་སུ་མདོ་སྔགས་ཀྱི་བཀའ་ཆོས་མཐའ་ཡས་པ་གསུངས། དགུང་ལོ་ལྔ་བཅུ་ང་དྲུག་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྟག་༡༧༩༤ལོར་དགའ་ལྡན་གྱི་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བརྒྱད་ཀྱི་རིང་དུ་གསེར་ཁྲི་བསྐྱངས་ཤིང་འཆད་ཉན་སྤེལ་བ་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། ཡངས་པ་ཅན་གྱི་སྟེང་ཤོད་རྒྱ་ཕིབས་སོགས་ཀྱང་ཞིག་གསོས་ལེགས་པར་མཛད། དགུང་ལོ་རེ་གསུམ་པར་ལྕགས་བྱ་༡༨༠༡ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས། དེ་ཡང་སྔོན་གྱི་ལོ་རྒྱུས་ཡིག་རྙིང་ལས་ཏྲེ་ཧོར་ཞེས་པ་ལ་ཀྲེ་ཧོར་དང༌། ཀྲེ་བོ། ཏྲེ་བོ། སྤྲེ་ཧོར་ཞེས་འབྲི་ཚུལ་ཅི་རིགས་སྣང་ཡང་དོན་གྱིས་ས་ཆ་གཅིག་ལ་གོ་བ་ཡིན།

དགའ་ལྡན་ཁྲི་ཐོག་རེ་ལྔ་པ་སྤོམ་འབོར་དགེ་འདུན་ཚུལ་ཁྲིམས

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་རེ་ལྔ་པ་སྤོམ་འབོར་དགེ་འདུན་ཚུལ་ཁྲིམས། རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་བྱི་༡༧༤༤ ལོར་རྒྱལ་ཐང་དུ་ཡབ་བསྐལ་བཟང་སྐྱབས་དང༌། ཡུམ་དོན་གྲུབ་དཔའ་འཛོམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་པར་ཡབ་ཡུམ་གཉིས་ཀྱི་གམ་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་སོགས་ལ་བྱང་ཆུབ་པར་མཛད། དགུང་ལོ་བཅུ་གསུམ་པར་རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་གི་དགོན་དུ་ཞུགས་ནས་གཞིས་དགོན་དེའི་མཁན་ཆེན་བློ་བཟང་སྦྱིན་པའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་བསྒྲུབས། གཞིས་དགོན་དེའི་སྒྲུབ་གྲྭའི་འདོན་ཆོས་དང་གར་ཐིག་དབྱངས་གསུམ་བཅས་ལ་སྦྱངས་པར་མཛད།

དགུང་ལོ་ཉེར་ལྔ་པར་དབུས་སུ་བྱོན་ཏེ་སེར་སྨད་ཐོས་བསམ་ནོར་གླིང་གི་སྤོམ་འབོར་ཁང་ཚན་དུ་ཞུགས་ནས་ཁུ་བོ་སྦྱིན་པ་ཆོས་བཟང་དང༌། ཞལ་སྔ་ནས་བསྐལ་བཟང་རྣམ་རྒྱལ་སོགས་ལ་བསྟེན་ནས་དཀའ་སྤྱོད་འབད་པ་དྲག་པོས་དབུ་མ། འདུལ་བ། ཕར་ཕྱིན། མངོན་པ་མཛོད། རྣམ་འགྲེལ་བཅས་གཞུང་ཆེན་ཁག་གི་རྩ་འགྲེལ་ལ་རྩོད་སྒྲུབ་རིགས་པའི་ལམ་ནས་ལེགས་པར་སྦྱངས་ཏེ་ཚོགས་ལངས་དང༌། གླིང་བསྲེ་དམ་བཅའ་བཞག། དགུང་ལོ་སོ་བཞི་པར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལས་བསྙེན་པར་རྫོགས་ཤིང་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གསན།

དགུང་ལོ་བཞི་བཅུ་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཡོས་༡༧༨༣ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་རབ་འབྱམས་པའི་མཚན་བཏགས་བཞེས་པས་མཁས་པའི་མཚན་སྙན་འབར། ལོ་དེར་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་པ་ལ་བྱང་བར་མཛད་ཅིང་སྔགས་ཀྱི་དམ་བཅའ་ལེགས་པར་ཐོན། དགུང་ལོ་ཞེ་བརྒྱད་པར་རྒྱལ་མཆོག་དགེ་འདུན་རྒྱ་མཚོའི་གདན་ས་ཆོས་འཁོར་རྒྱལ་གྱི་མཁན་ཁྲིར་ཕེབས་ནས་འཆད་ཉན་རྒྱ་ཆེར་གནང༌། དགུང་ལོ་ཞེ་དགུ་པར་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཁྲི་དང༌།

དགུང་ལོ་ལྔ་བཅུ་ཐམ་པར་རྒྱུད་པའི་མཁན་ཁྲིར་ཕེབས་སྔགས་ཀྱི་འཆད་ཉན་རྒྱ་ཆེར་མཛད། རྒྱུད་ཀྱི་མཁན་ཁྲི་ལས་ཟུར་ནས་མི་རིང་བར་ཤར་རྩེར་ཕེབས་ནས། མདོ་སྔགས་གསུང་རབ་དགོངས་འགྲེལ་དང་བཅས་པའི་འཆད་ཉན་ཀྱི་སྲོལ་རྒྱ་ཆེར་བསྐྱངས། དགུང་ལོ་ང་གཅིག་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྟག་༡༧༩༤ལོར་མན་ཆིང་གོང་མ་ཆིན་ལུང་གིས་གདན་དྲངས་པ་ལྟར་པེ་ཅིན་གཡུང་ཧོ་དགོན་པའི་མཁན་པོ་རུ་ཕེབས་དགོས་བྱུང༌། གོང་མས་ཏིའ་ཤིའའི་ཆོ་ལོ་དང་བཀའ་ཤོག་ཐམ་ཀ་བཅས་པ་ཕུལ་ནས་གཟིགས་པ་རྒྱ་ཆེར་གནང་བ་ལྟར་གོང་མ་ཡབ་ཡུམ་གཙོས་རྒྱའི་དད་ལྡན་མང་པོར་ཆོས་འཁོར་རྒྱ་ཆེར་བསྐོར། གཞན་ཡང་རྒྱའི་དགོན་སྡེ་དུ་མར་ཞབས་ཀྱིས་བཅགས་ནས་སྐྱ་སེར་མང་པོར་ཆོས་འབྲེལ་བཞག སླར་ཡང་ཆིང་གོང་མའི་འབུལ་བ་གཏོས་ཆེན་དང་སྟབས་གཅིག བོད་དུ་ཕྱིར་ཕེབས་ནས་དགུང་ལོ་ང་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱ་༡༨༠༡ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་བདུན་གྱི་རིང་ལ་གསེར་ཁྲི་བསྐྱངས་ཤིང༌། མདོ་སྔགས་ཆོས་ཀྱི་འཆད་མཉན་གོང་ནས་གོང་དུ་སྤེལ་བ་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པ་མཛད། རབ་བྱུང་བཅུ་བཞི་པའི་མེ་ཡོས་༡༨༠༧ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་དགུང་ལོ་རེ་བཞི་པ་དགོངས་པ་ཆོས་དབྱིངས་སུ་གཤེགས།

དགའ་ལྡན་ཁྲི་ཐོག་རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་རེ་དྲུག་པ་བསམ་བློ་ངག་དབང་སྙན་གྲགས་ནི། རབ་བྱུང་བཅུ་གཉིས་པའི་མེ་སྟག་༡༧༤༦ལོར་ཁྲི་ཆེན་ངག་དབང་ཆོས་གྲགས་ཀྱི་སྐུ་ཉེའི་རིགས་སུ་འཁྲུངས། དགུང་ལོ་བཅུ་བར་བྱ་ཁྱུང་གི་ཆོས་སྒོར་ཞུགས། མདོ་བ་མཁན་ཆེན་ངག་དང་དོན་གྲུབ་ལས་རབ་ཏུ་བྱུང་བའི་མཚན་ལ་ངག་དབང་སྙན་གྲགས་གསོལ། དགུང་ལོ་བཅོ་བརྒྱད་ཐོག་སྐུ་ཞང་ཁྲི་ཆེན་ངག་དབང་ཆོས་གྲགས་དང༌། ཨ་ཇོ་སེ་ར་གཟིམ་ཁང་སྡེ་བ་གཉིས་ཀྱིས་དབུས་སུ་སློབ་གཉེར་ལ་འབྱོན་སྐུལ་གྱི་ཕྱག་བྲིས་གནང་བ་བཞིན་དབུས་སུ་ཕེབས་ནས་སེར་བྱེས་བསམ་བློ་ཁང་ཚན་དུ་ཞུགས།

ཁྲི་ཆེན་ངག་ཆོས་ལས་དགེ་ཚུལ་བཞེས། སེར་བྱེས་གྲྭ་ཚང་དུ་ཆོས་མཛད་ཀྱི་གཏོང་སྒོ་རྒྱ་ཆེར་ཞུས་ཤིང་སེ་ར་གཟིམ་ཁང་སྟེང་དུ་བཞུགས་པས་སྐུ་ཕྲེང་རྗེས་མ་རྣམས་ལའང་གཟིམ་ཁང་ཆོས་མཛད་དུ་གྲགས། ཟུར་ཆོས་ཀྱི་སློབ་དཔོན་དུ་སེར་བྱེས་མཁན་པོ་བློ་བཟང་འཇམ་དབྱངས་བསྟེན་ནས་བསྡུས་ཆེན་གྱིས་མཚོན་དཔེ་ཁྲིད་དོགས་གཅོད་མང་བོ་ཞུས། མཁན་པོ་བློ་བཟངའཇམ་དབྱངས་འདི་ཉིད་ལ། པཎ་ཆེན་བསྟན་པའི་ཉི་མས་མཛད་པའི་ཁྲི་ཆེན་འདི་བའི་རྣམ་ཐར་དུ། བཀའ་གདམས་བསྟན་པའི་སྒྲོན་མེ་རྗེ་བཙུན་བྱམས་པའི་ཐུགས་སྲས་འགྲན་ཟླ་མེད་པ། མང་ཐོས་ལུང་གི་དབང་ཕྱུག་མདོ་སྔགས་གཞུང་ལུགས་ཀུན་ལ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་སྐུ་གཞོན་ནུའི་དུས་ནས་ཐོས་བསམ་སྒོམ་པ་སྟབས་གཅིག་ཏུ་མཛད་པའི་མཐུ་ལས་མཐོང་ཐོས་དྲན་རེག་གི་འབྲེལ་བ་དོན་ལྡན་དུ་མཛད་པའི་ངེས་པ་དོན་གྱི་བཤེས་གཉེན་ཆེན་པོ་བློ་བཟང་འཇམ་དབྱངས། ཞེས་བསྔགས་བརྗོད་དཔེ་མེད་མཛད་འདུག་པ་ཚེ་ཏན་ཞབས་དྲུང་གི་མཛད་པའི་བྱ་ཁྱུང་གདན་རབས་སུ་གསལ། དགུང་ལོ་ཉེར་དགུ་སྟེང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས།

པཎ་ཆེན་ཆེན་པོ་ཆེས་གྱིས་རྗེ་འདི་ཉིད་ཚ་ཁོ་དབོན་པོ་ངག་དབང་གྲགས་པའི་སྐུ་སྐྱེས་སུ་ལུང་བསྟན། དགུང་ལོ་སོ་གཉིས་སྟེང་ལྷ་ལྡན་སྨོན་ཆེན་པོའི་ནང་གཞུང་ལུགས་རབས་འབྱམས་སྨྲ་བའི་གྲྭ་སྐོར་དམ་བཅའ་མཛད། ལོ་དེར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་རྒྱུད་སྡེ་རྒྱ་མཚོའི་གཞུང་ལུགས་ལ་གསན་བསམ་རྒྱ་ཆེར་གནང༌། ཁྲི་ཆེན་ངག་དབང་ཆོས་གྲགས་ཞི་བར་གཤེགས་པའི་འདས་འཇུག་དགོངས་རྫོགས་ཀྱི་འགན་བཞེས་གནང༌། དགུང་ལོ་སོ་དྲུག་སྟེང་རྒྱུད་གྲྭ་སྨད་ཀྱི་དགེ་བསྐོས་གནང་ནས་སྒྲིག་གཞི་ཤིན་ཏུ་དམ་པོ་མཛད། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ལས་ལམ་རིམ་ཆེན་མོ་དང༌། འགྲེལ་བ་བཞི་སྦྲགས་སོགས་དང༌། ཀློང་རྡོལ་བླ་མ་རིན་པོ་ཆེ་ལས་རྒྱལ་བའི་བཀའ་འགྱུར་རིན་པོཆེའི་ལུང་གསན། གཞན་ཡང་རྒྱལ་སྲས་རིན་པོ་ཆེ། རྭ་སྒྲེང་ཁྲི་སྤྲུལ། ཆབ་མདོ་ཞི་བ་ལྷ། ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་བླ་མ་བཞི་བཅུར་ཉེ་བར་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་པ་ཞུས།

དགུང་ལོ་བཞི་བཅུ་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ་༡༧༨༥ལོར་རྒྱུད་པའི་བླ་མ་དབུ་མཛད་དུ་ཕེབས། སྐུ་སྲིང་གི་བུ་བློ་བཟང་ལེགས་བཤད་རྒྱུད་གྲྭར་ཞུགས་སུ་བཅུག་པ་དེས་རྗེ་འདི་བའི་ཕྱག་གཡོག་མཐར་ཕྱིན་པའི་ཕྱག་མཛོད་བྱས། དགུང་ལོ་ཞེ་བདུན་རབ་བྱུང་བཅུ་གསུམ་པའི་ཆུ་བྱི་༡༧༩༢ལོར་རྒྱུད་སྨད་མཁན་ཁྲིར་ཕེབས། དབང་གི་ཐོག་མ་ཁྲི་ཆེན་རྒྱ་ནག་པ་སྐུ་མཆེད་གཉིས་ལ་རྟ་མགྲིན་ཡང་གསང་གི་དབང་སྩལ། དགུང་ལོ་ང་གཅིག་པར་མངའ་རིས་མཐོ་ལྡིང་གི་ཁྲི་དང༌། ང་བརྒྱད་པར་བྱང་རྩེའི་ཁྲིར་ཕེབས། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་བཞི་པ་མེ་ཡོས་༡༨༠༧་ཁྲི་སྔོན་མ་དགེ་འདུན་ཚུལ་ཁྲིམས་ཁྲི་ལོ་བདུན་ཚང་ནས་གློ་བུར་ཞི་བར་གཤེགས་པའི་ཚབ་ལ་གློ་བུར་གྱི་ཚུལ་དུ་དགའ་ལྡན་ཁྲིར་ཕེབས་ནས་ཁྲི་ལོ་བདུན་བསྐྱངས། རྒྱལ་བ་ལུང་རྟོགས་རྒྱ་མཚོ་དང༌། ཚུལ་ཁྲིམས་རྒྱ་མཚོ་སྟེ་སྐུ་སྔ་ཕྱིའི་ཡོངས་འཛིན་ཏུ་བཀུར། དགུང་ལོ་དོན་དགུ་པ་རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་༡༨༢༤ལོར་དགོངས་པ་གཞན་དོན་དུ་གཤེགས། བྱ་ཁྱུང་དུ་རྗེ་བླ་མའི་སྐུ་ཞིག་བཞེངས་དགོས་ཀྱི་ཞལ་ཏ་ཕེབས་པ་ལྟར་ཕྱག་མཛོད་བློ་བཟང་ལེགས་བཤད་དང༌། མི་རྗེ་དགུང་བློན་བཤད་སྒྲ་བས་འགན་བཞེས་ཏེ་དངུལ་སྲང་ཉིས་སྟོང་ལྷག་གི་འགྲོ་སོང་བཏང་སྟེ་བཞེངས་པའི་གསེར་ཟངས་ཀྱི་རྗེ་སྐུ་ཁྲི་རྒྱབ་ཡོལ། རྒྱལ་མཚན་ཆ་བཅས་ཕྱག་མཛོད་དངོས་ཕེབས་གདོང་རབ་ཡིས་ས་ཕོ་བྱི་བའི་ལོར་བྱ་ཁྱུང་དུ་འབུལ་སྦྱོར་མཛད། རྗེ་སྐུ་འདིའི་དཀར་ཆག་ཏུ། དངུལ་སྲང་བཞི་སྟོང་སུམ་བརྒྱ་གྱ་ལྔ་ཞོ་བདུན་སོང་བར་བཀོད་འདུག དངོས་སློབ་ཀྱང་རྒྱལ་བ་སྐུ་ཕྲེང་གཉིས། པཎ་ཆེན་བསྟན་པའི་ཉི་མ། འཇམ་དབྱངས་བཞད་པ་འཇིགས་མེད་རྒྱ་མཚོ། ཧལ་ཧ་རྗེ་བཙུན་དམ་པ་སོགས་སྐྱེས་ཆེན་དམ་པ་མང་པོ་བསྐྱངས། །

དགའ་ལྡན་ཁྲི་ཐོག་རེ་བདུན་པ་བཀའ་འགྱུར་བ་འཇམ་དབྱངས་སྨོན་ལམ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་རེ་བདུན་པ་བཀའ་འགྱུར་བ་འཇམ་དབྱངས་སྨོན་ལམ་ནི། རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་༡༧༥༠ལོར་མདོ་ཁམས་རྨི་ལི་ཆི་ཕུག་ཏུ་ཡབ་རྣམ་རྒྱལ་དང༌། ཡུམ་ཉི་མ་མིག་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་གཞིས་དགོན་དགའ་ལྡན་དར་རྒྱས་གླིང་གི་ཆོས་གྲྭར་ཞུགས་ཏེ། འདུལ་བ་འཛིན་པ་སྐུལ་བཟང་རྣམ་རྒྱལ་ལས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས། ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཆོ་ག་སོགས་ལ་མཁས་པར་སྦྱངས། དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་གི་སྤོམ་འབོར་ཁང་ཚན་དུ་སྒྲིག་ཞུགས་གནང༌།

ཏྲེ་ཧོར་རབ་འབྱམས་པ་བློ་བཟང་དགེ་ལེགས་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་རིང་དུ་བསྟེན་ནས། བསྡུས་གྲྭ་བློ་རྟགས་དང༌། དབུ་ཚད་ཕར་གསུམ་འདུལ་མཛོད་བཅས་གཞུང་ཆེན་པོད་ལྔ་ལ་གསན་བསམ་མཐར་སོན་མཛད་དེ། ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་གདན་ས་གསུམ་གྱི་གཙོས་པའི་མཁས་མང་ནམ་མཁའི་སྐུར་ཚོགས་ལྟ་བུའི་ཁྲོད་ནས་ལུང་རིགས་ཀྱི་དི༷ལ་འཁོར་ཡོངས་སུ་རྫོགས་པས་ལྷ་རམས་ཨང་དང་པོའི་མཚན་གནས་བཞེས། ལོ་དེར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ལ་ཞུགས་ནས་རྒྱུད་སྡེ་བཞིའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་གསན་བསམ་རྒྱ་ཆེར་མཛད་པས་མདོ་སྔགས་གཉིས་ཀ་ལ་འགྲན་ཟླ་མེད་པའི་མཁས་པའི་ཡང་རྩེར་སོན། བཀའ་ཆེན་ཡེ་ཤེས་རྒྱལ་མཚན་དང༌། ཀློང་རྡོལ་བླ་མ་ངག་དབང་བློ་བཟང༌། ཆབ་མདོ་ལྕགས་ར་སྤྲུལ་སྐུ་ངག་དབང་འཕྲིན་ལས། དགའ་ལྡན་ཁྲི་ཆེན་ནོ་མོན་ཧན་སོགས་ལས་མདོ་སྔགས་ཀྱི་བཀའ་ལུང་མན་ངག་རྒྱ་ཆེར་མནོས་པས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་གྱུར།

སྟོད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་དང་མཁན་ཁྲིར་རིམ་པར་ཕེབས་ནས་རྒྱུད་ཀྱི་འཆད་ཉན་རྒྱ་ཆེར་སྤེལ་བཞིན་པའི་མུར། རབ་བྱུང་བཅུ་གསུམ་པའི་ཤིང་སྟག་༡༧༩༤ལོར། ཆིང་གོང་མ་ཆོན་ལུང་གིས་རེ་བ་ཞུས་པ་ལྟར། རྒྱལ་མཆོག་འཇམ་དཔལ་རྒྱལ་མཚོས་དམ་པ་འདི་ཉིད་དང༌། ཤག་སྐོར་བླ་མ་གཉིས་ཡོངས་གྲགས་ཀྱི་དགེ་བཤེས་ལྔ་ཙམ་སྤྱན་གཟིགས་ཀྱིས་མདོ་སྔགས་གནད་ལ་དྲི་གཏུགས་བཀའ་དྲིན་བསྐྱངས་པར། མཁྱེན་པ་ཡངས་ཤིང༌། འབྱུང་འགྱུར་གྱི་གནད་ལ་འཕྲད་ལམ་ཆེ་བར་དགོངས་ནས་རྒྱ་ནག་པེ་ཅིན་དུ་མངགས་བཏང་མཛད་དོན་བཞིན། ཡུལ་དེ་སི་ཧཱུའི་ཏཱ་བླ་མ་དང༌། ཡུང་དགོན་མཚན་ཉིད་གྲྭ་ཚང་གི་བླ་མ་མཛད། དེ་རྗེས་ཞེ་ཧོ་པོ་ཏཱ་ལའི་མཁན་ཁྲིར་ཕེབས་ནས། མདོ་སྔགས་ཀྱི་བཀའ་ཆོས་དུ་མ་དང་ལྷག་པར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་གི་ལྗགས་ལུང་གནང་བས་དེ་ནས་བཟུང་རྗེ་འདི་བར་བཀའ་འགྱུར་བ་ཞེས་པའི་མཚན་སྙན་བྱུང༌། ཆོན་ལུང་གཤེགས་རྗེས་རབ་བྱུང་བཅུ་གསུམ་པའི་མེ་འབྲུག་༡༧༩༦ལོར་དབུས་སུ་ཕྱིར་ཕེབས་ནས་རྒྱལ་པཎ་གཉིས་དང་གདན་ས་གསུམ་སོགས་ལ་མཆོད་འབུལ་རྒྱ་ཆེར་མཛད།

དེ་ནས་ཤར་རྩེའི་ཁྲིར་ཕེབས་ཏེ་འཆད་ཉན་བསྐྱངས། སླར་ཡང་ཆིང་གོང་མ་ཀྱ་ཅེན་གྱིས་གདན་དྲངས་པ་ལྟར་རྒྱ་སོག་གི་ཡུལ་གྲུ་ཁག་དུ་མར་ཕེབས་ནས་མདོ་སྔགས་ཀྱི་བཀའ་ཆོས་རྒྱ་ཆེར་བསྩལ། ཆིང་གོང་མས་འབུལ་ཆེ་རྒྱ་ཆེར་བཏེགས་པ་རྣམས་དབུས་སུ་བསྣམས་ནས་མཆོད་འབུལ་རྒྱ་ཆེར་གནང༌། རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་༡༨༡༤ལོར་ཝང་འགྱུར་མེད་རྣམ་རྒྱལ་གྱིས་ཚུལ་མིན་ངན་སྤྱོད་ལ་བརྟེན་ནས་ཁྲི་ཆེན་ནམ་མཁའ་བཟང་པོ་དགའ་ལྡན་གསེར་ཁྲི་ལས་ཕབ་པའི་ཚབ་ཏུ་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱབ་ཚབ་ཏུ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གསེར་ཁྲིར་ཕེབས་ཏེ་ཞྭ་སེར་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་རྒྱ་ཆེར་སྤེལ་བཞིན་པའི་མུར་བར་ཆད་ལྟ་བུས་ཟླ་བ་གསུམ་གྱི་མཚམས་སུ་དགོངས་པ་ཞི་དབྱིངས་སུ་བསྟིམས་པའི་དངུལ་གདུང་བླ་མ་ལྷ་ཁང་དུ་འགྲོ་བའི་བསོད་ནམས་ཀྱི་རྟེན་དུ་བཞུགས། གསུང་ལས་སྐྱེས་པའི་སློབ་མ་རྒྱ་བོད་ཧོར་གསུམ་དུ་ནམ་མཁའི་སྐར་ཚོགས་དང་ས་གཞིའི་དྲེག་པ་ལྟ་བུ་མང་པོ་བྱུང་བའི་ཁྲོད་ནས་རྨི་ལི་སྤྲུལ་སྐུ་ངག་དབང་དཔལ་ལྡན་རྒྱ་མཚོ་སོགས། མདོ་སྔགས་རབ་འབྱམས་སྨྲ་བར་གདེངས་ཐོབ་པའི་མཁས་གྲུབ་སྐྱེས་ཆེན་དམ་པ་ཡང་ཤིན་ཏུ་མང་པོ་བྱུང༌།

གསུང་རྩོམ་ཡང༌། བྱང་ཆུབ་ལམ་གྱི་རིམ་པའི་སྔོན་འགྲོ་སྦྱོར་བའི་ཆོས་དྲུག་གི་ཁྲིད་ལུང་ཆེན་པོ་འཇམ་དབྱངས་བླ་མའི་དགོངས་རྒྱན། བྱང་ཆུབ་ལམ་རིམ་ཆུང་བའི་ཟིན་བྲིས་བློ་གསལ་རྒྱ་མཚོའི་འཇུག་ངོགས། དགེ་སློང་གི་བསླབ་བྱའི་སྡོམ་ཚིག་ཐུབ་བསྟན་གསལ་བྱེད། རྒྱུད་སྡེའི་བཅུད་ཕྱུང་ཟབ་གསལ་བཻཌཱུརྱའི་དབང་ཊིཀྐ་སྙན་བརྒྱུད་ཀྱི་ཙིསྒྲྣ༣་རྒྱ་ཅན་སོགས་འཆོས་སྐྱོབ་གཉིས་ལྡན་གྱི་ལེགས་བཤད་ཀྱང་དུ་མར་མཛད་པར་སྣང༌།།

དགའ་ལྡན་ཁྲི་ཐོག་རེ་བརྒྱད་པ་འཕན་པོ་བློ་བཟང་དགེ་ལེགས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་རེ་བརྒྱད་པ་འཕན་པོ་བློ་བཟང་དགེ་ལེགས་ནི། འཕན་པོ་ལྷ་རྒྱལ་ཁང་གི་ཉེ་འདབས་ཚོང་བདག་ཕྱུག་པོ་ཞེས་པའི་ཁྱིམ་དུ་ཡབ་བསོད་ནམས་ལྷུན་གྲུབ་དང༌། ཡུམ་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་གླང༡༧༥༧ལོར་སྐུ་འཁྲུངས། སྐུ་ན་ཆུངདུས་ནས་བྱིས་པ་གཞན་དང་མཛད་སྤྱོད་མི་མཉམ་པས་ཚ་བ་བླ་མ་ལོ་གསར་བའི་སྤྲུལ་པར་ངོས་འཛིན་བྱས།

དགུང་ལོ་དགུ་པར་དབུས་སུ་ཕེབས་ཏེ་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ལྷ་ལྡན་དུ་ཕེབས་སྐབས་དབུ་སྐྲ་གཙུག་ཕུད་ཕུལ་བའི་མཚན་ལ་བློ་བཟང་དགེ་ལེགས་ཞེས་གནང༌། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་ཞུས། སེར་སྨད་ཚ་བ་ཁང་ཚན་དུ་ཆོས་ཞུགས་གནང་སྟེ། ཚ་བ་དགེ་བཤེས་བྱམས་པ་ལེགས་ལྡན་སོགས་ལ་བསྟེན་ནས་ཡི་གེ་སྦྱོར་ཀློག་དང་ཆོས་སྤྱོད། བསྡུས་གྲྭ་ནས་བཟུང་རྣམ་འགྲེལ་དང༌། ཕར་ཕྱིན། དབུ་མ། འདུལ་མཛོད་བཅས་ལ་མཁས་པར་བསླབས། དགུང་ལོ་སོ་གསུམ་པ་ས་སྤྲེལ་༡༧༨༨ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། ལོ་དེར་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་རྒྱུད་སྨད་མཁན་པོ་མཐུ་སྟོབས་རྒྱ་མཚོ་སོགས་ལ་གཏུགས་ནས་རྒྱུད་སྡེ་རྒྱ་མཚོ་ལ་གསན་བསམ་མཐར་ཕྱིན་པར་མཛད། སྔགས་རམ་པའི་དམ་བཅའ་བཞག རྗེ་སྒྲུབ་ཁང་པ་དགེ་ལེགས་རྒྱ་མཚོ་དང༌། ཀློང་བརྡོལ་བླ་མ་ངག་དབང་བློ་བཟང༌། བཀའ་ཆེན་ཡེ་ཤེས་རྒྱ་མཚོ། ཆབ་མདོ་ལྕགས་རྭ་སྤྲུལ་སྐུ་ངག་དབང་འཕྲིན་ལས་དཔལ་བཟང༌། བྱང་རྩེ་ཆོས་རྗེ་མཐུ་སྟོབས་རྒྱ་མཚོ། བྲག་རི་རྒྱ་མཚོ་མཐའ་ཡས། ཁྲི་ཆེན་ངག་དབང་ཚུལ་ཁྲིམས། བློ་གླིང་མཁན་ཆེན་མཚན་ཞབས་ཐོགས་མེད་རྒྱ་མཚོ་སོགས་དགེ་ལྡན་བསྟན་པའི་སྲོག་རྩ་འཛིན་པའི་སྐྱེས་ཆེན་གསེར་གྱི་རི་བོ་ལྟ་བུ་དུ་མ་སྔ་ཕྱི་རིམ་རྒྱུད་ཀྱིས་ཚུལ་བཞིན་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསན། དགུང་ལོ་ཞེ་དགུ་ཤིང་གླང་༡༨༠༥ལོར་རྒྱུད་པའི་བླ་མ་དབུ་མཛད་གནང༌།

ལོ་དེར་རྒྱུད་པའི་མཁན་པོ་ ཞི་བར་གཤེགས་པས་གློ་བུར་དུ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་འཆད་ཉན་རྒྱ་ཆེར་སྤེལ་ཐོག །འཕན་པོ་སྒྲུབ་རྒྱའི་ཞོགས་ཆོས་ཐོག་གི་རྒྱུད་ཁང་ཉམས་གསོ་དང་དད་ལྡན་ཁག་ལ་ཆོས་བཀའ་རྒྱ་ཆེར་སྩལ་བཞིན་པར་མཁན་པོའི་ལོ་དུས་གཙང་མར་འཁྱོལ་བར་མཛད། དགུང་ལོ་ང་གཉིས་པ་རབ་བྱུང་བཅུ་བཞི་པའི་ས་འབྲུག་༡༨༠༨ལོར་རྒྱུད་ཀྱི་མཁན་ཁྲི་ལས་ཟུར་ནས་ཚེ་སྨོན་གླིང་ཧོ་ཐོག་ཐུ་སྐུ་ཕྲེང་གཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོའི་ཡོངས་འཛིན་དུ་གདན་དྲངས་པ་ལྟར་ཚེ་སྨོན་གླིང་དུ་ཕེབས་ཏེ་གཞུང་ཆེན་ཁག་གི་སློབ་འཁྲིད་རྒྱ་ཆེར་གནང༌།

དགུང་ལོ་ང་ལྔ་པ་ལྕགས་ལུག་༡༨༡༡ལོར་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས་ནས་ལོ་ངོ་བཞིའི་བར་བསྐྱངས། དགུང་ལོ་ང་བདུན་པ་ཆུ་བྱ་༡༨༡༣ལོའི་ཚོགས་མཆོད་སྐབས་ཚེ་སྨོན་གླིང་དུ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་འདི་ཉིད་ཀྱིས། བཙན་པོ་ནོ་མན་ཧན་དང༌། འཇམ་བཞེད་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོ། ཧོར་ཆོས་རྗེ་སྐུ་ཕྲེང་གསུམ་པ་བཅས་ལ་སྣར་ཐང་བརྒྱ་རྩ་དང༌། བ་རི་ལོ་ཙཱ་བའི་སྒྲུབ་ཐབས་བརྒྱ་རྩ། ཡར་ཀླུངས་ལོ་ཙཱ་བ་ནས་བརྒྱུད་པའི་སྒྲུབ་ཐབས་རྒྱ་མཚོ་རྣམས་ཀྱི་རྗེས་གནང་ཡོངས་རྫོགས་གནང་བས་མཚོན་སྔ་ཕྱིར་བཀའ་ལུང་མན་ངག་ཤིན་ཏུ་མང་པོ་གནང༌།

དགུང་ལོ་ང་བརྒྱད་པ་ཤིང་ཁྱི་༡༨༡༤ལོར་ཁྲི་ཆེན་འཇམ་དབྱངས་སྨོན་ལམ་དགའ་ལྡན་ཁྲི་ལ་ཕེབས་ནས་ཟླ་བ་གསུམ་ལས་མ་བཞུགས་པར་ཞི་བར་གཤེགས་པའི་ཚབ་ཏུ་རྗེ་འདི་དགའ་ལྡན་གསར་ཁྲིར་ཕེབས་ནས་དགེ་ལྡན་བསྟན་པའི་རྒྱལ་མཚན་བཤད་སྒྲུབ་ལས་གསུམ་གྱིས་བླ་ནས་བླ་ན་འདེགས་བཞིན་ལོ་ངོ་གཉིས་ཙམ་སོང་བར། དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་བཞི་པའི་མེ་བྱི་༡༨༡༦ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། ཞི་བར་གཤེགས་ཁར་ཞལ་ཆེམས་སུ་ང་ཤི་བའི་རྗེས་གསེར་སྡོང་དངུལ་སྡོང་ཞེས་ངའི་རོ་ལ་མཛེས་ཆས་གང་ཡང་སྤྲོས་མི་དགོས། རྒྱུ་རྫས་གང་ཡོད་ཆོས་ཕྱོགས་སུ་ཐོངས། ཕུང་པོ་དགའ་ལྡན་དབང་བསྐུར་རིར་བྱ་གཏོང་གྱེས་ཞེས་ནན་ཏན་དུ་མངགས་པ་ས། ཞལ་ཆེམས་ལྟར་སྐུ་གདུང་དགའ་ལྡན་དུ་གདན་དྲངས་ནས་བྱ་གཏོར་ཞུས། སྐུ་རུས་ལ་ས་ཚཱ་བཏབ་ནས་ས་འབུམ་བཞེངས་པ་བྲན་ཕུའི་འཇོག་པོ་རི་ཁྲོད་ཀྱི་ཉེ་འདབས་སུ་ཡོད་པར་བཤད། གསུང་ལས་སྐྱེས་པའི་སློབ་མ་ཡང་དགའ་ལྡན་ཁྲི་ཐོག་དོན་གསུམ་པ་ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་དང༌། བཙན་པོ་ནོ་མན་ཧན་དང༌། འཇམ་བཞེད་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོ། ཧོར་ཆོས་རྗེ་སྐུ་ཕྲེང་གསུམ་པ་སོགས་སེར་འབྲས་དང་རྒྱུད་སྨད་ཀྱི་སྐྱེས་ཆེན་ཤིན་ཏུ་མང་པོ་བྱུང་སྣང༌། འདིའི་སྐུ་ཕྲེང་ཕྱི་མ་ནི་ཚ་སྤྲུལ་སྐུ་ཕྲེང་རིམ་བྱོན་རྣམས་ཡིན་ནོ། །ཁྲི་ཆེན་འདིའི་རྣམ་ཐར། ཚེ་སྨོན་གླིང་ཧོ་ཐོག་ཐུ་སྐུ་ཕྲེང་གཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་ཀྱིས་མཛད་པ་རྗེ་བཙུན་བླ་མ་དམ་པ་ཁྲི་ཆེན་རྡོ་རྗེ་འཆང་བློ་བཟང་དགེ་ལེགས་དཔལ་བཟང་པོའི་རྣམ་པར་ཐར་པ་དད་པའི་པདྨོ་འཛུམ་བྱེད་ངོ་མཚར་ཉིན་བྱེད་གསར་པའི་སྣང་བ། ཞེས་པ་དཔར་མ་ལ་ཤོག་གྲངས་ཉི་ཤུ་ཡོད་ཚུལ་དུང་དཀར་ཚིག་མཛོད་དུ་བཤད་ཀྱང་ཁོ་བོས་ད་ཕན་ཞལ་མཇལ་མ་བྱུང༌།

དགའ་ལྡན་ཁྲི་ཐོག་རེ་དགུ་པ་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་རེ་དགུ་པ་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ཡིན། མདོ་ཁམས་ཆ་ཕྲེང་གི་ཡུལ་དུ་ཡབ་ཁམས་པ་བཀྲ་ཤིས་དང༌། ཡུམ་མ་མོ་འཚོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གསུམ་པའི་མེ་བྱི་༡༧༥༦ལོར་འཁྲུངས། དགུང་ལོ་བཅུ་གསུམ་པར་ཆ་ཕྲེང་དགའ་ལྡན་བསམ་འཕེལ་གླིང་དུ་ཞུགས་འདོན་ཆོས་སྤྱོད་ཀྱི་ཐུགས་འཛིན་ལེགས་པར་གྲུབ། དགུང་ལོ་ཉེར་གཅིག་པ་མེ་སྤྲེལ་༡༧༧༦ལོར་གཞིས་དགོན་གཅིག་པའི་གྲྭ་རྒྱུན་ཚོ་དང་མཉམ་དུ་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཤར་རྩེ་རྡོ་ཁང་ཁང་ཚན་དུ་ཆོས་ཞུགས་མཛད་དེ་མཁས་གྲུབ་ཆེན་པོ་ཆོས་དབང་རྒྱ་མཚོ་དང༌། དགེ་བཤེས་ཆོས་འཕེལ་རྒྱལ་མཚན་གཉིས་སྤྱི་ཆོས་དང་སྒེར་ཆོས་ཀྱི་དགེ་རྒན་དུ་བསྟེན་ནས་བསྡུད་ཚད་དང་དབུ་ཕར་འདུལ་མཛོད་བཅས་གཞུང་ཆེན་པོའི་སློབ་གཉེར་དང༌། གསང་སྔགས་ཀྱི་ཆོ་ག་ཕྱག་བཞེས་རྣམས་བྱང་ཆུབ་པར་མཛད། གདོང་གྲལ་གསུང་བཟང་བའི་གྲལ་དུ་ཡང་ལོ་ཤས་བཞུགས། དགུང་ལོ་སོ་གསུམ་པ་ས་སྤྲེལ་༡༧༨༨ལོར་དགེ་བཤེས་གླིང་བསྲེའི་མཚན་བཏགས་བཞེས།

དགུང་ལོ་སོ་བདུན་པ་ཆུ་བྱི་༡༧༩༢ལོར་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། ལོ་དེའི་སྟོན་ཁའི་ཆོས་ཐོག་སྐབས་རྒྱུད་སྟོད་དུ་ཞུགས་ནས་ལོ་ངོ་བདུན་བར་གསང་སྔགས་ཀྱི་སློབ་གཉེར་དང༌། བླ་མ་དགེ་བའི་བཤེས་གཉེན་མང་པོ་ལས་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན། དགུང་ལོ་ཞེ་བཞི་པ་ས་ལུག་༡༧༩༩ལོར་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས། དགུང་ལོ་ཞེ་དྲུག་པ་ལྕགས་བྱ་༡༨༠༡ལོར་མཁན་པོའི་ཁྲིར་ཕེབས། སྐབས་དེར་བླ་མ་དབུ་མཛད་སྒྲུབ་ཁང་རིན་པོ་ཆེ་དང༌། རྒྱུད་པའི་དགེ་འདུན་བགྲེས་པ་རྣམས་དང་ལྷན་རྒྱས་ཐེངས་མང་གྲོས་བསྡུར་མཛད་པའི་རྨང་གཞིའི་ཐོག ད་ཡོད་སྒྲིག་ཡིག་ཆེན་མོ་གཏན་འབེབས་གནང༌།

དགུང་ལོ་ང་ལྔ་པ་ལྕགས་རྟ་༡༨༡༠ལོར་ཤར་པ་ཆོས་རྗེའི་ཁྲིར་ཕེབས། དེའི་ཕྱི་ལོར་ཏཱ་འི་བླ་མ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས། ཆུ་བྱ་ལོ་ྋརྒྱལ་དབང་མཆོག་གི་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་སྐབས་དུས་བསྒོ་བ་མཛད། ྋརྒྱལ་དབང་མཆོག་ལ་གསན་བསམ་གྱི་ཞབས་བསྐུལ་ནན་ཆེར་མཛད་པས་ྋརྒྱལ་དབང་དེ་ཉིད་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེས་ཁྱད་དུ་འཕགས་པ་ཞིག་འབྱུང་བར་གདོན་མི་ཟ་ཡང༌། སྐྱེ་རྒུའི་བསོད་ནམས་ཀྱིས་མ་འཆུན་པར་ཤིང་ཕག་ལོར་ཞིང་བརྗེས་པའི་སྐུ་གདུང་གི་སྲི་ཞུ་དང༌། སྒྲུབ་མཆོད་ཀྱི་རྡོར་སློབ་མཛད་ཅིང༌། གཞུང་སའི་བཀའ་བཞིན་ཆོས་འཁོར་རྒྱལ་གྱི་མགོན་ཁང་གཏོར་བརྗེས་ལ་ཕེབས་ཏེ་འོལ་ཁ་ཁུལ་གྱི་དགོན་སྡེ་ཁག་ལའང་མང་འགྱེད་སོགས་བསྙེན་བཀུར་མཛད།

ཆོས་འཁོར་རྒྱལ་གྱི་དགོན་པར་རབ་བྱུང་བསྙེན་རྫོགས་སོགས་འདོད་ཆོས་མང་དུ་སྩལ། སྐབས་ཤིག་ཏུ་རྒྱལ་ཚབ་དེ་མོ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་རིན་པོ་ཆེས་རྣམ་རྒྱལ་གྲྭ་ཚང་དང་བསྟན་རྒྱས་གླིང་གྲྭ་ཚང་གཉིས་ལ་འཇིགས་བྱེད་དབང་ཆེན་སྩལ་དགོས་ཞེས་གསུངས་པ་ལྟར། རྭ་སྒྲེང་ཁྲི་ཆེན་བསྟན་པ་རབ་རྒྱས་དང་ཁྲི་ཆེན་ངག་དབང་སྙན་གྲགས་སོགས་ཀྱི་དྲུང་ནས་ཕྱག་ལེན་དོགས་དཔྱོད་དཔྱིས་ཕྱིན་པར་མཛད་དེ། ཕྱག་ལེན་འཕྱུགས་པ་མེད་པའི་སྒོ་ནས་འཇིགས་མཛད་རྡོ་རྗེའི་དབང་བཞི་བསྐུར་བ་མཛད་ཅིང༌། བསྟན་རྒྱས་གླིང་དུ་གནང་སྐབས་རྒྱལ་ཚབ་དེ་མོ་རིན་པོ་ཆེས་ཀྱང་གྲྭ་ཤག་ཅིག་ཏུ་བཞུགས་ནས་མངོན་ཆུང་གིས་གསནཔར་མཛད། ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་རྒྱལ་ཚབ་དེ་མོ་རིན་པོ་ཆེའི་དྲུང་དུ་མཇལ་ཁར་ཕེབས་སྐབས་བཀའ་ལས་དགའ་ལྡན་ཁྲི་རིན་པོ་ཆེ་དགོངས་ཞུ་མཛད་སོང་བས་ད་ཆ་སྐུ་ཉིད་དགའ་ལྡན་གསེར་ཁྲིར་ཕེབས་དགོས། སྔར་ལམ་མགྲོན་གཉེར་བཏང་ནས་ཞུ་སྲོལ་འདུག་ཀྱང་ད་རེས་འདི་གར་ཕེབས་པ་རྟེན་འབྲེལ་འགྲིགས་པས་ང་རང་གིས་ཞུ་རྒྱུ་ཡིན་གསུངས་ནས་མཇལ་དར་ཨ་ཤེ་དྲི་བྲལ་ཞིག་གནང་ནས་དགའ་ལྡན་ཁྲི་པ་མཛད་དགོས་གསུངས་པར། གནས་སྐབས་མཐུན་རྐྱེན་སོགས་གྲ་འགྲིག་མིན་གྱིས་ཟླ་ཤསཔར་འགྱངས་ཡོང་བར་ཞུས་ཀྱང༌། ཁྲི་འདོན་གྱི་ཞབས་ཕྱི། ཆིབས་པ། རྒྱུ་དངོས་སོགས་ཇི་དགོས་འདི་ནས་གྲ་འགྲིགས་པ་བཟོ་ཆོག་པས་འཕྲལ་དུ་ཁྲི་འདོན་མཛད་དེ་རྭ་ཆེ་སྨོན་ལམ་དང༌། སྨོན་ལམ་ཆེན་མོ་གཉིས་ཀའི་ཚོགས་དབུར་ཕེབས་ཐུབ་པ་ཞིག་གནང་དགོས་ཞེས་བཀའ་ཕེབས་པ་དང༌། དེ་མཚུངས་ཞབས་པད་བཤད་སྒྲ་བས་ཀྱང་ཉེར་མཁོ་གང་དགོས་གྲ་སྒྲིག་བྱ་འཐུས་ཞུས་པ་བཞིན།

དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕག་༡༨༡༥ལོའི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་བཞིའི་ཉིན་དགའ་ལྡན་དུ་གསེར་ཁྲིར་ཞབས་སོར་བཀོད་དེ་ཁྲི་འདོན་མཛད། གསེར་སྡོང་ཆེན་མོའི་མདུན་དུ་སྨོན་ལམ་ཆེན་མོའི་སྐབས་ལྟར་གྱི་ལྗགས་བསྔོ་བསྟན་འབར་མ་དང་བདེ་སྨོན་སོགས་གསུངས། དེ་སྐབས་རྭ་སྒྲེང་རྡོ་རྗེ་འཆང་གི་མཚན་དེ་གོང་མ་ཞིང་གཤེགས་ཀྱི་གྲལ་དུ་ཐལ་བ་སྐབས་དེར་ཞལ་ནོར་བ་ལྟ་བུར་མངོན་ཡང༌། དོན་དུ་རྭ་སྒྲེང་རྡོ་རྗེ་འཆང་ཕྱི་ལོ་རིང་མིན་ཞིང་གཤེགས་པར་འགྱུར་བ་ཐུགས་ཀྱིས་མཁྱེན་པར་གོར་མ་ཆག ལྷ་ས་ནས་ཆིབས་བསྒྱུར་མ་མཛད་གོང་སྐུ་གཟུགས་མི་བདེ་བ་རྒྱུན་རིང་བྱུང་ཡང༌། གསེར་ཁྲིར་ཕེབས་རྗེས་བསྙུན་ཚུལ་གཞི་མེད་དུ་དྭངས་པར་གྱུར་ཅིང༌། རྭ་ཆེ་སྨོན་ལམ་དང་མེ་བྱི་ལོའི་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཕེབས། སྨོན་ལམ་སྐབས་སྔར་སྲོལ་བཞིན་གསུང་ཆོས་རྭར་སྐྱེས་རབས་སོ་བཞི་པ་དང༌། ཚོགས་མཆོད་སྐབས་བཀའ་གདམས་བུ་ཆོསི༷་བཤད་ལུང་སྩལ་ཞིང་ཉིན་གུང་གི་སྨོན་ལམ་ལ་ཆག་མེད་ཕེབས། ཚོགས་བར་རྣམས་སུ་དད་འདུན་སེར་སྐྱ་དྲག་ཞནདུ་མར་འདོད་ཆོས་རབ་བྱུང་བསྙེན་རྫོགས་སོགས་བར་མེད་དུ་སྩལ་བར་མཛད། དབྱར་ཐོག་རིང་དགའ་ལྡན་དུ་ཕེབས་ནས་གཏན་བཞུགས་མཛད་དེ་ལམ་རིམ་སོགས་འདོད་ཆོས་ཅི་རིགས་གནང༌། རྭ་སྒྲེང་རྡོ་རྗེ་འཆང་ཞིང་བརྗེས་པའི་སྐུ་གདུང་མདུན་མཆོད་འབུལ་རྒྱ་ཆེར་མཛད་དེ་ཐུགས་སྨོན་ཡུན་རིང་གནད་སྨིན་གནང༌། མ་ཟད་འདི་ལོ་བསྟན་སྲིད་ཀྱི་གེགས་དབང་གིས་བསམ་ཡས་གཙུག་ལག་ཁང་ཞུགས་ཀྱིས་གནོད་པས་འཇིག་པར། གཞུང་གནས་ནས་ཨར་ཆོག་དང་སྦྱིན་སྲེག །ཁྲུས་སོལ་མཛད་པར་ཕེབས་དགོས་ཞུས་པ་ལྟར། ཇོ་བོ་བྱང་ཆུབ་ཆེན་པོའི་སྐུ་མདུན་དུ་ཕེབས་པའི་ཚེ། བསམ་ཡས་ཆོས་སྐྱོང་ཡང་ཁོ་གཞུགས་ཀྱིས་ཇོ་བོའི་སྐུ་པང་དུ་འཛེགས་ཇོ་བོའི་ཐུགས་ཀར་ཏག་ཏག་བཏང་སྟེ། རྡོ་སྐུ་རང་བྱོན་ཆེན་པོ་ཐུགས་ཀར་མ་ཉམས་པར་བཞུགས་ཡོད་ཅེས་དང༌།

རྗེ་འདི་ཉིདལ་དགྱེས་ཉམས་ཆེན་པོས་འཇམ་མགོན་ཙོང་ཁ་པའི་ཁྲི་འཛིན་སློབ་དཔོན་འདིར་བྱོན་པ་ལེགས་ཚོགས་ཆེ་ཞེས་གསུངས། དེ་གར་གཞུང་སའི་བཀའ་བཞིན་ཨར་ཆོས་སོགས་མཛད་སྒོ་རྣམསབསྐྱངས་རྗེས་ལྷ་ལྡན་དུ་ཕྱིར་ཕེབས། དེ་བཞིན་མེ་གླང༌། ས་སྟག །ས་ཡོས། ལྕགས་འབྲུག། ལྕགས་སྦྲུལ། ཆུ་རྟ་བཅས་པར་གནམ་ལོ་གསར་མཚམས་རྭ་མོ་ཆེའི་སྨོན་ལམ་དང༌། ལྷན་ལྡན་སྨོན་ལམ་ཆེན་མོའི་མཛད་སྒོ། དབྱར་གནས་སྐབས་དགའ་ལྡན་དུ་ཕེབས་ནས་འཆར་ཅན་ལམ་རིམ་སོགས་འདོད་ཆོས་སྩལ་བ་དང༌། དགུན་ཐོག་རྩེ་པོ་ཏ་ལར་ཐུགས་དམ་བཅད་རྒྱར་བཞུགས་པ་སྔར་ལྷག་ཡར་ལྡན་གྱི་ཚུལ་དུ་བསྐྱངས། ས་ཡོས་བསྟན་འགྲོའི་གེགས་དབང་བདོ་བས་རྒྱལ་ཚབ་དེ་མོ་རིན་པོ་ཆེ་དག་ཞིང་དུ་ཕེབས་པར་ཐུགས་ངལ་ཚད་མེད་ཀྱིས་གདུང་མཇལ་མཆོད་སྨོན་རྒྱ་ཆེར་མཛད།

སྲིད་སྐྱོང་གསར་བ་ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ་ལའང་ལེགས་སྐྱེས་མཇལ་འབུལ་སོགས་མཛད། བསམ་ཡས་གཙུག་ལག་ཁང་ཉམས་གསོ་ཕལ་ཆེར་གྲུབ་པའི་རབ་གནས་ལ་རྒྱུད་སྟོད་ཚོགས་ཡོངས་ཐོག་རྗེ་འདི་ཉིད་ལ་སློབ་དཔོན་དུ་ཕེབས་དགོས་གཞུང་ས་ནས་བཀའ་གནང་བ་ལྟར་ཆིབས་བསྒྱུར་གྱིས་རབ་གནས་དང་མཆོད་སྨོན་རྒྱ་ཆར་མཛད། ལྕགས་འབྲུག་ལོ་སྲིད་སྐྱོང་ཚེ་སྨོན་གླིང་གི་བཀའ་ཕེབས་སུ་སྔར་རྭ་སྒྲེང་རྡོ་རྗེ་འཆང་ཞིང་གཤེགས་རྗེས་ལོ་རེ་འཆར་ཅན་བཀའ་ཆོས་ཆེན་མོ་གནང་མཁན་མ་བྱུང་བས། རྗེ་འདི་ཉིད་ལ་ལོ་འདི་ནས་བཟུང་འཆར་ཅན་བཀའ་ཆོས་ཆེན་མོ་རེ་གནང་དགོས་གསུངས་པ་བཞིན་ལོ་དེར་བཞི་སྡེའི་གྲ་ཁང་དུ་ལམ་རིམ་གསེར་ཞུན་མའི་བཤད་ལུང་གནང༌། ལྕགས་སྤྲུལ་ལོ་ཧོར་ཟླ་ལྔ་པར་ཕྱག་དཔེ་ལྗགས་ཀློག་མཛད་མུར་གློ་བུར་དུ་སྤྱན་འགྲིབ་པས་ཐུགས་དགོངས་ལ་མི་ལོང་ནའང་དགེ་སྦྱོང་འཕེལ་བའི་རྒྱུ་ཡང་ཤས་ཆེ་དགོངས་པ་ལས་ཐུགས་བློ་མི་བདེ་བ་གང་ཡང་མ་བྱུང་གསུངས་པ་དང༌། དུས་ཕྱིས་སྤྱན་རིམ་གསལ་དུ་སོང་བ་བླ་མ་དཀོན་མཆོག་གི་ཐུགས་རྗེ་ཁོ་ནར་ངེས་པ་རསྙེད་གསུངས་ཏེ། བཟང་ངན་སྐྱིད་སྡུག་རོ་མཉམ་པར་ཁྱེར་ཤེས་པ་ནི་ཟླ་མེད་སེམས་དཔའ་ཆེན་པོའི་རྣམ་པར་ཐར་པའོ། །དེ་སྐབས་སྤྱན་མི་གསལ་བའི་ཚུལ་བཞེས་ལ་ཕྱག་མཛོད་གསར་པ་གཟིམ་ཟུར་བྱམས་པ་ཆོས་འཕེལ་ནས་ད་ཆ་ཁྲི་པ་དགོངས་ཞུ་མཛད་སྐུ་མི་བསྙྙེལ་བ་ཡོང་བ་འདུག་ཞུས་པར། ད་ཁོ་བོ་ལོ་གཅིག་གི་བཀའ་ལས་ལ་འཛེམས་རྒྱུ་མི་འདུག་ཁྲི་ལོ་མཐར་འཁྱོལ་པ་ཞིག་བྱ་རྒྱུ་ཡིན་གསུངས།

འདི་ལོ་དབྱར་གནས་སྐབས་ཁྲི་པ་རིམ་བྱོན་གྱི་སྔོན་སྲོལ་ལྟརཡངས་པ་ཅན་དུ་དངུལ་གདུང་གསར་བཞེངས་ཀྱི་རིམ་པའང་མཛད། ཆུ་རྟ་༡༨༢༢ལོར་རྒྱལ་ཚབ་ཚེ་སྨོན་གླིང་གི་མདུན་ནས་ཡོས་འཛིན་དགོངས་འཁྲོལ་བྱུང་བ་དང༌། དེ་བཞིན་དགའ་ལྡན་ཁྲི་པའི་མཛད་རྣམས་ཀྱང་ལེགས་གྲུབ་ཀྱིས་ཉང་བྲན་ཆུ་བཟང་རི་ཁྲོད་རང་དུ་གཏན་བཞུགས་ཀྱིས་ཐུགས་དམ་ཉམས་བཞེས་འབའ་ཞིག་གནང་བཞེད་ཀྱིས་དེ་ནས་གཟིམ་ཤག་ཀྱང་གསར་དུ་སྤུས་གཟིགས་མཛད་དེ་ཟླ་པ་བཞི་པར་ཆུ་བཟང་དུ་ཕེབས། དེ་ནས་ཧོར་ཟླ་ལྔ་པར་དགའ་ལྡན་དུ་ཕེབས་ཏེ་ཚོགས་ཆེན་གྲྭ་ཚང་ཁག་ལ་བསྙེན་བཀུར་དང༌། ཁྲི་པ་གསར་པ་རྗེ་ངག་དབང་ཆོས་འཕེལ་ཁྲི་འདོན་གནང་ཁར་རྗེ་ཉིད་བཤད་སྒྲ་བླ་མའི་གཟིམ་ཤག་ཏུ་སྤོ་བར་མཛད་དེ་ཡངས་པ་ཅན་དང༌། ཁྲི་ཐོག་ཁང་སོགས་ཀྱི་རྟེན་བརྟེན་པ་རྣམས་ཁྲི་པ་གསར་པར་རྩིས་སྤྲོད་ཟིན་མཚམས་དགའ་ལྡན་ནས་ཆུ་བཟང་དུ་ཕེབས། །ཆུ་ལུག་ལོ་སྨོན་ལམ་ཆེན་མོལ་ཡང་མང་འགྱེད་དང་ྋརྒྱལ་དབང་མཆོག་ལ་བརྟན་བཞུགས་རྒྱ་ཆེན་བསྟར་འབུལ་མཛད། ཟླ་བ་གསུམ་པར་ཁྲི་ཆེན་ངག་དབང་སྙན་གྲགས་སྐུ་ན་མཐོ་ཁར་བསྙུན་གཞི་ལྕི་བས་གསོལ་ཆས་དང༌། ཞལ་གསུང་རིགས་མ་གནང་བར་བརྟེན་རྗེ་འདི་ཉིད་གདན་ཞུ་བྱུང་བ་ལྟར་འཕྲལ་དུ་ཕེབས་ནས་ཞབས་པད་བརྟན་པའི་གསོལ་འདེབས་མཛད་ཀྱང༌། ཕྱག་ཐལ་མོ་སྦྱོར་བ་ཙམ་ལས་ཅི་ཡང་མི་གསུངས། དེ་ནུབ་ནས་སྐུ་ཚེའི་ཚེ་སྒྲུབ་དང༌། ཚེ་དབང་འབུལ་བ་སོགས་ཡང་ཡང་ཛད་པས་བཀའ་ལན་ཐོར་བུ་རེ་ཕེབས། ཞབས་པད་བརྟན་པའི་གསོལ་འདེབས་ནན་ཏན་མཛད་པས། སླར་སྐུ་ཚེ་བྱིན་གྱིས་བརླབས་ནས་རིམ་དྭངས་སུ་གྱུར་ཏེ་ལོ་གཅིག་ཙམ་བཞུགས་ཏེ་དག་ཞིང་དུ་གཤེགས་པའི་ཐུགས་དམ་གསལ་འདེབས་ཀྱི་རིམ་པ་རྗེ་འདི་ཉིད་ཀྱིས་མཛད། གདན་ས་སེ་འབྲས་གཉིས་སུ་ཕེབས་ཏེ་ཚོགས་ཆེན་གྲྭ་ཚང་སོགས་ལ་མང་འགྱེད་བསྙེན་བཀུར་མཛད། རྣམ་རྒྱལ་གྲྭ་ཚང་ནས་རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་སྐུ་བརསྙན་གསར་བཞེངས་ཀྱི་གཟུངས་འབུལ་རབ་གནས་གདན་ཞུས་ལྟར་ཕེབས།

བདེ་མཆོག་བོང་ཞལ་ཅནའདི་སྔར་རྭ་སྒྲེང་རྡོ་རྗེ་འཆང་ལ་ཞལ་གཟིགས་ནས་སྔར་ང་ལ་བདག་སྤྲོད་བྱ་མཁན་མང་ཡང་ད་མི་འདུག་ཅེས་གསུངས་པ་དང༌། དེ་རྗེས་རྒྱལ་བ་ལུང་རྟོགས་རྒྱ་མཚོར་ཡང་ཡང་ཞལ་གཟིགས་པ་སོགས་ལ་བརྟེན་ནས་རྟ་ཚག་རིན་པོ་ཆེ་དང༌། ཡོངས་འཛིན་རྒྱལ་སྲས་རིན་པོ་ཆེ་རྣམ་གཉིས་ཀྱིས་འདིའི་དབང་རྒྱུན་ཁུངས་དག་རྩད་གཅོད་རྒྱ་ཆེན་མཛད་ཀྱང་སྐབས་སུ་མ་འཁེལ། དྭགས་པོ་སྤྲུལ་སྐུར་མཚུར་ཕུ་དང༌། ས་སྐྱ་སོགས་ལ་འདི་བཞེས་པར་ཕེབས་དགོས་ཀྱི་བཀའ་རྒྱ་གནང་ནས་ལྷ་སར་ཕེབས་རུང་སྟབས་མ་འགྲིགས་པས་དབང་རྒྱུན་བཞེས་རྒྱུ་མ་བྱུང༌། རྗེས་སོར་ཡོངས་འཛིན་ངག་དབང་སྙན་གྲགས་རིན་པོ་ཆེས་ཁལ་ཁ་མཁན་ཆེན་བློ་བཟང་ཚེ་དབང་སྐྱབས་མཆོག་གཙང་ཕྱོགས་སུ་ཕེབས་ཁར་ཁྱོད་ཀྱི་ས་འདིའི་དབང་ཆེན་ཁུངས་དག་ཅིག་འདུག་ན་ཞུ་དགོས་ཞེས་མངགས་གདམས་ནན་གྱིས་མཛད་པར་བརྟེན། དེས་གཙང་ཕྱོགས་ནས་ཞུས། དེ་ལ་ཡོངས་འཛིན་ཁྲི་ཆེན་ངག་དབང་སྙན་གྲགས་དང་རྗེ་འདི་ཉིད་ནས་ཞུ་བར་མཛད། རྗེ་འདིས་ད་རེས་གཞན་ལ་ཅུང་ཟད་སྤེལ་ཐུབ་ན་བསྟན་རྒྱུན་ལ་ཕན་པར་དགོངས་ནས་བསྙེན་པ་གནང་ཞིང་དབང་ཆེན་འདི་ཚར་གཉིས་གནང་བར། དེ་སྐབས་ཡོང་མཁན་གང་ཡོད་ལ་བཀག་ཆ་མེད་པར་གནང་བ་དང༌། འདི་ཡི་སྒྲུབ་དི༷ལ་ས་སྐྱའི་བླ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པར་འཕྲི་བསྣོན་གནང་བའི་འདོན་བསྒྲིགས་ཀྱང་བཀའ་རྩོམ་དང་དཔར་དུའང་བརྐོ་བར་མཛད། འདིའི་དབང་དངོས་གཞིའི་སྒྲུབ་ཆོག་ཚུགས་སྐབས་ནམ་མཁའ་སྔོ་སངས་ཡིན་ཡང༌། བདག་འཇུག་ཚུགས་པ་དང་ཁ་བ་བབས་ཏེ་ས་གཞི་ཐམས་ཅད་སྐྱ་ཆེམ་མེར་གྱུར། དེ་ནས་སློབ་མར་དབང་བསྐུར་བའི་འགོ་ཚུགས་པ་ནས་ཁ་བ་སིབ་སིབ་བབས་པ་སོགས་རྟེན་འབྲེལ་ལེགས་པར་བྱུང༌།

ཤིང་སྤྲེ་༡༨༢༤ལོར་ཟླ་བ་ལྔ་པར་དགའ་ལྡན་རྡོ་ཁང་ཁང་ཚན་གྱི་གཙུག་ལག་ཁང་གསར་བཞེངས་ཀྱི་རབ་གནས་རྒྱས་པ་དང༌། གསེར་སྡོང་རིན་པོ་ཆེའི་མདུན་མཆོད་འབུལ་སྨོན་ལམ་མཛད་པར་དགའ་ལྡན་དུ་ཕེབས། དགའ་ལྡན་ཆོས་རྒྱལ་ཁང་གི་དམ་ཅན་ཆོས་རྒྱལ་གྱི་དབུ་གཙུག་ཏུ་སྔར་རྡོ་རྗེ་རྩེ་ལྔ་པ་ཞིག་ཡོད་འདྲ་ཡང་བར་སྐབས་ཤིག་ནས་མི་འདུག་པ། ད་ལམ་རྡོ་རྗེ་ཞིག་འབུལ་འགབ་མཆིས་མིན་བརྟག་པ་མཛད་པར་ཕུལ་ན་ལེགས་ཞེས་བབས་པར། སྨན་འདམ་ལ་རྗེ་བླ་མའི་དབུ་ལོ་ན་བཟའ་འཕེལ་གདུང་སོགས་བསྲེས་ཏེ་རྡོ་རྗེ་ནག་པོ་རྩེ་ལྔ་པ་ཞིག་གསར་བཟོ་མཛད་པ་ལ་རབ་གནས་ལེགས་པར་གནང་ནས་དབུ་གཙུག་ཏུ་སྔར་ཤུལ་འདུག་པ་དེར་ཕུལ། གསེར་སྡོང་མདུན་སྟོང་མཆོད་དང་ཚོགས་ཆེན་གྲྭ་ཚང་སོགས་ལ་མང་འགྱེད་སྤྱི་འཇོག་སོགས་རྒྱ་ཆེར་འབུལ་བར་མཛད།

དེ་སྐབས་དགའ་ལྡན་དུ་ཚད་རིམས་ཕྲན་བུ་འདུག་པར་ཤར་རྩེའི་ཆོས་གྲྭར་ལོ་གྱོན་མའི་རྗེས་གནང་སྩལ་བས་མི་འགྱངས་པར་རིམས་ནད་ཞི་བར་གྱུར། དེ་ནས་ཆུ་བཟང་དུ་ཕེབས་ཏེ་སྤང་ལུང་བླ་མ་རིན་པོ་ཆེ་བློ་བཟང་ཐུགས་རྗེ་འདི་ལོ་ཟླ་བ་དང་པོ་ནས་བཟུང་སྐུ་ཁམས་བདེ་མིན་བྱུང་བ་རིམ་གྱིས་ཇེ་ལོད་དུ་གྱུར་པ་ན། ཟླ་བ་དགུ་པའི་ནང་སྔ་དྲོ་ནམ་ཟིན་ལ་རྗེ་འདི་དཔོན་གཡོག་གཉིས་བཅས་སྤང་ལུང་དུ་ཕེབས་ནས་ཞག་གསུམ་བཞུགས། བླ་མ་རིནཔོ་ཆེ་དེ་ཉིད་དགོངས་པ་གཞན་གཏད་ཟིན་གྱིས་སྐུ་ཆས་གང་ཡོད་བསོད་ནམས་ཀྱི་ཞིང་སར་གཏོང་བཞེད་འདུག་པར། རྗེའདིས་ཀྱང་དེ་བཞིན་ལེགས་ཚུལ་དང་རོགས་བྱེད་མཁན་བཏང་རྒྱུའི་གསུང་འཕྲོས་གནང་སྟེ། ཕེབས་ཁར་སྐུ་ཚེ་འདིར་ཡང་སྐྱར་མཇལ་བ་མི་འདུག་སྙམ་ཐུགས་འཕྲེང་བཞིན་དུ་བྱོན། དེ་ནས་རིང་མིན་སྤང་ལུང་བླ་མ་དེ་ཉིད་ཀྱིས་ཞལ་བཀོད་མཛད་དེ་བླ་སྤྲུལ་ཡོངས་ལ་བསྔོ་རྟེན་རྒྱ་ཆེར་འབུལ་གནང་དང༌། མཐར་སྐུ་གདུང་བཞུ་བའི་ཡོ་བྱད་དང་ཆོག་གྲྭ་བའི་སྐུ་ཡོན་ཚུན་ཆད་ཞལ་བཀོད་གནང་སྟེ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས། དེ་མོ་མཆོག་སྤྲུལ་རིན་པོ་ཆེ་གདན་ཞུ་ཁྲི་འདོན་གྲུབ་པ་དང༌། ཛ་སག་བླ་མ་བློ་བཟང་བསྟན་པས་སྙན་བསྐུལ་ཞུས་པ་ལྟར་ཐོག་མར་དགའ་ལྷའི་འཁྲིད་ལུང་དང་དགེ་བསྙེན་གྱི་སྡོམ་པ་སྩལ་བ་ནས་དབུ་བརྩམས་རིམ་བཞིན་ཆོས་བཀའ་མང་དུ་སྩལ། ཟླ་བ་བཞི་པར་རྣམ་རྒྱལ་གྲྭ་ཚང་གི་གྲྭ་གྲངས་བཞི་བཅུ་སྐོར་ནས་གསང་བདེ་འཇིགས་གསུམ་གྱི་དབང་ཆེན་གནང་དགོས་ཞུས་པ་བཞིན་སེ་འབྲས་རྒྱུད་གྲྭ་སོགས་ཚོགས་པ་ཉིས་སྟོང་ཙམ་ལ་རྒྱས་པར་སྩལ། སྐབས་དེར་དབང་ཆེན་རེ་རེ་བཞིན་སྟ་གོན་སོ་སོར་བྱེད་པ་ལས་གཅིག་འཐུས་མི་ཆོག་ཆེས་བཀག་སྡོམ་ནན་ཏན་མཛད།

བདེ་མཆོག་དབང་གི་སྐབས་བར་ཆད་ཀྱི་རྣམ་པས་གློབུར་དུ་གསུང་ཅུང་ཟད་འགག་པ་བླ་ལྷར་ཡིད་ཀྱིས་གསོལ་འདེབས་མཛད་པས་འཕྲལ་དུ་སངས། སྔགས་དབང་གི་སྐབས་བཅོམ་ལྡན་འདི་ལ་སྩལ་ལགས་ཞེས་མེ་ཏོག་འཐོར་བ་དང་དུས་མཚུངས་པར་ནམ་མཁའ་ནས་ཆར་པ་འབྲུ་ནས་འཐོར་བ་འདྲ་བ་ཞིག་བབས་ཤིང་དེ་མ་ཐག་ཆད་པས་ཚང་མ་ཡ་མཚན་དུ་གྱུར། སུམ་མདོ་བླ་མར་དུག་དབང་བསྐུར་བས་སྔར་དུག་རོ་ཞིག་ཡོད་པ་དབང་ཞུས་པའི་ནུབ་མོ་བཤལ་སྐྱུགས་ཀྱིས་དུག་རོ་ཐོན་པ་བྱུང༌། མེ་ཁྱི་༡༨༢༦ལོའི་འཆར་ཅན་གསུང་ཆོས་བཞི་སྡེའི་གྲྭ་ཁང་དུ་བླ་མ་མཆོད་པའི་བཀའ་འཁྲིད་སྩལ་བར་བླ་མེད་ཀྱི་དབང་མ་ཐོབ་ན་ཡོང་མི་ཆོག་ཅེས་ཡི་གེ་སྦྱར་བར་མཛད་ཀྱང་ཚོགས་པ་ལོ་རེ་ལས་ཆེ་བས་འདུ་ཁང་གི་སྟེང་ཤོད་ཐམས་ཅད་ཁེངས་པ་དང༌། འདིལོ་ནས་བཟུང་སེམས་བསྐྱེད་མཆོད་པའི་སྐབས་འདུ་ཁང་དུ་ཤོང་བར་རྡོ་གཅལ་དུ་མི་གནང་དགོས་པ་བྱུང༌། སྐབས་འདིར་དབང་མ་ཐོབ་པ་དང་དམ་ཚིག་གཙང་མིན་སྣ་ཚོགས་ཡོད་པར་ངེས་ཀྱང༌། ཚོགས་པ་འདི་ཙམ་ནང་འགའ་ཞིག་ལ་ཕན་པ་སྲིད་པས་སྐུ་ཚེའི་བར་གཅོད་དང༌། ཉེས་པ་སོགས་ཇི་ལྟར་བྱུང་ཡང་བཟོད་སྙམ་པའི་བདག་གཞན་མཉམ་བརྗེའི་ཐུགས་བསྐྱེད་ཀྱི་སྒོ་ནས་གསང་སྔགས་ཀྱི་ཟབ་བཤད་ཀྱང་མང་དུ་མཛད་པས། སྐུ་འཁྲུགས་ཀྱི་རྣམ་པས་མགུལ་གློ་རྒྱག་པ་སོགས་ཀྱིས་གསུང་ཆོས་འཆད་དཀའ་བ་ཇི་ལོད་དུ་གྱུར།

དེར་ཞབས་ཕྱི་དང་སློབ་མ་འགས་བར་ལམ་སྐུ་གཟུགས་འཁྲུགས་ཆེས་པས་རབ་བཀའ་ཆོས་གྲོལ་ན་དང༌། དེ་མིན་ཞག་ཤས་ཆོས་མཚམས་བཞག་ན་ཞེས་ཡང་ཡང་ཞུས་ཀྱང་ཆོས་བཤད་ནས་གཟུགས་གཞི་འཁྲུགས་ཏེ་ཤི་ཡང་འགྱོད་པ་མེད་ཅིང༌། དགེ་བཤེས་པོ་ཏོ་བ་ཡང་ཆོས་འཆད་བཞིན་པར་ཁྲི་ཐོག་ནས་གཤེགས་པ་ཡིན། ང་ཡང་དེ་འདྲ་བྱུང་ན་སྐུལ་བ་བཟང་ཞེས་གསུངས་པ་བཞིན་མཐར་བསྐྱེལ་མཛད། གསུང་ཆོས་གྲོལ་ནས་གདན་ས་གསུམ་སོགས་སུ་ཞབས་བརྟན་རིམ་གྲོ་རྒྱ་ཆེར་བསྒྲུབས་པ་དང༌། རྒྱལ་དབང་ཐམས་ཅད་མཁྱེནཔ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནས་མཇལ་དར་དང་བཅས་སྐུ་ཁམས་མྱུར་དུ་དྭངས་པའི་ཐུགས་བསྐྱེད་མཛད་དགོས་ཞུས་པ་སོགས་ཀྱིས་སྐུ་ཁམས་གཞི་མེད་དུ་དྭངས།

ལོ་འདིར་ཆར་པ་ཤིན་ཏུ་དཀོན་གཤིས་གཞུང་གནས་ནས་ཆར་འབེབས་མཛད་དགོསབཀའ་ཕེབས་པ་བཞིན་འཇའ་ཚོན་ཆུ་མིག་ཡོད་སར་ཆིབས་བསྒྱུར་གྱིས་དམིགས་བརྩེ་མའི་སྒོ་ནས་ཆར་འབེབས་རླུང་གནོན་སོགས་མན་ངག་ལྟར་མཛད་པས་ཆར་བ་འབབ་ཉེའི་མཚམས། རླུངདྲག་པོས་སྐུད་ཅིག་ལ་གཏོར་བར། དེ་སྐབས་རྒྱུད་སྟོད་གྲྭ་པ་འགའ་ཞིག་ནས་ཞུས་ངོར་ཚོགས་པ་སྟོང་ཕྲག་གཉིས་ཙམ་ལ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཆེན་སྩལ་བར་སྟ་གོན་གྲུབ་པའི་དགོང་མོ་བླ་སློབ་ཐུན་མོང་དུ་ཆོས་རྒྱལ་ལ་དྲུག་ཅུ་མ་ཕུལ་ནས་འཕྲིན་བཅོལ་མཛད་པས། དེའི་ནུབ་མོ་ནས་སང་དབང་དངོས་གཞི་ཚུགས་ཁའི་བར་ཆར་བ་ལེགས་པར་བབས། བཀའ་ཆོས་ཚུགས་པའི་རིང་ཆད་ཅིང༌། བཀའ་ཆོས་གྲོལ་གྲབས་ཡོད་པ་ནས་བབས་ཏེ་ནམ་བསྐྱལ། དེ་ནས་ཆར་རྒྱུན་ལེགས་པར་བབས་པ་སྟེ། ཆོས་སྲུང་བྲན་དུ་འཁོལ་བའི་ལྟས་སུ་མངོན། རྗེ་འདི་ཉིད་ཀྱིས་གསུང་ཆོས་སྩལ་སྐབས་གསུང་བཤད་རྒྱས་བསྡུས་ཇི་ལྟར་མཛད་རུང༌། ནང་གི་ཉམས་མྱོང་གི་སྟེང་ནས་མཛད་པས་སྐབས་དེའི་སློབ་མ་རྣམས་ཀྱི་ཤེས་རྒྱུད་འཁུལ་ཚབས་ཆེ་བ་མ་ཟད། གཅིག་ནས་གཅིག་ཏུ་བརྒྱུད་དེ་ཐོས་པ་རྣམས་ཀྱང་རྒྱུད་དབང་མེད་དུ་འཁུལ་བ་ཞིག་ཡོད་ཚོད་འདུག་པར་བརྟེན་ཡུལ་དབུས་གཙང་གི་བླ་སྤྲུལ་དགེ་བཤེས་རྒྱལ་བློན་སོགས་ཆེ་རྒུ་རྣམས་དང༌།

རྒྱ་སོག་གི་ཡུལ་གྲུ་སོགས་ཕྱོགས་ཕན་ཚུན་ནས་འབྱོར་པའི་བླ་དཔོན་རྣམས་ཀྱང་རྗེ་དིའི་ཞབས་དྲུང་དུ་བསྙྙེན་ཏེ་འདུད་པར་བྱེད། སྐབས་ཤག་ལྷ་སར་སྡོད་པའི་རྒྱའི་སྐུ་ཚབ་ཨཾ་བན་ཡང་ཆུ་བཟངརི་ཁྲོད་དུ་བཅར་ཏེ་ཕེབས་བྱམ་ཞིག་ཕུལ་བ་དུས་ཕྱིས་ཆུ་བཟང་གཟིམ་ཤག་ཏུ་ཕེབ་བྱམ་འགྱོགས་མདའ་དང༌། ཤིང་སྒྲོམ། འགོ་ཐོར་ལྗང་སོའི་ཤུབ། དངུལ་ཏོག་དང་བཅས་ ཆ་ཚང་མཆིས། རྒྱུད་སྟོད་གྲྭ་ཚང་དུ་རབ་གནས་ཆེན་མོ་གསེར་འཛུགས་ཀྱིས་ལོ་ལྟར་ཆག་མེད་ཚུགས་ཐུབ་པ་བྱ་རྒྱུར་རྗེ་ཉིད་ལ་རྡོ་རྗེ་སློབ་དཔོན་དུ་ཕེབས་དགོས་ཞུས་པར་དགྱེས་མཉེས་ཆེན་པོས་ཕེབས་ཏེ། གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་གདངས་དབྱངས་ཕྱག་ལེན་སོགས་སླབ་པར་མཛད་ཅིང༌། ཚོགས་ཡོངས་ལ་ཇ་ཐུག་དང་ཁ་བཏགས་རེའི་འགྱེད་ཀྱང་གནང༌།

མེ་ཕག་༡༨༢༧ལོ་བསྟན་རྒྱས་གླིང་མཆོག་སྤྲུལ་རིན་པོ་ཆེ་དང་ལྷན་དུ་གནས་ཆུང་གཟབ་གསོལ་སྤྱན་འདྲེན་མཛད་པར། སྐུ་ཕེབས་འཕྲལ་བཤེས་གཉེན་ཆེན་པོ་བསྟན་པ་དང་འགྲོ་བའི་དོན་མཛད་པ་ལ་འོ་བརྒྱལ་བར་མ་གྱུར་ཏམ། ཞེས་དང༌། སྐུ་ཡལ་ཁར་ཡང་གནས་བརྟན་ཕྱག་མཆོད་ལ་འབད། གཟུགས་མེད་ཀྱིས་འཕྲིན་ལས་ཅི་ནས་བསྒྲུབ། ཅེས་ཞུས། ཟླ་བ་གསུམ་པའི་ནང་ཆུ་བཟང་དུ་རྗེ་ཙོང་ཁ་པའི་སྐུ་མི་ཚད་ལས་ཆེ་བ་རས་སེ་ལས་གྲུབ་པ་གསར་བཞེངས་མཛད། འདི་ནི་སྔོན་པཎ་ཆེན་རིན་པོ་ཆེ་དགའ་ལྡན་གྱི་ཞབས་བསྐོར་དུ་ཕེབས་ནས་ཆུ་འགོའི་ཐད་ནས་རྡོ་ཁང་གི་ཚོམས་ལ་ཕྱག་མཛུབ་གཏད་དེ། འདི་དགའ་ལྡན་གྱི་ས་ཆའི་དི༷ལ་ལྟ་བུ་རེད་འདུག་པས་འདིའི་ནང་དུ་རྗེ་བླ་མའི་སྐུ་ཆེ་བ་ཞིག་བྱུང་ན་ཡག་པོ་ཡོང་བ་འདུག་ཅེས་གསུངས་འདུག་རུང༌། ཡུན་རིང་བར་དེ་ལམ་དུ་ལུས་པར། འདི་ལོ་རྗེ་ཉིད་ཀྱིས་སྐུ་འདི་བཞེངས་པར་མཛད། དེ་ཡང་གཟིམ་ཆུང་ཤོད་དུ་བཞེངས་ནས་ཟིན་འཕྲལ་སྟེང་གི་གཟིམ་ཆུང་དུ་གདན་འདྲེན་ཞུ་བའི་ཉིན་མོ་ཆོས་འཁོར་རྒྱལ་གྱི་གྲྭ་པ་བཅུ་གྲངས་ཤིག་བསྙེན་རྫོགས་ཞུས་ཟིན་ཏེ། གཟིམ་ཆུང་མདོ་མར་སླེབས་པ་དང༌། རྗེ་བླ་མའི་སྣང་བརསྙན་ཤོད་ནས་ཡར་ཕེབས་པ་དུས་མཚུངས་བྱུང་སོང་བར། ཞབས་གྲས་ཀྱིས་ཁོང་རྣམས་ལ་སྤོས་རེ་ཕུལ་བས་ཁོང་ཚོས་ཆོས་གོས་རྣམ་སྦྱར་དང་བཅས་བསུས་ཏེ། རྗེའི་སྐུ་གཟིམ་ཆུང་དུ་ཕེབས་འཕྲལ་ཁོང་རྣམས་ཀྱིས་ཕྱག་འཚལ་ནས་དགའ་ལྡན་ལྷ་བརྒྱ་མ་དབྱངས་དང་བཅས་གསུངས། དེའི་ཉིན་བསྒྲུབ་བྱ་གསུམ་ཚན་དང་པོར། དེ་སྔོན་རྗེ་ཉིད་ཀྱི་དྲུང་ནས་རབ་བྱུང་སྒྲུབ་པའི་གྲས་བྱང་ཆུབ་འོད་སྲུངས། བྱང་ཆུབ་ཀུན་དགའ། བྱང་ཆུབ་རབ་འབྱོར་ཞེས་པ་གསུམ་ཆེད་དུ་བསྒྲིགས་པ་ལྟ་བུར་འཛོམས་པའི་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་སོང་ཞེས་ཐུགས་ཤིན་ཏུ་དགྱེས་པར་མཛད།

དེ་ནས་རིང་མིན་གཟུངས་སྒྲུབ་སོགས་རྗེ་ཉིད་ནས་མཛད་དེ་མ་བསྒྲིགས་ལྷུན་གྲུབ་ཀྱི་རྟེན་འབྲེལ་སྣ་ཚོགས་པ་དང་བཅས། ཆུ་བཟང་ནས་དགའ་ལྡན་དུ་གདན་ཞུ་མཛད་དེ་ཁང་ཚན་གྱི་ཚོམས་སུ་བཞུགས་སུ་གསོལ། ཡང་གསེར་ཟངས་ཀྱི་རྗེའི་སྐུ་བརསྙན་མི་ཚད་མ་ཞིག་ཞབས་པད་བཤད་སྒྲ་བས་བཞེངས་གྲོགས་མཛད་པ་གཟུངས་འབུལ་དང༌། རབ་གནས་གནད་སྨིན་གནང་སྟེ་གཞིས་དགོན་བསམ་འཕེལ་གླིང་དུ་བསྐུར་བར་མཛད། ལྕགས་སྟག་༡༨༣༠ལོར་དགའ་ལྡན་དུ་ཕེབས་ཏེ། གསེར་ཟངས་ལས་གྲུབ་པའི་ཚེ་ལྷ་རྣམ་གསུམ་གྱི་སྐུ་ཤར་རྩེ་གྲྭ་ཚང་དུ་ཕུལ་ཞིང༌། ཚོགས་ཆེན། གྲྭ་ཚང༌། ཁང་ཚན་བཅས་པར་མང་འགྱེད་གྱ་ནོམ་པ་སྩལ། སྐབས་ཤིག་བཀའ་ཤག་ནས་གནས་ཆུང་ཆོས་སྐྱོང་ཆེན་པོར་དོན་སྐོར་ཞིག་ལ་ལུང་ཞུ་མང་དུ་བགྱིས་ཀྱང་ལུང་གསལ་མ་བྱུང་བར། རྗེ་འདི་ཉིད་ལ་ཕེབས་དགོས་ཞུས་པ་ལྟར་ཕེབས་པ། ལུང་བསྟན་དུ། མགོ་ཡི་ཞྭ་དང་རྐང་གི་ལྷམ་གཉིས་པོ། །མཉམ་བསྲེས་དུ་མར་གནས་པའི་རྩེད་འཇོའི་མཐར། །བསྟན་པའི་ཉི་མར་ཆུ་ལྷའི་བསུ་མ་བཏང༌། །

ཞེས་སོགས་རྒྱལ་བ་རིན་པོ་ཆེའི་སྐོར་དང་གཞུང་དོན་སྐོར་ལུང་དུ་མ་དང༌། རྣམ་དཀར་མཆོད་སྦྱིན་སྲི་ཞུ་སོགས་རབ་དཀར་ཟླ་བའི་རྗེས་འགྲོ་ལས། རྣམ་བཀྲ་གཡོ་སླད་ཀྱི་དྲི་མས་སྦགས་ཚེ་མི་ལེགས་པ་ཡོང་ཚུལ་བཅས་ཀྱི་ལུང་གསལ་མང་པོ་ཕེབས། ལྕགས་ཡོས་༡༨༣༡ལོར་གོང་ས་ྋརྒྱལ་དབང་མཆོག་ལ་ཐུགས་འདོད་ལྟར་མཁས་གྲུབ་ཆིག་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་གྱི་ལུང་དང༌། ཆབ་གཏོར་ཤཱཀྱཐུབ་མའི་ལུང༌། ཁྲོ་བོ་རྨེ་བརྩེགས་པའི་བྱབས་ཁྲུས། འཇམ་ལུགས་ལྷ་ལྔའི་ཚེ་དབང་སོགས་ཕུལ་བར་མཛད། ལོ་ཤས་སྔོན་ནས་བཟུང་དགོངས་པ་ཞི་བར་གཤེགས་ཀྱི་བར་ལྷ་ལྡན་སྨོན་ལམ་ཆེན་མོར་མང་འགྱེད་ལོ་ལྟར་ཆག་མེད་འབུལ་བར་མཛད་ཅིང༌། ལྷག་པར་མེ་སྤྲེལ་ལོའི་སྨོན་ལམ་ཆེན་མོར་རྒྱལ་དབངཐམས་ཅད་མཁྱེན་པ་ཚུལ་ཁྲིམས་རྒྱ་མཚོ་ཚོགས་ཕེབས་གདན་ཞུ་དང༌། དགེ་འདུན་རྣམས་ལ་མང་འགྱེད་སྩལ་བ་སོགས་རྣམ་དཀར་རྒྱ་ཆེར་མཛད།

མེ་བྱ་༡༨༣༧ལོ་བཞི་སྡེར་བཀའ་ཆོས་ཆེན་མོར་ལམ་རིམ་བསྡུས་དོན་གྱི་བཤད་ལུང་སྩལ་བ། སེམས་བསྐྱེད་མཆོད་པའི་མཇུག་དེ་སྔོན་རྟེན་འབྲེལ་གྱི་ཁྱད་ཡིན་ཞེས་ལམ་རིམ་བློ་སྦྱོང་གང་རིགས་ཤིག་དབུ་འཛུགས་མཛད་ཀྱང་ལོ་འདིར་དེ་ལྟར་མ་མཛད་པ། གསུང་ཆོས་ཆེན་མོ་གནང་བའི་རྗེས་མ་ཡིན་པ་ལ་དགོངས་པར་མངོན། ྋགོང་ས་མཆོག་གི་སྐུ་ཚེར་བར་ཆད་ཡོང་རྒྱུ་མངོན་སུམ་དུ་མཁྱེན་ནས་ྋརྒྱལ་དབང་འདི་སྐུ་ཚེ་མ་བརྟན་ན་གང་དྲག་ཅེས་བཀའ་ཆོས་དང༌། རྒྱུན་དུ་ནང་མ་འགར་ཡང་ཡང་གསུངས་པས་སྐུ་མདུན་པ་འགའ་ཞིག་གིས་ྋརྒྱལ་དབང་མཆོག་སྐུ་ན་ཕྲ་བས་ཐུགས་གཡེང་དགོས་དོགས་མེད་ཅེས་ཞུས་པར་མི་ཤེས་མི་ཤེས། ད་དུང་མཁའ་འགྲོ་བསུ་བཟློག་གི་ཞབས་བརྟན་འབུལ་དགོས་ཞེས་གསུངས་ནས། བརྟན་བཞུགས་འབུལ་གནང་གྲུབ་འཕྲལ་གསོལ་ཚིགས་ལྷན་རྒྱས་གནང་སྟེ། ཕེབས་ཁར་རྗེ་འདི་ཉིད་ཧར་བཞེངས་མ་ཐུབ་པར་ྋགོང་ས་མཆོག་གིས་ཕྱག་ནས་འཐེན་པར་མཛད་དེ་ཁ་བཏགས་གནང་བར། རྗེ་འདིས་སླར་ཡང་མཇལ་དར་ཞིག་ཕུལ་ནས་ད་སྐུ་ཞབས་ཉིད་རང་ཞབས་པད་ཡུན་རིང་བརྟན་དགོས་པས་ཐུགས་བསྐྱེད་དེ་ལྟར་མཛད་དགོས། ཁྱེད་རང་ཞབས་པད་མ་བརྟན་ན་བསྟན་པ་ཆབ་སྲིད་སོགས་ཅི་འདྲར་འགྱུར་བ་འདུག་ཅེས་སྤྱན་ཆབ་མང་དུ་བསིལ་བཞིན་དུ་ཞུ་བར་མཛད། དེ་ནས་རིང་མིན་ྋགོང་ས་མཆོག་བསྙུན་ཚུལ་བཞེས་ཏེ་སྐུ་གེགས་ཀྱི་མཚན་མ་བཟློག་ཏུ་མ་བཏུབ་པར། བོད་ཟླ་དགུ་པའི་ཚེས་གཅིག་ཉིན་ཞི་བར་གཤེགས་པས་ཐུགས་དམ་གསལ་འདེབས་དང༌། ཡང་སྲིད་མྱུར་བྱོན་གྱི་ཐུགས་སྨོན་རྒྱ་ཆེར་མཛད། ཐུགས་འཕྲལ་ལྟ་བུས་གསོལ་ཆས་ཀྱང་ཆེར་མ་མཛད།

ལྷ་ས་ནས་ཆུ་བཟང་དུ་ཕེབས་ཁར་བསྟན་རྒྱས་གླིང་མཆོག་སྤྲུལ་དང༌། ཡོངས་འཛིན། ཛ་སག་སོགས་ལ་ཕྱིན་ཆད་གནང་སྒོ་རྣམས་ཞལ་ཆེམས་ཀྱི་ཚུལ་དུ་ཡུན་རིང་སློབ་སྟོན་མཛད། ཆུ་བཟང་དུ་བཅར་མིའི་རིགས་ནས་ཞབས་པད་བརྟན་དགོས་ཞུས་ཚེ། ང་འདྲ་པོ་ཡུན་རིང་བསྡད་ནས་གང་ཡོང་ཞེས་པ་འབའ་ཞིག་གསུངས། སྐུ་ཁམས་མི་བདེ་བར་བསྙུན་གཞི་ཇི་འདྲ་འདུག་ཞུས་ཚེ། ན་ཚ་འདིར་ཡོད་རང་མི་འདུག་ཅེས་ཕེབས་ཀྱང༌། ཕྱག་མཛོད་ཆོས་མཛད་ཀྱིས་གདན་ས་གསུམ་ལ་མང་འགྱེད། ལྷ་ལྡན་ཇོ་བོ་རིན་པོ་ཆེའི་དྲུང་སྟོང་མཆོད་སོགས་འབད་སྒྲུབ་ཐོག་ད་དུང་མ་མཐའ་ལོ་གཅིག་གཉིས་ཤིག་སྐུ་ཚེ་བརྟན་པ་ཞུས་པར། སྐུ་རིམ་དེ་ཙམ་གྱིས་འགྲིག །ང་ལ་སྐྱེས་བུ་དམ་པ་ཚོས་ཚེ་ཚད་གསུངས་པ་ཐལ་ཟིན། བཤོལ་ཟླ་དང་བཅས་ལ་ལོ་གྲངས་དགུ་བཅུར་ཉེ། མཚམས་ཀྱི་སྐབས་མ་གཏོགས་ཆོས་འཆད་སྤེལ་ཡང་ཉིན་ལྟར་ཆད་མེད་ལྟ་བུར་བགྱིས་པ་ཡིན། བསྟན་འགྲོར་ཕན་མ་ཕན་གང་ལྟར་ཡང་ང་ལ་རསྙེད་བཀུར་གྲགས་འདོད་སོགས་ཚེ་འདིའི་རྣམ་རྟོག་སྐུད་ཅིག་ཀྱང་སྐྱེས་མ་མྱོང་གསུངས་ཏེ། དེ་རྣམས་ཉམས་རྟོགས་རྨད་དུ་བྱུང་བའི་རྣམ་ཐར་དུ་བཞུགས།

ས་ཁྱི་༡༨༣༨ལོ་སྨོན་ལམ་སྐབས་ལྷ་སར་ཕེབས་ཏེ་བསྟན་རྒྱས་གླིང་གི་གཟིམ་ཆུང་གི་ཕྱི་རོལ་ཆོས་གྲྭ་རྡོ་གཅལ་དུ་བཞུགས་ནས་མཇལ་ཕྱག་རྒྱུན་མི་ཆད་པ་བཏང་བ་དང༌། རབ་བྱུང་བསྙྙེན་རྫོགས་ཀྱང་གྲངས་མང་སྩལ། ལོ་འདིར་རྭ་སྒྲེང་མཆོག་སྤྲུལ་རིན་པོ་ཆེ་དང༌། བསྟན་རྒྱས་གླིང་མཆོག་སྤྲུལ་རྣམ་གཉིས་སྨོན་ལམ་ཆེན་མོའི་དམ་བཅའ་ཡིན་པ་གྲུབ་འཕྲལ་མཇལ་དར་གནང་ནས། བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་རྒྱུའི་ཐུགས་བསྐྱེད་གནང་དགོས་ཞེས་བསྐུུལ་མ་མཛད་ཅིང༌། དེ་སྔོན་བསྟན་རྒྱས་གླིང་མཆོག་སྤྲུལ་གྲྭ་སར་ཕེབས་ཁར་བཀའ་སློབ་ཏུ། གཞུང་ཆེན་མོར་གསན་བསམ་མཛད་ལུགས་དང༌། ཐ་ན་ཐལ་སྐད་དང་ལུས་ངག་གི་རྣམ་འགྱུར་ཚུན་ཆད་སློབ་པར་མཛད་དེ། ཁྱོད་རང་མཚན་བཏགས་མ་ཚར་བར་ང་ཡང་ཤི་མི་ཡོང་ཞེས་སྐུ་འཁོར་ཚང་འཛོམས་ཐོག་བཀའ་ཕེབས་པ་ལྟར། རྡོ་རྗེའི་གསུང་ལ་འགྱུར་བ་མེད་པར་ཇི་བཞིན་དུ་བཞུགས་པ་ནི། སྐྱེ་འཆི་ལ་རང་དབང་ཐོབ་པའི་རྟགས་ཡང་དག་པའོ། །ཉིན་གཅིག་ངའི་རྐང་པར་སྐྲངས་པ་ཕྲན་བུ་ཡོད་འདྲ་གསུངས་པར། སྐུ་མདུན་པ་རྣམས་ཀྱིས་བལྟས་པས་དེ་ལྟར་འདུག་གཤིས་སྨན་པ་བོས་ཏེ་བྱུག་སྨན་སོགས་ཕུལ་ཞིང༌། ཞབས་རིམ་ཇི་ལྟར་སྒྲུབ་དགོས་བཀའ་འདྲི་ཞུས་པར། ད་ང་ན་དགའ་ཤི་སྐྱིད་མ་བྱུང་ཡང༌། ན་ཚོད་འདི་ཙམ་སོན་ཡང་ད་དུང་མ་ཤི་ཙམ་ཡོང་བའི་སྐུ་རིམ་སྒྲུབ་སྒྲུབ་མང་པོ་མི་ཡོང༌། ཐུགས་བརྟག་ཞུ་ཞུ་སོགས་མ་བྱེད་ཅེས་ཡང་ཡང་གསུངས་ཀྱང༌། ཕྱག་མཛོད་ཀྱི་སེམས་ཀྱིས་མ་བཟོད་པར། སེ་འབྲས་གཉིས་ལ་མང་འགྱེད། ཇོ་ཤག་རྣམ་གསུམ་ལ་སྟོང་མཆོད། བཀའ་འགྱུར་དག་ཐོན། སྒྲོལ་ཆོག ། གནས་བཅུ་སོགས་མང་དུ་བསྒྲུབས། དགའ་ལྡན་དུ་མང་འགྱེད་དང་གསེར་གདུང་རིན་པོ་ཆེའི་མདུན་སྟོང་མཆོད་འབུལ་རྒྱུ་རེ་ཞིག་འཐེན་ཙམ་གྱིས། ཟླ་བ་ལྔ་པར་ངེད་རང་ཡང་འགྲོ་རྒྱུར་དེ་དུས་ཕུལ་ཆོག་པ་གྱིས་གསུངས་པ་དང༌། སྨན་དཔྱད་སོགས་ཇི་ལྟར་ཕུལ་ང་ཞབས་གྲས་ཚོའི་འདོད་མོས་ལྟར་བཞེས་པ་ཙམ་ལས། ཁོ་བོར་འབྱུང་བ་ཐིམ་རིམ་རྣམས་ཡོང་གི་འདུག་ཅེས་གསུངས་ཤིང༌།

གཞན་གྱི་མིག་ངོར་ཞབས་ཀྱི་སྐྲངས་པོ་རིམ་ལོད་དུ་གྱུར། ཁྲི་ཟུར་འཇམ་དཔལ་ཚུལ་ཁྲིམས་དཔལ་བཟང་པོ་དང༌། རྭ་སྒྲེང༌། བསྟན་གླིང༌། སླེ་ལུང་སོགས་བླ་སྤྲུལ་དགེ་འདུན་དུ་མས་ཞབས་བརྟན་འབུལ་འབྱོར་བྱུངབར། ཁ་བཏགས་དང་དངུལ་སོགས་ཀྱིས་ཚེ་རིང་བ་ལ་མི་ཕན་ཞེས་ཕྱིར་སློག་མཛད། ཟླ་བ་བཞི་པའི་མཇུག་ཙམ་ནས་བཀའ་ལས། ད་མི་སང་ཤི་གནང་ཤི་ལ་ཡུན་རིང་བསྡད་ཟེར་བ་འདི་སེམས་ལ་གཟན་པོ་འདུག་པས། ད་མདུན་དུ་ཡོང་མི་སུ་ཡང་མ་གཏོང་གསུངས། ཉིན་གཅིག་ཕྱག་མཛོད་ཆོས་མཛད་ལ་ངའི་ཕུང་པོ་འདི་བྱ་ལ་སྟེར་རམ་མེ་ལ་བསྲེག་སྐུད་ཆ་བྱེད་དགོས། ངེད་རང་གི་བསམ་པར་ད་ལྟ་ནས་ལུས་འདི་བྱ་སོགས་ལ་བསྔོས་བཞག་ན་རང་ལུས་དངོས་སུ་སྦྱིན་པ་དང་མཚུངས་པའི་ཕན་ཡོན་ཆེན་པོ་ཡོང་བ་འདྲ་སྙམ་པ་འདུག །མེར་བསྲེག་ན་ཡང་བྱེད་ལུགས་རྣམས་སློབ་རྒྱུ་ཡིན་གསུངས་པར། ཕྱག་མཛོད་ཀྱས་ད་ལམ་བསྙུན་གཞི་འདི་དྭངས་ཙམ་ཡོང་བའི་ཐུགས་འདུན་ལ། སྐུ་གདུང་གི་སྐོར་སོགས་བཀའ་མི་ཕེབས་པ་དང༌། སླར་དེ་འདྲ་ཞིག་ཡོང་ངེས་ལ་དེ་དུས་བཀའ་འདྲི་ཞུས་ནས་ཅི་གསུངས་བཀའ་བཞིན་སྒྲུབ་ཆོག་པ་ཞེས་སྒོའི་ཕྱིར་ཐོན་ཡོང་བར། ཨ་ཁ་དེ་འདྲའི་མི་ལུགས་པ་ཞེས་གསུངས། སྐབས་ཤིག་མདུན་གྱི་གདན་འདྲ་བའི་གྲུ་བཞི་མཚར་བ་འདི་གང་རེད་ཅེས་བཀའ་འདྲི་མཛད་པར། བཞུགས་གདན་དང༌། བཞུགས་གདིང་སོགས་ལ་འདི་དང་འདི་ཡིན་ནམ་ཞུས་པར། གདན་དང༌། གདིང་བ་ངས་ཤེས། གྲུ་བཞི་འདི་གང་རེད་གསུངས་པར། དེ་མིན་གཞན་ཅི་ཡང་མི་འདུག་ཞུས་པར། ཨ་ཁྱེད་ཚོས་ང་འཁྲུལ་པ་རེད་བསམ་གོ་སྟེ། ང་འཁྲུལ་པ་ལྟ་མིན། སྔར་རྒྱུད་སྟོད་མཁན་པོ་གྲུབ་ཆེན་ཞེས་པ་ཞིང་ལ་ཕེབས་ཁར་མཁའ་འགྲོ་མ་རྣམས་ཀྱིས་ཡི་དམ་གྱི་དིལ་འཁོར་འགའ་ཞིག་བསྟན་པར། དེས་འཁོར་དུ་གནས་པ་རྣམས་ལ་འདི་འདྲ་འདུག་གསུངས་པར་ཞབས་ཕྱི་ཚོས་མཁན་པོ་རང་འཁྲུལ་གྱི་ཡོད་པ་རེད། དབུ་བསྟིམས་ནས་གཟིམས་བཞུགས་ཞེས་གཟིམས་བཅུག་པས། དེ་འཕྲལ་ཞིང་ལ་གཤེགས་པ་རེད། ཁྱེད་ཚོས་ཀྱང་དེ་འདྲ་བྱེད་པ་འདྲ་ཞེས་གསུངས། ཡང་ཉིན་གཅིག་ཐུགས་དམ་གནང་མུས་ལ་ཕྱག་ཕྲེང་དེ་ཕྱག་གཉིས་ཀྱིས་བཟུང་ནས་ཡི་གེ་འདི་ཀློགས་དང་གསུངས། ཡི་གེ་མི་འདུག་ཞུས་པར་ད་དུང་ཡག་པོ་ལྟོས། མཐོང་རྒྱུ་མི་འདུག་ཞུས་པར། འོ་ན་ངས་འགོ་ནས་ཀློག་གི། ཨོཾ་ཤྲིའ་བཋ། ད་ལྷོགས་དང༌། ད་དུང་གང་ཡང་མཐོང་རྒྱུ་མི་འདུག་ཞུས་པར། དེ་འདྲའི་ཐབས་སྡུག་པོ་ཨང་གསུངས་ནས་ཕྱག་ཕྲེང་བསྡུ་བར་མཛད།

ཡང༌། སྐབས་ཤིག་སྐུ་མདུན་པ་རྣམས་ལ་ངའི་གཟུགས་གཞིའི་བབས་ལ་བལྟས་ན་ཟླ་བ་བརྒྱད་པ་དགུ་པ་ཙམ་ཡིན་འདུག་རུང༌། ཐམས་ཅད་ཀྱིས་ཤོག་ཤོག་ཟེར་མཁན་ཤ་སྟག་རེད། དེའི་བར་བཞག་རྒྱུ་མིན་པ་འདྲ་དེ་དག་གིས་རོལ་མོའི་བྱེ་བྲག་སྣ་ཚོགས་ཐོགས་འདུག་པ་ཁྱེད་ཚོས་ནི་གང་ཡང་མཐོང་དོགས་མེད་ཅེས་གསུངས། ཡང་ཞབས་གྲས་བྱམས་པ་ཕུན་ཚོགས་ཞེས་པས་ཁ་སང་དགའ་ལྡན་དུ་མང་འགྱེད་གནང་རྒྱུ་དང་སྟོང་མཆོད་འབུལ་རྒྱུ་ཟླ་བ་ལྔ་པར་འཐེན་དགོས་གསུངས་པ། དེ་དུས་བསྙུན་གཞི་དྭངས་མ་ཐུབ་ཚེ་དགའ་ལྡན་དུ་ཕེབས་ཐུབ་རེ་བྲལ་བས། ད་ལྟ་ནས་འཕྲལ་སྒྲུབ་བྱས་ན་ཞབས་བརྟན་གྱི་ཁྱད་པར་འདྲ་ཡོང་ཤས་ཆེ་ཞུས་པར། དེ་དག་ཟླ་པ་ལྔ་པའི་ཚེས་བཅོ་ལྔ་སྐོར་ལ་སྒྲུབ་ཆོག་གིས། ཟླ་བ་ལྔ་པའི་ནང་ནད་གཞི་དྲག་མ་དྲག་གང་ཡིན་ཡང་དགའ་ལྡན་དུ་ཕེབས་རྒྱུ་ཡིན་ཞེས་དགོངས་པ་ཅན་གྱི་བཀའ་ཕེབས་ཀྱང༌། ཁོང་གིས་ད་ལན་བཞེས་ཡག་པོ་བྱུང་ཞེས་དགའ་དགའ་བྱེད་པར་སྣང༌། ལྷ་ས་ནས་ཆུ་བཟང་དུ་ཕེབས། ད་ང་དགའ་ལྡན་ཁྲི་པ་ཚར་ནས་ཀྱང་ལོ་བཅུ་བདུན་ཙམ་སོང་འདུག་པས་རང་གཞན་སུས་ཀྱང་འགྱོད་པ་བྱ་རྒྱུ་མེད་ཅེས་གསུངས།

ཕྱག་མཛོད་ཀྱིས་ཅིས་ཀྱང་ཞབས་པད་མི་བརྟན་ན། དེང་དུས་ཚ་བ་ཆེ་སྒང་བཅས་སྐུ་གདུང་རུལ་སུངས་སོགས་ཀྱི་ཉེན་ཆེ་བས། ནམ་དུས་བསིལ་ཙམ་མ་རན་བར་བཞུགས་རོགས་མཛོད་ཞུས་པར། སྔར་བཀའ་གདམས་པ་རྣམས་ཀྱིས་ཀྱང་སྐུ་གདུང་རུལ་སུངས་སོགས་དྲི་མི་ཞིམ་པ་ཚོར་བ་རྣམས་ངན་སོང་དུ་འགྲོ་ཞེས་དགག་བྱ་ཆེ་བར་མཛད་པས། རུལ་སུངས་གཏན་ནས་བྱས་མི་ཡོང་བློ་ཡེངས་མི་དགོས་ཞེས་ཕེབས། བོད་ཟླ་ལྔ་པའི་ཚེས་དགུ་ཉིན་འབྱུང་བ་འདི་དང་འདི་ཐིམ་པ་རེད། དེའི་ཕྱིའི་རྟགས་འདི་དང་འདི་འདྲ་འདུག་གམ་ཞེས་གསུངས་པར། ལན་མ་ཞུས་པར། མི་ཤེས་ན་བསྐྱེད་རྫོགས་ཀྱི་དཔེ་ཆ་ལེན་ཤོགས་གསུངས་ནས་ཀློག་ཏུ་བཅུག་ནས་འདི་དང་འདི་རེད་ཅེས་དང༌། ད་སྣང་མཆེད་ཐོབ་གསུམ་ཡང་ངེས་ངེས་འདུག་པས་ཐ་མལ་དུ་འཚོར་བ་མི་འདུག་གསུངས། ཆོས་གོས་སྣམ་སྦྱར་གྲ་བསྒྲིགས་ཨེ་ཡོད་གསུངས་པར། ད་ཞིང་ལ་ཕེབས་རྒྱུ་རེད་སྙམ་ནས་ལན་ཞུ་མ་ནུས། ཡང་བསྐྱར་གསུངས་པར། ཚང་མས་ལགས་ཡོད་ཞུས་པར། གོ་མ་སོང་དགོངས་ནས་ག་རེ་ཡོད་གསུངས་སྐུ་ཆོས་སོགས་གྲ་བསྒྲིགས་ཡོད་ཞུས།

ཡང་དེ་རིང་ཚེས་གྲངས་གང་རེད་གསུངས་པར། ཚེས་དགུ་རེད་ཞུས་པས། འོ་ན་དེ་རིང་ཞོག་གསུངས། ཚེས་བཅུ་གཉིས་ཉིན་རྒྱུན་གྱི་ཞལ་འདོན་རྣམས་ཉིན་རེ་ལས་སྔ་བར་མཛད། ནུབ་རེ་སྲུང་མའི་བསྐུང་འཕྲིན་དང་གསེར་སྐྱེམས་གནང་བ་ཡང་ཉི་མ་མ་བཞུད་གོང་ནས་ཚར་བར་མཛད། དེ་ནས་གསོལ་ཇ་ཞིག་ཞུས་པར། ཞལ་ཧུབ་གསུམ་བཞི་མཆོད་ནས་ད་ང་མི་འཐུང༌། སྤྲུལ་པའི་སྐུར་ཞུས་ཤིག་ཅེས་གསུངས། དགའ་ལྡན་གྱི་ཆོས་རྭ་ག་དུས་ཚོགས་རྒྱུ་རེད་ཅེས་བཀའ་འདྲི་མཛད་པར། རྒྱུས་ཡོད་པ་མེད་སྟབས་ཤེས་མ་བྱུང་ཞུས། ཐུགས་བསམ་ཞིག་བཞེས་ནས་དེ་རིང་ཡར་ཚོགས་ཡིན་པ་འདྲ་ཞེས་གསུངས་པ་སོགས་དགོངས་གཞི་ཅན་གྱི་གསུང་ཕེབས་ཤིང༌། ཚེ་འདའི་སྲོད་འཁོར་ལ་བབས་པ་ན་ཅི་ཡང་མི་གསུངས་པར་ཕྱག་ཐལ་མོ་རང་སྦྱོར་གནང་མཛད་དེ་བདེ་མཆོག་ངན་རྫོང་སྙན་བརྒྱུད་ཐུགས་དམ་གྱི་གཙོ་བོ་མཛད་བཞིན་པར། སླར་ཡང་འགོ་འཛུགས་མཛད་ནས་འཆི་བ་ཆོས་སྐུའི་ལམ་འཁྱེར་གྱི་ཚིག་མཚམས་སུ་སླེབས་པ་ན་ལྗགས་དབུགས་བརྩེགས་པ་སོགས་གང་ཡང་མེད་པར་རགས་པའི་གཟུགས་སྐུ་ཟག་བྲལ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པར་མཛད་ཅིང༌། དེ་དང་དུས་མཚུངས་པར་ཕྱི་རོལ་ཏུ་ནམ་མཁའ་འཇའ་སྤྲིན་གྱིས་ཁེངས་པ་དང༌། ལྷག་པར་འཇའ་དཀར་པོ་སྣམ་བུ་བསྐྱངས་པ་ལྟ་བུ་ཞིག་གཟིམ་ཁང་གི་ཡང་ཐོག་ཏུ་ཟུག་པ་དེར་ཡོད་ཀུན་གྱི་མངོན་སུམ་དུ་གྱུར། དེ་ནས་བཟུང་ཉིན་སྔ་ཕྱི་དུ་མར་འཇའ་ཚོན་ཡང་ཡང་ཤར་བ་སོགས་ངོ་མཚར་བའི་མཚན་ལྟས་དུ་མ་དང་བཅས་ཚེས་བཅོ་ལྔའི་སྔ་དྲོ་འོད་གསལ་ལས་བཞེངས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་རྒྱལ་བ་འཇམ་དཔལ་སྙིང་པོའི་དྲུང་དུ་གཤེགས་སོ། །

གསུང་ལས་སྐྱེས་པའི་སློབ་མ་ཡང་ྋགོང་ས་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ། དགའ་ལྡན་ཁྲི་ཆེན་བློ་བཟང་ལྷུན་གྲུབ། རྟ་ཚག་སྤྲུལ་སྐུ་རིན་པོ་ཆེ། སླེ་ལུང་སྐུ་ཕྲེང་བདུན་པ་བློ་བཟང་ངག་དབང་བསྟན་འཛིན་རྒྱ་མཚོ། ནགས་ཤོད་སྟག་ཕུ་སྤྲུལ་སྐུ། འོད་ཟེར་སྤྲུལ་སྐུ། འབྲས་རྒྱལ་རོང་ཁྲི་སྤྲུལ། ཀོང་པོ་ཕག་མགོ་སྤྲུལ་སྐུ། བྲག་གཡབ་ཧོ་ཐོག་ཐུ་སྤྲུལ་སྐུ། རྨི་ལི་སྤྲུལ་སྐུ། སྒྲུབ་ཁང་སྤྲུལ་སྐུ། བསྟན་རྒྱས་གླིང་དེ་མོ་སྤྲུལ་སྐུ། རྒྱལ་སྲས་སྤྲུལ་སྐུ། ཨ་རྒྱ་ཧོ་ཐོག་ཐུ། ཤར་པ་ཆོས་རྗེ། གླིང་སྤྲུལ་སྐུ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་བགྲངས་ལས་འདས་པ་བསྐྱངས། སྐུ་ཕྲེང་གཉིས་པ་དགའ་ལྡན་ཁྲི་ཐོག་གྱ་ལྔ་པ་བློ་བཟང་ཚུལ་ཁྲིམས་དཔལ་ལྡན་གཤམ་དུ་གསལ སྐུ་ཕྲེང་གསུམ་པ་ཡོངས་འཛིན་ཁྱི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ། སྐུ་ཕྲེང་བཞི་པ་མཆོག་སྤྲུལ་རིན་པོ་ཆེ་ད་ལྟར་འཚོ་ཞིང་བཞུགས་པ་འདི་ཉིད་དོ། །རྣམ་ཐར་སྐོར་སེར་སྨད་ཀོང་པོ་རྒྱལ་དབང་ཆོས་རྗེ་འཕྲིན་ལས་རྣམ་རྒྱལ་གྱིས་མཛད་པ། ཁ་བྱང་དུ་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་དཔལ་བཟང་པོའི་རྣམ་ཐར་དགའ་ལྡན་བསྟན་པའི་མཛེས་རྒྱནདཔར་མ་ལ་ཤོག་གྲངས་བརྒྱ་དང་ཉེར་གཅིག་ཡོད།

དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་སྟག་བྲག་ངག་དབང་ཆོས་འཕེལ

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་སྟག་བྲག་ངག་དབང་ཆོས་འཕེལ། ལྷ་སའི་བྱང་རྒྱུད་འདམ་ཁུལ་མར་རྐྱང་ཕ་བོང་དཀར་རི་ཞེས་པ་དེར་ཡབ་ཨ་ར་དབུ་རྒྱན་དང་ཡུམ་ཐང་ཟ་ཚེ་རིང་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་༡༧༦༠ལོར་སྐུ་འཁྲུངས། དགུང་ལོ་ལྔ་ཙམ་ནས་འཁྲུངས་ཁྱིམ་ཤིན་ཏུ་དབུལ་བས་འབྱོར་ལྡན་ཁྱིམ་བདག་གཞན་གྱི་རེའུ་དང་ལུ་གུ་འཚོ་བར་ཕེབས། དགུང་ལོ་དགུ་ལ་སླེབས་དུས་གཞན་གྱི་ར་ལུག་འཚོ་སྐྱོང་གི་གཡོག་ཏུ་རྒྱུགས་དགུང་ལོ་བཅུ་གསུམ་པ་ཆུ་འབྲུག་༡༧༧༢ལོ་དེ་ཇོ་བོ་རྣམ་གཉིས་སོགས་མཇལ་ཁ་གྲུབ་ནས། གངས་ཅན་གྱི་ན་ལན་དྲ་དཔལ་ལྡན་འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་གི་ཧར་གདོང་ཁང་ཚན་དུ་ཆོས་ཞུགས་གནང༌། ཞ་ལུ་མཁན་པོ་དཀའ་བཅུ་བློ་བཟང་དཔོལ་འབྱོར་དགེ་རྒན་དུ་བསྟེན་ནས་གཞུང་ཆེན་ཁག་ལ་ཐོས་བསམ་གྱི་དབུ་ཚུགས།

དགུང་ལོ་བཅོ་ལྔ་པ་ཤིང་རྟ་༡༧༧༤ལོར་བློ་གླིང་མཁན་རབས་ཞེ་གཉིས་པ་གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་མནོས། དགུང་ལོ་བཅུ་དགུ་པར་རྣམ་འགྲེལ་ཚོགས་ལངས་དང༌། ལོ་དེར་ཕར་ཕྱིན་ཐོན་པའི་སྟོན་མོའི་དམ་འཇོག་གནང༌། དགུང་ལོ་ཉི་ཤུ་པ་ས་ཕག་༡༧༧༩ལོར་རྒྱལ་མཆོག་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས། བཀའ་རམ་འཛིན་གྲྭའི་སྐྱོར་དཔོན་གནང༌། དགུང་ལོ་སོ་བདུན་པ་མེ་འབྲུག་༡༧༩༦ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་མཁས་མང་ཁྲི་ཕྲག་ཚོགས་པའི་དབུས་སུ་དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་བཅའ་བཞག་ནས་གཞུང་ལུགས་རབ་འབྱམས་སྨྲ་བའི་མཚན་སྙན་བཞེས། ལོ་དེར་རྒྱུད་སྨད་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་མཐར་ཕྱིན་པ་མཛད། སྔགས་རམས་པའི་མཚན་བཏགས་བཞེས། རྒྱུད་པའི་དགེ་བསྐོས་བཅས་རིམ་བཞིན་མཛད་ནས་སྒྲིག་སྤྱོད་དག་ཐེར་ཚུལ་བཞིན་གནང༌། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་དང་ཀློང་བརྡོལ་ངག་དབང་བློ་བཟང་སོགས་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་གསེར་ཆོས་མཐའ་ཡས་པའི་དབང་ལུང་མན་ངག་ཞུས། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་བཅུ་བཞི་པའི་མེ་ཡོས་༡༨༠༧ལོར་རྒྱུད་སྨད་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས་ཐོག་ནས་གཞུང་ཆེན་ཁག་གི་སློབ་ཁྲིད་རྒྱ་ཆེར་གནང་ཞོར་རྒྱུད་པའི་མཁན་པོ་ཡང་ཆབས་ཅིག་ཏུ་མཛད། ཀུན་བདེ་གླིང་ཧོ་ཐོག་ཐུའི་སྐུ་ཕྲེང་ཡོངས་འཛིན་གནང༌།

དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་བཞི་པའི་ཆུ་རྟ་༡༨༢༢ལོར་དགའ་ལྡན་གསེར་ཁྲིར་ཕེབས་ནས་ཁྲི་ལོ་བདུན་མཐར་འཁྱོངས་པ་མཛད། ཁྲི་ལ་ཕེབས་ནས་ལོ་དྲུག་པ་ལ་རྒྱལ་མཆོག་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་ཡོངས་འཛིན་དུ་ཕེབས་ནས་གཞུང་ཆེན་ཁག་གི་མཛུབ་ཁྲིད་རྒྱ་ཆེར་ཕུལ། དགུང་ལོ་རེ་བརྒྱད་པ་མེ་ཕག་༡༨༢༧ལོར་སྟག་ལུང་བྲག་རི་ཁྲོད་དུ་གཙུག་ལག་ཁང་བརྟེན་འདུ་ཁང་དང་སྐུ་གསུང་ཐུགས་རྟེན་རྒྱ་ཆེར་བཞེས་པ་ནས་སྟག་བྲག་བསམ་གཏན་གླིང་ཞེས་བཏགས། དེ་ནས་བཟུང་དགོན་གནས་ཁ་འཛིན་མཛད་མཁན་ལ་སྟག་བྲག་ཅེས་པའི་མཚན་འཇགས། རྒྱུད་སྨད་མཁན་པོ་གནང་བ་ནས་བཟུང་སྐུ་ཚེ་འཕེན་པ་ཞི་བར་མ་གཤེགས་བར་གདན་ས་འབྲས་སྤུངས་སོགས་ཆོས་སྡེ་ཁག་དུ་མར་རྒྱལ་སྲས་སྤྲུལ་པའི་སྐུ་དང༌། དགེ་བའི་བཤེས་གཉེན། རིས་མེད་སེར་སྐྱ་ཤིན་ཏུ་མང་པོ་ལ་མདོ་སྔགས་ཀྱི་ཁྲིད་ལུང་མན་ངག་གི་བཀའ་ཆོ་རྒྱ་ཆེར་བསྩལ། གསུང་གི་ལེགས་བཤད་ཀྱང་ ༨༣༣ སོགས་ཤིན་ཏུ་མང་པོ་བཞུགས། གསུང་ལས་སྐྱེས་པའི་སློབ་མ་ནི། རྒྱལ་བའི་དབང་པོ་ཚུལ་ཁྲིམས་རྒྱ་མཚོ་དང༌། རྟ་ཚག་རྗེ་དྲུང་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌། དགུང་ལོ་བརྒྱད་ཅུ་པ་ས་ཕག་༡༨༣༩ལོར་སྐུ་གཤེགས། རྣམ་ཐར་སྐོར་རྗེ་ཉིད་ཀྱི་རང་རྩོམ་དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་ངག་དབང་ཆོས་འཕེལ་གྱི་རང་གི་སྤྱོད་ཚུལ་འགའ་ཞིག་བརྗོད་པ་དགེ་ལྡན་རིང་ལུགས་རྒྱས་བྱེད། དཔར་མ་ལ་ཤོག་གྲངས་གོ་གསུམ་ཡོད་པ་དམ་པ་དེའི་གསུང་འབུམ་དུ་བཞུགས། འདིའི་སྐུ་ཕྲེང་གཉིས་པའི་མཚན་མ་ཤེས། སྐུ་ཕྲེང་གསུམ་པ་སྟག་བྲག་སྲིད་སྐྱོང་ངག་དབང་གསུང་རབ། སྐུ་ཕྲེང་བཞི་པ་སྟག་བྲག་མཆོག་སྤྲུལ་ད་ལྟར་ལྷ་སར་ཞལ་བཞུགས་ཡོད་པ་དེ་ཉིད་དོ། །

དགའ་ལྡན་ཁྲི་ཐོག་དོན་གཅིག་པ་ཀོང་པོ་ཡེ་ཤེས་ཐར་འདོད་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་དོན་གཅིག་པ་ཀོང་པོ་ཡེ་ཤེས་ཐར་འདོད་ནི། ཀོང་པོ་འབྲུ་ལ་ཁུལ་དུ་རབ་བྱུང་བཅུ་གསུམ་པའི་མེ་བྱི་༡༧༥༦ལོར་འཁྲུངས། སྐུ་ན་ཆུང་དུས་ཀོང་པོ་འབྲུ་ལ་དགོན་དུ་ཆོས་བཞུགས་གནང་ནས། ཡི་གེ་སྦྱོར་ཀློག་དང་དགོན་དེའི་ཆོས་སྤྱོད་ཆོ་ག་བཅས་ལ་མཁས་པར་བསླབས། དགུང་ལོ་བཅུ་བཞི་པ་ས་གླང་༡༧༦༩ལོར་དབུས་འགྱུར་ཆོས་ཀྱི་ཞིང་ཁམས་ལྷ་སར་ཕེབས་ནས་གཙུག་ལག་ཁང་རྣམ་གཉིས་སོགས་སུ་མཇལ་བཅར་དང་སྨོན་འདུན་དྲག་པོས་མཚམས་སྦྱོར་གནང༌། མཁས་གྲུབ་བྱེ་བའི་འབྱུང་གནས་ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དང་ཀོང་པོ་ཁང་ཚན་དུ་ཆོས་ཞུགས་གནང་སྟེ། རྒྱན་དྲུག་གཅིག་ཏུ་བསྡུས་འདྲའི་བཤེས་གཉེན་དམ་པ་དུ་མའི་ཞབས་པད་རིང་དུ་བསྟེན་ནས་བསྡུས་གྲྭ་ནས་བཟུང༌། གྲུབ་དོན་ས་གསུམ་དང༌། དབུ་ཕར་འདུལ་མཛོད་བཅས་པའི་གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་པ་མཛད།

དགུང་ལོ་སོ་ལྔ་པ་ལྕགས་ཁྱི་༡༧༩༠ལོར་གདན་ས་གསུམ་གྱི་མཁས་མང་ནམ་མཁའི་སྐུར་ཚོགས་ལྟ་བུ་ཚོགས་པའི་དབུས་རྒྱལ་མཚན་དཀར་པོའི་འོག་ཏུ་གཞུང་ཆེན་པོད་ལྔ་ལ་རྩོད་སྒྲུབ་རིགས་པའི་ལམ་ནས། དགེ་བཤེས་ལྷ་རམས་པའི་གྲྭ་སྐོར་དམ་འཇོག་གནང༌། ལོ་དེའི་དགུན་ཐོག་ཏུ་གསང་ཆེན་གྲུབ་པའི་འབྱུང་གནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྒྲིགས་ཞུགས་གནང༌། ལོ་ཤས་རིང་རྒྱུད་སྡེ་བཞི་དང་ལྷག་པར་གསང་སྔགས་བླ་ན་མེད་པའི་མཐའ་དྲུག་ཚུལ་བཞིའི་བཤད་པ་མན་ངག་དང་བཅས་པར་འཕགས་ཡུལ་གྱི་གྲུབ་ཆེན་ཚོས་ཀྱང་འགྲན་དུ་མི་བཟོད་པའི་གསུམ་ལྡན་རྡོ་རྗེ་འཛིན་པའི་སྐྱེས་ཆེན་དུ་མའི་ཞབས་ལ་བཞུགས་ཏེ་གསང་སྔགས་ཀྱི་གཞུང་དང་ལྷག་པར་བདེ་གསང་གཉིས་ཀྱི་ལག་ལེན་དབང་ཁྲིད་ལ་སོགས་པ་བྱང་ཆུབ་པར་མཛད། དགའ་ལྡན་ཁྲི་ཆེན་བློ་བཟང་དགེ་ལེགས་སོགས་དགེ་ལྡན་བསྟན་པའི་རྒྱལ་མཚན་འཆང་བའི་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ལམ་རིམ་དང༌། ཡི་དམ་ཁག་གི་དབང༌། རྗེས་གནང་མན་ངག་དེ་བཞིན་མདོ་རྒྱུད་དུ་མའི་འཁྲིད་ལུང་རྒྱ་ཆེར་ཞུས། དགུང་ལོ་ཞེ་གཉིས་པ་མེ་སྦྲུལ་༡༧༩༧ལོར་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཁྲི་དང༌། དེའི་ཕྱི་ལོར་རྒྱུད་སྟོད་མཁན་པོའི་ཁྲིར་ཕེབས།

དགུང་ལོ་རེ་གཅིག་པ་རབ་བྱུང་བཅུ་བཞི་པའི་མེ་བྱི་༡༨༡༦ལོར་ཤར་པ་ཆོས་རྗེའི་ཁྲིར་ཕེབས་ནས། དཔལ་ལྡན་སྟོད་རྒྱུད་ཀྱི་སྒྲིག་སྤྱོད་སྤྱི་དང་ལྷག་པར་སྐབས་སྟོབས་ཀྱི་རང་འཁྲིས་བྱེད་སྒོ་ྜྲིཀ་ཀ་སྐྱོར་བ་དང་བརྩི་བཞག་གནང་བ་སོགས་དམ་པ་གོང་མའི་སྲོལ་བཟང་མི་ཉམས་རྒྱུན་འཛིན་གྱིས་ཚུལ་བཞིན་བསྐྱངས། ཤར་པ་ཆོས་རྗེའི་འཆར་ཅན་གྱི་མཛད་སྒོ་དུས་ཐོག་གནང་བ་ལས། ཀོང་པོ་འབྲུ་ལ་དགོན་དུ་རྒྱུན་བཞུགས་མཛད། ཤར་ཕྱོགས་ཀོང་པོའི་ཁུལ་གྱི་རིས་མེད་སེར་སྐྱ་དང་དོན་སྡེ་ཁག་དུ་མར་བྱང་ཆུབ་ལམ་གྱི་རིམ་པས་མཚོན་སྐབས་སྟོབས་འདོད་ཆོས་སྣ་ཚོགས་གསུང་ནས་དུས་འདའ་བར་མཛད། དགུང་ལོ་དོན་གསུམ་པ་རབ་བྱུང་དེ་གའི་ས་བྱི་༡༨༢༨ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲིར་ཕེབས་ནས་དགེ་ལྡན་ལུགས་བཟང་གཙང་མའི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་བླ་ན་འདེགས། རྟེན་གསུམ་གསར་བཞེངས་སོགས་འཁོར་ལོ་གསུམ་གྱི་བྱ་བ་རྣམས་དབྱར་མཚོ་ལྟར་སྤེལ་བཞིན་པའི་མུར་ལོ་གཅིག་སོང་མཚམས་ས་གླང་༡༨༢༩ལོརགློ་བུར་ཞི་བར་གཤེགས། དགོངས་རྫོགས་ཀྱི་ཕྱིར་དུ་བཞེངས་པའི་དངུལ་གདུང་ནི་དགའ་ལྡན་བླ་མ་ལྷ་ཁང་དུ་བཞུགས་སོ། ། འདིའི་རྣམ་ཐར་དགའ་ལྡན་ཐེ་བོ་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོས་མཛད་པ་དཔར་མ་ལ་ཤོག་གྲངས་བཅུ་བཞི་ཡོད་འདུག་ཀྱང་མཇལ་མ་བྱུང༌།

དགའ་ལྡན་ཁྲི་ཐོག་དོན་གཉིས་པ་གཙང་ཐོབ་རྒྱལ་འཇམ་དཔལ་ཚུལ་ཁྲིམས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་དོན་གཉིས་པ་གཙང་ཐོབ་རྒྱལ་འཇམ་དཔལ་ཚུལ་ཁྲིམས་ནི། རབ་བྱུང་བཅུ་གསུམ་པའི་ས་གླང་༡༧༦༩ལོར་གཙང་ཐོབ་རྒྱལ་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་གངས་ཅན་ཆོས་འཕེལ་གླིང་དུ་ཆོས་ཞུགས་གནང་ནས་ཡི་གེ་འབྲི་ཀློག་ལ་བསླབས། སྐུ་ན་སོན་པ་དང་དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་དང་གཙང་པ་ཁང་ཚན་དུ་ཆོས་ཞུགས་མཛད། གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་ལས་དགེ་ཚུལ་གྱི་སྡོམ་པ་མནོས། རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། སེར་བྱེས་མཁན་པོ་བློ་བཟང་མཁས་གྲུབ་སོགས་ལ་བསྟེན་ནས་བསྡུས་གྲྭ་ནས་བཟུང་ཚད་མའི་གཞུང་དང༌། དབུ་ཕར། མཛོད་བཅས་པའི་མདོ་ཕྱོགས་ཀྱི་གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་ནས་རྒྱུད་སྨད་དུ་ཞུགས། གསང་ཆེན་རྒྱུད་སྡེའི་གཞུང་ལུགས་ལ་བརྩོན་པ་རྒྱ་ཆེར་གནང་ནས་མདོ་སྔགས་གཉིས་ཀར་གཞན་དྲིང་མི་འཇོག་པའི་མཁས་པའི་གོ་སར་བསྙེགས། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་དང༌། པཎ་ཆེན་བསྟན་པའི་དབང་ཕྱུག རྗེ་བྱམས་པ་སྨོན་ལམ། བྱ་བྲལ་ངག་དབང་དོན་འགྲུབ། ཁྲི་ཆེན་ངག་དབང་ཚུལ་ཁྲིམས་སོགས་ལས་མདོ་སྔགས་ཀྱི་ལམ་རིམ་དང༌།

གཞན་ཡང་རྒྱུད་སྡེ་ཁག་གི་དབང་དང་མན་ངག་ལུང་དང་བཀའ་ཁྲིད་ཤིན་ཏུ་མང་པོ་ཞུས། དེ་ནས་རྒྱུད་སྨད་མཁན་པོ་སྟག་བྲག་སྐུ་ཕྲེང་དང་པོ་ངག་དབང་ཆོས་འཕེལ་རྒྱུད་སྨད་བླ་མ་དང་མཁན་ཁྲི་ལས་ཟུར་པའི་ཚབ་ཏུ་རིམ་བཞིན་རྒྱུད་སྨད་བླ་མ་དང་མཁན་ཁྲིར་ཕེབས་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཁྲི་ཆེན་བརྒྱད་དང་རྟ་དབྱངས་རྡུལ་ཚོན་བཅས་པ་མི་ཉམས་རྒྱུན་འཛིནགྱི་འཆད་ཉན་རྒྱ་ཆེར་གནང༌། བརྒྱུད་འདེབས་ལས། བློབཟང་འཇམ་དཔལ་སྙིང་པོའི་རིང་ལུགས་མཆོག །བཤད་དང་སྒྲུབ་པས་འཛིན་སྐྱོང་སྤེལ་མཛད་ཅིང༌། །ཚུལ་ཁྲིམས་ནོར་བུའི་ཐུགས་རྒྱུད་ཡོངས་གཏམས་པའི། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་འབྱུང་བ་ཡང་རྗེ་འདི་ཉིད་ཀྱི་གསོལ་འདེབས་ཡིན་ནོ། །དགུང་ལོ་ང་ལྔ་པ་རབ་བྱུང་བཅུ་བཞི་པའི་ཆུ་རྟ་༡༨༢༢ལོར་བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས། དེ་ནས་དགུང་གྲངས་རེ་གཉིས་པ་རབ་བྱུང་བཅུ་བཞི་པའི་ལྕགས་སྟག་༡༨༣༠ལོར་དགའ་ལྡན་གྱི་ཁྲིར་ཕེབས་ཏེ། འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བླ་ན་བཏེགས། ཁྲི་ཆེན་འདིའི་སྐབས་སེར་བྱེས་སྦ་ཏི་ཁང་ཚན་གྱི་ཁོངས་གཏོགས་གཙང་པ་མི་ཚན་ལོགས་སུ་ཐོན་ནས་ཕྱེད་སེར་སྨད་དང༌། ཕྱེད་སེར་བྱེས་གྲྭ་ཚང་རང་འཇགས་ཐོག་གཙང་པ་ཁང་ཚན་ཟུར་དུ་བཙུགས་པ་ཡིན་ཞེས་གྲྭ་བགྲེས་འགའི་གསུང་རྒྱུན་ལ་སྣང་ཚུལ་དུང་དཀར་ཚིག་མཛོད་དུ་གསུངས། ཁྲི་ལོ་བདུན་རིང་བསྐྱངས་རྗེས་དགུང་ལོ་རེ་དགུ་པ་རབ་བྱུང་བཅུ་བཞི་པའི་མེ་བྱ་༡༨༣༧ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ། རྣམ་ཐར་ངག་རྒྱུན་ཙམ་ལས་ཡི་གེར་འཁོད་པ་མི་སྣང༌། 

དགའ་ལྡན་ཁྲི་ཐོག་དོན་གསུམ་པ་ཚེ་སྨོན་གླིང་ངག་དབང་འཇམ་དཔལ་ཚུལ་ཁྲིམས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་དོན་གསུམ་པ་ཚེ་སྨོན་གླིང་ངག་དབང་འཇམ་དཔལ་ཚུལ་ཁྲིམས་ནི། མདོ་སྨད་ཅོ་ནེ་མཛོ་གུང་ཤར་ཞེས་པར་ཡབ་མཁས་གྲུབ་རྒྱ་མཚོ་དང་ཡུམ་རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་བཞི་པའི་ཆུ་བྱི་༡༧༩༢ལོར་འཁྲུངས། དགུང་ལོ་བཞི་པ་ཤིང་ཡོས་༡༧༩༥ལོར་ཁྲི་ཆེན་ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་ཀྱི་ཡང་སྲིད་དུ་ངོས་འཛིན་གཏན་འཁེལ་ཐོག ཅོ་ནེ་དགོན་ཆེན་དུ་གདན་དྲངས་ནས་ཁྲི་འདོན་མཛད་སྒོ་རྒྱ་ཆེར་བསྐྱངས། མཚན་ཉིད་གྲྭ་ཚང་གི་ལྷ་རམས་པ་ངག་དབང་ཕུན་ཚོགས་དགེ་རྒན་དུ་བསྟེན་ནས་ཡིག་འབྲི་དང༌། སུམ་རྟགས། དགོན་པའི་ཆོས་སྤྱོད། བསྡུས་གྲྭ་བཅས་ལ་སློབ་གཉེར་མཛད། དགུང་ལོ་བཅོ་ལྔ་པ་མེ་སྟག་༡༨༠༦ལོར་དབུས་སུ་གདན་དྲངས་ནས་སེར་སྨད་གྲྭ་ཚང་དང༌། ཚ་རྡོར་ཁང་ཚན་དུ་ཆོས་ཞུགས་མཛད། བཤེས་གཉེན་མཁས་པ་དུ་མའི་དྲུང་ནས་བསྡུས་ཚད་བློ་རྟགས་སོགས་ལ་བསླབས། ལྷག་པར་དགའ་ལྡན་ཁྲི་ཆེན་རེ་བརྒྱད་པ་མཁན་པོ་བློ་བཟང་དགེ་ལེགས་རྒྱུད་སྨད་མཁན་པོ་ལས་ཐོག་སྐབས་རྩ་བའི་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་པོད་ལྔའི་སློབ་གཉེར་ཕུལ་དུ་ཕྱིན་པ་གནང་ནས་མི་རིང་བར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་དགེ་བཤེས་ལྷ་རམས་པ་ཨང་དང་པོའི་མཚན་གནས་བཞེས། དེ་ནས་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཞུགས་ཐོག་གསང་སྔགས་རྒྱུད་སྡེ་བཞིའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་སློབ་གཉེར་དང་ཐིག་རྩ་རྡུལ་ཚོན། ཆོ་ག་ཕྱག་བཞེས། དབང་ལུང་མན་ངག་སྐོར་སོགས་གསན་བསམ་རྒྱ་ཆེར་མཛད་དེ་རིམ་བཞིན་རྒྱུད་པའི་བླ་མ་དབུ་མཛད་དང༌། མཁན་པོ། ཤར་པ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས་ནས་མདོ་སྔགས་གཞུང་ལུགས་དུ་མའི་འཆད་ཉན་སྤེལ།

དགུང་ལོ་ཉི་ཤུ་རྩ་བརྒྱད་པ་རབ་བྱུང་བཅུ་བཞི་པའི་ས་ཡོས་༡༨༡༩ལོར་རྒྱལ་ཚབ་དེ་མོ་རིན་པོ་ཆེ་ཞི་བར་གཤེགས་པའི་ཚབ་ཏུ་བོད་ཀྱི་སྲིད་སྐྱོང་མངའ་གསོལ་བ་ལྟར་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་གསེར་ཀྱི་འཁོར་ལོ་ཕྱག་མཚན་དུ་བསྣམས། དེའི་ཕྱི་ལོར་༡༨༢༠མན་ཆིན་གོང་མ་ཅ་ཆིང་གིས་དགའ་ལྡན་ཤྲི་རལ་ཐུ་ས་མ་ཏི་པརྔཏ༣་ཞེས་པའི་མཆོད་བསྟོད་སྐུ་ཕྲེང་གོང་མའི་སྐབས་ལྟར་ཕུལ། བོད་རྒྱལ་ཁབ་ཆེན་པོའི་སྲིད་སྐྱོང་གི་ལས་འགན་ལོ་ཉི་ཤུ་རྩ་ལྔའི་རིང་བསྐྱངས། སྲིད་སྐྱོང་གནང་ནས་ལོ་བདུན་སོང་རྗེས། དགུང་ལོ་སོ་བཞི་པ་ཤིང་བྱ་༡༨༢༥ལོར་བཞི་སྡེ་གྲྭ་ཚང་གི་ཉེ་འདབས་ཤར་ངོས། དགའ་ལྡན་ཁང་གསར་རྙིང་པའི་ས་ཁོངས་སུ་ཐུབ་བསྟན་ཆོས་འཁོར་གླིང་ཞེས་པའི་དགོན་སྡེ་གཙུག་ལག་ཁང་དང་བཅས་པ་ཕྱག་བཏབ། དེའི་ཕྱི་ལོར་མན་ཆིན་གོང་མ་ཅ་ཆིང་གི་བུ་ཏའོ་ཀོང་གིས་རྣམ་རྒྱལ་ཚེ་སྨོན་གླིང་ཞེས་འཁོད་པའི་བསྔགས་བརྗོད་ཕུལ་བ་དེ་ནས་བཟུང་དགོན་པ་དང་དགོན་པ་ཁ་འཛིན་གནང་མཁན་གཉིས་ཀར་ཚེ་སྨོན་གླིང་ཞེས་པའི་མིང་ཐོག །

དགུང་ལོ་ཞེ་དྲུག་པ་མེ་བྱ་༡༨༣༧ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་བདུན་མཐར་ཕྱིན་པ་བསྐྱངས། དམ་པ་འདིས་སྲིད་སྐྱོང་གནང་རིང་ཆོས་སྲིད་གཉིས་ཀའི་ལས་དོན་བཅུན་འདོམས་པས་ཆེ་བ་དང༌། ཁྲིམས་འགལ་རིགས་མཐོ་དམན་སུ་ཞིག་ཡིན་རུང་ནག་ཉེས་ཆེ་ཆུང་ལ་གཞིགས་པའི་ཁྲིམས་ཆད་ནན་པོ་གནང་བ་མ་ཟད། སྔ་རྗེས་སུ་བོད་སྡོད་ཨམ་བན་འུན་ཀེན་དང༌། སུམ་རྒྱཔྲེང༌། ཧུད་ཤན། ཤིན་ཁའོ། ཆིན་ཀླུད། ཀོན་ཧྲན་པའོ། རྨང་པའོ། ཧེ་རྒྱཔྲ༤་བཅས་བརྒྱད་ཙམ་འབྱོར་བ་རྣམས་དང་མཐུན་སྒྲིལ་ལེགས་པོ་བྱུང་ཡང༌། སྲིད་སྐྱོང་གནང་རྗེས་ཀྱི་ལོ་ཉི་ཤུ་རྩ་ལྔ་པ་ཆུ་ཡོས་༡༨༤༣ལོར་ཅིས་ཧྲན་ཨན་བན་འབྱོར་ནས་བོད་ཀྱི་ལས་དོན་ཚང་མར་དམ་པ་འདིར་རྩིས་མེད་ཀྱིས་དབང་ཤེད་ཆེ་བ་དང་བཅས་མི་མཐུན་པའི་འགལ་ཟླ་བྱུང་ཞིང༌། ཕྱོགས་མཚུངས་བཀྲ་ཤིས་ལྷུན་པོའི་བླ་བྲང་གི་སྐྱབས་དབྱིངས་སྨན་རི་བ་བློ་བཟང་སྦྱིན་པ་དང་པཎ་ཆེན་རིན་པོ་ཆེའི་ཡུམ་སྐུུ་ཞབས་སོགས་ཞབས་འབྲིང་མཐོ་གྲས་ཁག་གཅིག་དང༌། སྲིད་གཞུང་གི་དཔོན་རིགས་མཐོ་འབྲིང་ཁག་གཅིག་བཅས་ཚང་མ་ཁ་མཐུན་གྱིས་ཆིས་ཧྲན་ཨམ་བན་བརྒྱུད་གོང་མ་ཏའོ་ཀོང་ལ་སྲིད་སྐྱོང་ནོ་མིན་ཧན་གྱི་ནག་ཁྲ་ཞེས་པའི་སྙན་ཞུ་ཕུལ་བར་བརྟེན་དགུང་ལོ་ང་གསུམ་པ་ཤིང་སྦྲུལ་༡༨༤༥ལོར་གོང་མས་བཀའ་ཕབ་པ་ལྟར་སྲིད་སྐྱོང་གི་ཁྲི་ལས་ཕབས་ཏེ་ཧེ་ལུང་ཅང་ཞིང་ཆེན་དུ་རྒྱང་འབུད་ཐོག་བཙོནའཇུག་དོ་དམ་འོག་བཞག་སྟེ་ཕྱིན་ཆད་ཡང་སྲིད་རྩད་གཅོད་མི་ཆོག་པ་བཅས་ཀྱི་ཁྱབ་བསྒྲགས་ཀྱང་བྱས། སྲིད་སྐྱོང་རིན་པོ་ཆེ་ཚེ་སྨོན་གླིང་ནས་འཛིན་བཟུང་དོ་དམ་བྱས་རྗེས་སེར་སྨད་ཀྱི་ཟིང་འཁྲུགས་ཟེར་བ་བྱུང་ཞིང༌། འདི་སྐོར་བཤད་གཞི་ཆེ་བས་འདིར་མ་བྲིས་ཤིང༌། འབྲེལ་ཡོད་ཡིག་ཆ་གཞན་དུ་གཟིགས། ལོ་ཤས་སོང་རྗེས་ཅོ་ནེ་དགོན་ཆེན་གྱི་ལས་སྣེ་དང༌། གྲྭ་དམངས། ཡུལ་སྡེ་བཅས་ནས་གོང་མར་སྙན་ཞུ་ཡང་ཡང་ཕུལ་བ་ལྟར། རང་ཡུལ་གྱི་དགོན་པར་བཞུགས་ཆོག་པའི་ཆོག་མཆན་ཐོབ་པ་བཞིན་སྐུ་ཚེའི་སྨད་དུ་ཅོ་ནེ་དགོན་ཆེན་དུ་བཞུགས་ནས་མདོ་སྨད་ཕྱོགས་ཀྱི་དགོན་ཁག་མང་པོར་མདོ་སྔགས་ཀྱི་ཆོས་འཆད་སྤེལ་གནང་ཐུབ་པ་བྱུང༌། དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་༡༨༦༢ལོར་སོག་ཡུལ་ཐོར་གོད་ཁུལ་དུ་གདན་ཞུ་བྱུང་བ་ལྟར་ཕེབས་ནས་ཆོས་འཆད་སྤེལ་འགའ་ཞིག་གནང་རྗེས་སུ་གཤེགས། འདི་སྐོར་རྣམ་ཐར་ལོ་རྒྱུས་ཡིག་ཆར་འཁོད་པ་དེ་སྔོན་མེད་པའི་ཐོག་ཕྱིས་སུ་བྲིས་པ་རེ་ཟུང་ཀྱང་སྒྲོ་བཏགས་འཁྱོག་བཤད་མང་སྟབས་དཔྱད་གཞིར་བྱ་འོས་མ་མཆིས་པས་འདིར་མ་བྲིས་ཤིང༌། གོང་འཕྲོས་ཀྱི་ལོ་རྒྱུས་རྣམས་དགའ་ལྡན་ཁྲི་ཐོག་གྱ་བདུན་པ་ཚེ་སྨོན་གླིང་སྐུ་ཕྲེང་གསུམ་པའི་ལོ་རྒྱུས་ཐོག་གསལ།

དགའ་ལྡན་ཁྲི་ཐོག་དོན་བཞི་པ་རྒྱལ་རོང་བློ་བཟང་ལྷུན་གྲུབ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་དོན་བཞི་པ་རྒྱལ་རོང་བློ་བཟང་ལྷུན་གྲུབ་ནི། རབ་བྱུང་བཅུ་གསུམ་པའི་ལྕགས་གླང་༡༧༨༡ལོར་སྟོད་ཀྱི་རྒྱལ་རོང་ཚ་ཁོ་མཆོག་རྩེར་ཡབ་དཀའ་ཐུབ་དང༌། ཡུམ་ཀླུ་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བྱིས་པའི་དུས་ཀྱི་མིང་ལ་དཀའ་ཐུབ་འབུམ་ཞེས་བཏགས། དགུང་ལོ་བརྒྱད་པར་བླ་མ་བློ་གྲོས་ལས་ཡི་གེའི་སྦྱོར་ཀློག་དང་སུམ་རྟགས་དག་གསུམ་སོགས་ལ་སྦྱངས་ནས་མཁས་པར་མཁྱེན། ཁོང་གིས་ཐོག་མར་བོན་དང༌། བར་དུ་རསྙིང་མ། མཐར་དགེ་ལུགས་པའི་ཆོས་རྣམས་ལ་རིམ་གྱིས་སྦྱངས་པ་མཛད། དེ་ནས་རསྙིང་མའི་དགོན་པ་ཚང་གནས་སུ་ཞུགས་ནས་རསྙིང་མའི་ཆོས་སྐོར་ལ་ཐོས་བསམ་མཛད།

དགུང་ལོ་བཅུ་གསུམ་པར་བོན་ལོག་སྟོ་བུ་དོན་གྲུབ་ཀྱིས་སྡེ་དཔོན་བར་ལ་ཕྲ་མ་བཅུག་པའི་རྐྱེན་གྱིས་དཔོན་པོ་ཏཱ་རོ་རྡོ་རྗེ་རྒྱལ་གྱིས་ཡབ་ཡུམ་ཁྲིམས་ལ་སྦྱར་བས་རེ་ཞིག་མི་གཞན་གྱི་གཡོག་ཏུ་བཞུགས་དགོས་པ་བྱུང༌། དགུང་ལོ་བཅུ་དྲུག་པར་ཡབ་དང་ལྷན་ཅིག་ཏུ་ཏྲེ་ཧོར་དང༌། ཆབ་མདོ། སྤོ་ཡུལ། ཀོང་པོ། དྭགས་པོ། སྤུར་ཏ། ཀླུ་ཁ་ད་གྲུ་བརྒྱུད་བསམ་ཡས་གཙུག་ལག་ཁང་དང་མཇལ་ཞིང༌། དགུང་ལོ་བཅུ་བདུན་པར་ཕ་ཡུལ་གཅིག་པའི་གྲྭ་རྒྱུན་མང་པོ་དང་མཉམ་དུ་དབུས་ལྷ་ལྡན་དུ་ཕྱག་ཕེབས། དེ་ནས་སེ་ར་དགོན་དུ་བྱོན་ཏེ་སེར་སྨད་ཐོས་བསམ་ནོར་གླིང་གླིང་གྲྭ་ཚང་དང་རྒྱལ་རོང་ཁང་ཚན་དུ་ཞུགས། ལྷུན་གྲུབ་འཕྲོད་ལམ་ཆེས་བས་མཚན་ལ་བློ་བཟང་ལྷུན་གྲུབ་ཅེས་གསོལ་ཞིང་སེར་སྨད་ཐོས་བསམ་གླིང་དུ་ཞུགས། མཁན་ཟུར་བློ་བཟང་ཐུགས་རྗེ་ལསདགེ་བསྙེན་དང༌། བར་མ་རབ་བྱུང༌། དགེ་ཚུལ་བཅས་ཀྱི་སྡོམ་པ་དུ༷ས་གཅིག་ཏུ་མནོས་ཏེ་མཚན་ལ་བློ་བཟང་བསྟན་འཛིན་ཞེས་གསོལ། གུང་ཐང་ཆོས་ཁྲི་གྲགས་པ་མཁས་གྲུབ་དང༌། རྒྱལ་རོང་བཟོད་པ་ལྷུན་གྲུབ་བཅས་ལ་བསྟེན་ནས་བསྡུས་གཞུང༌། དབུ་མ། ཕར་ཕྱིན། མངོན་པ་མཛོད། འདུལ་བ། ཚད་མ་རྣམ་འགྲེལ་བཅས་ལ་སྦྱངས་པ་དཔྱིས་ཕྱིན་པར་མཛད། ཡབ་ཡུམ་གཉིས་ཀྱང་རབ་ཏུ་བྱུང་ཞིང་གྲོང་ཆོག་སོགས་སུ་ཕེབས་ཏེ་ཕྱག་ཏུ་འབྱོར་བའི་རྒྱུ་རྫས་རྣམས་ཁོང་གི་སློབ་ཡོན་དུ་གནང༌།

དགུང་ལོ་ཉེར་གཅིག་པར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་སོགས་ལས་བསྙེན་པར་རྫོགས་ཤིང་བཀའ་ཆོས་མན་ངག་མང་དུ་གསན། དགུང་ལོ་སོ་གསུམ་པར་སེར་སྨད་མཁན་པོ་བློ་བཟང་དཔལ་འབྱོར་གྱིས་གླིང་བསྲེའི་དམ་བཅའ་གོ་སྐབས་གནང་བ་ལྟར། གླིང་བསྲེའི་གྲྭ་སྐོར་མཛད་ཅིང་དཀའ་བཅུ་པའི་མཚན་བཏགས་བཞེས། དགུང་ལོ་སོ་ལྔ་པར་ལྷ་ལྡན་སྨོནལམ་ཆེན་མོའི་གྲྭ་སྐོར་མཛད་ཅིང་ལྷ་རམས་པའི་མཚན་བཏགས་ཨང་གསུམ་པ་བཞེས་པའི་སྐབས་ལུང་རིགས་ཀྱི་ཕུལ་མཚམས་འགྲན་ཟླ་མེད་པ་དང༌། མ་སྒྲིག་ལྷུན་གྱིས་གྲུབ་པའི་རྟེན་འབྲེལ་གྱི་མཚན་མ་ཡང་དུ་མ་བྱུང་བས་སྨད་མཁན་རིན་པོ་ཆེས་སླར་ཡང་ལྷ་རམས་པའི་དམ་འཇོག་དགོས་པའི་བཀའ་བཟང་བསྩལ་བ་ལྟར། དེ་ལོའི་དབྱར་ཐོག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས། རྒྱུད་སྨད་མཁན་པོ་འཇམ་དཔལ་ཚུལ་ཁྲིམས་ཀྱི་དྲུང་ནས་དཔལ་གསང་བ་འདུས་པའི་སྐྱེད་རྫོགས་གཉིས་དང་འབྲེལ་བ་བཞི་སྦྲགས་སོགས་གསན། སྔ་ཕྱིར་མི་ལོ་བཅུའི་རིང་གསང་སྔགས་ཀྱི་ཆོས་སྐོར་ལ་གསན་བསམ་རྒྱ་ཆེར་གནང༌། གསང་སྔགས་ཀྱི་གཞུང་དང་ཆོ་ག་ཕྱག་ལེན་བཅས་ལ་བྱང་ཆུབ་པར་མཛད་ཅིང་སྔགས་ཀྱི་དམ་བཅའ་ལེགས་པར་ཐོན་ནས་སྔགས་རམ་པའི་མཚན་བཏགས་བཞེས། དགུང་ལོ་ཞེ་གཅིག་པར་༡༨༢༡རྒྱུད་པའི་དགེ་བསྐོས་མཛད། ཚེ་སྨོན་གླིང་ཕོ་བྲང་གསར་རྒྱག་མཛད་པར་ཁོང་གིས་རབ་གནས་རྒྱས་པར་མཛད། ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་དང༌། ཚེ་གླིང་སྐུ་ཕྲེངགཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ། ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་ཐུབ་བསྟན་དབང་ཕྱུག་འཇིགས་མེད་རྒྱ་མཚན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོའི་ཞབས་ལ་གཏུགས་ནས། མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པའི་ལུང་དང་མན་ངག་ཞུས་ཏེ་ངེས་དོན་བསྟན་པའི་བདག་པོར་གྱུར།

དགུང་ལོ་ཞེ་ལྔ་པར་དཔལ་ལྡན་སྨད་རྒྱུད་ཀྱི་བླ་མ་དབུ་མཛད་དང༌། དགུང་ལོ་ཞེ་དགུ་པར་སྨད་རྒྱུད་མཁན་ཁྲི་ལ་བཞུགས་ནས་འཆད་ཉན་མཛད། དགུང་ལོ་ང་དྲུག་པར་བྱང་རྩེའི་ཁྲི་ལ་བཞུགས་ནས་མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད། དགུང་ལོ་དྲུག་ཅུ་རེ་གསུམ་པར་རབ་བྱུང་བཅུ་བཞི་པའི་ཆུ་མོ་ཡོས་༡༨༤༣ལོར་དགའ་ལྡན་གསེར་ཁྲི་ལ་བཞུགས་ནས་ལོ་ངོ་ལྔའི་རིང་དུ་གསེར་ཁྲི་བསྐྱངས་ཤིང༌། དེའི་རིང་ལ་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། དེའི་ཕྱི་ལོ་དགུང་ལོ་དྲུག་ཅུ་རེ་བཞི་པ་རབ་བྱུང་བཅུ་པའི་ཤིང་ཕོ་འབྲུག་༡༨༤༤ལོར་རྒྱལ་བ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་དུ་བཀུར་ཞིང་མདོ་སྔགས་ཀྱི་ཆོས་རྒྱུན་མང་དུ་ཕུལ། དགུང་ལོ་དྲུག་ཅུ་རེ་དྲུག་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། འདིའི་རྣམ་ཐར་ཞལ་སློབ་རྒྱལ་རོང་དགེ་བཤེས་ཤིག་གིས་མཛད་པ་ཡོད་ཚུལ་དུང་དཀར་ཚིག་མཛོད་དུ་གསུངས།

དགའ་ལྡན་ཁྲི་ཐོག་དོན་ལྔ་པ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་དོན་ལྔ་པ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ་ནི། རབ་བྱུང་བཅུ་བཞི་པའི་ལྕགས་ལུག་༡༨༡༡ལོར་སྤོ་སྨད་དུ་ཡུམ་སྒྲོལ་མའི་སྲས་སུ་སྐུ་འཁྲུངས། ཆུང་དུས་མཚན་ལ་བཀྲ་ཤིས་གསོལ། དབུས་སུ་གསེར་བུམ་དཀྲུག་འདོན་བྱས་པ་སྐུ་གོང་མ་དགའ་ཁྲི་ཞེ་བརྒྱད་པ་ཧོར་དོན་འགྲུབ་རྒྱ་མཚོའི་སྐུ་ཕྲེང་གསུམ་པ་གླིང་སྤྲུལ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་ཡང་སྲིད་ངོས་འཛིན་བྱུང་བ་བཞིན་རྒྱལ་མཆོག་དགུ་པ་ལུང་རྟོགས་རྒྱ་མཚོས་རྗེ་འདི་པར་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ་ཞེས་པའི་མཚན་གསོལ། གདན་ས་འབྲས་སྤུངས་བློ་གསལ་གླིང་གི་གླིང་ཁང་ཚན་དུ་ཞུགས་ནས། རྒྱལ་རོང་མཁན་ཆེན་བློ་བཟང་ཕུན་ཚོགས་སོགས་ལས་བསྡུས་གཞུང་ནས། འདུལ་མཛོད་བར་གྱི་གཞུང་ལུགས་ལ་གསན་བསམ་རྒྱ་ཆེར་མཛད། ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་གདན་གསུམ་མཁས་པའི་དབུས་སུ་ལྷ་རམས་པའི་གྲྭ་སྐོར་མཛད་པས་མཁས་པའི་མཚན་སྙན་གང་སར་འབར། རྒྱུད་སྟོད་དུ་ཞུགས་ནས་རྗེ་ཅོ་ནེ་ངག་དབང་ཚུལ་ཁྲིམས་རྒྱ་མཚོ་སོགས་རྒྱུད་ཆེན་དུ་མའི་ཞལ་ནས་གསང་སྔགས་རྒྱུད་སྡེ་བཞིའི་གནད་ལ་མཁས་པའི་ཡང་རྩེ་སོན། ཆུ་བཟང་བླ་མ་ཡེ་ཤེས་རྒྱ་མཚོ་དང༌། དེ་མོ་སྤྲུལ་སྐུ་འཇིགས་མེད་རྒྱ་མཚོ། པཎ་ཆེན་བསྟན་པའི་ཉི་མ། དངུལ་ཆུ་དྷརྨ་བྷ་དྲ་སོགས་ལས་མདོ་སྔགས་ཀྱི་གསེར་ཆོས་ཤིནཏུ་མང་པོ་གསན། ཤར་རྩེ་ཆོས་རྗེར་ཕེབས་ནས་འཆད་མཉན་རྒྱ་ཆེར་མཛད།

རབ་བྱུང་བཅུ་བཞི་པའི་མེ་རྟ་༡༨༤༦ལོར་རྒྱལ་མཆོག་མཁས་གྲུབ་རྒྱ་མཚོས་དགེ་ཚུལ་གྱི་སྡོམ་པར་བཞེས་པའི་སྐབས་ལས་གྲལ་གནང༌། དེའི་ཕྱི་ལོ་དགུང་གྲངས་བཞི་བཅུ་པ་རབ་བྱུང་བཅུ་བཞི་པའི་མེ་ལུག་༡༨༤༧ལོར་འཇམ་མགོན་བླ་མའི་རྒྱལ་ཚབ་ཏུ་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་མདོ་སྔགས་ཀྱི་འཆད་མཉན་རྒྱ་ཆེར་སྤེལ། རྟེན་གསུམ་གསར་བཞེངས་སོགས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེ་བླ་ན་བཏེགས། གུང་བསྟན་གྱི་ཁྲི་རབས་ཡོངས་འདུའི་ལྗོན་བཟང་དུ། རྗེ་འདི་བ་སེར་སྨད་ཡིན་པ་དང་རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི་༡༨༥༠ལོར་དགའ་ཁྲིར་ཕེབས་པ་བཤད་པ་ནི་ཐུགས་མཉམ་པ་མ་བཞག་པའི་གསུང་ཡིན་ཏེ། གོང་དུ་ཏྲེ་ནག་པ་ཧོར་དོན་གྲུབ་རྒྱ་མཚོ་བཤད་པའི་སྐབས། འདིའི་སྐུ་ཕྲེང་རྗེས་མ་རྣམས་གླིང་སྤྲུལ་རིན་བྱོན་ཡིན་ལུགས་དང༌། དེ་མོ་རྒྱལ་ཐོག་སྐབས་གྲྭ་རྒྱུན་བློ་གླིང་དུ་བསྒྱུར་ལུགས་བཤད་པ་དང་ནང་འགལ་ཏེ། རྗེ་འདི་ཉིད་ཧོར་དོན་རྒྱམ་ནས་རྩིས་ཡོངས་འཛིན་གླིང་སྤྲུལ་སྐུ་ཕྲེང་བཞི་པ་དེ་ཡིན་པའི་ཕྱིར། རྗེ་ཉིད་དགའ་ལྡན་གསེར་ཁྲི་ལ་ཕེབས་ལོ་ནི་གོང་དུ་བཀོད་པ་ལྟར་༡༨༤༧ལོར་ཡིན་ཏེ། རྒྱལ་བའི་འཁྲུངས་རབས་དེབ་བཞི་པ་རྒྱལ་མཆོག་མཁས་གྲུབ་རྒྱ་མཚོའི་རྣམ་ཐར་ཀྱི་སྐབས་ཤོགས་གྲངས་༣༥༦མེ་ལུག་བོད་ཟླ་དང་པོ་ཚེས་ཉེར་གཅིག་ཉིན་ཤར་བ་ཆོས་རྗེ་བློ་གླིང་གླིང་སྤྲུལ་སྐུ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ་དགའ་ལྡན་གསེར་ཁྲིར་ཕེབས་རྒྱུའི་བཀའ་བསྒྱུར་མཇལ་དར་དང༌། རྒྱུད་སྟོད་མཁན་ཟུར་སེར་སྨད་སྤོམ་འབོར་བསྟན་པ་རབ་རྒྱས་དགའ་ལྡན་ཤར་བ་ཆོས་རྗེའི་བཀའ་བསྒྱུར་མཇལ་དར་བཅས་ཕུལ། ཞེས་དང༌།

མེ་ལུག་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ཉིན་དགའ་ལྡན་ཁྲི་རིན་པོ་ཆེ་གླིང་སྤྲུལ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ་ྋགོང་ས་མཆོག་གི་ཡོངས་འཛིན་དུ་བསྐོ་བཞག་སྩལ་ཅིང་བཀའ་སྒྱུར་མཇལ་དར་གཟིམ་ཆུང་ཕུན་ཚོགས་འདོད་རྒུ་འཁྱིལ་དུ་འབུལ་བཞེས་དང༌། ཞེས་དང༌། ཞེས་ཤིན་ཏུ་གསལ་བར་འཁོད་པས་སོ། འདིས་ཁྲི་ལོ་བདུན་བསྐྱངས། །མཁས་བཙུན་བཟང་པོའི་ཆོས་འབྱུང་ཀུན་བཏུས་ལས་ནས། རྗེ་འདི་ལྕགས་ཁྱི་༡༨༥༠ནས་ཆུ་གླང་བར་ཁྲི་བསྐྱངས་ཞེས་བཤད་པ་ནི་ཁྲི་ལ་ཕེབས་ལོ་ཆུག་པས་ཁྲི་འཛིན་གྱི་ལོ་ཡང་ཉུང་དུ་བཏང་དགོས་བྱུང་བ་ཡིན་ནོ། ༡༨༤༧ལོ་དེར་གོང་ས་རྒྱལ་དབང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་ཡོངས་འཛིན་གནང་ནས། བསྡུས་གཞུང་དང་གཞུང་ཆེན་ཁག་གི་ཟབ་འཁྲིད་རྒྱ་ཆེར་གནང༌། གཞན་ཡང་མཁས་གྲུབ་སྐྱེས་ཆེན་ཤིན་ཏུ་མང་པོས་གཙོས་བོད་རྒྱ་ཧོར་གསུམ་གྱི་སློབ་ཚོགས་ཤིན་ཏུ་མང་པོ་ལ་དམ་པའི་ཆོས་ཚུལ་རྒྱ་ཆེར་སྤེལ། མཐར་དགུང་གྲངས་ཞེ་ལྔ་པ་རབ་བྱུང་བཞི་པའི་ཤིང་ཡོས་༡༨༥༥ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

དགའ་ལྡན་ཁྲི་རབས་དོན་དྲུག་པ་སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག་

[རྩོམ་སྒྲིག]

དགའ་ལྡན་ཁྲི་རབས་དོན་དྲུག་པ་སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག་ནི། རབ་བྱུང་བཅུ་གསུམ་པའི་ས་ལུག་༡༧༩༩ལོར་ཁམས་རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད་ཀྱི་ནང་ཚན་ལྕགས་ལ་རྒྱལ་པོའི་མངའ་ཁང་དར་རྩེ་མདོ་ཤེས་རབ་ནང་པའི་ཁྱིམ་དུ། ཡབ་མགོན་པོ་རྒྱལ་མཚན་དང་ཡུམ་རིན་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་ཡ་མཚན་པའི་ལྟས་དང་བཅས་སྐུ་འཁྲུངས། དགོང་ལོ་གཉིས་ལ་ཕེབས་པའི་སྐབས་འཁྲུངས་ཁྱིམ་གྱི་བྱཕྱི་རོལ་དུ་ཕེབས་ཏེ་འདི་ནས་ས་བརྐོས་ན་ཆུ་མིག་ཅིག་འཐོན་ཞིང་ཤུག་པ་ཞིག་ཀྱང་སྐྱེ་ཞེས་གསུང་པ་ལྟར་བྱས་པས། ཡུན་མི་རིང་བར་གནས་དེ་ནས་ཆུ་མིག་དོན་ཞིང་ཤུག་པ་ཞིག་ཀྱང་སྐྱེས། སྐུ་ན་ཆུང་དུས་ནས་སྔོན་གྱི་བག་ཆགས་བཟང་པོ་ཡོངས་སུ་སད་དེ་རྒྱལ་བའི་བསྟན་པའི་སྒོར་ཞུགས་འདོད་ཆེ་སྟབས་བླ་མ་ངག་དབང་འཇམ་དབྱངས་ཀྱི་གདན་ས་གཞིས་དགོན་ལྷ་མོ་རྩེ་དགའ་ལྡན་འགྲོ་ཕན་གླིང་དུ་ཆོས་ཞུགས་བྱས།

དགུང་ལོ་བཅུ་བཞི་པ་དབུས་ཀྱི་ལྷ་ལྡན་དུ་ཕེབས་ཏེ་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་རྒྱལ་རང་ཁང་ཚན་དུ་ཆོས་ཞུགས་གནང༌། དགེ་བཤེས་བློ་བཟང་སངས་རྒྱས་ཡོངས་འཛིན་དུ་བསྟེན་ཏེ་པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆའི་སྟེང་ནས་རྗེ་ཡབ་སྲས་སོགས་འཕགས་བོད་མཁས་པའི་གཞུང་ལུགས་ལ་རིང་དུ་འདྲིས་ཤིང༌། འཚོ་ཐབས་ཧ་ཅང་བཀྲེན་པོའི་དཀའ་སྤྱོད་འབད་པ་རྒྱ་ཆེར་བྱས་པས་མཁས་པའི་མཚན་སྙན་རྒྱས། དགེ་བཤེས་བཏོང་ཉེ་སྐབས་གཏོང་སྒོའི་མཐུན་རྐྱེན་མ་འཛོམས་པས་གཞིས་དགོན་དུ་ལོག་འགྲོ་སྙམ་སྟེ་འབྲས་སྤུངས་ལྷ་ཐོར་དུ་སླེབས་ངལ་གསོ་ཅུང་ཟད་གནང་པའི་སྐབས། མི་རྒན་ཨ་ར་དཀར་པོ་ཅན་ཞིག་སླེབས་ཏེ་ངའི་འབོགས་སྒྲིལ་འདི་ཉར་རོགས་ཞེས་ཟེར་ནས་དཟག་སྟེ་སོང༌། ཡུན་རིང་སྒུག་བསྡད་བྱས་ཀྱང་འབོགས་སྒྲིལ་ཕྱིར་ལེན་མཁན་སུ་ཡང་མ་བྱུང༌། མི་རྒན་དེ་ཉིད་རྩད་མ་ཆད་པར་གནས་ཆུང་ཆོས་སྐྱོང་ལ་ཞུས་པས། ཆོས་སྐྱོང་གིས་འབོགས་སྒྲིལ་འདིས་ཁྱོད་རང་གིས་དགེ་བཤེས་གཏོང་རྩ་གྱིས་གསུངས་པ་ལྟར་ལྷའི་འཕྲིན་ལས་སུ་ངེས་ནས་ཚོགས་སུ་གཏོང་སྒོ་དང་མཆོད་འབུལ་རྒྱ་ཆེར་བྱས། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་སྐབས་མཁས་རྒུའི་ཡིད་ཀྱི་བརྟན་པ་འཕྲོག དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས། རྗེ་ཤེར་སེང་པའི་སྔགས་བསྐྱེད་རྫོགས་ཀྱི་སྟེང་ནས་འབྲས་བུ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞིའི་དོན་ལ་གཞན་དྲིང་མེད་པའི་མཁས་པར་སྦྱངས། སྨད་རྒྱུད་ཀྱི་བླ་མ་དབུ་མཛད་དང་མཁན་ཁྲིར་རིམ་པ་བཞིན་ཕེབས་ནས་གསང་བ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་སྤེལ།

རྒྱུད་པ་གྲྭ་ཚང་དུ་བསྙེན་ཚབ་དང་ཐུགས་ཚབ་གཏོང་སྲོལ་ཡང་རྗེ་འདིས་གསར་དུ་བཙུགས། རབ་བྱུང་བཅུ་བཞི་པའི་ཆུ་གླང་༡༨༥༣ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་དགེ་ལྡན་བསྟན་པའི་རྒྱལ་མཚན་བླ་ན་བཏེགས། མདོ་སྨད་པ་མཁས་པའི་དབང་པོ་ཡོན་ཏན་རྒྱ་མཚོས། དགེ་ལྡན་ཆོས་འབྱུང་གསེར་གྱི་མཆོད་སྡོང་དུ་སྤྱི་ལོ་༡༨༥༣ལ་གསེར་ཁྲིར་འཁོད་ཅེས་གསུངས་པ་ནི་ཁུངས་རྣམ་པར་དག་པ་སྟེ། རྒྱལ་མཆོག་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་རྣམ་ཐར་ལས་ས་མོ་ལུག་༡༨༥༩ལོའི་ཧོར་ཟླ་བདུན་པའི་ཚེས་གཅིག་ཉིན་ནོར་གླིང་ནས་པོ་ཏཱ་ལར་ཆིབས་བསྒྱུར་མཛད་སྒོའི་སྐབས་སུ་བླ་དཔོན་ཚོ་མཇལ་གཅར་གནང་ཚུལ་གྱི་ཐད་དུ། ཡོངས་འཛིན་ཁྲི་ཟུར་རིན་པོ་ཆེ་བློ་བཟང་མཁྱེན་རབ་དབང་ཕྱུག ཅེས་འཁོད་པས། སྐབས་དེར་ཁྲི་ལས་ཟུར་ཡོད་ན། ཆུ་གླང་༡༨༥༣ལོར་ངེས་པར་དུ་གསེར་ཁྲིར་ཕེབས་དགོས་ཏེ་འདིས་ཁྲི་ལོ་བདུན་བསྐྱངས་པས་སོ། །

ཀོ་ཤུལ་གྲགས་པ་འབྱུང་གནས་དང༌། རྒྱལ་བ་བློ་བཟང་མཁས་གྲུབ་ཟེར་བ་གཉིས་ཀྱིས་བསྒྲིགས་པའི་གངས་ཅན་མཁས་གྲུབ་རིམ་བྱུང་གི་མིང་མཛོད་ཅེས་པའི་དེབ་དེའི་ནང་དུ། རྗེ་འདི་ཉིད་སྒོ་མང་དུ་ཞུགས་ནས་མཁས་པར་སྦྱངས་ཚུལ་དང༌། ཤིང་ཡོས་༡༨༥༥ ལོར་གསེར་ཁྲིར་ཕེབས་ཚུལ་བརིས་འདུག་པ་ནི་རྩོམ་ཆོས་སབ་སིབ་རེ་བརིས་ཐུབ་པ་དང་རྩོམ་ཡོན་སྣེ་སུན་རེ་རགས་བྱུང་ན་དེ་གས་འཐུས་པའི་བསམ་བློ་ཙམ་ལས་ཆ་འཇོག་བྱེད་པ་མི་འོས་སོ། ། རྗེ་འདི་ཉིད་ཀྱིས་ཁྲི་ལོ་བདུན་བསྐྱངས་ནས་༡༨༥༩ལོར་ཁྲི་ལས་བཤོལ་ཏེ་རྒྱལ་མཆོག་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་གྱི་ཐུགས་འགན་བཞེས་ནས་མདོ་སྔགས་ཀྱི་སྐུ་ཡོན་རྒྱ་ཆེར་ཕུལ། ཁང་སར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་སོགས་གདུལ་བྱ་ཤིན་ཏུ་མང་པོ་ལ་དཔལ་དུས་ཀྱི་འཁོར་ལོ་དང༌། ཀུན་རིག་གི་དབང་ཆེན། ལམ་གྱི་གཙོ་བོ་རྣམ་གསུམ་དང༌། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། བཀའ་གདམས་གླེགས་བམ་རིན་པོ་ཆེ་དང༌། ལམ་རིམ་མཆན་བཞི་མའི་ལུང་སོགས་གསུངས་པས་མཚོན། སྔ་ཕྱིར་ལམ་རིམ་དང༌། བདེ་གསང་འཇིགས་གསུམ། དུས་ཀྱི་འཁོར་ལོ་སོགས་ཀྱི་ལུང་འཁྲིད་བཀའ་དབང་རྒྱ་ཆེར་གནང་བས་སྐབས་དེའི་སྐྱེས་ཆེན་ཕལ་ཆེ་བ་འདིའི་དངོས་སློབ་དང་ཡང་སློབ་ཏུ་གྱུར། སྒོ་མང་མཁན་ཆེན་བསྟན་པ་ཆོས་འཕེལ་སོགས་སྔ་ཕྱིར་བསྒྲུབ་བྱ་ཤིན་ཏུ་མང་པོར་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་གནང། བ་དང༌། རབ་བྱུང་བཅུ་བཞི་པའི་ཤིང་བྱི་༡༨༦༤ལོར་ཟླ་༤ ཚེས་༡༣ ཉིན་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་ཡོངས་འཛིན་ཁྲི་ཟུར་བློ་བཟང་མཁྱེན་རབ་དབང་ཕྱུག་འདི་ཉིད་ཀྱི་དྲུང་ལས་ྋརྒྱལ་དབང་མཆོག་གིས་རབ་བྱུང་སྡོམ་བཞེས་གནང༌།

སྡེ་སྲིད་བཤད་སྒྲ་ནོ་མི་ཧན་ནས་ལོ་ངོ་གསུམ་རིང་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཏེ་ལོ་འདིའི་ཟླ་༨ ཚེས་༢༨ ཉིན་ནོར་གླིང་ཕོ་བྲང་ལྷུན་འགྲུབ་དགའ་ཚལ་དུ་སྐུ་ཚེ་མ་བརྟན་པས་ྋསྐྱབས་མགོན་སྦུག་གི་བཀའ་སློབ་ལྟར་ཕྱག་རོགས་སྲིད་སྐྱོང་གི་སྐོར་ལ་བཀའ་ཤག་དང༌། སྐུ་བཅར་སྤྱི་མཁན། བོད་ལྗོངས་སྤྱི་ཚོགས་བཅས་མོལ་བསྡུར་གྱིས་ཟླ་༩ ཚེས་༢ ཉིན་གཟིམ་ཆུང་དུ་གནས་ཆུང་ཆོས་རྒྱལ་ཆེན་པོར་ལུང་ཞུ་འབུལ་གནང་མཛད་པའི་དོན་བཞིན། ཡོངས་འཛིན་དགའ་ལྡན་ཁྲི་ཟུར་སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག་ལ་སྤྱི་ཚོགས་ནས་ཚིག་ཐོ་དང་བཅས་ཕྱག་རོགས་སྲིད་སྐྱོང་གི་ཐུགས་འཁུར་བཞེས་དགོས་སྐྱབས་ཞུ་ཞུས་པ་ཞལ་བཞེས་ཀྱིས་ཚེས་༢༩ ཉིན་བཀའ་བསྒྱུར་མཇལ་དར་འབུལ་བཞེས་དང་འབྲཻལ་ཆབ་སྲིད་ཀྱི་ཐུགས་འགན་བཞེས།

འདིས་སྲིད་སྐྱོང་གནང་སྐབས་དམག་དོན་སྤྱི་ཁྱབ་ཞབས་པད་ཕུ་ལུང་པ་ཉག་རོང་དུ་མངགས་ནས། ཉག་རོང་བདེ་འཇགས་བྱས་ཐོག་ཕོགས་དཔོན་ཕུན་རབ་པ་ཚེ་རིང་དཔལ་ལྡན་ལ་ཐའི་ཇིའི་གོ་གནས་དང་བཅས་ཉག་ཁོག་སྤྱི་ཁྱབ་དང༌། ལས་བྱ། སྲུང་དམག་བཅས་བསྐོ་གཞག་གིས་དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་གནང་བ་དང༌། བཀའ་ཞིབ་མཁན་མདའ་བཞི་སྦྲེལ་བསྐོ་གཞག་གིས་ཉག་དགྲས་བཙན་འཕྲོག་བྱས་ཡུལ། དིམ་ཆི་ཉེར་ལྔ།། སྡེ་དགེ གླིང་ཚང༌། ལྷ་ཐོག འགུ་ལོག བེ་རི། མ་ཟུར། ཁང་གསར། བྲག་འགོ སྟོང་འཁོར། དགེ་བཤེས། ལྕགས་ལ། ཁྲོ་སྐྱབས། ལི་ཐང༌། འབའ། ཆ་ཕྲེང་སོགས་ཀྱི་ས་སྤྱོད། ཐུ་སི། དཔོན་འགོ་ངོ་མ་སོ་སོ་འགུག་འབོད་ཀྱིས་ས་སྡེ་འཕྲོག་རིགས་དང༌། རྒྱུ་དངོས། རྟ་ཟོག་བཅོམ་འཕྲོག་བྱས་པ་ངོ་ཡོད་རྣམས་རང་རང་སོ་སོར་ངོས་འཛིན་ཕྱིར་སློག་དང༌། དཔོན་རྒན་གཙོ་དྲག་སོགས་བཙོན་འཇུག་བྱས་པ་རྣམས་ཀྱང་ཕྱིར་སློག་ཐོག སྔར་གྱི་དཔོན་གནས་ལས་འཁུར་ཇི་ཡོད་རང་འཇགས་གནང་སྟེ་ཁྲལ་འབུལ། ཁྲིམས་འཁུར་བྱེད་སྒོ་ཅི་མཆིས་ྋརྒྱལ་མཆོག་ལྔ་པའི་སྐུ་དུས་ཀྱི་དཔྱད་མཚམས་ཇི་ལྟར་སྨོས་མེད་ཐོག རྣམ་ཀུན་རང་རང་ས་སྲུང་ཡུལ་དམག་བཙུགས་ཏེ། དུས་སྐབས་བདེ་མིན་སོགས་ལ་གཞུང་གནས་ནས་བསྐུལ་བརྡ་ནམ་སྩལ་ཀ་ཀོར་མེད་པ་ཞབས་བཅར་ཞུ་རྒྱུ་དང༌། ཡུལ་ཚན་ཕན་ཚུན་གྱི་རྒྱལ་རིགས། ཐུ་སི། འགོ་དཔོན་ནང་ཚགས་འཆམ་མིན་བྱུང་ཚེ་ཉག་ཁོག་སྤྱི་ཁྱབ་པར་ཞུ་གཏུགས་བཅར་རྒྱུ། དེས་ཀྱང་འདུམ་མིན་བྱུང་ཚེ་ལྷ་ལྡན་རྒྱལ་ཁབ་ཏུ་ཞུ་བསྐུལ་ཞུ་རྒྱུ་སོགས་བོད་གཞུང་གི་བཀའ་ཇི་གནང་ལ་དང་ལེན་སྤྱི་འཁུར་ཞུ་རྒྱུའི་ལྷ་སྡེ་མི་སྡེ་ཚང་མས་དགའ་སྤྲོའི་ངང་ནས་མནའ་གན་མཐུ་མོ་ཆེ་ཡང་འབུལ་ལམ་ཞུས་ཡོད་པ་དང༌། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་ནས་ཀྱང༌། སྡེ་དགེ་ཡུམ་སྲས། དབོན་སྤྲུལ་བཅས་དབུ་ཐོན་བྱུང་བ་བཅས་ལ་བཞེད་བསྐོང་དབང་དང༌། དབུ་ཐོན་བཀའ་དྲིན་ཆེ་ཞུ་ཕུལ་བས་མཚོན་སྤྱི་ཁྱབ་ཞབས་པད་ཕུ་ལུང་པ་དང༌། མདའ་དཔོན། ཕོགས་དཔོན་སོགས་གཞུང་གི་ལས་འཛིན་རྣམས་ལ་མདོ་སྨད་སྲིད་པ་བདེ་ལ་བཀོད་པའི་བསྔགས་བརྗོད་ཀྱང་མཛད།

བོད་ཀྱི་སྲིད་སྐྱོང་རྒྱལ་ཚབ་ཀྱི་ཐུགས་འགན་བཞེས་ནས་ཆོས་སྲིད་གསེར་གྱི་འཁོར་ལོ་ཟླུམ་པོས་བོད་ཆེན་པོའི་སྣོད་བཅུད་ཆ་ལག་དང་བཅས་པར་ཆོས་འབྱོར་འདོད་རྒུའི་དཔལ་གྱི་དྲི་བསུང་སྣུམ་པོས་ཡོངས་སུ་བསྐྱངས་བས་གཞུང་ས་མཆོག་ནས་ཧོ་ཐོག་ཐུའི་གོ་གནས་དང༌། གཉལ་གྱི་དགོན་སྡེ་གཞིས་ཀ་མ་ལག་དང་བཅས་པ་སྡེ་དྲུག་བླ་བྲང་གི་ཆོས་གཞིས་སུ་ཕུལ་བ་དང༌། རྨེ་རུ་གྲྭ་ཚང་གིས་དགོན་མ་ལག་དང་བཅས་པ་ལེགས་འབུལ་ཞུས་པ་ནས་སྡེ་དྲུག་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་སྲིད་སྐྱོང་མི་ལོ་བདུན་གནང་ནས་འབྲུག་༡༨༦༨ལོར་སྤྱི་ཁྱབ་མཁན་པོ་དཔལ་ལྡན་དོན་གྲུབ་བཀའ་བློན་བསྐོས་ནས་རིང་པོར་མ་སོང་བར་ཚུལ་མིན་གྱི་དབང་ཤེད་ལ་བརྟེན་ནས་སྲིད་གཞུང་འཕྲོག་རྩིས་ཀྱི་བྱ་ངན་སྤེལ་མཐར་ལམ་ལྷོང་མ་བྱུང་ནས་དགའ་ལྡན་དགོན་པར་གབ་ཡིབ་བྱས་པས། ལྕགས་ལུག་༡༨༧༡ལོར་རང་སྲོག་ཤོར་བ་མ་ཟད། དགའ་ལྡན་ཤར་བྱང་གཉིས་ཀར་གཏོར་སྐྱོན་ཆེན་པོ་ཐེབས། སྟག་བླ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་འདས་ལོག་དཀར་ཆག་ཐར་པའི་ལམ་སྟོན་གསལ་བའི་སྒྲོན་མེའི་གླེང་བརྗོད་མཁས་དབང་བཀྲིས་ཚེ་དབང་གིས་མཛད་པ་ལས། གཞུང་ཞབས་ཁག་གཅིག་གི་རྒྱུན་གཏན་གསུང་རྒྱུན་ཡོངས་གྲགས་གཅིག་ལ་ྋགོང་ས་ལྔ་པ་ཆེན་པོའི་དག་སྣངགསང་བ་རྒྱ་ཅན་ནང་སྤྱི་མཁན་དཔལ་ལྡན་དོན་འགྲུབ་ལོག་སྨོན་གྱི་མཐུ་ཅན་ཞིག་ཡིན་པ་དང༌། དེ་འདུལ་བྱེད་ཀྱི་གཉེན་པོ་སྲིད་སྐྱོང་སྡེ་དྲུག་མཁྱེན་རབ་དབང་ཕྱུག་ཡིན་པའི་སྐོར་ཞིབ་ཕྲའི་ལུང་བསྟན་ཡོད་ཚོད། ཅེས་ཀྱང་གསུངས་སྣང་ངོ། །

སྲིད་སྐྱོང་ཁྲི་ཟུར་རིན་པོ་ཆེ་རང་ཡང་ཐུགས་གཡེང་ལྟ་བུས་དགུང་ལོ་དོན་བཞི་པ་རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་༡༨༧༢ལོར་ལྷ་ས་ནོར་གླིང་དུ་དགོངས་པ་རྫོགས། གཞིས་དགོན་ལྷ་མོ་རྩེ་དགའ་ལྡན་འགྲོ་ཕན་གླིང་གི་དགོངས་རྫོགས་རྟེན་སྐལ་དུ་རྗེ་བཀྲ་ཤིས་དོ་ཁ་མའི་སྐུ་གཅིག རསཇེ་ཡབ་སྲས་གསུམ་གྱི་གསུ་ང་འབུམ་ཆ་ཚང༌། ཁྲི་ཆས་ཆ་ཚང༌། ཕྲུག་གི་ཟལ་གམ་ཉིས་བརྒྱ་གྱ་བརྒྱད། ཕྲུག་སེར་གྱི་ཚོགས་གདན་ཆ་བཞི་བཅས་གསོལ་རས་སུ་བསྩལ། གསུང་ལས་སྐྱེས་པའི་སློབ་མ་རྒྱལ་མཆོག་འཕྲིན་ལས་རྒྱ་མཚོ། ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་མཁན་ཆེན་མཁྱེན་རབ་བསྟན་པ་ཆོས་འཕེལ། ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱོན། སྡེ་དྲུག་སྐུ་ཕྲེང་གསུམ་པ་ཆུང་དུས་ནས་གོང་མའི་ཡང་སྲིད་ངོས་འཛིན་ཞུས། འབྲས་སྤུངས་སུ་ཆོས་ཞུགས་གནང་ནས་གསུང་རབ་ལ་ཐོས་བསམ་བྱས་ཏེ་ལྷ་རམས་ཐོན་རྗེས་རྒྱུད་སྨད་དུ་ཞུགས་ནས་གསང་སྔགས་ལ་ཐུགས་གཉེར་གནང། ཡང༌། དགའ་ལྡན་ཆོས་ཐོག་ཕེབས་སྐབས་འཚུབ་ལྷོང་ལྟ་བུས་གློ་བུར་ཞི་བར་གཤེགས། སྡེ་དྲུག་སྐུ་ཕྲེང་བཞི་པ་ཡང་སྲིད་བརྩད་བཅད་ངེས་རྙེད་བྱུང་ནས། འབྲས་སྤུངས་ཆོས་ཞུགས་གནང་ཐོག་སློབ་གཉེར་གནང་བཞིན་པའི་མུར་དགུང་ལོ་བཅོ་ལྔ་ཡན་མན་ལ་གློ་བུར་ཞི་བར་གཤེགས། སྡེ་དྲུག་སྐུ་ཕྲེང་ལྔ་པ་སྐུ་ན་ཆུང་དུས་ནས་ཞབས་ལ་བརྡབ་སྐྱོན་ཤོར་བ་ལྟ་བུས་གློ་བུར་ཞི་བར་གཤེགས། སྐུ་ཕྲེང་དེ་དག་སྐུ་ན་ཆུང་དུས་ནས་ཞི་བར་གཤེགས་པས་སྐུ་ཕྲེང་གི་གྲངས་ཀར་མ་བགྲང་པར་ངེས། བཤད་སྲོལ་དུ་རྗེ་འདི་པ་སྲིད་སྐྱོང་སྐབས་སྤྱི་མཁན་དཔལ་ལྡན་དོན་འགྲུབ་ཀྱི་དོན་རྐྱེན་ལ་གཞུང་ས་ནས་གདན་ས་དགའ་ལྡན་དུ་དམག་དྲངས་པས་དམ་ཅན་ཆོས་རྒྱལ་གྱི་འཁོན་ཡིན་པར་བཤད། སྡེ་དྲུག་སྐུ་ཕྲེང་དྲུག་པ་སྡེ་དྲུག་ཧོ་ཐོག་ཐུ་འཇམ་དཔལ་སྐལ་བཟང་ཆོས་ཀྱི་དབང་ཕྱུག་ནི། རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི༡༩༣༤ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཡབ་གཞིས་དྭགས་པོ་གླང་མདུན་དུ་སྐུ་འཁྲུངས།

སྐུ་ན་ཆུང་དུས་ནས་ཡ་མཚན་པའི་ལྟས་སྣ་ཚོགས་བྱུང་བས་རྒྱལ་མཆོག་བཅུགསུམ་པ་ཐུབ་བསྟན་རྒྱ་མཚོའི་ཡང་སྲིད་དོགས་གཞིར་བྱུང༌། རྗེས་སུ་རྒྱལ་མཆོག་གོང་མའི་ཡང་སྲིད་ད་ལྟའི་རྒྱལ་དབང་ཐམས་ཅད་མཁྱེན་པ་འདི་ཉིད་ངོས་འཛིན་ཐག་བཅད་བྱུང་རྗེས། འདི་ཉིད་སྡེ་དྲུག་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་བྱུང་ནས་སྡེ་དྲུག་བླ་བྲང་དང་བློ་གསལ་གླིང་དུ་ཁྲི་སྟོན་ཞུས། ཡི་གེ་འབྲེི་ཀློག་དང་ཆོས་སྤྱོད་ཞལ་འདོན་སོགས་ལ་བསླབ། སྡེ་དྲུག་བླ་བྲང་ནས་རྣལ་འབྱོར་དབང་ཕྱུག་དགེ་བཤེས་བསམ་འགྲུབ་རིན་པོ་ཆེ་གདན་ཞུས་ཀྱིས་དགའ་ལྡན་ཆོས་རྒྱལ་ཁང་དུ་དྲུག་ཅུ་མ་འབུམ་ཕྲག་དུ་མ་ཕུལ་ཞིང་དགའ་ལྡན་དུ་བསྙེན་བཀུར་སོགས་རྒྱ་ཆེར་མཛད་པར་བརྟེན་སྐུ་ཚེ་ཉེན་སྐྱོན་མ་བྱུང་ཡང༌། རྒྱུད་སྨད་དུ་སྒྲིགས་ཞུགས་ཀྱིས་དགའ་ལྡན་དུ་ཕེབས་ཉིན་ཆ་ཕུ་རིའི་རྩེ་ནས་སྤྲིན་ནག་བརྡོལ་ཏེ་སེར་དྲག་འབེབས་པ་དང༌། སང་ཉིན་དགའ་ལྡན་དུ་ཕེབས་རྒྱུའི་དོ་ནུབ་དེར་ཆོས་རྒྱལ་ཁང་གི་མཚོན་ཆའི་རིགས་འགའ་ཞིག་ས་ལ་དབྱུགས་པ་སོགས། བསྟན་སྲུང་དམ་ཅན་ཆོས་ཀྱི་རྒྱལ་པོའི་འཁུ་ལྡོག་གི་མཚན་མ་ཅུང་ཟད་བྱུང་སྐད། དགུང་ལོ་བཅུ་ཡན་མན་ནས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཕ་ར་མཁན་ཆེན་པདྨ་རྒྱལ་མཚན་དང༌། སྐྱབས་རྗེ་འདན་མ་བློ་ཆོས་རིན་པོ་ཆེ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མའི་ཞབས་ལ་བཏུགས་ནས། གཞུང་ཆེན་པོད་ལྔ་ལ་གསན་བསམ་མཐར་ཕྱིན་པར་མཛད་དེ།

དགུང་ལོ་ཉེར་གསུམ་པ་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་༡༩༥༦ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་སྐབས་གདན་གསུམ་མཁས་མང་ནམ་མཁའི་སྐར་ཚོགས་ལྟ་བུའི་དབུས་སུ་ལྷ་རམས་ཨང་དང་པོའི་མཚན་གནས་བཞེས། ལོ་དེར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས་ནས་རྒྱུད་སྡེ་རྒྱ་མཚོ་ལ་གསན་བསམ་རྒྱ་ཆེར་གནང་ནས། མདོ་སྔགས་རབ་འབྱམས་སྨྲ་བའི་ངེས་དོན་གྱི་སྐྱེས་ཆེན་དམ་པའི་རྣམ་ཐར་བསྐྱངས། ས་ཕག་༡༩༥༩ལོར་བསྟན་སྲིད་ཆ་ལག་བཅས་པར་གེགས་ཆགས་ཚད་མེད་བྱུང་སྐབས་འཕགས་ཡུལ་དུ་ཆིབས་བསྒྱུར་མ་ཐུབ་པར། གུང་ཁྲན་གྱི་མནར་གཅོད་ཚད་མེད་མྱོང་དགོས་བྱུང་འདུག སླར་ཡང་སྲིད་ཇུས་གུ་ཡངས་ཀྱི་སྐབས་རྒྱ་གཞུང་གིས་ཆོས་དོན་ལས་བྱེད་ཟེར་བའི་གོ་མིང་སྤྲད་པ་ལ་བརྟེན་ནས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་ཤིང་པར་དུ་བརྐོ་བའི་འགན་བླངས་ནས་ལེགས་གྲུབ་བྱུང་བས་མཚོན་བསྟན་འགྲོར་དོན་ཆེན་དཔེ་མེད་སྒྲུབ་བཞིན་པའི་མུར་འབྲུག་ལོ་༢༠༠༠ལོར་ལྷ་སར་དགོངས་པ་ཆོས་དབྱིངས་སུ་ཐིམ།

དགའ་ལྡན་ཁྲི་ཐོག་དོན་བདུན་པ་ཁྲི་ཆེན་ཚུལ་ཁྲིམས་དར་རྒྱས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་དོན་བདུན་པ་ཁྲི་ཆེན་ཚུལ་ཁྲིམས་དར་རྒྱས་ནི། སྤོམ་འབོར་གྱི་ས་ཁུལ་དུ་འཁྲུངས། གདན་ས་གང་དུ་ཆོས་ཞུགས་མཛད་མིན་དང༌། འཁྲུངས་ལོ་མ་རསྙེད། རབ་བྱུང་བཅུ་བཞི་པའི་ས་ལུག་༡༨༥༩ ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་ངོ་གསུམ་སོང་མཚམས་སུ་སྐུ་གཤེགས། རྣམ་ཐར་ཟུར་འཁོད་རིགས་མེད།

དགའ་ལྡན་ཁྲི་ཐོག་བདུན་ཅུ་དོན་བརྒྱད་པ་རྒྱལ་རོང་བློ་བཟང་འཇམ་དབྱངས་དམ་ཆོས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བདུན་ཅུ་དོན་བརྒྱད་པ་རྒྱལ་རོང་བློ་བཟང་འཇམ་དབྱངས་དམ་ཆོས་ནི། སྤྱི་ལོ་དུས་རབས་བཅུ་དགུ་པ་རབ་བྱུང་བཅུ་བཞི་པའི་ནང་མདོ་ཁམས་རྒྱལ་རོང་དར་མདོ་རྫོང་ཁོངས་ལྷ་མོ་རྩེ་ཁུལ་དུ་འཁྲུངས། སྐུ་ན་ཆུང་དུས་ནས་ཕལ་བའི་སྐྱེ་བོ་ལས་འགོང་བའི་མཛད་སྤྱོད་ཁོ་ན་བསྟན། སྐུ་ན་ཆུང་དུས་གཞིས་དགོན་ལྷ་མོ་རྩེ་དགའ་ལྡན་འགྲོ་ཕན་གླིང་དུ་ཆོས་ཞུགས་ཀྱིས་ཡི་གེ་ཕྱི་མོ་སོགས་ལ་བསླབས། སྐུ་ལ་སོན་པ་དང་དབུས་སུ་བྱོན་ནས་མཆོད་མཇལ་དང་གནས་བསྐོར་གྲུབ་རྗེས་གདན་ས་འབྲས་སྤུངས་མཁས་མང་བློ་གསལ་གླིང་གི་ཆོས་སྒོར་ཞུགས། རོང་པོ་མཁན་ཆེན་བློ་བཟང་ཕུན་ཚོགས་དང༌། བློ་གླིང་སློབ་དཔོན་འཇམ་དབྱངས་བསྟན་པ་སོགས་ལ་བསྟེན་ནས་བསྡུས་བཞུང་དང་རྣམ་འགྲེལ། དབུ་ཕར། འདུལ་མཛོད་བཅས་ལ་དཀའ་སྤྱད་འབད་པ་དྲག་པོས་བསླབས་ཏེ་མཁས་པར་གྱུར། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་པས་གཟུར་གནས་མཁས་རྒུའི་ཡིད་དབང་འཕྲོག ལྷ་རམས་པའི་གྲྭ་སྐོར་གྲུབ་ནས་རྒྱུད་སྡེ་རྒྱ་མཚོའི་བསྟི་གནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་གནང༌། རྒྱུད་སྡེ་བཞིའི་དོན་ལ་གཞན་དྲིང་མེད་པའི་མཁས་པར་བསླབས། སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག ཆུ་བཟང་བླ་མ་ཡེ་ཤེས་རྒྱ་མཚོ་དང༌། པཎ་ཆེན་བསྟན་པའི་ཉི་མ་སོགས་ལས་མདོ་སྔགས་ཀྱི་བཀའ་ལུང་མན་ངག་རྒྱ་ཆེར་མནོས། སྨད་རྒྱུད་ཀྱི་དགེ་བསྐོས་དང་བླ་མ་དབུ་མཛད། རིམ་པར་བརྒྱུད་དེ། ཇི་སྐད་དུ་བརྒྱུད་འདེབས་ལས། འཇམ་དཔལ་དབྱངས་དངོས་རྗེ་བཙུན་ཙོང་ཁ་པའི། ། མདོ་སྔགས་དམ་པའི་ཆོས་ཀུན་ལེགས་བཟུང་ནས། ། སྐལ་བཟང་གདུལ་བྱའི་ཚོགས་རྣམས་ཚིམས་མཛད་པ། ། དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ། ཞེས་འབྱུང་བ་ལྟར་དཔལ་ལྡན་སྨད་རྒྱུད་པའི་མཁན་ཁྲིར་ཕེབས་ནས་རྒྱུད་སྡེ་རྒྱ་མཚོའི་འཆད་ཉན་རྒྱ་ཆེར་སྤེལ།

བྱང་རྩེ་བརྒྱུད་རབ་བྱུང་བཅུ་བཞི་པའི་ལྕགས་བྱ་༡༨༦༡ ལོར། དགའ་ལྡན་གསེར་ཁྲིར་ཞབས་སོར་འཁོད་དེ་ཁྲི་ལོ་བདུན་བསྐྱངས་རིང་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་དགེ་ལྡན་བསྟན་པ་རིན་པོ་ཆེ་བླ་ན་སྤེལ། འཁྲུངས་ཡུལ་གཞིས་དགོན་ལྷ་མོ་རྩེ་དགོན་དུ་དགའ་ལྡན་ལྡན་ལྷ་བརྒྱ་མའི་ཞལ་ཐང་ཆེན་མོ་ཞིང་ལ་ཁྲི་སོ་ལྔ་དང་ཞེང་ལ་རིང་ཐུང་ཁྲི་དོ་གསུམ་ཡོད་པའི་ཐོག་ཏོག་ཆ་གཅིག་ལ་དངུལ་སྲང་ལྔ་བཅུ་ཡོད་པ་གཅིག ཙོང་ཁ་རྒྱ་ཅུའི་ཞལ་ཐང་ཆེན་མོ་ལྔ་བཅས་གནང་བ་དུས་ཕྱིས་རིག་གནས་གསར་བརྗེ་བར་དུ་གཞིས་དགོན་དེའི་ནང་དུ་བཞུགས་འདུག ཁྲི་ལས་ཟུརནས་རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་སྒྲེངས། ཞི་བར་གཤེགས་པ་དང་དམ་པ་གང་གི་རིང་བསྲེལ་གྱི་སྙིང་པོ་ཞུགས་པའི་གདུང་རྟེན་གྱི་ཆ་ཤས་དངུལ་གྱི་མཆོད་རྟེན་ཞིག་གཞིས་དགོན་ལྷ་མོ་རྩེར་བཞུགས། འདས་ལོ་མི་གསལ། དེའི་སྐྱེ་སྤྲུལ་ཚལ་གུང་ཐང་དུ་འཁྲུངས་ནས། ཁམས་སུ་བྱོན། ཐང་ལུང་ས་ཆར་ཡུན་རིང་བཞུགས་ཏེ་བླ་བྲང་གི་རྟེན་གཞི་ཆགས། དུས་ཕྱིས་བླ་བྲང་འདིའི་ཤུལ་འཛིན་དགའ་ལྡན་ཁྲི་ཆེན་གྱ་གཉིས་པ་ཆོས་རྗེ་ཡེ་ཤེས་ཆོས་འཕེལ་གྱི་མཛད་པའི་ངག་རྒྱུན་ཡོད་ཚུལ། དགའ་ལྡན་ཁྲི་ཐོག་བརྒྱ་པ་ཆོས་རྗེ་བློ་བཟང་ཉི་མས་རྒྱུད་སྨད་ཆོས་འབྱུང་དུ་གསུངས། ། དགའ་ལྡན་ཁྲི་ཐོག་དོན་བརྒྱད་པ་ཁྲི་ཆེན་འཇམ་དབྱངས་དམ་ཆོས་ནི། ཁམས་རྒྱལ་མོ་རོང་དུ་འཁྲུངས། འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད། དགེ་བཤེས་ལྷ་རམས་པ་ཐོན་ནས་རྒྱུད་སྨད་དུ་ཞུགས་ཏེ་རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་རིམ་པར་བརྒྱུད་དེ་རབ་བྱུང་བཅུ་བཞི་པའི་ལྕགས་བྱ་༡༨༦༡ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་ལོ་བདུན་བསྐྱངས་ནས་གཤེགས། རྣམ་ཐར་ཟུར་དུ་མེད།

དགའ་ལྡན་ཁྲི་ཐོག་དོན་དགུ་པ་ཕུ་ཁང་བློ་བཟང་སྦྱིན་པ

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་དོན་དགུ་པ་ཕུ་ཁང་བློ་བཟང་སྦྱིན་པ། འབའ་ཐང་ཁུལ་སྣང་བཟང་དུ་འཁྲུངས། དགའ་ལྡན་ཤར་རྩེ་ཕུ་ཁང་ཁང་ཚན་དུ་སྒྲིགས་ཞུགས་མཛད། རྗེ་འདི་ཉིད་གྲྭ་རྐྱང་དཔེ་ཆ་ཧ་ཅང་ཡག་པོ་མཁྱེན་ཚུལ་མེད་པར་ཚོགས་ཆེན་ཚོགས་ལངས་འཁེལ་བ་དང༌། ཚོགས་ལངས་རྩོད་ཟླ་བྱང་རྩེའི་དཔེ་ཆ་བ་ཤིན་ཏུ་སྐད་གྲགས་ཆེ་ཞིང་སློབ་གཉེར་ལེགས་པ་ཞིག་ཡོད་སྟབས། སང་ཉིན་ཚོགས་ལངས་བཞེངས་རྒྱུའི་དོ་ནུབ་བྲོས་བྱོལ་དུ་ཕེབས་པས། འབྲོག་རིའི་སྒང་གཞི་བདག་ནགས་གསེབ་ཏུ་བོང་བུའི་རྣམ་ཅན་གྱི་མི་མ་ཡིན་ཞིག་དང་འཕྲད། འཇིགས་སྣང་གང་ཡང་མ་མཛད་པར་ཕྱག་ཕྲེང་སྐེ་ལ་བཀོན་ནས་བོང་བུ་ལྟར་འཁྲིད་ཡོང་བར། ཁོས་གང་དགོས་བྱ་རྒྱུ་ཡིན་ཚུལ་ བརྗོད་དེ་གློད་རོགས་ཞུས་པར། སང་ཉིན་ཚོགས་ལངས་ལ་རོགས་བྱ་དགོས་གསུངས་པས། ཁོས་ཁྱེད་རང་གནམ་ཡངས་ལ་མིག་གིས་གཏན་ནས་མ་བལྟ་བར་རྟགས་བསལ་དང༌། ལན་ཁ་ནས་གང་ཐོན་བརྗོད་ཅིག་ཅེས་ཟེར་བ་བཞིན་དེ་ནུབ་ཡར་ལོག་སྟེ། སང་ཉིན་དེ་ལྟར་མཛད་པས་རིགས་ལམ་ལ་ཐོགས་པ་མེད་པར་གྱུར་ཏེ་ཆོས་གྲོགས་དེ་ཉིད་སྨྲ་བ་མེད་པའི་གནས་ལ་བཀོད། ཚོགས་ལངས་ཚར་བའི་རྗེས་གནམ་ཡངས་ལ་གཟིགས་པ་ན། བོང་བུའི་མགོ་ཅན་གོས་ཆེན་གྱི་སྟོད་འགག་གྱོན་པ་ཞིག་གིས་བལྟས་ནས་བསྡད་ཡོད་པ་དེ་ཉིད་དུ་ཡལ་བར་གྱུར་སྐད། ཚོགས་བཞེངས་ཚར་སྐབས་ཆོས་གྲོགས་ཀྱི་ཤག་ཏུ་གསོལ་ཚིགས་ལ་འགྲོ་སྲོལ་ཡོད་ཀྱང༌། ཆོས་གྲོགས་ཀྱིས་མ་འབོད་པར་སྔོན་ལ་སོང་བ་དང༌། རྗེ་འདིས་ཀྱང་རྗེས་སུ་ཕེབས་པས། ཁོང་གིས་དཔེ་ཆ་ཚང་མ་མེར་བསྲེགས་ནས་ཤོག་བུའི་དུ་དྲིས་ཁེངས་ནས་ཡོད་པར། གང་ཡིན་བཀའ་འདྲི་མཛད་པས། ངས་ད་བར་དཀའ་ལས་བྱས་ནས་དཔེ་ཆ་བལྟས་པ་ཡིན་ཏེ། ད་ཕན་ཐོགས་གང་ཡང་མི་འདུག་ཟེར།

རྗེ་འདིས་དེ་འདྲ་མ་བྱེད་ངས་འདི་འདྲ་བྱེད་ཅིང་འདི་འདྲ་བྱུང་བས་གདུག་འདྲེའི་ནུས་པ་ཡིན་པ་ལས། ངས་གང་ཡང་མི་ཤེས་ཞེས་གསུངས་སྐད། གང་ལྟར་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་ལྟར་སྦ་བའི་སྒོ་ནས་མཁས་གྲུབ་ཀུན་གྱི་ཡང་རྩེར་གྱུར་པ་ནི་གོར་མ་ཆག་ཅིང༌། དེ་ལྟར་རིམ་གྱིས་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་མཐར་སོན་པ་ན། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་དམ་བཅའ་བཞག དེ་ནས་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་སྡེའི་སྙིང་པོ་ཀུན་ལ་སྦྱངས་པར་མཛད། རིམ་གྱིས་བླ་མ་དབུ་མཛད་དང་མཁན་ཁྲིར་ཕེབས། རྒྱུད་པའི་མཁན་ཁྲི་རྩིས་བཞེས་སྐབས་དངུལ་ཊམ་དཀར་རསྙིང་ཟད་འགྲོ་རྒྱུགས་དཀའ་བའི་རིགས་རྩིས་སྤྲོད་བྱ་སྲོལ་ལྟར་སྤྲོད་ལེན་སྐབས་རསྙོག་གྲ་བརྒྱུད་མར་འབྱུང་བ་ལ། རྗེ་འདི་པས་དངུལ་ཁུག་ལ་རྒྱུད་པའི་སྤྱི་ཐམ་ཕབས་སུ་བཅུག་ཏེ། ཕྱིས་མཁན་ཁྲི་ཟིན་རྗེས་དངུལ་ཁུག་སྤྱི་ཐམ་འབྱར་མ་རྩིས་སྤྲོད་མཛད་པས་སྟབས་བདེ་རསྙོག་ཁྲ་མེད་པ་བྱུང་བ་སོགས་འཇིག་རྟེན་གྱི་བྱ་བཞག་ལའང་མཁྱེན་རླབས་ཤིན་ཏུ་ཆེ་བར་གྲགས། རབ་བྱུང་བཅུ་བཞི་པའི་ས་ལུག་༡༨༥༩ལོར་ཤར་རྩེ་ཆོས་རྗེའི་ཁྲིར་ཕེབས་ཤིང༌། རབ་བྱུང་བཅོ་ལྔ་པའི་ཐོག་མ་མེ་ཡོས་༡༨༦༧ལོར་དགའ་ལྡན་གསེར་ཁྲིར་ཕེབས།

ཁྲི་པའི་བྱེད་སྒོ་འཐུས་ཚང་གནང་བཞིན་པའི་མུར། འདིས་དགའ་ལྡན་གསེར་ཁྲི་སྐྱོང་བའི་སྐབས། སྤྱི་མཁན་དཔལ་ལྡན་དོན་འགྲུབ་ཀྱིས་འབྲས་སྤུངས་རིགས་གྲྭའི་རྩོད་སྙོག་ལ་རྒྱབ་ཡངས་བྱས་ཏེ། དགའ་འབྲས་ཟུང་དྲུང་ཞེས་པ་བཙུགས། སྲིད་སྐྱོང་རྒྱལ་ཚབ་རྭ་སྐྱེང་རིན་པོ་ཆེ་ལ་གྱེན་ལངས་དང་སྙྙེ་མོ་རྒྱལ་བྱེད་ཚལ་དུ་རྒྱངས་འབུད་བཏང་ཟིན་བའི་བཤད་སྒྲ་བ་དང་མཉམ་དུ་བསྡེབས་ནས། བོད་ཀྱི་བསྟན་སྲིད་ཐུག་པ་ལྟར་དཀྲུག་པའི་སྐབས་དང་འཁེལ་ནའང་སྤྱི་མཁན་དཔལ་དོན་དང་གྲྭ་ཚང་གཅིག་པའི་ལ་ཞེན་ཕྱོགས་ལྷུང་མ་གནང་བར་རྒྱ་མཚོ་ཆེན་པོ་དང་རི་བོ་མཐོན་པོ་ལྟ་བུ་གཡོ་འགུལ་མེད་པར་བཞུགས་འདུག་པས་ཆོས་སྲིད་གཉིས་ཐད་ནས་གཟིགས་རྒྱང་ཡངས་པའི་སྐྱེས་ཆེན་དམ་པ་ཞིག་ཏུ་ཞུགས་སོ། །དེ་ལྟར། ལོ་གཉིས་ཙམ་ལས་མ་བཞུགས་པར་༡༨༦༩ལོར་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་འཇམ་དཔལ་སྙིང་པོའི་དྲུང་དུ་གཤེགས།

དགའ་ལྡན་ཁྲི་ཐོག་བརྒྱད་ཅུ་པ་བསམ་བློ་གྲགས་པ་དོན་གྲུབ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བརྒྱད་ཅུ་པ་བསམ་བློ་གྲགས་པ་དོན་གྲུབ། ཨ་མདོའི་ཡུལ་དུ་འཁྲུངས། ཆུང་དུས་གཞིས་དགོན་དུ་ཞུགས་ནས་ཡི་གེ་འབྲི་ཀློག་དང་ཐ་སྙད་རིག་གནས་བཅས་ལ་བསླབ། ན་སོན་པ་དང་གཞིས་དགོན་གཅིག་པའི་གྲྭ་རྒྱུན་ཚོ་དང་མཉམ་དུ་རི་ཁྲི་ཆུ་སྟོང་བརྒལ་ནས་དབུས་འགྱུར་ཆོས་ཀྱི་ཞིང་སར་ཞབས་སོར་འཁོད་དེ་ཇོ་ཤཀ་རྣམ་གཉིས་སོགས་མཇལ་ཁ་གྲུབ་པ་དང༌། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་བསམ་བློ་ཁང་ཚན་དུ་ཆོས་ཞུགས་མཛད་དེ། ཀླུ་ཐོགས་གཅིག་ཏུ་བསྡུས་འདྲའི་བཤེས་གཉེན་མཁས་པ་དུ་མའི་ཞབས་པད་ཚུལ་བཞིན་བརྟེན་ནས་བསྡུས་ཚད་དང༌། བློ་རྟགས། དོན་བདུན་ཅུ། ཕར་ཕྱིན་དབུ་མ་འདུལ་མཛོད་བཅས་ལ་ཟས་བརྗོད་གཉིད་བཅག་གིས་དཀའ་སྤྱོད་འབད་པ་དྲག་པོས་རྩོད་སྒྲུབ་རིགས་པའི་ལམ་ནས་བསླབས་པས་མཚན་ཉིད་ཐེག་པའི་གཞུང་ལུགས་ལ་འགྲན་ཟླ་མེད་པའི་མཁས་པར་གྱུར། གཞུང་ཆེན་པོ་ལྔའི་སློབ་གཉེར་མཐར་ཕྱིན་ནས། ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་གཞུང་ཆེན་པོད་ལྔའི་གྲྭ་སྐོར་དམ་བཅའ་བཞག་སྟེ་ལྷ་རམས་པའི་མཚན་གནས་བཞེས། དེ་ནས་གསང་ཆེན་སྔགས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་རྒྱུད་སྨད་དུ་ཆོས་ཞུགས་གནང༌། རྒྱུད་སྡེ་བཞིའི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་དཀའ་གནད་ཕྲ་ཞིབ་རིགས་པས་འབྱེད་པ་ལ་གཞན་དྲིང་མེད་པའི་མཁས་པ་རྡོ་རྗེ་འཛིན་པ་ཆེན་པོ་དུ་མའི་ཞབས་ལ་གཏུགས་ནས་གསང་སྔགས་ཀྱི་སློབ་གཉེར་དང་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན་བཞེས་མཛད། རིམ་བཞིན་རྒྱུད་སྨད་བླ་མ་དབུ་མཛད་དང་མཁན་པོ་བཅས་གནང༌།

རྗེ་འདི་ཉིད་རྒྱུད་སྨད་མཁན་ཟུར་སྐབས། ཁང་སར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་སོགས་སྐྱེས་ཆེན་དམ་པ་དུ་མ་ལ་བློ་སྦྱོང་བྱང་སེམས་ཆུ་རྒྱུན་དང༌། སྐྱེས་རབས་སོ་བཞི་པའི་ཁྲིད། ཆུ་བཟང་བླ་མ་རིན་པོ་ཆེར་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། གྲུབ་རྒྱལ་ལུགས་རྟ་མགྲིན་དབྱུག་པ་ཅན་གྱི་རྗེས་གནང༌། ལམ་རིམ་ཆུང་བ། རྡོར་སེམས་བསྒོམ་བཟླས། དགའ་ལྡན་ལྷ་བརྒྱ་མ། ཐོག་མའི་བློ་སྦྱོང༌། ལམ་རིམ་གསེར་ཞུན་མ། ཉིན་ཕྲུག་གཅིག་གི་ཉམས་ལེན། ཚ་གསུར། ལམ་རིམ་འཇམ་དཔལ་ཞལ་ལུང༌། དྭགས་པོ་ངག་དབང་གྲགས་པའི་ལམ་རིམ་ཚིགས་བཅད་མ། དམར་ཁྲིད་མྱུར་ལམ། སྦྱོར་ཆོས་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། འོད་དཔག་མེད་ལ་བརྟེན་པའི་འཕོ་བ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་བཅས་ཀྱི་ཁྲིད། སྐྱེས་མཆོག་པོ་ཏོ་བའི་ཆིག་ལབ་རིང་མོ། འཇིགས་བྱེད་བཅུ་གསུམ་མའི་ཆོ་ག་ཟ་མ་ཏོག། མགོན་པོ་ཕྱག་དྲུག་པའི་གཏོར་ཆོག ཆོས་རྒྱལ། ལྷ་མོ། རྣམ་སྲས་གསུམ་གྱི་གཏོར་ཆོག སྨྱུང་གནས་ཆོ་ག་སྨོན་ལམ་བཅས། སྙིང་གཏམ་བཅུ་གསུམ་མ། དགེ་བཤེས་ཚེ་དབང་བསམ་གྲུབ་ཀྱི་སྡོམ་གསུམ་བསླབ་བྱ། རྭ་པོད་དང་དཔལ་པོད་ཡོངས་རྫོགས། མགོན་པོ་ཕྱག་དྲུག་པའི་བེའུ་བུམ་སོགས་ཀྱི་ལུང་ཆོས་རྒྱ་ཆེར་གནང༌། དེ་ནས་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས། བཤད་སྒྲུབ་འཁོར་ལོ་གསུམ་གྱིས་བསྡུས་པའི་སྐབས་སྟོབས་ཀྱི་བྱེད་སྒོ་རྣམས་དམ་པ་གོང་མའི་ཕྱག་སྲོལ་མ་ཉམས་པར་ཚུལ་བཞིན་བསྐྱངས།

རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་༡༨༧༠ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས། ཁྲི་ལོ་བདུན་བསྐྱངས་ཤིང༌། དེའི་རིང་རྒྱལ་མཆོག་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་ཡོངས་འཛིན་ཀྱང་མཛད་ནས་གཞུང་ལུགས་ཆེན་པོ་དག་གི་དགག་བཞག་སྤོང་གསུམ་གྱིས་འཛུབ་ཁྲིད་ཟབ་རྒྱས་ཞུས། རྗེ་འདི་ཉིད་དགའ་ལྡན་ཁྲི་ལས་ཐོག་པའི་སྐབས་ལྕགས་ལུག་༡༨༧༡ལོར་སྤྱི་ཁྱབ་མཁན་པོ་དཔལ་ལྡན་དོན་གྲུབ་རྗེས་འབྲངས་བཅས་སྲིད་སྐྱོང་དགའ་ལྡན་ཁྲི་ཟུར་སྡེ་དྲུག་རིན་པོ་ཆེར་ངོ་རྒོལ་གྱི་དགའ་ལྡན་ཟིང་འཁྲུགས་ཟེར་བ་དེ་བྱུང་དུས། གཞུང་གིས་དགའ་ལྡན་དུ་དམག་དཔུང་བཏང་སྟེ་དྲག་གནོན་གྱིས་བྱེད་གཏེ་སྤྱི་མཁན་དཔལ་དོན་གཡུལ་སར་བསད་པ་དང༌། རྗེས་འབྲངས་ཤར་བྱང་གི་མཁན་པོ་སོགས་ཉེས་ཆད་ཁྲིམས་འཇུག་རྡུང་རྡེག་ཐོག་ད་དུང་སྲོག་ཐོག་གི་ཉེས་པ་གཏང་དགོས་སའང་ཡོད་པར། རྗེ་འདིས་སྲིད་སྐྱོང་སྡེ་དྲུག་རིན་པོ་ཆེ་དང་གཞུང་ས་ལ་ཕྱོགས་མང་པོའི་རྒྱུ་མཚན་གསལ་བཤད་གནང་བར་བརྟེན། ཉེས་ཅན་གུ་ཡང་གི་ལུགས་སུ་བྱས་ཏེ་ཤར་བྱང་གི་མཁན་པོ་གཉིས་རྒྱང་འབུད་བཏང་པ་དང༌། བྱེད་གཏེ་རེ་ཟུང་ལ་ཁྲིམས་གཅོད་དང༌། དེ་བྱིངས་ཚང་མ་གུ་ཡངས་ཐག་གཅོད་ཀྱི་ལྷིང་འཇགས་ལེགས་པོ་བྱུང༌།

ཤིང་ཕག་༡༨༧༥ལོར་ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་ཀྱིས་གདན་དྲངས་ནས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཆེན་པོར་སྨད་རྒྱུད་མཁན་སློབ་འདུས་སྡེ་དང་བཅས་པའི་ཚོགས་དབུར་ཕེབས་ནས་དཔལ་གསང་བ་འདུས་པའི་བདག་མདུན་དབང་ཆོག་དང་བཅས་པ་གནད་སྨིན་མཛད་པས་མཚོན། ལུགས་ཟུང་གནས་ལ་གཟིགས་པ་མཁའ་ལྟར་ཡངས་ཤིང་ཐུགས་ཀྱི་དེ༷ལ་ཆེ་བའི་སྐྱེས་ཆེན་དམ་པ་འགྲན་ཟླ་དང་བྲལ་བ་ཞིག་སྟེ། འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲི་ལ་ཞབས་སོར་འཁོད་ནས་ལོ་ངོ་བདུན་ཙམ་བཞུགས་རིང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཁྲི་ཆེན་གོང་མ་ཚོས་རྣམ་ཐར་བཟང་པོ་བདག་གིར་མཛད་དེ་གསེར་ཁྲི་ཚུལ་བཞིན་བསྐྱངས། མེ་བྱི་༡༨༧༦ལོར་ཁྲི་ལས་ཟུར། འདས་ལོ་མི་གསལ། དེ་མིན་གྱི་ལོ་རྒྱུས་ཞིབ་གསལ་མ་རྙེད་ཅིང༌། རྣམ་ཐར་ཡང་ཟུར་དུ་མི་སྣང༌། །

དགའ་ལྡན་ཁྲི་ཐོག་གྱ་གཅིག་པ་ཟུང་ཇུ་ངག་དབང་ནོར་བུ

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གྱ་གཅིག་པ་ཟུང་ཇུ་ངག་དབང་ནོར་བུ། མདོ་སྨད་ཟུང་ཇུའི་ཁུལ་དུ་འཁྲུངས། དགའ་ལྡན་གསེར་ཀོང་རིན་པོ་ཆེ་ངག་དབང་ཚུལ་ཁྲིམས་དོན་ལྡན་གྱི་རྣམ་ཐར་ནང་རྗེ་འདི་འཕོ་བ་གྲོང་འཇུག་གནང་བའི་སྤྲུལ་སྐུ་ཡིན་ཟེར་གསུངས། སྐུ་ན་ཆུང་དུས་ཟུང་ཇུ་སེར་པོ་དགོན་དགའ་ལྡན་ཆོས་གླིང་དུ་ཆོས་ཞུགས་མཛད། ཡེ་གི་འབྲི་ཀློག་དང་ཀུན་མཁྱེན་འཇམ་བཞད་ཡིག་ཆ་ལ་གསན་བསམ་མཛད། སྐུ་ན་སོན་པ་དང་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་ཟུང་ཇུ་ཁང་ཚན་དུ་ཆོས་ཞུགས་མཛད།

ཁྲི་ཆེན་རིན་པོ་ཆེ་འདི་ཉིད་འབྲས་སྤུངས་སུ་སློབ་གཉེར་མཛད་པའི་སྐབས་བསྙུན་གཞི་དྲག་པོ་ཞིག་བྱུང་ཏེ། ནུབ་གཅིག་མནལ་ལམ་དང་མངོན་སུམ་འདྲེས་པའི་སྣང་བ་ལ། བུད་མེད་ཤིན་ཏུ་འཇིགས་སུ་རུང་བ་ཞིག་གིས་རྗེ་འདི་ཉིད་དེ་གའི་ཐད་ཀྱི་བར་སྣང་ལ་ཁྱེར་ནས་སྲོག་དང་བྲལ་བར་བྱེད་ཟེར་བས་ཐུགས་ཤིན་ཏུ་འཇིགས་ཤིང་སྐྲག་ནས། ད་རེས་ལན་ཅིག་སྲོག་ལས་ཐར་བར་མཛོད་ཅེས་ནན་གྱིས་གསུངས་པས། བུད་མེད་དེས། འོ་ན། ཆོས་གཤའ་མ་ཞིག་གྱིས་ལ། ཉིན་རེར་རྡོ་རྗེ་འཇིགས་བྱེད་ཀྱི་བདག་འཇུག་ཚར་རེ་མ་ཆག་པ་བྱེད་ཨེ་ནུས་ཟེར་བས། དེ་ལྟར་བྱེད་རྒྱུར་ཁས་བླངས་མཛད་པས། བུད་མེད་དེས་རང་གནས་སུ་བཞག་པའི་སྣང་བ་བྱུང་ཏེ། དེ་ནས་བསྙུན་ལས་རིམ་གྱིས་གྲོལ། འཇིག་རྟེན་ཆོས་བརྒྱད་ཀྱི་སྤྲོས་པ་མཐའ་དག་སྒོ་ཐམས་ཅད་ནས་ཐམས་ཅད་དུ་རྒྱང་བསྲིངས་ཏེ། ཐོས་བསམ་སྒོམ་པ་འབའ་ཞིག་གིས་དུས་འདའ་བར་མཛད། རྗེས་སུ་བུད་མེད་དེ། འབྲས་སྤུངས་ཀྱི་སྲུང་མ་ལྷ་མོ་རྡོ་རྗེ་གྲགས་རྒྱལ་མས་ཆོས་ལ་བསྐུལ་བའི་དོན་དུ་ཆོ་འཕྲུལ་བསྟན་པར་མཁྱེན་ནས། ལྷ་མོ་འདི་ཆོས་ལྡན་ཚུལ་བཞིན་སྐྱོང་བའི་སྲུང་མ་ཁྱད་པར་ཅན་ཡིན་པ་དང༌། ཁྲི་ཆེན་འདི་ཉིད་ཀྱི་འཕྲིན་ལས་རྒྱ་ཆེན་པོ་སྒྲུབ་པའི་སྲུང་མ་ཡིན་ཞེས་གསུངས།

ལྷ་ལྡན་སྨོན་ལམ་ཆེན་པོའི་སྐབས་རབ་འབྱམས་སྨྲ་བའི་གྲྭ་སྐོར་ལེགས་གྲུབ་བྱུང་སྟེ། དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། དེ་ནས་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ནས་བརྒྱུད་སྡེ་བཞིའི་གཞུང་ལུགས་ལ་གཞན་དྲིང་མི་འཇོག་པའི་མཁས་པར་བསླབས་པ་དང་ཆབས་ཅིག་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་སོགས་སྐྱེ་ཆེན་དམ་པ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་རྒྱུན་མཐའ་ཡས་པ་གསན་བཞེས་མཛད། རབ་བྱུང་བཅུ་བཞི་པའི་ལྕགས་ཕོ་ཁྱི་༡༨༥༠ལོར་རྒྱལ་མཆོག་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་མཚན་ཞབས་མཛད། དེའི་རྗེས་མེ་སྦྲུལ་༡༨༥༧ལོར་རྒྱལ་མཆོག་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་འོས་སྤྲུལ་ཞིབ་འཇུག་སླད། འོལ་དགའ་དང༌། ཟངས་རི། དྭགས་པོ་སོགས་སུ་ཕེབས། རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་༡༨༦༠ལོར་རྒྱུད་སྟོད་བླ་མ་དབུ་མཛད་ཀྱི་ཁྲིར་ཕེབས་ཤིང༌། མི་རིང་བར་མཁན་པོ་ཡང་མཛད་དེ་རྒྱུད་ཀྱི་མཆད་ཉན་རྒྱ་ཆེར་སྤེལ། རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་༡༨༧༡ལོར་ཤར་རྩེ་ཆོས་རྗེའི་ཁྲི་དང༌།

རབ་བྱུང་བཅོ་ལྔ་པའི་མེ་བྱི་༡༨༧༦ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་ལྔའི་རིང་བསྐྱངས། གཞུང་གི་བཀའ་བཞིན་ཁྲ་འབྲུག་ཞིག་གསོས་ལ་བཏང་བར་ལེགས་གྲུབ་མཛད། རྣམ་ཐར་ངོ་མཚར་གཏམ་གྱི་སྙེ་མར། ྋཁྲི་ཆེན་འདི་ཉིད་ཀྱིས་གྲུབ་དབང་ཀློང་རྡོལ་བླ་མ་རིན་པོ་ཆེའི་ཞབས་ལ་གཏུགས། ཀློང་རྡོལ་བླ་མ་རིན་པོ་ཆེའི་ཕྱིའི་མཛད་ཚུལ་ནི། ཅུད་ཟད་ཐུགས་གཏུམ་པའི་རྣམ་པ་དང༌། ལྷག་པར་གསང་བ་སྙན་བརྒྱུད་ཀྱི་དབང་བཀའ་མན་ངག་གནང་རྒྱུ་ལ་དམ་དྭོགས་གཅེས་སྤྲས་མཛད་ནས། སུ་ལའང་གང་བྱུང་དུ་མི་གནང་ཡང༌། ཟུང་ཆུ་ངག་དབང་ནོར་བུ་ཆོས་ཞུ་བར་བཅར་འདུག་ཞུས་ན། སྐུ་མཚམས་དམ་པོའི་སྐབས་སུ་ཡང༌། དབང་བཀའ་འདོད་ཆོས་སོགས་དགྱེས་བཞིན་སྩལ་ནས་སློབ་མའི་མཆོག་ཏུ་རྗེས་སུ་བཟུང་བར་མཛད་ཅེས་ཀྱང་གསུངས་མོད། ལོ་ཚིགས་ལ་བསམ་ན་འཐད་པ་དཀའ་བ་སྙམ། གསེར་སྐོང་རྡོ་རྗེ་འཆང་སྐུ་འཁྲུངས་པ་དང་ཡབ་ཡུམ་གཉིས་ཀྱིས་ཁྲི་ཆེན་འདིའི་དྲུང་དུ་ཁྱེར་བར་མཚན་ལ་ཁྱེའུ་ཡེ་ཤེས་དཔལ་འབར་ཞེས་མཚན་གནང༌། རིང་པོར་མ་ལོན་པ་ན་བསྙུན་གཞི་དྲག་པོ་ཞིག་གིས་བཏབ་སྟེ། ཅི་བྱ་གཏོལ་མེད་དུ་གྱུར་ལ་ཉེ་བའི་སྐབས་སུ། རྗེ་འདི་ཉིད་དང་སྐུའི་ཕྲེང་བ་མང་པོ་ནས་ཡོངས་སུ་འབྲེལ་བའི་རིགས་ཀྱི་ཅོད་པཎ་མཆོག་ཏུ་གྱུར་པ། གྲུབ་ཆེན་ས་ར་ཧའི་སྤྲུལ་པར་གྲགས་པ་ཟུང་ཆུ་ཁྲི་ཆེན་ངག་དབང་ནོར་བུ་འདི་ཉིད་གདན་དྲངས་པས། ཁྲི་ཆེན་དེ་ཉིད་གཞོན་ནུ་གསར་པའི་ཁྱིམ་དུ་བྱོན་སྐབས། བྱིས་པ་དེ་ཕལ་ཆེར་དབུགས་ཀྱི་རྒྱུ་བ་ཆད་པ་ལྟ་བུར་གྱུར་ཟིན་པ་ལ། ཁྲི་ཆེན་རིན་པོ་ཆེས་དགུག་གཞུག་བཅིང་སྨྱོས་ཀྱི་ཕྱག་རྒྱ་དང༌། དབང་བྱིན་རླབས་དང་བཅས་པ་མཛད་པས། ཁྱེའུ་ཡེ་ཤེས་དཔལ་འབར་དྲན་པ་སླར་རྙེད་ནས་ནད་གཞི་ལས་གྲོལ་ཏེ། ཡབ་ཡུམ་ལ་སོགས་པ་དགའ་སྤྲོ་དཔག་ཏུ་མེད་པ་ཐོབ་བོ། ། ཞེས་འབྱུང་བ་ལ་དཔགས་ན་རྗེ་འདི་ཉིད་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པར་གསལ།

སྐབས་ཤིག་ལྷ་ལྡན་དུ་ཁྲི་ཆེན་ངག་དབང་ནོར་བུའི་ཞལ་སྔ་ནས་ཀྱིས་དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་གཅིག་པུར་དཔལ་གསང་བ་འདུས་པ་འཕགས་ལུགས་ལྷ་སུམ་ཅུ་སོ་གཉིས་པའི་དཀྱིལ་འཁོར་དུ་དབང་བཞི་ཟབ་མོ་ནོས་ཏེ་རྒྱུད་སྨིན་པར་མཛད་པའི་ཚེ། གཟིམ་ཤག་དེ་ཉིད་དཔལ་གསང་བ་འདུས་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ་དངོས་སུ་གྱུར་ཅིང༌། ཁྲི་ཆེན་རིན་པོ་ཆེ་འདི་ཉིད་ཀྱང་དཔལ་གསང་བ་འདུས་པ་དངོས་སུ་གྱུར་པ་དང༌། དཀྱིལ་འཁོར་གྱི་སྒོ་བཞིར་དངོས་སུ་འགྲོ་འོང་གི་བྱ་བ་མཛད་པ་སོགས་ཀྱི་དག་པའི་སྣང་རྒྱུན་རིང་པོའི་བར་དུ་བྱུང༌། དེ་རྗེས་ཤིག་དགའ་ལྡན་ཁྲི་ཐོག་ཁང་དུ། གསེར་ཀོང་རྡོ་རྗེ་འཆང་སོགས་སློབ་མ་ཁག་གཅིག་ལ་ཁྲི་ཆེན་འདི་ཉིད་ཀྱིས་སྤྱིར་གསང་སྔགས་རྒྱུད་སྡེ་ཆེན་པོ་བཞི་དང༌། དེའི་ནང་ནས་ཀྱང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་གསང་བདེ་འཇིགས་གསུམ། དཔལ་དུས་ཀྱི་འཁོར་ལོ། ཡི་དམ་དགྱེས་པ་རྡོ་རྗེ་སོགས་ཀྱི་དབང་ལུང་མང་པོ་ཞིག་དང༌། ལྷག་པར་དུ་གསང་བ་འདུས་པའི་རྫོགས་རིམ་ཟབ་ལམ་རིམ་པ་ལྔ། དཔལ་འཁོར་ལོ་སྡོམ་པའི་རྫོགས་རིམ་རིམ་པ་ལྔ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་རྣལ་འབྱོར་རྣམ་པ་བཞི། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ལ་སོགས་པའི་ཟབ་ཆོས་མཐའ་ཡས་པ་དང༌། དེའི་ནང་ནས་ཀྱང་ཁྱད་པར་དུ་རྩ་རླུང་གི་གནད། ལུས་ཀྱི་གནད། སེམས་ཀྱི་གནད། གེགས་སེལ་འཕྲུལ་འཁོར་ལག་ལེན་དང་བཅས་པ་ལ་སོགས་པ་སྙན་བརྒྱུད་ཀྱི་མན་ངག་རྒྱ་ཆེར་གནང་ཞིང༌། དེ་དག་གི་མཇུག་བཏང་རག་གི་ཚུལ་དུ་དཔལ་གསང་བ་འདུས་པའི་སྒོ་ནས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཤམས་ཏེ་འབུལ་བའི་སྐབས་སུ། སློབ་མ་ཚོས་གསང་བ་འདུས་པའི་ལྷ་སུམ་ཅུ་སོ་གཉིས་དངོས་སུ་བྱོན་པ་དང༌། དེ་རྣམས་ལ་བཞུགས་གདན་གཏིང་བ་དང༌། ཚོགས་སྐལ་འབུལ་བར་མཛད་པ་དངོས་སུ་མཐོང་བ་སོགས་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་དུ་མ་མཆིས།

དེ་རྗེས་དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་གིས་དགའ་ལྡན་ཁྲི་ཆེན་རིན་པོ་ཆེ་ངག་དབང་ནོར་བུའི་དྲུང་ནས་དཔལ་འཁོར་ལོ་སྡོམ་པ་བདེ་མཆོག་གི་སྐོར་ལ་གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་དབང་ལུང་ཟབ་ཁྲིད་མན་ངག་གི་རྒྱུན་དང༌། དེ་བཞིན་དུ་གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་བདེ་མཆོག་ལྷ་ལྔ་དང༌། ཐུན་མོང་མ་ཡིན་པ་གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་ལུས་དཀྱིལ་གྱི་དབང་ལུང་ཟབ་ཁྲིད་ཞལ་ཤེས་མན་ངག་དང་བཅས་པ་ཐུགས་བརྩེ་ཆེན་པོས་སྩོལ་བར་གསོལ་བ་འདེབས་པའི་ཚེ་ཁྲི་ཆེན་འདིའི་ཞལ་ནས། འདིའི་ཆོས་སྐོར་ཆ་ལག་དང་བཅ་སཔ་ཡོངས་སུ་རྫོགས་པར་མངའ་བ་དགེ་བའི་བཤེས་གཉེན་ཆེན་པོ་ཐུབ་བསྟན་སྙིང་རྗེ་ཞེས་པ། ཨ་མདོ་གསེར་ཁང་རིན་པོ་ཆེའི་སྙན་བརྒྱུད་ཀྱི་ཞལ་ཆབ་དྲོན་མོ་འཛིན་པ་ཞིག་ད་ལྟ་སྒར་པ་རི་ཁྲོད་དུ་བཞུགས་ཡོད་ཅིང༌། དེ་དང་ཁྱོད་གཉིས་ཚེ་རབས་སྔོན་གྱི་ལས་འབྲེལ་ཡང་མཆིས་པས་དེར་སོང་ལ་ཞུས་ཤིག་ཅེས་ལུང་བསྟན་པའི་སྒོ་ནས་དབུག་དབྱུང་བར་མཛད་པས། དེའི་མཚན་ཐོས་པ་ཙམ་གྱིས་དགའ་དད་འགྲན་པ་བཞིན་དུ་འཕེལ་ཞིང༌། དེ་གའི་ངང་ནས་འཕྲལ་མར་དགའ་ལྡན་ནས་ཐོན་ཏེ་སྒར་པའི་ཕྱོགས་སུ་ཕེབས། དེར་སྐྱིད་ཆུ་ལས་སྒྲོལ་འདོན་བྱེད་པའི་ཀོ་མཁན་མཉན་པ་མེད་སྟབས་ཆུའི་ནང་ནས་ཚམ་ཚོམ་མེད་པར་ཕ་རོལ་དུ་བརྒལ་ཏེ་བྱོན་པ་ན་སྐྱིད་ཆུས་འཁྱེར་ལ་ཁད་བྱུང་བའི་ཚེ། དགེ་བའི་བཤེས་གཉེན་ཆེན་པོ་ཐུབ་བསྟན་སྙིང་རྗེ་དཔལ་བཟང་པོ་དེ་ཉིད་ཀྱིས་སྒྲིབ་བྲལ་གཟིགས་པ་དག་པའི་ཡེ་ཤེས་ཀྱིས་མཁྱེན་ཏེ་ཕེབས་བསུ་དང་ཆབས་གཅིག་ལྟ་བུར་ཡུད་ཙམ་ཞིག་ལ་ཆུ་ཁར་ཕེབས་ཏེ། དཔལ་ལྡན་བླ་མ་འདི་ཉིད་ཀྱི་སྐུ་ལུས་ནས་བཟུང་ཏེ་ཆུང་སྒྲོལ་བའི་གྲོགས་མཛད་པ་དང༌། སྐྱིད་ཆུ་ཁར་མཇལ་བའི་ཚེ། དགེ་བའི་བཤེས་གཉེན་ཆེན་པོ་འདི་ཉིད་དཔལ་ལྡན་འཁོར་ལོ་སྡོམ་པར་དངོས་སུ་མཇལ་བ་དང༌། དགེ་བའི་བཤེས་གཉེན་རིན་པོ་ཆེས་ཀྱང་ཚུར་བླ་མ་དམ་པ་འདི་ཉིད་དཔལ་འཇིགས་མཛད་རྡོ་རྗེར་གཟིགས་པའི་གཟིགས་སྣང་ཁྱད་པར་ཅན་བླ་སློབ་གཉིས་ཀར་ཕན་ཚུན་ཞག་བདུན་གྱིས་དུ་བྱུང་ཚུལ་ཡང་གསེར་ཀོང་རྣམ་ཐར་དུ་གསལ།

བདག་ཉིད་ཆེན་པོ་གསེར་ཀོང་རྡོ་རྗེ་འཆང་གིས་ཀྱང་རང་གི་ལུས་ལོངས་སྤྱོད་དུས་གསུམ་ཚོགས་དང་བཅས་པ་བླ་མའི་ཕྱོགས་སུ་ཕངས་པ་མེད་པར་བཏང་བར་མཛད་དེ་སླར་ཡང་འབྲས་སྤུངས་དང་ལྷ་ས་རིགས་པར་ཁྲི་ཆེན་རིན་པོ་ཆེའི་དྲུང་ནས་བསླབ་བྱ་དང༌། སྙན་བརྒྱུད་ཀྱི་དབང་ལུང་མན་ངག་དང་བཅས་པ། ལྷག་བམ་ལུས་པ་ཞལ་ནས་ཞལ་དང༌། སྙན་ནས་སྙན། ཐུགས་ནས་ཐུགས་སུ་བརྒྱུད་པ། སྡིག་ཅན་བཙན་ཐབས་སུ་སངས་རྒྱ་བའི་གདམས་པ། རབ་ཚེ་འདི། འབྲིང་བར་དོ། ཐ་མ་སྐྱེ་བ་བདུན་དང་བཅུ་དྲུག་ཚུན་ཆད་དུ་ཟུང་འཇུག་གི་ཁོ་འཕང་འགྲུབ་པའི་གདམས་པ་ཟབ་ཅིང་རྒྱ་ཆེ་བ་རྒྱལ་བ་རྡོ་རྗེ་འཆང་གིས་གསུང༌། སྡུད་པ་པོ་ཕྱག་རྡོར་སོགས་ཀྱིས་བསྡུས། འཕགས་པའི་ས་མཐོན་པོར་གནས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔལ་རྣམས་ཀྱིས་བཀྲལ། ཉམས་སུ་བླངས་པས་རྒྱུད་གྲོལ་བའི་གྲུབ་ཐོབ་ཟམ་མི་ཆད་པ། བྱིན་རླབས་ཀྱིན་བུན་མ་ཡལ་བ། མཁའ་འགྲོའི་ཁ་རླངས་འཐུལ་བའི་ཟབ་ཆོས་མཐའ་དག་རྫོགས་པར་གསན། ཚུལ་འདི་དག་ཁྲི་ཆེན་རིན་པོ་ཆེ་འདི་ཉིད་ཀྱིས་མཛད་པའི་བསྟན་བཅོས་དང༌། བསླབ་བྱ་རྣམས་ཀྱི་འཇུག་ཏུ། རང་གི་སློབ་བུ་དམ་ཚིག་གཙང་མའི་མཆོག་ཏུ་གྱུར་པ་སྤྲུལ་སྐུ་ངག་དབང་ཚུལ་ཁྲིམས་ལ་གདམས་ཞེས་གསུངས་པ་འདིས་གོ་བར་ནུས་སོ།

དེ་རྗེས་གསེར་ཀོང་རྡོ་རྗེ་འཆང་གིས་ཁྲི་ཆེན་རིན་པོ་ཆེའི་བཀའ་བཞིན། དགེ་ཚུལ་སློང་གི་སོ་ཐར་སྡོམ་པའི་བསླབ་པ་རྣམས་འདུལ་བའི་ཆོ་ག་བཞིན་འབུལ་བར་མཛད་ཅིང༌། དགེ་བསྙེན་གྱི་སྡོམ་པ་ལ་གནས་པར་མཛད་དེ། ལྷ་ལྡན་སྦྲ་ནག་ཞོལ་དུ་ཡོད་པའི་སྐལ་བཟང་སྒྲོལ་མ་ལགས་ཞེས་པ་རིག་མར་བསྟེན། འདི་ནི་ཌ་ཀིའི་མཚན་དང་ལྡན་པ་ཞིག་ཏུ་རྒྱུན་པར་འཇིགས་བྱེད་བདག་བསྐྱེད་ཞལ་འདོན་མཛད་པ་དང༌། དྲུག་ཅུ་མ་ཆད་མེད་འབུལ་བར་མ་ཟད། རྗེའི་གསུང་ལམ་རིམ་འབྲིང་པོ་བློ་ཐོག་ནས་འཐོན་པར་ཞིག་ཡིན་པར་སྣང༌། དེའི་ཚེ་རིག་མ་བཞེས་པས་སང་ཉིན་དེར་ཁྲི་ཆེན་རིན་པོ་ཆེས་རྗེ་འདི་ཉིད་གཟིམ་ཤག་ཏུ་བཞུགས་ཁྲི་མཐོན་པོ་ཞིག་བཤམས་པའི་སྟེང་བཞུགས་སུ་བཅུག་ནས་གསང་ཆེན་བསྟན་པའི་བདག་པོར་མངའ་གསོལ་བའི་རྟེན་འབྲེལ་དུ། གྲོ་མ་མར་ཁུ་དང་འབྲས་བསིལ་བཏེགས་པ་སོགས་དཀར་སྤྲོ་མཛད་པ་དང༌། ཁྲི་ཆེན་རིན་པོ་ཆེ་ཉིད་ཀྱི་པཎ་ཞྭ་སྣེ་རིང་ཞིག་ཀྱང་གནང་སྟེ། གསུང་གི་ཐ་ཚིག་ཏུ། ད་ནི་ཆོས་བདག་པོ་ལ་འཕྲོད་པ་ཡིན་པས་ང་རྒད་པོ་ཤི་རུང་བློ་བདེ་བ་ཡིན། འཇམ་མགོན་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་སྙིང་སྟོབས་ཀྱི་གོ་ཆ་བསྐྱེད་དགོས་ཤིང༌། དེ་ལའང་ཐོག་མར་སྒྲུབ་པ་ལ་སྙིང་རུས་ནན་ཏན་བྱེད་དགོས་ཞེས་སོགས་ཀྱི་བསླབ་བྱ་མང་དུ་མཛད་ཅིང༌། མདོ་སྔགས་ཡོངས་སུ་རྫོགས་པ་འཇམ་མགོན་སྙན་བརྒྱུད་ཀྱི་བསྟན་པའི་བདག་པོར་བའང་གསོལ་བའི་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་དེ་བསྟན་པའི་བདག་པོར་མངའ་གསོལ། ཡང༌། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། ཁྲི་ཆེན་རིན་པོ་ཆེ་ངག་དབང་ནོར་བུ་དང་དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་ལྷན་དུ། ཁྲི་ཐོག་ཁང་གི་ཉེ་འགྲམ་ཞིག་བརྒྱུད་དེ་རི་བོ་ཀུན་བཟང་ཞེས་པའི་གནས་སུ་ཕེབས་ཤིང༌། གནས་དེར་འཇམ་དཔལ་གཤིན་རྗེ་གཤེད་རྡོ་རྗེ་འཇིགས་བྱེད་དང་དངོས་སུ་འཇལ་ཏེ་དེའི་དྲུང་ནས་དབང་བཞི་ཟབ་མོ་ནོད་པར་མཛད་པ་དང༌། ཡང་དེར་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་དངོས་སུ་མཇལ་ཏེ་དེའི་དྲུང་ནས་ཀྱང་དབང་བཞི་ནོད་ཅིང༌། བགེགས་གཏོར་གཏོང་བར་མཛད་པའི་སྐབས་ཀྱི་ཡུངས་དཀར་འགའ་ཤས་བྱིན་རླབས་ཀྱི་ཚུལ་དུ་ཞལ་ལ་བཞེས་པར་མཛད་པ་དང༌། གནས་དེ་ནས་ལྷ་མོ་སྭ་ར་ཝ་སྟི་བཞུགས་པའི་གནས་གཟིགས་པ་དང༌། འཕགས་པ་འཇམ་དབྱངས་ཀྱི་ཞིང་དུ་ཕེབས་པ་སོགས་ཆེས་ཇོ་མཚར་བའི་རྣམ་ཐར་ཐུན་མོང་མ་ཡིན་པ་མང་དུ་བཞུགས་པ་ཡིན་ལ། རི་བོ་ཀུན་བཟང་དུ་བྱོན་པའི་རྣམ་ཐར་གྱི་བཀོད་པ་རི་མོའི་ལམ་དུ་སྤེལ་བའི་ཐང་རིས་ཀྱང་ཕྱིས་སུ་གཟིམས་ཤག་ནང༌། ལྷོ་པ་རྒྱལ་སྲས་རིན་པོ་ཆེའི་གཟིམས་ཤག་ཏུ་བཞུགས་ཡོད་འདུག། སྐབས་ཤིག་ཁྲི་ཆེན་ངག་དབང་ནོར་བུ་འདི་ཉིད་སྐུ་གཟུགས་འཁྲུ་ནད་ཀྱིས་བསྙུན་ཚུལ་བཞེས་ཏེ་བཞུགས་གདན་ནས་ཆབ་ཁང་བར་གྱི་ཕེབས་ལམ་དུ་འཁྲུ་བའི་ཚུལ་མཛད་པའི་ཚེ་ཆབ་ཆེན་ཡང་སྐྱུགས་བྲོའི་སྣང་བ་ཏིལ་འབྲུ་མེད་པར་ཕྱག་གཉིས་ཀྱིས་བྱབས་ནས་གཙང་བར་མཛད་ཅིང་ཞལ་དུ་གསོལ་བ་སོགས་ཉིན་མཚན་མེད་པར་བསྙུན་གཡོག་སྲི་ཞུ་བ་གཞན་སུས་ཀྱང་ཟླར་མི་བཟོད་པ་གནང་བས། བྱིན་རླབས་འཇུག་ཚབས་ཆེ་བ་དང༌། སྡིག་སྒྲིབ་འདག་ཚབས་ཆེ་བའི་རྟགས་མཚན་མངོན་དུ་གྱུར་ཏེ་ཉམས་རྟོགས་རྨད་དུ་བྱུང་བ་འཁྲུངས་པའི་རྐྱེན་ཕུན་སུམ་ཚོགས་པར་གྱུར། དེ་དག་ལ་བརྟེན་ནས་ཁྲི་ཆེན་རིན་པོ་ཆེའི་ཞབས་གྲས་འགའ་ཞིག་གིས་བླ་མ་ཆུང་ཆུང་སྨྱོན་པ་ལྟ་བུ་གཙང་གཙོག་དང་བྲལ་བ་འདི་འདྲ་སྐྱུག་བྲོ་བ། ཞེས་བརྙས་ཤིང་སྨོན་པར་གྱུར་པའང་བྱུང་འདུག། ཆུ་བྱི་ལོར་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བཞིན་མཐར་ལྕགས་འབྲུག་༡༨༨༠ལོར་སྐུ་གཤེགས།

བཤད་སྒྲོས་སུ་གཙང་ནས་པཎ་ཆེན་བསྟན་པའི་དབང་ཕྱུག་གཤེགས་པར་ཐོབ་མ་ཐོབ་ཇི་ལྟར་རུང་པཎ་ཆེན་ཡང་སྲིད་དུ་འཚང་གི་ཡིན་གསུངས་ནས་ཆུ་རྟ་༡༨༨༢ལོར་སྐུ་འདས་པའང་བཤད། དེའི་སྐུ་ཕྲེང་གཉིས་ངག་དབང་བློ་བཟང་ཐུབ་བསྟན་ཉི་མ། སྐུ་ཕྲེང་གསུམ་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་བཅས་བྱོན་པར་སྣང་ངོ༌། ། ཁྲི་ཆེན་འདིའི་རྣམ་ཐར་རྗེ་བཙུན་ཁྲི་ཆེན་ངག་དབང་ནོར་བུའི་རྣམ་ཐར་སྲིད་ཞིའི་ལེགས་ཚོགས་གཏེར་མཛོད། དབྱངས་ཅན་དགྱེས་རོལ་རྡོ་རྗེས་མཛད་པ་དཔེ་རིང་བྲིས་མ་ཤོག་གྲངས་སོ་དྲུག་ཡོད་པ་ཞིག་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔེ་མཛོད་ཁང་ནང་བཞུགས་ཞེས་དུང་དཀར་ཚིག་མཛོད་དུ་གསལ།

དགའ་ལྡན་ཁྲི་ཐོག་གྱ་གཉིས་པ་རྒྱལ་རོང་ཡེ་ཤེས་ཆོས་འཕེལ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གྱ་གཉིས་པ་རྒྱལ་རོང་ཡེ་ཤེས་ཆོས་འཕེལ་ནི། ཁམས་རྒྱལ་རོང་དུ་འཁྲུངས་པར་བཤད་ཅིང༌། ལྔ་མཆོད་དགོན་པའི་ལོ་རྒྱུས་སུ་མདོ་སྨད་རབ་སྒང་དར་མདོར་ཡབ་རྡོ་རྗེ་དགྲ་འདུལ་དང༌། ཡུམ་ཡེ་ཤེས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་དར་མདོ་ལྔ་མཆོད་དགོན་པར་ཆོས་ཞུགས་ཐོག་རབ་ཏུ་བྱུང་སྟེ་ཡེ་གེ་འབྲི་ཀློག་སོགས་ལ་བསླབས་ཞེས་འཁོད། དགུང་ལོ་བཅུ་དྲུག་ལྔ་མཆོད་དགོན་པའི་ལོ་རྒྱུས་ནང་དགུང་ལོ་བཅུ་གསུམ་ཞེས་འཁོད་འདུག༦༡པར་དར་རྩེ་མདོ་བའི་ཚོང་འགྲུལ་འགའ་ཞིག་དང་མཉམ་དུ་དབུས་འགྱུར་ཆོས་ཀྱི་ཞིང་སར་བཏེགས། ར་ས་འཕྲུལ་སྣང་སོགས་དབུས་ཀྱི་རྟེན་གཙོ་ཁག་ལ་མཆོད་མཇལ་དང་མདོ་རྒྱུད་གཞུང་ལུགས་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་ནས་བསྟན་དང་འགྲོ་ལ་ཕན་པ་རླབས་པོ་ཆེ་སྒྲུབ་ཐུབ་པའི་ཐུགས་སྨོན་དྲག་པོས་མཚམས་སྦྱོར་གནང༌།

གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་ཆོས་སྒོར་ཞུགས། དགའ་ལྡན་ཁྲི་ཆེན་བློ་བཟང་འཇམ་དབྱངས་དམ་ཆོས་དང༌། བློ་གླིང་མཁན་པོ་མཁྱེན་རབ་བསྟན་འཛིན་ལྷུན་གྲུབ་སོགས་ལ་བཏུགས་ནས། སྟག་ཚང་རྭ་བ་སྟོད་པའི་བསྡུས་གྲྭ་དང༌། དྲུང་ཆེན་ལེགས་བཟང་བའི་བློ་རིག། དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་གྱི་རྟགས་རིགས་སོགས་ལ་བསླབས་རྗེས། རྣམ་འགྲེལ་དང༌། དབུ་ཕར། འདུལ་མཛོད་གྱི་གཞུང་ལུགས་ཆེན་པོ་པོད་ལྔར་རྩོད་སྒྲུབ་རིགས་པའི་ལམ་ནས་གཞན་དྲིང་མེད་པའི་མཁས་པར་བསླབས། དགུང་ལོ་སོ་གཉིས་ཡན་མན་དུ་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་གཞུང་ཆེན་པོད་ལྔའི་གྲྭ་སྐོར་མཛད་པས་མཁས་པའི་མཚན་སྙྙན་བླ་ན་འབར། ལོ་དེར་གྲུབ་རིག་བྱེ་བའི་འབྱུང་གནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཆོས་སྒོར་ཞུགས་ནས་རྗེ་ཤེས་རབ་སེང་གེའི་རྒྱུད་ྜྲིཀ་དང༌། རྗེ་ཡབ་སྲས་ཀྱི་ལེགས་བཤད་ལ་བརྟེན་ནས་རྒྱུད་སྡེ་བཞིའི་གཞུང་ལུགས་ལ་གཞན་དྲིང་མེད་པའི་མཁས་པར་བསླབས་ནས་ངེས་དོན་གྱི་མདོ་སྔགས་རབ་འབྱམས་སྨྲ་བའི་བཤེས་གཉེན་ཆེན་པོར་གྱུར། སྡེ་དྲུག་མཁྱེན་རབ་དབང་ཕྱུག་དང༌། པཎ་ཆེན་བསྟན་པའི་ཉི་མ། ནགས་ཤོད་སྟག་ཕུ་རིན་པོ་ཆེ། ཡོངས་འཛིན་ཕུར་ལྕོག་པ། ཀུན་བདེ་གླིང་ངག་དབང་དཔལ་ལྡན་ཡེ་ཤེས་སོགས་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས། མདོ་སྔགས་ཀྱི་བཀའ་ལུང་མན་ངག་རྒྱ་ཆེར་ཞུས། དེ་ནས་རྒྱུད་འདེབས་ལས། ཤེས་བྱའི་སྒྱུ་འཕྲུལ་གར་གྱི་རྣམ་རོལ་ལས།། ཡེ་ཤེས་ཐུགས་ཀྱི་ཕོ་ཉ་ས་གསུམ་གྱི།། ལུང་རྟོགས་ཆོས་ཀུན་འཕེལ་མཛད་ཅི་ཡང་འཆར།། ཡོངས་འཛིན་རྗེ་བཙུན་བླ་མར་གསོལ་བ་འདེབས།། ཞེས་འབྱུང་བ་ལྟར། རྒྱུད་སྨད་བླ་མ་དང་མཁན་ཁྲི་རིམ་པར་ཕེབས་ཏེ་རྒྱུད་ཀྱི་འཆད་མཉན་རྒྱ་ཆེར་སྤེལ། མཁན་པོ་ལོ་དུས་ཚང་ནས་བྱང་རྩེ་རྒྱུད་རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་༡༨༨༠ལོར་དགའ་ལྡན་གསེར་ཁྲིར་ཞབས་སོར་འཁོད་ནས། གདན་གསུམ་མཁས་མང་ནམ་མཁའི་སྐུར་ཚོགས་དང་དད་ལྡན་ས་ཡི་རྩི་ཐོག་ལྟར་ཚོགས་པའི་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ཏེ་མཛད་བརྒྱ་དཔག་བསམ་འཁྲི་ཤིང་དང༌། སྐྱེས་རབས་སོ་བཞི་པའི་བཀའ་ཆོས་འཆད་པ་དང༌། བྲག་དཀར་པཎྜིཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་སོགས་རབ་བྱུང་བརྒྱ་ཕྲག་དུ་མར་བསྙེན་པར་རྫོགས་པའི་དགེ་སློང་གི་བསླབ་སྡོམ་གནང༌།

རྨེ་རུ་བཞི་སྡེར་བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཆེན་བརྒྱད་ཀྱི་འཆད་མཉན་སྤེལ་ཏེ་བསྟན་པའི་བྱ་བ་རྒྱ་ཆེར་མཛད་བཞིན་ཁྲི་ལོ་བདུན་བསྐྱངས། ཁྲི་ལས་ཟུར་ནས་དགུང་ལོ་གྱ་དྲུག་པར་འཇའ་ཚོན་གྱིས་ནམ་མཁའ་ཡོངས་སུ་གང་བ་སོགས་ཡ་མཚན་པའི་ལྟོས་དུ་མ་དང་བཅས་ དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན། གསུང་ལས་སྐྱེས་པའི་སློབ་མ་ནི། སྲིད་སྐྱོང་སྟག་བྲག་པཎྜིཏ་ངག་དབང་གསུང་རབ། བྲག་དཀར་པཎྜིཏ་བློ་བཟང་དཔལ་ལྡན་སོགས་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང་སྣང༌།

དགའ་ལྡན་ཁྲི་ཐོག་གྱ་གསུམ་པ་རྒྱལ་རོང་བྱང་ཆུབ་ནམ་མཁའ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གྱ་གསུམ་པ་རྒྱལ་རོང་བྱང་ཆུབ་ནམ་མཁའ་ནི། རྒྱལ་རོང་རབ་བརྟན་ཁུལ་འཁྲུངས། སྐུ་ན་ཆུང་དུས་གཞིས་དགོན་དུ་ཞུགས་ནས་ཡི་གེ་སྦྱོར་ཀློག་དང་ཆོས་སྤྱོད་སོགས་ལ་བསླབས། ན་སོན་པ་དང་དབུས་སུ་བྱོན་ནས་སེར་སྨད་གྲྭ་ཚང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུགས་ཐོག་བཤེས་གཉེན་མཁས་པ་དུ་མའི་དྲུང་ནས་གཞུང་ཆེན་པོད་ལྔར་སློབ་གཉེར་མཛད། ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་གདན་ས་གསུམ་གྱི་མཁས་མང་གནམ་གྱིས་ས་བཀབ་པ་ལྟ་བུའི་ཁྲོད་གཞུང་ཆེན་བཀའ་པོད་ལྔ་ལ་རྩོད་སྒྲུབ་རིགས་པའི་ལམ་ནས། དགག་བཞག་སྤོང་གསུམ་གྱི་དམ་བཅའ་བཞག་ནས་དགེ་བཤེས་ལྷ་རམས་པ་ཐོན། དེ་ནས་རྒྱུད་སྨད་དུ་ཞུགས་ནས་རྒྱུད་སྡེ་རྒྱ་མཚོའི་དོན་ལ་ནང་བྱན་ཆུབ་པའི་རྡོ་རྗེ་འཛིན་པ་ཆེན་པོ་དུ་མའི་དྲུང་ནས་པཎ་ཆེན་བསོད་ནམས་གྲགས་པའི་བསྐྱེད་རྫོགས་ཀྱི་ཡིག་ཆའི་སྟེང་ནས་རྗེ་ཡབ་སྲས་ཀྱི་ལེགས་བཤད་འཕགས་བོད་མཁས་པའི་བཞེད་སྲོལ་ཕྱིན་ཅི་མ་ལོག་པའི་དགོངས་དོན་རྒྱུད་སྡེ་བཞིའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་ཐོས་བསམ་རྩལ་དུ་བཏོན།

ད་དུང་ཐིག་རྩ་དང་རྡུལ་ཚོན་སོགས་ཀྱི་ལག་ལེན་ཆ་ལག་དང་བཅས་པར་གཞན་དྲིང་མེད་པའི་མཁས་པར་བསླབས། གསང་སྔགས་ཀྱི་སློབ་གཉེར་ཀྱང་གསན་བཞེས་རྒྱ་ཆེར་མཛད་དེ་རྒྱུད་སྟོད་དགེ་བསྐོས་དང་བླ་མ་དབུ་མཛད། མཁན་པོ། ཤར་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་རིམ་པར་བཞིན་ཕེབས་ནས་ཀྱང༌། རྒྱུད་པའི་སྒྲིག་སྤྱོད་དམ་དྲག་ཤིན་ཏུ་ཚ་བ་གནོན་པ་དང་ྜྲིཀ་སྐྱོར་བ་བརྩི་བཞག་གནང་བ་སོགས་རྒྱུད་ཀྱི་བྱེད་སྒོ་སྤྱི་དང་སྐབས་བབ་འགན་འཁྲིས་གང་ཞིག་ཡོད་པ་དེ་དག་ཁྲལ་ཆས་དང་སླར་ཆས་སུ་མི་གནང་བར་དམ་པ་གོང་མའི་ཕྱག་སྲོལ་བཟང་པོ་རྣམས་ཟུར་ཆ་ཙམ་ཡང་མ་ཉམས་པར་འཛིན་སྐྱོང་གནང༌། རབ་བྱུང་བཅོ་ལྔ་པའི་མེ་ཁྱི༡༨༨༦ལོར་དགའ་ལྡན་ཁྲིར་ཕེབས་ནས་ཁྲི་ལོ་ལྔ་བསྐྱངས་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་དབུར་སྐྱེས་རབས་སོ་བཞི་པ་དང་དཔག་བསམ་འཁྲི་ཤིང་གི་བཤད་པ། བཞི་སྡེར་བྱང་ཆུབ་ལམ་གྱི་རིམ་པའི་འཆད་ཉན་སོགས། མདོར་ན་དགའ་ལྡན་གསེར་ཁྲི་རིམ་བྱོན་གྱི་བྱེད་སྒོ་གང་ཞིག་ཡོད་པ་ཀུན་འཐུས་ཤོར་མེད་པར་མཛད་དེ་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བླ་ན་སྤེལ་བཞིན་པའི་མུར་སྐུ་ཚེའི་འཕེན་པ་དག་ཞིང་དུ་བཏོད། རྣམ་ཐར་ཟུར་དུ་མི་སྣང༌། །

དགའ་ལྡན་ཁྲི་ཐོག་གྱ་བཞི་པ་ཁྲི་ཆེན་བློ་བཟང་ཚུལ་ཁྲིམས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གྱ་བཞི་པ་ཁྲི་ཆེན་བློ་བཟང་ཚུལ་ཁྲིམས་ནི། ཁམས་རྒྱལ་རོང་ཅོག་རྩེའི་ཁུལ་དུ་འཁྲུངས། སྐུ་ན་ཆུང་དུས་རང་དགོན་དུ་ཞུགས་ནས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཆོ་ག་ལ་བསླབས་པས་ཚེགས་མེད་དུ་མཁྱེན། ན་སོན་པ་དང་དབུས་སུ་བྱོན་ནས་སེར་སྨད་གྲྭ་ཚང་རྒྱལ་རོང་ཁང་ཚན་དུ་ཆོས་ཞུགས་མཛད་དེ་བཤེས་གཉེན་མཁས་པ་དུ་མའི་ཞབས་པད་ལ་བཏུགས་ནས་གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་གནང༌། ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་གདན་ས་གསུམ་གྱི་མཁས་པ་ཁྲི་ཕྲག་ཚོགས་པའི་དབུས་རྒྱལ་མཚན་དཀར་པོའི་འོག་ཏུ་གཞུང་ཆེན་བཀའ་པོད་ལྔར་རྩོད་སྒྲུབ་རིགས་པའི་ལམ་ནས་གྲྭ་སྐོར་དམ་བཅའ་བཞག་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས།

དེ་ནས་རྒྱུད་སྨད་དུ་ཞུགས་ཏེ་རྒྱུད་སྡེ་རྒྱ་མཚོའི་གཞུང་ལུགས་ལ་གཞན་དྲིང་མེད་པའི་མཁས་པ་དུ་མའི་ཞབས་དྲུང་ནས་གསང་སྔགས་ཀྱི་སློབ་གཉེར་གསན་བཞེས་ལེགས་པར་གྲུབ། པཎ་ཆེན་བསྟན་པའི་ཉི་མ་དང༌། ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེ། ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས། དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་སོགས་སྐྱེས་ཆེན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་འབྲེལ་རྒྱ་ཆེར་ཞུས། རིམ་བཞིན་རྒྱུད་སྨད་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། རྒྱུད་པའི་སྒྲིག་སྤྱོད་དང༌། ཊིཀྐཱ་སྐྱོར་སྦྱངས། བརྩི་བཞག་སོགས་དམ་པའི་གོང་མའི་ཕྱག་སྲོལ་མ་ཉམས་པར་འཛིན་སྐྱོང་སྤེལ་གསུམ་གྱི་རྣམ་ཐར་བཟང་པོ་བདག་གིར་མཛད། བསྟན་གླིང་རྒྱལ་ཚབ་ནོ་མི་ཧན་དེ་མོ་འཕྲིན་ལས་རབ་རྒྱས་ཀྱི་དབུ་བླར་བསྟེན་པ་ལྟར་མདོ་སྔགས་ཀྱི་ཆོས་ཚུལ་རྒྱ་ཆེར་ཕུལ།

སྨྲ༡སེར་སྨད་ཆོས་འབྱུང་༡༡༤ རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་༡༨༩༠ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ཁྲི་ལོ་བདུན་བསྐྱངས་རིང་འཇམ་མགོན་རྒྱལ་བ་གཉིས་པའི་ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་བཤད་སྒྲུབ་ལས་གསུམ་ཀྱི་སྒོ་ནས་བླ་ན་སྤེལ། ཤིང་ལུག་༡༨༩༥ལོར་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཅིག་ཉིན་ལྷ་ལྡན་སྤྲུལ་པའི་གཙུག་ཁང་དུ་འཛམ་གླིང་རྟེན་གྱི་གཙོ་བོ་ཇོ་བོ་ཤཱཀྱ་མུ་ནིའི་སྤྱན་སྔར་ྋགོང་ས་རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ལ་ཕུར་མཆོག་ཡོངས་འཛིན་བློ་བཟང་ཚུལ་ཁྲིམས་མཆོག་གིས་མཁན་སློབ་སྦྲགས་མ་མཛད་ཅིང༌། ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་ཀྱིས་གསང་སྟོན། སྒྲུབ་ཁང་སྤྲུལ་སྐུ་བློ་བཟང་ངག་དབང་བསྟན་འཛིན་རྒྱ་མཚོས་དུས་གོ་བ་མཛད་ནས་བརྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ཕུལ་པའི་སྐབས་ཁྲི་ཆེན་རིན་པོ་ཆེ་འདི་ཉིད་དང་ཤར་རྩེ་ཆོས་རྗེ་བསྟན་པ་སྐལ་བཟང༌། བྱང་རྩེ་ཆོས་རྗེ་གཙང་ཐོབ་རྒྱལ་བློ་བཟང་རྒྱལ་མཚན་སོགས་ཀྱིས་ཁ་སྐོང་གི་ལས་གྲྭ་གནང༌།

རྒྱལ་རོང་ཁྲི་པ་འདི་ཉིད་ཆོས་སྲིད་གང་ཅིར་མཁྱེན་རྒྱ་ཆེ་བའི་ཚུལ་མི་མཛད་པར་གྲགས་ཀྱང༌། ངེས་པའི་དོན་དུ་གྲུབ་པའི་དབང་ཕྱུག་ཆེན་པོ་ཞིག་སྟེ། ཁྲི་པ་ལས་ཐོག་སྐབས་སྒོ་མང་དགེ་བཤེས་ཤར་ཆེན་བསྟན་པ་སྐལ་བཟང་ལ། ངས་དགའ་ལྡན་གསེར་གདུང་ཁང་གི་ལྡེ་མིག་དེ་ཁྲི་བྱང་ཆུབ་སྤྲུལ་སྐུ་ལ་མ་གཏོགས། ཁྱོད་ལ་སྤྲད་རྒྱུ་མིན་ཞེས་ཡང་ཡང་གསུངས་པ་ལྟར། འབྲས་སྒོ་མང་འཇུག་ཆེད་པ་ཤར་ཆེན་བསྟན་པ་སྐལ་བཟང་ལོ་བཅུ་བཞིའི་རིང་ཤར་པ་ཆོས་རྗེའི་ཁྲིར་བཞུགས་པ་དེ་ཉིད། དགའ་ལྡན་གསེར་ཁྲི་ཆེན་མོར་ཕེབས་ཉེ་མཚམས་གློ་བུར་ཞི་བར་གཤེགས་པས། ཁྲི་བྱང་སྐུ་ཕྲེང་གཉིས་པ་ཚུལ་ཁྲིམས་དཔལ་ལྡན་ཤར་རྩེ་ཆོས་རྗེའི་ཁྲིར་ཕེབས་ཏེ། ཟླ་བ་གསུམ་ཙམ་སོང་རྗེས་དགའ་ལྡན་ཁྲི་ཆེན་སེར་སྨད་རྒྱལ་རོང་བློ་བཟང་ཚུལ་ཁྲིམས་ཁྲི་ལོ་བདུན་རྫོགས་པའི་བརྗེ་ཚབ་ཏུ་དགའ་ལྡན་གསེར་ཁྲིར་ཕེབས་པ་སོགས་དོན་ལ་གནས་པར་གྱུར་པས་མངོན་ཤེས་ཐོགས་མེད་དུ་མངའ་བ་བཤད།༢དགའ་ཤར་ཆོས་འབྱུང་ འཁྲུངས་ལོ་དང་འདས་ལོ་སོགས་མི་གསལ། རྗེ་འདིའི་རྣམ་ཐར་ཟུར་འཁོད་རིགས་ཀྱང་མེད་པར་འདྲ།

དགའ་ལྡན་ཁྲི་ཐོག་གྱ་ལྔ་པ་བློ་བཟང་ཚུལ་ཁྲིམས་དཔལ་ལྡན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གྱ་ལྔ་པ་བློ་བཟང་ཚུལ་ཁྲིམས་དཔལ་ལྡན་ནི། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་སྐུ་ཕྲེང་གཉིས་པ་ཡིན། རབ་བྱུང་བཅུ་བཞི་པའི་ས་ཕག་༡༨༣༩ལོ་ཁྲུམས་སྟོད་ཟླ་བའི་ཚེས་བཅུ་དགུ་ཉིན་སྟོད་ལུང་རག་སྐོར་དུ་དབོན་སྟོན་སྒྱེར་སྒང་པའི་གདུང་རྒྱུད་ལས་བྱུང་བ་ཡབ་ཀུན་བཟང་འཇིགས་མེད་དང༌། ཡུམ་ཀུན་དགའ་དབྱངས་ཅན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་དུས་སྐུ་གོང་མའི་ཡང་སྤྲུལ་དུ་གསལ་བའི་མཚན་རྟགས་ངེས་རསྙེད་བྱུང་བས་ངོས་འཛིན་ཞུས།

དགའ་ལྡན་ཤར་རྩེ་རྡོ་ཁང་ཁང་ཚན་དུ་ཆོས་ཞུགས་ཐོག་༢༩༢ དགའ་ལྡན་ཁྲི་ཐོག་བདུན་ཅུ་དོན་གསུམ་པ་སྲིད་སྐྱོང་ཚེ་སྨོན་གླིང་ཁྲི་ཆེན་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོའི་དྲུང་ནས། བསྟན་པའི་གཞི་མ་བསླབ་གཞི་ལྔ་འཛིན་པའི་དགེ་བསྙྙེན་གྱི་སྡོམ་པ་དང༌། བར་མ་རབ་ཏུ་བྱུང་བའི་ཚུལ་ཁྲིམས་བསླབ་པའི་གཞི་བཅུ་འཛིན་པའིདགེ་ཚུལ་གྱི་སྡོམ་པ་རྣམས་ཡང་དག་པར་བཞེས། མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པ་ལ་བརྟེན་ནས། རིགས་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་སྟེ། མཛོད་དང་འདུལ་བའི་བར་གྱི་གཞུང་ཆེན་མོ་མཐའ་དག་ལ་ལུང་དང་རིགས་པའི་སྒོ་ནས་ཡང་དང་ཡང་དུ་དཔྱད་དེ། གཞུང་དོན་སྨྲ་བ་ལ་ཐོགས་པ་མེད་པའི་རྣམ་དཔྱོད་ཀྱི་རྩལ་ཡོངས་སུ་རྫོགས། ཕུར་ལྕོག་ཡོངས་འཛིན་རིན་པོ་ཆེ་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ་དཔལ་བཟང་པོའི་དྲུང་ནས་བསླབ་གཞི་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་ནོད་ཅིང༌། ཇི་ལྟར་གཡར་དམ་དུ་ཞལ་གྱིས་བཞེས་པའི་བསྲུང་བྱ་རྣམས་སྤྱན་གྱི་འབྲས་བུ་ལྟར་སྲོག་དང་བསྡོས་ཏེ་བསྲུང་བར་མཛད།

དགུང་གྲངས་ཉི་ཤུ་ཐམ་པར་ཕེབས་པ་རབ་བྱུང་བཅུ་བཞི་པའི་དུས་ཀྱི་ཕོ་ཉ་ཞེས་པ་ས་ཕོ་རྟའི་༡༨༥༨ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་དམ་བཅའ་མཛད། དེ་ནས་གསང་སྔགས་རིག་པ་འཛིན་པའི་སྡེ་ཆེན་པོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ། སྐབས་དེར་ཤར་ཆེན་ངག་དབང་ཚུལ་ཁྲིམས་རྒྱུད་སྟོད་ཀྱི་མཁན་པོ་ཡིན་གཤིས། ཁོང་གིས་ཀྱལ་ཀའི་ཚུལ་དུ་ཕྱི་དྲོ་རྒྱུད་གྲྭ་ཚོགས་མང་གཟིམ་གྲུབ་རྗེས། སང་ཉིན་བརྩི་བཞག་ཡོད་པའི་ལན་བསྐྱེལ་བར་མཛད་པས། དམ་པ་འདི་ཉིད་ཀྱིས་མཚན་མོ་མགོན་ཐང་རིན་པོ་ཆེའི་མདུན་གྱི་མཆོད་མེའི་ཁར་བརྩི་བཞག་བློ་འཛིན་མཛད་དགོས་པ་མང་དུ་བྱུང༌། དགུང་གྲངས་ཉི་ཤུ་རྩ་གསུམ་པར་ཕེབས་པ་བློ་ངན་ཞེས་པ་ལྕགས་མོ་བྱའི་༡༨༦༡ལོར་སྟོན་ཆོས་གཉིས་པར་སྔགས་ཀྱི་དམ་བཅའ་དང༌། ལོ་དེ་ཁའི་དགུན་ཆོས་སྐབས་རྒྱུད་པའི་དགེ་བསྐོས་མཛད། སྐབས་འདིར་རྭ་སྒྲེང་རིན་པོ་ཆེ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་གྱིས། རབ་ཡིད་ཤིང་སྦྲུལ་ནས་ཤིང་ཡོས་བར་རྒྱལ་ཐོག་དང་པོ་དང༌། ཤིང་ཡོས་ལོར་ྋརྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོས་ཟླ་ཤས་རིང་སྲིད་བསྐྱངས་ཏེ་ཞི་བར་གཤེགས་པས། སླར་ཡང་ཤིང་ཡོས་ལོ་འདི་ནས་རྭ་སྒྲེང་རིན་པོ་ཆེས་རྒྱལ་ཐོག་གཉིས་པ་མཛད་ནས་ལོ་བདུན་སོང་ཞིང༌། རྗེ་བཙུན་བླ་མ་དམ་པ་འདི་ཉིད་དགུང་གྲངས་ཉེར་བཞིར་ཕེབས་པའི་ཆུ་ཕོ་ཁྱིའི་༡༨༦༢ལོ་འདིར་འབྲས་སྤུངས་རིགས་གྲྭའི་འགྱེད་ཕོགས་ཆག་སྐོར་ལ་བརྟེན་ནས་དགའ་འབྲས་དྲུང་སྤྱི་ཚོགས་ཏེ། སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ་དང་མ་མཐུན་པའི་དམག་ཟིང་གིས་ལྷ་ལྡན་སྨོན་ལམ་ཆེན་མོ་ཡང་དུས་ཐོག་ཏུ་ཚུགས་མ་ཐུབ་པར་བོད་ཟླ་དགུ་པའི་ནང་ཚུགས་དགོས་པ་བྱུང་ཞིང༌། དམག་འཁྲུགས་སྐབས་དེར་རྗེ་བཙུན་བླ་མ་དམ་པ་འདི་ཉིད་རྒྱུད་པའི་དགེ་བསྐོས་མཛད་པ་དང་འཁེལ་ཞིང༌། དམག་ཟིང་སྟབས་རྒྱུད་པའི་འཆུམ་མདའ་ཆོས་ཐོག་དུས་འགྱངས་གྱུར་པའི་རྐྱེན་གྱིས་དགེ་བསྐོས་ཀྱི་དུས་ཚད་ཟླ་བ་བཞིའི་སྟེང་འཕར་དུ་ཟླ་བ་གཅིག་དང༌། བཤོལ་ཟླ་གཅིག་བཅས་རྒྱུད་པའི་དགེ་བསྐོས་ཟླ་དྲུག་ཙམ་མཛད་དགོས་པ་བྱུང༌།

འདི་ལོ་རྗེ་གོང་མའི་འཁྲུངས་ཡུལ་མདོ་ཁམས་ཆ་ཕྲེང་དུ་ཆིབས་བསྒྱུར་མཛད་བཞེད་ཀྱིས་ཟླ་བ་དྲུག་པའི་ཚེས་བཅུ་གཉིས་ཉིན་ཐོན་ཕྱག་ཞུས་པར། ྋགོང་ས་ྋརྒྱལ་དབང་འཕྲིན་ལས་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས། དམ་པ་འདི་ཉིད་ལ་བསྟན་པའི་གསལ་བྱེད་ཅེས་པའི་ཆོ་ལོ་བཀའ་ཤོག་དང༌། ཐམ་ཀ་གྲུ་སྐོར། གདུགས། རྟ་དར་སོགས་ཀྱི་གཟེངས་བསྟོད་སྩལ། དེ་ནས་བགྲང་བྱ་ཉི་ཤུ་རྩ་གཅིག་ཙམ་གྱི་རིང་ཆ་ཕྲེང་གིས་གཙོས་པའི་མདོ་ཁམས་སྟོད་ཀྱི་ཡུལ་དགོན་ཁག་དང༌། མདོ་སྨད་ཨ་མདོའི་ཁུལ་དུའང་ཕེབས་ཏེ་ཀི་རྟི་གོང་མ་བློ་བཟང་འཕྲིན་ལས་དང་གསུང་ཆོས་ཕན་ཚུན་གསན་རེས་མཛད་པ་དང༌། ཞྭ་དམརདགེ་འདུན་བསྟན་འཛིན་རྒྱ་མཚོས་ཀྱང་སྣེ་ལེན་གཟབ་རྒྱས་མཛད་ཚུལ་ཞྭ་དམར་ཉིད་ཀྱི་རྣམ་ཐར་དུ་གསལ། གཞིས་དགོན་ཆ་ཕྲེང་བསམ་འཕེལ་གླིང་དུའང་སྒྲིགས་ཁྲིམས་དང་ཆོས་སྤྱོད། འདོན་རྟ་དབྱངས་སོགས་གང་ཅིར་འཇམ་རྩུབ་ཀྱི་ཐབས་མཁས་སྣ་ཚོགས་པའི་སྒོ་ནས་དག་ཐེར་རྨད་དུ་བྱུང་བར་མཛད། མདོ་སྟོད་ཁོངས་ཀམ་པོ་གནས་ནང་ཞེས་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་ཀམ་པོ་གངས་ཀྱི་རྭ་བའི་ནང་ཕེབས་པའི་ཚེ། གནས་ཕུར་གླིང་གི་རྒྱ་ཚ་ཞལ་དཀར་གྱི་ཕྱག་ཆ་རྣོ་ངར་འབར་བའི་གྲི་རིང་ཞིག་ཡོདའདུག་པ་ལ་རྒྱུན་པར་ཤུབས་ནས་འདོན་མི་རུང་བར་གྲགས་ཀྱང་རྗེ་འདི་ཉིད་ཀྱིས་གྲི་རིང་དེ་ཉིད་ཤུབས་ནས་བཏོན། རྩེ་མོར་མེ་ལྕེ་ལྷབ་ལྷབ་ཏུ་འབར་བཞིན་པ་ཕྱག་ངར་ལ་བརྡར་བ་སོགས་མཛད་དེ། གྲི་འདི་ཁོ་བོའི་ཡིན་གཤིས་ངས་འདིར་ལག་ལེན་མང་པོ་བྱས་ཟིན་པ་ཡིན། ཞེས་གསུངས་ཏེ། སླར་ཤུབས་སུ་བཅུག་ནས་འཇོག་པར་མཛད་པ།

སྔོན་གླིང་རྗེ་གེ་སར་རྒྱལ་པོའི་དུས་སུ་རྒྱ་ཚ་ཞལ་དཀར་དུ་འཁྲུངས་པར་ཞལ་གྱིས་བཞེས་པར་སྣང༌། དེ་ནས་བོད་དབུས་ཕྱོགས་ནས་ཕུར་ལྕོག་ཡོངས་འཛིན་རིན་པོ་ཆེ་དང༌། ཤར་ཆེན་ངག་དབང་ཚུལ་ཁྲིམས། རྒྱལ་དབང་ཆོས་རྗེ་སོགས་ཀྱིས། སླར་དབུས་ཕྱོགས་སུ་འཕྲལ་མྱུར་ཕེབས་དགོས་པའི་བཀའ་ཡིག་ཡང་ཡང་ཕེབས་པ་དང༌། ལྷག་པར་ཤར་ཆེན་ངག་དབང་ཚུལ་ཁྲིམས་ཀྱིས་བཀའ་ཡིག་མང་དུ་སྩལ་བའི་རྗེས་མར། ད་ཁྱོདརང་རྒྱ་མཚོའི་ཕ་རོལ་ཏུ་སོང་ཡང༌། ངས་ཅང་མི་ཟེར་གསུངས་པ་སོགས་བཀའ་ནན་ཤིན་ཏུ་ཆེ་བ་ཕེབས་པའི་རྐྱེན་གྱིས། དགུང་གྲངས་བཞི་བཅུ་ཞེ་བཞིར་ཕེབས་པ། རབ་བྱུང་བཅོ་ལྔ་པའི་སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་༡༨༨༢ལོར་མདོ་ཁམས་ནས་ཡུལ་དབུས་ལྷ་ལྡན་དུ་ཕེབས་ཏེ། ཁྲི་ཆེན་གོང་མ་བྱང་ཆུབ་མཚན་ཅན་གྱི་དུས་ནས་བསྟན་རྒྱས་གླིང་དང་ཐུགས་ཉེར་གྱུར་གཤིས། བཞུགས་ཡུལ་དང་འཛིན་ཆས་ཆེ་ཕྲ་གང་ཅི་བསྟན་གླིང་བླ་བྲང་ནས་གྲ་བསྒྲིགས་མཛད་དེ་གསོལ་རས་སྩལ་བ་དེར་བཞུགས་ཤིང༌། དགའ་ལྡན་ཚོགས་ཆེན་གྲྭ་ཚང༌། ཁང་ཚན་སོགས་དང༌། སེ་འབྲས་ཚོགས་ཆེན་བཅས་པར་མང་འགྱེད་བསྙེན་བཀུར། ཆུ་ལུག་༡༨༨༣ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་སྐུ་འགྱེད་བཅས་འབུལ་གནང་མཛད། དད་ལྡན་ཁག་གིས་ཞུས་ངོར་བཞི་སྡེའི་སྨྱུང་གནས་ལྷ་ཁང་དུ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་ལྗགས་ལུང་སྩལ། སྐབས་ཤིག་བསྟན་རྒྱས་གླིང་གི་ཐོག་ཁ་ནས་གཟིགས་ཏེ་འབྲས་སྤུངས་ཐད་དུ་ནམ་མཁའ་ལ་མེ་འབར་བཞིན་འདུག་ཅེས་གསུངས་ཏེ། མ་འོངས་གསལ་བར་གཟིགས་པའི་ལུང་བསྟན་མཛད་པ་བཞིན། དེ་ནས་མི་རིང་བར་མེ་ཕག་༡༨༨༧ཟླ་བ་བཅུ་པའི་ཚེས་བཅུ་བཞིའི་དགོང་མོར་འབྲས་སྤུངས་སྔགས་ཁང་ལ་མེ་སྐྱོན་བྱུང་སྟེ་རྭ་ལོ་རྡོ་རྗེ་གྲགས་ཀྱི་སྐུ་གདུང་གཟུངས་སུ་བཞུགས་པའི་དཔལ་འཇིགས་མཛད་རྡོ་རྗེའི་སྐུ་ཡང་འབྱུང་བ་མེའི་གནོད་པས་འཇིག་པར་གྱུར།

བདེ་ཆེན་ཁ་རབ་ཤན་ཁའི་གོང་ཀོན་ཚང་བུའི་ཁྱིམ་འཛིན་དུ་དཔལ་ལྡན་བླ་མ་འདི་ཉིད་ཀྱི་ཚ་མོ་ཞིག་ཡོད་པ་ལས། དགའ་ལྡན་བླ་སྤྱིའི་ལས་སྣེ་འགས་འབྲི་གུང་བའི་མི་ཚང་ཞིག་གི་ལོག་རྔན་རྗེས་འབྲངས་ཀྱིས། གོང་ཀོན་ཚང་གི་བུ་དེ་འབྲི་གུང་གི་ཁྱིམ་ཚང་དེར་གཏོང་རྒྱུའི་འཁྲོལ་འཛིན་བཏང་ཞིང༌། དམ་པ་འདིས་དེ་ལྟར་མི་དགོས་པ་ཞུས་ཀྱང༌། བླ་སྤྱིའི་ལས་སྣེ་རྣམས་ནས་མ་ཉན་པས་ཕན་ཚུན་ཐུགས་མཐུན་མ་བྱུང་སྟབས། མཚན་མོ་ཞིག་ཡངས་པ་ཅན་གྱི་གཙང་ཁང་ཆོས་རྒྱལ་ཁང་གི་སྒེ་ཁུང་ནུབ་མ་ནས་ཟུང་ཆུ་ཁང་ཚན་དང༌། ཤར་རྩེའི་གྲྭ་ཁང་ངོས་སུ་ཞགས་པ་ནག་པོ་ཞིག་དངོས་སུ་བཀྲམས་པ་ཞིག་བྱུང་ཞིང༌། ཉིན་གཅིག་བླ་སྤྱིའི་ཚོགས་འདུའི་སར་ཟུང་ཆུ་ཚོགས་ཆེན་དབུ་མཛད་ཀྱིས་བླ་མ་དེ་གདན་ས་འདིར་འཁོར་ས་མེད་པ་ཞིག་བཟོ་དགོས་ཟེར་བ་སོགས་ངན་བརྗོད་བྱས་རྐྱེན། དབུ་མཛད་དེ་པ་ཚོགས་འདུའི་སྐབས་དེ་ཁར་སྟེང་གྲིབ་ཕོག་སྟེ་མི་གཙང་བ་ཤོར་བ་སོགས་རྐྱེན་ངན་གྱིས་གློ་བུར་འདས་གྲོངས་སུ་གྱུར་པ་དང༌། ཤར་རྩེའི་མུ་ལི་མཁན་པོ་བློ་བཟང་ཡར་འཕེལ་ཡང་ལྷ་སའི་སྨོན་ལམ་ཚོགས་སར་ཕེབས་པའི་ཚེ་བསེ་ཁྲབ་ཆུ་མིག་ཡོད་སར་ཆིབས་པས་དབྱུགས་ནས་བརྡབས་ཆག་གིས་ཕྱིར་ལོག་བྱ་དགོས་བྱུང་སྟེ། རྐྱེན་དེས་གཤེགས་པ་སོགས་ཕ་རོལ་པོ་རྣམས་ལ་ཆོས་སྲུང་གཉན་པོའི་བཀའ་ཆད་མངོན་སུམ་དུ་ཕེབས་པས་གཞན་རྣམས་ཀྱང་ཁུམ་པར་གྱུར་ཏེ། རྗེ་འདིའི་བཀའ་བཞིན་བསྒྲུབས་པས་ཐུགས་མཐུན་ལུགས་ལེགས་སུ་གྱུར། རྒྱུད་སྟོད་གྲྭ་ཚང་གིས་ཞུ་བསྐུལ་མཛད་པ་བཞིན་རྒྱུད་པའི་བླ་མ་དབུ་མཛད་དང༌། མཁན་པོའི་ཁྲིར་རིམ་གྱིས་ཕེབས་ཏེ་རྒྱུད་ཀྱི་འཆད་ཉན་སོགས་སྔོན་གྱི་ཕྱག་སྲོལ་མ་ཉམས་པར་བསྐྱངས། རྗེ་འདིས་རྒྱུད་པའི་མཁན་པོ་མཛད་སྐབས་ཡོངས་འཛིན་གོང་མ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་དཔལ་བཟང་པོ་དེ་ཉིད་བླ་མ་དབུ་མཛད་ཀྱི་ཁྲིར་བཞུགས་ཤིང༌། མཁན་བླ་རྣམ་གཉིས་ཐུགས་གནང་ཤིན་ཏུ་དག་པ་དཔེ་ཟླ་བྲལ་བ་ཞིག་ཡོད་འདུག མཁན་པོའི་སྐབས་རྒྱུད་སྟོད་ཚོགས་ཡོངས་ཐོག་དད་འདུས་ཁྱོན་ཆེར་གསང་བདེ་འཇིགས་གསུམ་གྱི་དབང་ཆེན་ཆ་ཚང་བསྐུར་བར་མཛད་ཅིང༌། དམིགས་རྣམ་བརྡ་སྤྲོད་ཀྱི་གསུང་བཤད་འབྱམས་ཀླས་པས་དགོང་དྲོ་སྲོད་འཁོར་ཡོལ་ཙམ་བར་འགོར་བ་བྱུང་སྣང༌། འབྲས་སྒོ་མང་འཇུག་ཆེད་པ་ཤར་ཆེན་བསྟན་པ་སྐུལ་བཟང་ལོ་བཅུ་བཞིའི་རིང་ཤར་པ་ཆོས་རྗེའི་ཁྲིར་བཞུགས་པ་དེ་ཉིད། དགའ་ལྡན་གསེར་ཁྲི་ཆེན་མོར་ཕེབས་ཉེར་གློ་བུར་ཞིང་བརྗེས་པས། དཔལ་ལྡན་བླ་མ་དམ་པ་འདི་ཉིད་ཤར་རྩེ་ཆོས་རྗེའི་ཁྲིར་༡༨༩༦ཕེབས་ཏེ། ཟླ་བ་གསུམ་ཙམ་སོང་རྗེས་དགའ་ལྡན་ཁྲི་ཆེན་སེར་སྨད་རྒྱལ་རོང་བློ་བཟང་ཚུལ་ཁྲིམས་ཁྲི་ལོ་བདུན་རྫོགས་པའི་བརྗེ་ཚབ་ཏུ་རྗེ་འདི་ཉིད་དགུང་གྲངས་ལྔ་བཅུ་ང་བརྒྱད་པར་ཕེབས་པ། མེ་སྤྲེལ་༡༨༩༦ལོའི་ནག་པ་ཟླ་བར་དགའ་ལྡན་གསེར་ཁྲི་ཆེན་མོར་ཕེབས་པའི་ཁྲི་འདོན་མཛད།

རྒྱལ་རོང་ཁྲི་པ་དེ་ཉིད་ཆོས་སྲིད་གང་ཅིར་མཁྱེན་རྒྱ་ཆེ་བའི་ཚུལ་མི་མཛད་པར་གྲགས་ཀྱང༌། ངེས་པའི་དོན་དུ་གྲུབ་པའི་དབང་ཕྱུག་ཆེན་པོ་ཞིག་སྟེ། ཁྲི་པ་ལས་ཐོག་སྐབས་ཤར་ཆེན་བསྟན་པ་སྐུལ་བཟང་ལ། ངས་དགའ་ལྡན་གསེར་གདུང་ཁང་གི་ལྡེ་མིག་དེ་ཁྲི་བྱང་ཆུབ་སྤྲུལ་སྐུ་ལ་མ་གཏོགས། ཁྱོད་ལ་སྤྲད་རྒྱུ་མིན་ཞེས་ཡང་ཡང་གསུངས་པ་དོན་ལ་གནས་པར་གྱུར། ཁྲི་པའི་མཛད་ཁུར་བསྐྱངས་རིང་ལྷ་ལྡན་སྨོན་ལམ་ཆེན་མོ་དང༌། ཚོགས་མཆོད་སྐབས་ཀྱི་གསུང་ཆོས། དགའ་ལྡན་དབྱར་གནས་སྐབས་ལམ་རིམ་ཆེན་མོའི་བཤད་ཁྲིད་རྣམས་ཆག་མེད་ཐོག ལོ་ལྟར་བསྒྲུབ་བྱ་བརྒྱ་ཕྲག་བཞི་ལྔར་དགེ་ཚུལ་སློང་གི་བསླབ་སྡོམ་འབོགས་ཆོག་མཛད་པ་སོགས་བསྟན་པའི་གསོས་སུ་ཆེ་བའི་མཛད་བཟང་བསྐྱངས། དགའ་ལྡན་ཡངས་པ་ཅན་དུ་གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་ཐོག་ཚད་ཆེ་ཕྱོགས་ཤིག་བཞེངས་པར་མཛད་ཅིང༌། ྋགོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ྋརྒྱལ་དབང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོ། གདན་ས་ཆེན་པོ་དགའ་ལྡན་དུ་ས་ཁྱི་༡༨༩༨ལོར་གྲྭ་སྐོར་མཚན་བཞེས་དང༌།

ལྕགས་ཕོ་བྱི་བའི་༡༩༠༠ལོར་ཆོས་འཁོར་རྒྱལ་སོགས་ལྷོ་ཁུལ་གནས་གཟིགས་ཆིབས་བསྒྱུར་ཞོར་ལ་དགའ་ལྡན་དུ་ཕེབས་པ་བཅས་ཆིབས་བསྒྱུར་སྔ་ཕྱི་གཉིས་ཀ་ཁྲི་ཆེན་བློ་བཟང་ཚུལ་ཁྲིམས་དཔལ་ལྡན་དཔལ་བཟང་པོ་འདི་ཉིད་ཀྱི་དུས་སྐབས་གཅིག་པུར་འཁེལ་བ་བྱུང་ཡང༌། དགའ་ལྡན་ཁྲི་པར་བརྟེན་པའི་སྲི་ཞུའི་བསྒྲུབ་བྱ་མཐའ་དག་ཡང་དག་པར་བསྒྲུབས་པར་མཛད། ཁམས་ནས་ཕེབས་ཏེ་ལོ་མང་རིང་གོང་དུ་བརྗོད་པ་བཞིན་བཞུགས་ཡུལ་བསྟན་རྒྱས་གླིང་ཡིན་ཡང༌། མ་འོངས་ལུང་བསྟན་ཞིག་ནང༌། སྤྱན་རས་གཟིགས་དབང་ཐུབ་པའི་མིང་ཅན་གྱིས། །བློན་ཆེན་མགར་བ་དེ་ལ་ཐོག་འབེབས་འབྱུང༌། །ཞེས་པའི་ལུང་བསྟན་ཐོག་ཏུ་བབས་ཏེ། ས་ཕག་༡༨༩༩ལོར་བསྟན་རྒྱས་གླིང་དེ་མོ་རིན་པོ་ཆེར་དབུ་ཉེས་ཕོག་སྟེ་དེ་མོ་བླ་བྲང་གི་འཛིན་དབང་ཡོངས་རྫོགས་གཞུང་བཞེས་མཛད་གཤིས། དམ་པ་འདི་ཉིད་ཀྱང་བཞུགས་ཁང་སྤོ་དགོས་སྟབས་གཟིམ་ཤག་སྤུས་གཟིགས་མཛད་རྒྱུའི་དགོངས་བཞེད་ལྟར། འབྲས་སྤུངས་སྤྱི་སོ་བྱམས་པ་སྙན་གྲགས་ཀྱི་ས་ནས་ལྷ་སའི་ལྷོ་ངོས་ཀྱི་གཟིམ་ཤག་སྤུས་གཟིགས་མཛད་དེ། སྔ་དྲོ་ཞིག་ལྷ་སའི་གླིང་བསྐོར་དུ་ཆིབས་བསྒྱུར་དང་སྦྲགས་སྤུས་གཟིགས་མཛད་པའི་གཟིམ་ཤག་ཏུ་འཁྱུག་ཙམ་ཞབས་སོར་འཁོད་ཅིང༌། ཤག་བདག་རསྙིང་པ་བྱམས་སྙན་སོགས་ཀྱིས་མཇལ་དར་རྟེན་གསུམ་དང་གསོལ་ཇ། བཞེས་འབྲས་འདེགས་འབུལ་སོགས་རྟེན་འབྲེལ་ཡང་མདོར་བསྡུས་ཤིག་བྱས།

རྗེ་འདི་ཉིད་ཀྱི་བཀའ་ལས། ཤག་འདི་ང་ཚོས་ཉོས་ནས་ཁོ་བོ་རང་ལྟ་བསྡད་རྒྱུ་དེ་འདྲ་ཞིག་རེད། རྗེས་སོར་འདིར་བྱིས་པ་ཁ་དམར་ཞིག་སྡོད་རྒྱུ་རེད་ཅེས་གསུངས་འདུག་པ། དམ་པ་ཉིད་རིང་མིན་དགོངས་པ་ཞིང་གཞན་དུ་གཞོལ་བཞེད་དང༌། མཆོག་གི་སྤྲུལ་སྐུ་རིན་པོ་ཆེའི་བཞུགས་ཡུལ་ལ་དགོངས་པའི་གསུང་རྗེན་པར་ཕེབས། དེ་ནས་མི་རིང་བར་དགའ་ལྡན་དུ་ཆིབས་བསྒྱུར་མཛད་དེ་རྗེ་ཉིད་དགུང་གྲངས་དྲུག་ཅུ་རེ་གཉིས་པར་ཕེབས་ཤིང༌། ཁྲི་ལོ་ལྔ་པའི་ཐོག་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་བྱི་བའི་༡༩༠༠ལོར། ས་ག་ཟླ་བའི་ཚེས་ཉེར་ལྔ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་དུས་ཚེས་ཁྱད་པར་ཅན་གྱི་ཉིན། དགའ་ལྡན་གྱི་གླིང་བསྐོར་དུ་ཆིབས་བསྒྱུར་མཛད་དེ། ཞབས་བསྐོར་འཁོད་ཟིན་ནས། ཤར་པ་ཁང་དང༌། ཁྲི་ཐོག་ཁང་གི་ཆོས་རྭའི་དབར་དེར་ཞབས་སྟེགས་ཁྲིའུ་ཤིང་ཞིག་གི་སྟེང་དུ་སྐུ་ངལ་བསོས་ནས་ཞལ་ནུབ་ཕྱོགས་སུ་གཟིགས་བཞིན་པར་བཞུགས་སྐབས། གློ་བུར་དུ་སྤྱན་ནམ་མཁར་གཟིགས་ཏེ་སྐུ་མྱ་ངན་ལས་འདའ་བར་བརྩམས་པ་ན། ཞབས་གྲས་སུ་ཆ་ཕྲེང་ཉི་ཚོ་དགེ་བཤེས་འཕྲིན་ལས་དང༌། ཕྱག་མཛོད་སྔགས་རམས་པ་སོགས་ཡོད་སྟབས། ཁོང་ཚོས་ཁྱེད་སྐུ་ཚེ་མ་བརྟན་ན་ཡང་སྲིད་གདན་ཞུ་ཇི་ལྟར་བྱ་དགོས་ཞུས་པར། སྔགས་རམ་པ་བློ་བཟང་བསྟན་དར་མཆོག་ལ་གཟིགས་ནས་མི་འདིས་རྩད་ཆོད་ཡོང་ཞེས་སོགས་གསུངས་ཤིང༌། སླར་སྤྱན་ནམ་མཁའ་གཟིགས་ནས་ཧ་ཧ་ཞེས་བཞད་མོ་དང་སྦྲགས། དགའ་ལྡན། དགའ་ལྡན་ཞེས་གསུངས་ནས་སྐུ་མྱ་ངན་ལས་འདས་ཏེ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་འཇམ་མགོན་རྒྱལ་བ་གཉིས་པའི་ཞབས་དྲུང་དུ་གཤེགས།

སྐུ་གདུང་འཇམ་མགོན་ཙོང་ཁ་པ་སྐུ་མྱ་ངན་ལས་འདས་པའི་གཟིམ་ཆུང་འོད་གསལ་སྦུག་ཏུ་གདན་དྲངས་ནས་གདུང་སྒྲུབ་སོགས་ཞུས་རྗེས། འགོག་པ་རིའི་རྒྱབ་ཏུ་སྐུ་གདུང་ཞུགས་ལ་སྦྱངས་པའི་ཐུགས་ལྗགས་སྤྱན་གསུམ་མེ་མ་བཞེས་པར་བྱོན་པ་ཆ་ཕྲེང་ཡུལ་དགོན་གྱི་དད་རྟེན་དུ་གདན་དྲངས་སོ། །དུས་ཕྱིས་ཆ་ཕྲེང་དུ་དུས་ཟིང་སྐབས་ཡུལ་མི་ཚོས་བླ་མའི་སྙིང་མཚོན་སྲུང་དུ་རྩིས་ནས་ཧབ་ཐོབ་ཀྱིས་ཟོས་པ། ཁྲི་བྱང་ཕྱག་མཛོད་ཀྱིས་ངའི་བླ་མའི་སྙིང་ཟ་མཁན་ཚོ་ཞེས་མཚང་འབོད་ཀྱང་བྱས་སྐུད་ཐོས། རྗེ་འདིའི་རྣམ་ཐར་སྐོར་ཛེ་སྨད་སྤྲུལ་སྐུ་བསྟན་འཛིན་ཡར་རྒྱས་ཀྱིས་མཛད་པའི་ཤར་རྩེ་ཆོས་འབྱུང་འཇམ་དཔལ་སྙིང་པོའི་དགོངས་རྒྱན་མཛེས་པར་བྱེད་པའི་དཔྱད་གསུམ་རྣམ་དག་ནོར་བུའི་ཕྲ་ཚོམ་གྱི་ཤོག་གྲངས་༢༠༢༢༠༥ནང་དུ་གསལ། དེའི་སྐུ་ཕྲེང་གསུམ་པ་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་རབ་བྱུང་བཅོ་ལྔ་པའི་ལྕགས་གླང་༡༩༠༡ལོར་འཁྲུངས། མཁྱེན་རབ་རྒྱ་མཚོ་ལས་ཟབ་ཅིང་འཕྲིན་ལས་ནམ་མཁའ་ལས་ཡངས་པའི་ཐོག་དགུང་ལོ་གྱ་གཅིག་པ་ལྕགས་བྱ་༡༩༨༡ལོར་དགོངས་པ་གཞན་དོན་དུ་གཤེགས་སོ།

དགའ་ལྡན་ཁྲི་ཐོག་གྱ་དྲུག་པ་གཙང་ཐོབ་རྒྱལ་བློ་བཟང་རྒྱལ་མཚན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གྱ་དྲུག་པ་གཙང་ཐོབ་རྒྱལ་བློ་བཟང་རྒྱལ་མཚན་ནི། ཡོངས་གྲགས་སུ་སྲིད་སྐྱོང་ལ་མོ་ཤར་ཞེས་ཞུ་སྲོལ་ཡོད་པ་དེ་ཡིན། གཙང་ཐོབ་རྒྱལ་དུ་སྐུ་འཁྲུངས། སེར་བྱེས་གྲྭ་ཚང་གཙང་པ་ཁང་ཚན་དུ་ཆོས་ཞུགས་མཛད། གཞུང་ཆེན་པོའི་སློབ་གཉེར་མཐར་ཕྱིན་པ་གནང་སྟེ་དགེ་བཤེས་ལྷ་རམས་པའི་མཚན་བཏགས་གྲུབ། དེ་ནས་རྒྱུད་སྨད་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་དང་མདོ་སྔགས་ཀྱི་ཆོས་རྒྱུན་གསན་བཞེས་བཅས་ཆབས་ཅིག་ཏུ་མཛད། རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས།

རབ་བྱུང་བཅོ་ལྔ་པའི་ལྕགས་གླང་༡༩༠༡ལོར་དགའ་ལྡན་གྱི་ཁྲིར་ཕེབས། ཁྲི་ལོ་བདུན་གྱི་བར་བསྐྱངས་མུས་སུ་ཁྲི་ལོ་བཞི་པ་ཤིང་འབྲུག་༡༩༠༤ལོར་དབྱིན་ཇི་བཙན་འཛུལ་དམག་དཔུང་ལྷ་སའི་ཉེ་འདབས་སུ་འབྱོར་བར་བརྟེན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་མཚོ་སྔོན་བརྒྱུད་ནས་པེ་ཅིན་དུ་ཕེབས་རྒྱུའི་དགོངས་བཞེད་ཀྱིས་ཕེབས་ཁར་ཁྲི་ཆེན་འདི་ཉིད་ལ་བཀའ་མངགས་དང་བཅས་སྐུ་ཚབ་ཏུ་བསྐོ་གཞག་གནང་བ་བཞིན་ལོ་བདུན་རིང་སྲིད་སྐྱོང་གི་འགན་བཞེས་གནང༌། ཞྭ་སྒབ་པ་༡༢༣ ༡༣༣ རབ་བྱུང་བཅོ་ལྔ་པའི་མེ་ལུག་༡༩༠༧ལོར་དགའ་ལྡན་གྱི་ཁྲིར་ལས་ཟུར་ནས་སྲིད་སྐྱོང་གི་ལས་འགན་མུ་འཐུད་ནས་བཞེས་ཏེ། ཚེ་སྨོན་གླིང་རྣམ་ཐར་ དགའ་ལྡན་ཁྲི་པའི་ལོ་དུས་གཙང་ནས་ཟུར་བཞུགས་ཐོག་སྲིད་སྐྱོང་རྐྱང་པའི་འགན་བཞེས་གནང༌། ས་བྱ་༡༩༠༩ལོ་ཟླ་བ་བཅུ་པའི་ནང་ྋགོང་ས་མཆོག་རྒྱ་ནག་ནས་བོད་དུ་ཆིབས་བསྒྱུར་གྱིས་ནག་ཆུ་ཆུ་མགོ་རིང་མོར་ཕེབས་འབྱོར་བཞུགས་སྒར་སར་པཎ་ཆེན་ཆོས་ཀྱི་ཉི་མ་སྟོན་འཁོར་དང༌། ཁྲི་ཟུར་རིན་པོ་ཆེ་འདི་ཉིད་ཀྱི་འཚམས་འབུལ་སྐུ་ཚབ་གསོལ་དཔོན་དང་སྐུ་གཅར་གཟིམས་དཔོན་བར་ཞི་བ། མཁན་དྲུང་བསྟན་འཛིན་ཆོས་རྒྱལ་སོགས་གཞུང་བླའི་ཕེབས་བསུ་ཆེད་བཅར་ཐོག་པཎ་ཆེན་ཐམས་ཅད་མཁྱེན་པས་མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་སྣེ་དྲངས་འབུལ་བ་བཏོས་ཆེ་ཕུལ་བ་དང༌། ཆོས་སྲིད་དང་འབྲེལ་བའི་བཀའ་མཆིད་ལྷུག་པོར་གནང༌། བོད་ཟླ་བཅུ་གཅིག་པའི་ནང་ལྷ་སར་ཞབས་སོར་འཁོད་པ་དང་ཁྲི་ཟུར་རིན་པོ་ཆེ་འདི་ཉིད་སྐུ་གཟུགས་ཐང་པོ་མེད་པས་ཕེབས་གསུ་སྐུ་ཚབ་བཏང་གནང་མཛད། དེ་རྗེས་རྗེ་འདི་ཉིད་སྐུ་ན་སྨིན་ཞིང་སྐུ་གཟུགས་ཐང་པོ་མེད་པའི་མེད་པའི་བབ་ལ་བརྟེན་ནས་སྲིད་སྐྱོང་དགོངས་འཁྲོལ་ཞུས་པ་ལྟར། ཁྱི་༡༩༡༠ལོར་ྋགོང་ས་མཆོག་ནས་བསྔགས་བརྗོད་དང་སྦྲགས་དགོངས་འཁྲོལ་གནང་ཐོག་སྲིད་ཚབ་བཤད་ཞོལ་ཆང་གསུམ་བསྐོ་བཞག་གནང༌། སྐུ་གཤེགས་པའི་ལོ་ཚིགས་མི་གསལ་ཞིང༌། རྣམ་ཐར་ཟུར་འཁོད་ཀྱི་ཡིག་ཆ་མི་སྣང༌། །

དགའ་ལྡན་ཁྲི་ཐོག་གྱ་བདུན་པ་ཚེ་གླིང་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གྱ་བདུན་པ་ཚེ་གླིང་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ནི། ཚེ་སྨོན་གླིང་ཧོ་ཐོག་ཐུའི་སྐུ་ཕྲེང་གསུམ་པ་ཡིན། མདོ་སྨད་ཅོ་ནེ་རྫོང་གི་ཉེ་འདབས་ཐང་སྒང་ཤ་ཞེས་པའི་ཁྱིམ་དུ་རབ་བྱུང་བཅུ་བཞི་པའི་ཆུ་ཕག་༡༨༦༣ལོར་སྐུ་འཁྲུངས། བྱིས་པའི་དུས་སུ་ན་མཉམ་གཞན་དང་མི་འདྲ་བའི་མཛད་སྤྱོད་ངོ་མཚར་ཡོད་པར་བརྟེན་ཅོ་ནེདགོན་དང༌། དཔོན་རིགས་རྣམས་ཀྱིས་གོང་མ་ཐུང་ཀྲི་ལ་ཁྲི་ཆེན་ཚེ་སྨོན་གླིང་གི་ཡང་སྲིད་དུ་ངོས་འཛིན་ཆོག་པའི་སྙན་ཞུ་ཕུལ་ཡང་དོན་སྨིན་མ་ཐོབ་པར་དགུང་ལོ་བཅུ་དྲུག་མ་སླེབས་བར་དུ་ཅོ་ནེ་དགོན་པར་གྲྭ་རྐྱང་དུ༷ས་མའི་ཚུལ་དུ་བཞུགས་དགོས་བྱུང༌། རབ་བྱུང་བཅོ་ལྔ་པའི་ས་ཡོས་༡༨༧༩ལོར། ཚ་གན་ཧོ་ཐོག་ཐུ་བྱམས་པ་མཐུ་སྟོབས་ཀུན་དགའ་རྒྱལ་མཚན་གྱིས་ཤིན་ཅང་དུ་ཡོད་པའི་ཅང་ཅུན་དང་ཨན་བན་གཉིས་བརྒྱུད་ནས་གོང་མ་བཀྭང་ཞུས་ ལ་སྙན་ཞུ་ཕུལ་ཏེ། ཁྲི་ཆེན་ཚེ་སྨོན་གླིང་སྐུ་གོང་མ་འཇམ་དཔལ་ཚུལ་ཁྲིམས་མཆོག་ནས་བོད་ཀྱི་སྲིད་སྐྱོང་གནང་སྐབས་གོང་མ་ཆེན་པོའི་ཆབ་སྲིད་ཀྱི་ཞབས་འདེགས་དང་བོད་ཀྱི་ལས་དོན་ཐོག་མཛད་རྗེས་ཆེན་པོ་ཡོད་ཀྱང༌། ཨམ་བན་ཆིས་ཧྲན་དང་བོད་གཞུང་གི་དཔོན་ངན་ཁག་གཅིག་གིས་མི་བདེན་རྫུན་སྒྲིག་བྱས་ཏེ་ནག་ཉེས་འདི་དང་འདི་བྱས་ཀྱི་རྒྱུ་མཚན་གང་ཡང་མེད་པར་གོང་མ་ཏའོ་ཀོང་ལ་དབྱེན་སྦྱོར་ཞུ་ལོག་ཕུལ་བར་བརྟེན། སྲིད་སྐྱོང་གི་གོ་གནས་ནས་ཕབ་སྟེ་ཧེ་ལུང་ཅང་དུ་རྒྱང་འབུད་དང༌། བླ་བྲང་གི་རྒྱུ་དངོས་གཞུང་བཞེས། ཡང་སྲིད་ངོས་འཛིན་མི་ཆོག་པ་བཟོས་པ་འདི་དག་གོང་མ་ཚང་གི་ཆབ་སྲིད་ཐོག་ཞབས་འདྲེན་ཆེན་པོའི་བྱ་བ་ཡིན་སྟབས། ཕྱིན་ཆད་དེ་སྔོན་གྱི་གཏན་འབེབས་དེ་དག་སྐྱོན་སེལ་དཀར་འདོན་ཐོག་ཡང་སྲིད་ངོས་འཛིན་ཞུས་ཏེ་སེ་ར་དགོན་པར་ཆོས་ཞུགས་མཛད་ཆོག་པ་ཞེས་ཞུས་པར་ཞུ་དོན་གཞན་དག་ཚང་མ་དོན་འཁྱོལ་ཐོག །

བླ་སྤྲུལ་ཆེ་ཁའི་གོ་གནས་མ་གཏོགས་ཧོ་ཐོག་ཐུའི་གོ་གནས་བཟུང་མི་ཆོག་ཅེས་བཀའ་ཕབ་པ་ལྟར། དགུང་ལོ་ཉེར་གཅིག་ཏུ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་༡༨༨༣ལོར་ཅོ་ནེ་དགོན་ཆེན་ནས་དབུས་སུ་ཕེབས། ཚོགས་ཆེན་སྤྲུལ་སྐུ་ཆེ་བའི་གོ་གནས་ཙམ་གྱི་ཐོག་སེར་སྨད་གྲྭ་ཚང་ཚ་རྡོར་ཁང་ཚན་དུ་ཆོས་ཞུགས་གནང་ནས་གཞུང་ཆེན་པོའི་སློབ་གཉེར་མཐར་སོན་ཏེ་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། དེ་ནས་རྒྱུད་སྟོད་དུ་ཞུགས་ནས་གསང་སྔགས་ཀྱི་སློབ་གཉེར་དང་ཆབས་ཅིག་བླ་མ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་སློབ་གཉེར་གསན་བཞེས་མཛད་དེ། རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། ཤར་པ་ཆོས་རྗེ་བཅས་ཀྱི་ཁྲིར་ཕེབས་སྐབས་དེ་དག་གི་རིང་ལ་མཛད་སྤྱོད་ངོ་མཚར་བའི་བཤད་རྒྱུན་མང་པོ་འདུག་པ་ལས་དཔེ་མཚོན་ཙམ་བགྲངས་ན། ཉག་རོང་ལྕགས་མདའ་སྤྲུལ་སྐུའི་ཕུང་པོ་སྙེ་ཐང་དུ་སྦ་བའི་སྦྱིན་སྲེགས་བླུགས་མཁན་ཚེ་སྨོན་གླིང་ཡིན་པས་སྦྱིན་སྲེག་སྐབས་རླུང་འཚུབ་ལྡང་སྟེ་ཀྃ་ཁྲི་སྟེང་ནས་ཕར་ཙམ་གཡུགས་ནས་ཡོད་པར། མགྱོགས་པར་རྟ་འཁྲིད་ཤོག་གསུངས་ནས་ཆིབས་པར་ཞོན་ནས་ཕེབས༌། ཚེ་སྨོན་གླིང་གཟིམས་ཆུང་དུ་ཞབས་ཡ་གཅིག་བཞག་སྐབས་བསྒྱེལ་བ་དང༌། ཀརྨ་སྐྱབས་ཐང་ཕེབས་ཀྱིས་འདྲེ་ང་མིན་ན་དེ་རིང་ཚར་སོང་ཞེས་ཟེར་ནས་སྐུ་སངས་པ་དང་ཆོས་རྗེ་ཡང་བསྒྱེལ་བ་སོགས་འཚུབ་སློང་ཆེས་ཆེར་བྱུང༌། ཛ ༡༧༢དགུང་ལོ་ཞེ་ལྔ་པ་རབ་བྱུང་བཅོ་ལྔ་པའི་མེ་ལུག་༡༩༠༧ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ཁྲི་ལོ་བདུན་བསྐྱངས། ས་བྱ་༡༩༠༩ལོ་ཟླ་བ་བཅུ་གཅིག་པའི་ནང་ྋགོང་ས་མཆོག་རྒྱ་ནག་ནས་བོད་དུ་ཆིབས་བསྒྱུར་གྱིས་ལྷ་སར་ཞབས་སོར་འཁོད་པ་དང་ཁྲི་རིན་པོ་ཆེ་འདི་ཉིད་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་སྣེ་དྲངས་འབུལ་བ་བཏོས་ཆེ་ཕུལ་བས་སྣེ་དྲངས་སྤྱི་སྒེར་མཆོག་ནདམན་མཐའ་དག་གིས་དངོས་འབུལ་རྒྱ་ཆེར་བཏེགས། གཞིས་བྱེས་ལྷན་འཛོམས་ཀྱི་བཀྲ་ཤིས་དགའ་སྟོན་ལ་རོལ་བཞིན་ཆོས་སྲིད་དང་འབྲེལ་བའི་བཀའ་མཆིད་ལྷུག་པོར་གནང༌། དགའ་ལྡན་ཁྲི་ལ་ཕེབས་པའི་ལོ་བཞི་པ་ལྕགས་ཁྱི་༡༩༡༠ལོར་ལུ་ཙི་ཅུན་གྱི་དམག་ལྷ་སར་འབྱོར་ཞིང་བོད་རིགས་ས་ཁུལ་དུ་དགོན་སྡེ་མང་པོ་གཏོར་བ་དང༌། བོད་མི་གྲངས་ལས་འདས་པ་དམར་གསོད་ཀྱི་དོན་རྐྱེན་བྱུང་སྐབས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ལྷ་སར་བཞུགས་བཟོད་མ་བདེ་བར་རྒྱ་གར་ཕྱོགས་སུ་ཉེན་གཡོལ་དུ་ཕེབས་པར་དམ་པ་འདི་ཉིད་དགའ་ལྡན་ཁྲི་པའི་མཛད་ཁུར་སྐྱོང་བཞིན་པར་སྐུ་ཚབ་དུ་བསྐོ་གཞག་གནང་བ་ལྟར་ལོ་ངོ་བཞིའི་རིང་སྲིད་སྐྱོང་གི་འགན་བཞེས་གནང༌། དགུང་ལོ་ང་གཅིག་པ་རབ་བྱུང་ལྔ་པའི་ཆུ་གླང་༡༩༡༣ལོར་ལྷ་སའི་རྒྱ་བོད་ཟིང་འཁྲུག་ལྷིང་འཇགས་ཐོག ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་རྒྱ་གར་ནས་བོད་ས་གནས་སུ་ཕྱིར་ཕེབས་གནང་རྗེས་རྒྱ་བོད་ཟིང་འཁྲུག་ལྷིང་འཇགས་སྐབས་བྱས་རྗེས་ཆེ་བའི་དགོན་སྡེ་ཁག་དང༌། བླ་སྤྲུལ། དཔོན་རིགས་བཅས་ལ་གཟེངས་བསྟོད་བྱ་དགའ་གནང་ཞིང༌། དམ་པ་འདི་ཉིད་ལ་ཧོ་ཐོག་ཐུའི་གོ་གནས་རང་འཇགས་བསྐྱར་གསོ་ཐོག དེ་སྔོན་ཚེ་སྨོན་གླིང་དབུ་ཉེས་བྱུང་སྐབས་གཞུང་བཞེས་བྱས་པའི་མཆོད་གཞིས་ཁག་ནས་ཉུང་ཤས་ཤིག་ཕྱིར་ལོག་གསོལ་རས་གནང༌། དགུང་ལོ་ང་བརྒྱད་དུ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་༡༩༢༠ལོར་སྐུ་གཤེགས། རྣམ་ཐར་ཟུར་འཁོད་ཅིག་ལོ་ཤས་གོང་ཕྱོགས་བསྒྲིགས་བྱས་པ་ཞིག་མཐོང་བ་དེའི་ནང༌། ཁྲི་ཐོག་གྱ་དྲུག་སེར་བྱེས་གཙང་པ་བློ་བཟང་རྒྱལ་མཚན་དང༌། དམ་པ་འདིའི་མཚན་འདྲ་མཚུངས་ཡོད་པར་འཁྲུལ་ནས་ལོ་རྒྱུས་ཁག་གཉིས་མཉམ་བསྲེས་བྱས་འདུག་པ་འདིར་ཡོ་བསྲང་བྱས་ཡོད་ཅིང༌། སྐུ་ཕྲེང་བཞི་པ་དང་ལྔ་པ་གཉིས་ཀྱི་ལོ་རྒྱུས་སྐོར་གཤམ་གསལ་ཚ་སྡེའི་ཐད་དུ་བཀོད་ཡོད་པ་དེར་གཟིགས།

དགའ་ལྡན་ཁྲི་ཐོག་གྱ་བརྒྱད་པ་ལྕང་རྒྱབ་མཁྱེན་རབ་ཡོན་ཏན་རྒྱ་མཚོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གྱ་བརྒྱད་པ་ལྕང་རྒྱབ་མཁྱེན་རབ་ཡོན་ཏན་རྒྱ་མཚོ་ནི། དགའ་ལྡན་ཁྲི་ཐོག་གྱ་བརྒྱད་པ་ལྕང་རྒྱབ་མཁྱེན་རབ་ཡོན་ཏན་རྒྱ་མཚོ་ནི། རབ་བྱུང་བཅོ་ལྔ་དུས་རབས་བཅུ་དགུ་པའི་དཀྱིལ་ཙམ་དུ་དབུས་ཀྱི་འབྲེི་གུང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་གདན་ས་འབྲས་སྤུངས་སུ་ཕེབས་ནས་ཐོག་མར་སྒོ་མང་གྲྭ་ཚང་དུ་འཛུལ་ཞུགས་བྱས་ཀྱང་འདིའི་ཡབ་མདོ་ཁམས་ཏྲེ་ཧོར་རོང་པ་ཚ་དགོན་གསར་ནས་ཡིན་ཞིང་ཆུས་དུས་ལྷ་སར་ཚོང་ལས་ལ་ཞུགས་ནས་རིམ་གྱིས་འབྲི་གུང་དུ་གཞིས་ཆགས་པ་ཡིན་སྟབས་མི་རྒྱུད་གཞིར་བཟུང་གིས་བློ་གསལ་གླིང་གི་ཏྲེ་ཧོར་ཁང་ཚན་གྱི་ཉེ་འཁོར་གྲྭ་རྒྱུན་གྱི་ཐོབ་ཁོངས་ལྟར་འཛུལ་ཞུགས་ཐོག ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་སོགས་སྐྱེས་ཆེན་དུ་མའི་དྲུང་ནས་བསྡུས་གཞུང་དང་རྣམ་འགྲེལ། དབུ་ཕར། འདུལ་མཛོད་བཅས་ལ་མཁས་པར་སྦྱངས། ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་གཞུང་ཆེན་ལྔའི་གྲྭ་སྐོར་མཛད་ནས་ལྷ་རམས་པའི་མཚན་གནས་བཞེས། རྒྱུད་གྲྭ་སྨད་དུ་ཕེབས་ནས་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་ལ་གསན་བསམ་དཔྱིས་ཕྱིན་པར་མཛད། ཁྲི་ཆེན་ངག་དབང་ནོར་བུ་དང༌། ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས། ཀེའུ་ཚང་བློ་བཟང་བསྟན་འཛིན་ཡར་རྒྱས། ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་སོགས་ལས་མདོ་སྔགས་ཀྱི་བསྡུས་པའི་དབང་ལུང་མན་ངག་རྒྱ་ཆེར་མནོས།

རྒྱུད་སྨད་ཀྱི་མཁན་ཁྲིར་ཕེབས་ཏེ་རྒྱུད་ཀྱི་འཆད་མཉན་རྒྱ་ཆེར་གནང༌། བོད་ཀྱི་མཁས་དབང་རིམ་བྱུང་གི་མིང་མཛོད་དང༌། པོ་ཏཱ་ལའི་གསུང་འབུམ་དཀར་ཆག་གཉིས་ཀའི་ནང་རྗེ་འདི་ཉིད་རྒྱུད་སྟོད་དུ་ཞུགས་ཚུལ་དང༌། དེའི་མཁན་ཁྲིར་ཕེབས་ཚུལ་གྱི་འོལ་ཚོད་དང་རྫུན་ཕྲེང་བསྒྲིགས་འདུག སྨད་རྒྱུད་གྲྭ་ཚང་གི་མཁན་རབས་གསོལ་འདེབས་ལས། ངོ་མཚར་བཀོད་པའི་ཚོགས་གཉིས་བསྲུབས་པ་ལས། ། མ་སྨད་མཆོག་གི་བང་རིམ་མངོན་པར་མཐོ།། ལེགས་གོམས་ཚུལ་གྱི་གཞན་ཕན་ཉི་ཟླས་རྒྱན། ། རྣམ་དག་ཁྲིམས་ལྡན་དབང་པོར་གསོལ་བ་འདེབས། ། ཞེས་པའི་ཐད་ཀྱི་དགའ་ལྡན་ཁྲི་ཐོག་བརྒྱ་བ་ཆོས་རྗེ་བློ་བཟང་ཉི་མ་དཔལ་བཟང་པོའི་ཆོས་འབྱུང་གཡའ་དག་འཕྲུལ་གྱི་མེ་ལོང་ལས། འདི་མཚན་སྒྲ་མི་གསལ་ཡང་གོང་འོག་གི་བབ་ལས་མཁྱེན་རབ་ཡོན་ཏན་རྒྱ་མཚོ་རྒྱུད་སྨད་ཀྱི་ཁྲིར་བྱོན་པ་མངོན་ཏེ། ཞེས་དང༌། དཔལ་ལྡན་སྨད་རྒྱུད་དུ་ཕེབས་ནས་མཁན་ཁྲིར་བྱོན་དེ་འཆད་ཉན་མཛད། བྱང་རྩེ་རྒྱུད་རབ་བྱུང་བཅོ་ལྔ་པའི་ཤིང་སྟག་ལོར་གདན་སར་ཕེབས་ནས་ཆོས་འཁོར་བསྐོར། ཞེས་དང༌།

གུང་བསྟན་གྱི་ཁྲི་རབས་ཡོངས་འདུའི་ལྗོན་བཟང་དུ། རྒྱུད་སྨད་དང་བྱང་རྩེ་བརྒྱུད་ནས་དགའ་ལྡན་ཁྲིར་ཕེབས་ཞེས་དང༌། གོང་ས་བཅུ་གསུམ་པའི་རྣམ་ཐར་ཤོག་གྲངས་༥༢༩ལས། ཤིང་སྟག་ཟླ་བ་ལྔ་པའི་ཚེས་བཅུ་བཞི་ཉིན་ཚེ་གླིང་ཤ་ཅིན་ཏེལ་གེག་ཆེ་དགའ་ལྡན་ཁྲི་ཐོག་འཕོས་ཚབ་བྱང་རྩེ་ཆོས་རྗེ་མཁྱེན་རབ་ཡོན་ཏན་རྒྱ་མཚོ་དང༌། བྱང་རྩེ་ཆོས་རྗེ་གསར་པ་བྱམས་པ་ཆོས་གྲགས་གཉིས་སུ་ངེས་པ་སོ་སོར་ནས་བཀའ་བསྒྱུར་མཇལ་དར་དང༌། རྟེན་གསུམ་འདེགས་འབུལ་ཞུས། ཞེས་འབྱུང་བལྟར༌། རྗེ་འདི་ཉིད་རྒྱུད་སྨད་ནས་སྔགས་ཀྱི་གསན་སྦྱངས་གནང་སྟེ་རྒྱུད་སྨད་མཁན་ཁྲིར་ཕེབས། པོ་ཏཱ་ལའི་གསུང་འབུམ་དཀར་ཆག་སོགས་སུ་རྒྱུད་སྟོད་མཁན་ཁྲིར་ཕེབས་པར་བཤད་པ་ནི་ནོར་བའོ། །དེ་ནས་རབ་བྱུང་བཅོ་ལྔ་པའི་ལྕགས་གླང་༡༩༠༡ལོར་བྱང་རྩེ་ཁྲིར་ཕེབས་ཏེ་བྱང་རྩེར་བཞུགས་རིང་བྱང་ཆུབ་ལམ་རིམ་ཆུང་ངུ་དང༌། རྗེ་ཉིད་ཀྱི་སྦྱོར་ཆོས་ཟིན་བྲིས། བླ་མཆོད་ཟིན་བྲིས་སོགས་ཀྱི་བཀའ་འཁྲིད་རྒྱ་ཆེར་གནང༌། རྗེ་འདིས་བཀའ་ཁྲིད་གང་ཞིག་གནང་ཡང་གསུང་བཤད་རྒྱ་ཆེ་ཞིང་གསུང་གི་གདངས་སྲོང་པ། འཆད་པའི་ཐབས་ཚུལ་གཟན་ ལས་ཁྱད་དུ་ཞུགས་པས་ཆོས་ཞུ་བ་ཤིན་ཏུ་མང་པོ་འདུ། གཞན་ཡང་རྗེ་འདིས་བྱང་རྩེ་ཆོས་རྗེ་མཛད་པའི་སྐབས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻཌཱུརྱ་དཀར་པོའི་དཔར་ཤིང་ལ་ཞུས་དག་མཛད་པ་སོགས། མདོར་ན་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་དང༌། བོད་ཀྱི་རིག་གཞུང༌། དགེ་ལྡན་པའི་བསྟན་པ་བཅས་ལ་བཤད་སྒྲུབ་ལས་གསུམ་གྱི་འཕྲིན་ལས་བླ་ན་འཕེལ་བར་མཛད། རབ་བྱུང་བཅོ་ལྔ་པའི་ཤིང་སྟག་༡༩༡༤ལོར་དགའ་ལྡན་གསེར་ཁྲིར་ཞབས་སོར་འཁོད། དེའི་ཕྱི་༡༩༡༥ལོར་བླ་མ་གནས་བརྟན་པས་སྦྱིན་བདག་ཞུས་ནས། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་གཙོས་པའི་སྐྱེས་ཆེན་བརྒྱ་ཕྲག་བརྒལ་བར་རྡོ་རྗེ་ཕྲེང་བའི་བཀའ་དབང་གནང་བས་མཚོན། མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས་དང༌། སྟག་ཕུ་པདྨ་བཛྲ། སྒོ་མང་འབུལ་སྡུད་རིན་པོ་ཆེ། སོག་པོ་མགོན་དཀར་སྐྱབས། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སློབ་མ་ཤིན་ཏུ་མང་པོ་བྱུང།སྣང་སྟེ། སྐྱབས་རྗེ་ཁྲི་བྱང་རང་རྣམ་འཁྲུལ་སྣང་སྒྱུ་མའི་ཟློས་གར་ལས།

རང་ལོ་བཅོ་ལྔ་པ་ཤིང་ཡོས་༡༩༡༥ཟླ་བ་དྲུག་པའི་ཚེས་བཅུ་བདུན་ནས་བཟུང་དགའ་ལྡན་ཡངས་པ་ཅན་གྱི་གཙུག་ལག་ཁང་དུ་དགའ་བྱང་ཚ་བ་དགེ་བསྐོས་ཟུར་པ་ཡེ་ཤེས་ལགས་ཀྱིས་ཞུས་བསྐུལ་བཞིན་དགའ་ལྡན་ཁྲི་ཐོག་གྱ་བརྒྱད་པ་ཁྲི་ཆེན་མཁྱེན་རབ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ཨ་ཁཎ་ཀ་ར་གུརྐྱྣ་ཞེས་སམ་འཇིགས་མེད་འབྱུང་གནས་ཞབས་ཀྱིས་སྲོལ་ལེགས་པར་ཕྱེ་བའི་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཞེ་གཉིས་དང༌། པབརསྤྱ༣་ཏ་དར་པཎ་ཨ་ཙ¿་འམ་འགྲོ་བའི་མེ་ལོང་ཞབས་ཀྱིས་སྲོལ་ཕྱེ་བའི་ཀྲྀ་ཡས་མུགད་ནས་བཤད་པའི་བདེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བཅས་དཀྱིལ་འཁོར་ཞེ་ལྔའི་དབང་ཆེན་སྟ་གོན་དང་བཅས་པར་ལེགས་པར་སྩལ་སོང་བར་ྋསྐྱབས་མཆོག་འབུལ་སྡུད་རྡོ་རྗེ་འཆང་དང༌། ལྔ་རིག་སྨྲ་བའི་དབང་ཕྱུག་འབྲས་སྤུངས་ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོ་རིན་པོ་ཆེ། གཞན་ཡང་བླ་སྤྲུལ་དགེ་བཤེས་མཁས་གྲགས་ཅན་སོགས་དགེ་འདུན་དྲུག་བརྒྱ་ལྷག་ཙམ་དང་ལྷན་དུ་སྐལ་བཟང་གི་དགའ་སྟོན་ཐོབ་ཅིང༌། བདེ་མཆོག་འཁོར་ལོ་བསྒྱུར་དྲུག་གི་དབང་ཆེན་གྱི་བརྟུལ་ཞུགས་དབང་སྐབས་ཁོ་བོར་རུས་པའི་རྒྱན་དྲུག་སོགས་ཆས་འཇུག་རྒྱས་པར་སྩལ་ཞིང༌། གདུགས་རྒྱལ་མཚན་སོགས་དང་བཅས་དཀྱིལ་འཁོར་ལ་བསྐོར་བ་དང༌། སློབ་མ་ལྷ་ལ་འབུལ་བ་སོགས་བསོད་ནམས་ཀྱི་སྐལ་བ་ཡང་མི་དམན་པ་ཐོབ། དབང་ཆེན་འདི་དག་གི་རིང་ྋསྐྱབས་མཆོག་འབུལ་སྡུད་རྡོ་རྗེ་འཆང་གི་སྐུའི་གཞོགས་འགྲམ་དེར་སྡོད་རྒྱུ་ཁེལ་ཞིང༌། རྡོ་རྗེ་འཆང་ཉིད་དབང་ཚུགས་ནས་མ་གྲོལ་བར་དམིགས་པ་ཡེངས་མེད་དུ་བཞུགས་པའི་དཔེ་སྟོན་བཟང་བ་དང༌། ལོ་སྔོན་མར་ཀུན་བདེ་གླིང་དུ་དབང་ཆེན་སྐབས་གསུང་བཤད་ལེགས་ཐོས་བྱུང་བ་སོགས་ཀྱིས་འདི་རེས་ཀྱང་དམིགས་རྣམ་རྐང་གྲངས་མ་ཆད་ཙམ་སྐྱོང་ཁུལ་བྱས། ཞེས་གསུངས་པས་སོ།

འདིའི་ཟབས་བརྟན་གསོལ་འདེབས་སུ། བྱང་ཆུབ་སྤྱོད་པའི་ལམ་ལ་བགྲོད་པའི་འགྲོ།།འགྲོ་མྱུར་རྗེ་བཙུན་བླ་མར་གསོལ་བ་འདེབས།།ཞེས་ཡོད་འདུག་པར་རྡོ་སྦོས་དགེ་བཤེས་ཤེས་རབ་རྒྱ་མཚོས་ང་ཚོའི་བླ་མ་རིན་པོ་ཆེ་འགྲོས་མགྱོག་པོ་ཡོད་པར་འདྲ། ཞེས་ཞུས་པས། འབུལ་སྡུས་རིན་པོ་ཆེས་ཕྱག་གིས་དབུ་འཕུར་གྱིན་གཞད་མོ་གནང་ཚོད་འདུག༌། ཅེས་ཛེ་སྨད་གསུང་འབུམ་དུ་གསལ། གསུང་རྩོམ་ཡང་བླ་མཆོད་ཁྲིད་ཡིག་མན་ངག་གཏེར་མཛོད་དང༌། ལོ་གྱོན་རིལ་བུའི་སྦྱར་ཐབས། ཀེག་རྩིས་རབ་གནས་བཤད་པ། རྡོ་དབྱིངས་ཀྱི་སྒྲུབ་དཀྱིལ། བོད་ཀྱི་བརྡ་སྤྲོད་པའི་གཞུང་སུམ་རྟགས་ཉུང་ངུའི་ཚིག་གི་གོ་བདེ་བཀྲལ་བ་བློ་རྨོངས་གསལ་སྒྲོན་སོགས་མདོ་སྔགས་ཀྱི་ལེགས་བཤད་དང་ཐུན་མོང་གི་ལེགས་བཤད་འདུས་པའི་པོད་ཆེན་གཅིག་བཞུགས་དེང་སང་ཡང་ཕལ་ཆེར་ལྷ་ས་པོ་ཏཱ་ལའི་དཔེ་མཛོད་ཁང་དུ་ཡོད་པར་འདྲ། རྗེ་འདིའི་རྡོ་དབྱིངས་ཀྱི་སྒྲུབ་དཀྱིལ་ནི། དགའ་ལྡན་ཚ་བ་དང་བསམ་བློ་གཉིས་ཀྱི་སྟག་རྩེ་སྒྲུབ་མཆོད་སྐབས་རྒྱུན་འདོན་གནང་བཞིན་ཡོད་ཅེས་ཁྲི་ཆེན་བློ་བཟང་ཉི་མས་རྒྱུད་སྨད་ཆོས་འབྱུང་དུ་གསུངས། །

རབ་བྱུང་བཅོ་ལྔ་པའི་ས་ལུག་༡༩༡༩ལོར་ཁྲི་ལས་ཟུར་ནས། ལྷ་སྔགས་ཏིང་འཛིན་ལ་བརྩོན་བཞིན་པའི་མུར་ལྕགས་བྱ༡༩༢༡ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་སྐུ་གདུངརིན་པོ་ཆེ་དངུལ་གྱི་མཆོད་སྡོང་ཟ་མ་ཏོག་འབྲས་སྤུངས་ཏྲེ་ཧོར་ཁང་ཚན་དུ་བཞུགས། ཞལ་ཆེམས་སུ་ངའི་ཡང་སྲིད་མེད་པས་རྩད་གཅོད་མ་བྱེད་ཅེས་བཀའ་གནང་བ་ལྟར་སྐུ་ཆས་གང་ཡོད་དགོངས་རྫོགས་མཆོད་འབུལ་དུ་གཏོང་འཆར་ཡང༌། ཁྲི་ཆེན་འདིའི་སྐུ་ཚ་ཞིག་གིས། ཡང་སྲིད་བརྩད་གཅོད་ལ་ཁ་གཡར་ནས་དོན་མེད་གྱོད་འཛུགས་བྱས་པས་རང་གཞུང་གིས་རྗེ་འདིའི་གཟིམས་ཤག་འབྲས་སྤུངས་ཏྲེ་ཧོར་ཁང་ཚན་གྱི་འདུ་ཁང་ཐོག་ཁར་ཡོད་པ་དེ་ཉིད་ལ་སྒོ་ཐེལ་འཛུགས། དུས་ཕྱིས་དགའ་ལྡན་ཁྲི་ཆེན་དགུ་བཅུ་པ་ཏྲེ་ཧོར་བྱམས་པ་ཆོས་གྲགས་དགའ་ལྡན་ཁྲིར་ཕེབས་སྐབས་སྐྱབས་མགོན་བཅུ་གསུམ་པ་ཆེན་པོས་གཟིམ་ཆུང་དེ་ཉིད་དུ་བཞུགས་རྒྱུའི་བཀའ་འཁྲོལ་ལྟར་གཞི་ནས་གཟིམས་ཤག་སྒོ་དབྱེ་ཆོག་པ་བྱུང་ཡང༌། མི་ལོ་མང་པོ་སོང་སྟབས་ཅ་དངོས་ཕྱག་རྫས་ཕལ་ཆེ་བ་བེད་མེད་ཆགས་ཚར་ཚུལ་ད་ལྟར་ཞབས་བཞུགས་ཡོད་པའི་ཏྲེ་ཧོར་སྤྱི་རྒན་དགེ་བཤེས་པདྨ་ཡོངས་འཛིན་ལགས་ཀྱི་ཞལ་ནས་ཁོ་བོས་དངོས་སུ་ཐོས། དུང་དཀར་ཚིག་མཛོད་དུ། རྗེ་འདི་དགོངས་པ་རྫོགས་ལོ་༡༩༡༩ལོར་ཡིན་པར་གསུངས་པ་ནི་ནོར་བའོ། །

དགའ་ལྡན་ཁྲི་ཐོག་གྱ་དགུ་པ་ཉག་རེ་བློ་བཟང་ཐུབ་བསྟན་སྙན་གྲགས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གྱ་དགུ་པ་ཉག་རེ་བློ་བཟང་ཐུབ་བསྟན་སྙན་གྲགས་ནི། ཡོངས་གྲགས་སུ་ཉག་རེ་ཁྲི་ཆེན་ཞུ་བ་དེ་ཡིན། བྲག་གཡབ་གྲོང་རེ་ཚང་དུ་འཁྲུངས། དབུས་སུ་ཕེབས་ནས་དགའ་ལྡན་ཤར་རྩེའི་ཉག་རེ་ཁང་ཚན་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་པོའི་སློབ་གཉེར་དང༌། དགེ་བཤེས་བཅས་མཐར་ཕྱིན་པར་མཛད། དེང་དུས་དཔལ་རབ་རྒྱལ་པོར་གྲགས་པ་སྐབས་དེར་དགའ་ལྡན་དུ་རྒྱུ་ཞིང་གནས་པའི་མི་མ་ཡིན་ཞིག་ཡོད་པ་དེས་སྐབས་འགར་བསམ་ངན་ལྟ་བུས་ཁབ་དང་ལྟེབ་གྲི་བཞུགས་གདན་སྟེང་བསླངས་ནས་བཞག་པ་སོགས་མང་དུ་བྱས་ཤིང༌། སྐབས་རེར་གསོལ་དཔོན་ལྟ་བུའི་ཞབས་ཞུ་བགྱིས་པ་ཞིག་བྱུང་བར་འདུག ལྷ་རམས་གྲུབ་ནས་རྒྱུད་སྟོད་དུ་ཆོས་འགྲིམས་མཛད་ཅིང༌། རྒྱུད་པར་བཞུགས་སྐབས་དེ་སྔོན་བླ་སྤྲུལ་ཡོད་ཚད་གྲལ་འགོར་བཞུགས་འཐུས་ཆོག་ཀྱང༌། སྐབས་དེར་མི་མཐུན་པའི་ལབ་གླེང་རྐྱེན་ངན་གྱིས་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་སྤྲུལ་སྐུ་ཆུང་ཁག་རྣམས་དགེ་བཤེས་གྲལ་མཚམས་སུ་བཞུགས་རྒྱུ་བཟོས་པར། དམ་པ་འདི་ཉིད་ཀྱིས་ཀ་ཀོར་གང་ཡང་མེད་པར་དགེ་བཤེས་གྲལ་མཚམས་སུ་བཞུགས་པར། ྋརྒྱལ་དབང་བཅུ་གསུམ་པ་མཉེས་ཚོར་གྱིས་ཤིང་འབྲུག་༡༩༠༤ལོར་བླ་མ་དབུ་མཛད་བསྐོ་བཞག་སྩལ། རྒྱུད་པར་བཞུགས་སྐབས་བྲག་ཡེར་པར་རྟ་མགྲིན་གྱི་བསྙེན་མཚམས་བཞུགས་ཕེབས་སྐབས་རྡོར་དྲིལ་ལྷ་སར་ལུས་པ། ད་རེས་དཔལ་རབ་རྒྱལ་པོ་དེ་ཡོད་ན་དགོངས་པ་དང་མཉམ་དུ་རྡོར་དྲིལ་ནམ་མཁའ་ནས་མདུན་དུ་བབས་པ་བྱུང༌།

རྗེ་འདི་ཉིད་བླ་མ་དབུ་མཛད་གནང་དུས་གསེར་སྐོང་རྡོ་རྗེ་འཆང་གིས་དཔལ་ལྡན་རྒྱུད་སྟོད་གྲྭ་ཁང་དུ་གསུང་ཆོས་སྩལ་བའི་སྐབས། དམ་པ་འདིས་མབྲསྤྱལ་བཤད་པ་མཛད་པའི་མབྲ་སྤྱལ་འདེགས་པར་དཔལ་རབ་རྒྱལ་པོ་ཡོད་སྟབས། གསེར་སྐོང་རྡོ་རྗེ་འཆང་གིས་མཁྱེན་ནས་དེ་རིང་ཁྱེད་རང་ལ་མབྲསྤྱལ་འདེགས་རོགས་ལེགས་པོ་ཞིག་འདུག་ཅེས་གསུངས་སྐུད། ཁྲི་ཆེན་རིན་པོ་ཆེ་འདི་ཉིད་ཐུགས་གཤིས་ཤིན་ཏུ་བཟང་ཞིང་ཞལ་ཤིན་ཏུ་སྲོང་པས། བླ་བྲང་གི་དགེ་ཕྲུག་རྣམས་ལ་ཚེ་སྨོན་གླིང་སངས་རྒྱས་འཁོར་བ་འཇིག་གི་རྣམ་འཕྲུལ་ཡིན་པ་སོགས་བླ་མ་འདི་དང་འདི། དེ་དང་དེའི་སྤྲུལ་པ་རེད་ཅེས་མང་དུ་གསུངས་པ་ལ། དགེ་ཕྲུག་རྣམས་ལ་གཞན་གྱིས་བསླབས་ནས་རིན་པོ་ཆེ་ཉིད་གང་གི་སྤྲུལ་པ་ཡིན་ནམ་ཞུས་པར། ཐུགས་བསམ་ཞིག་བཞེས་ནས་ང་མི་རེད་མི་རེད་ཅེས་གསུངས་སྣང་སྟེ། བྱང་སེམས་ནོར་ཕྲེང་ལས། བདག་གི་ཡོན་ཏན་སྦ་བྱ་ཞིང༌། ། གཞན་གྱི་ཡོན་ཏན་བསྒྲགས་པར་བྱ། ཞེས་གསུངས་པ་ལྟར་གྱི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་ཐར་རྨད་དུ་བྱུང་བའོ།

རབ་བྱུང་བཅོ་ལྔ་པའི་མེ་ལུག་༡༩༠༧ལོར། ཤར་རྩེ་ཆོས་རྗེའི་ཁྲིར་བཞུགས། སྐབས་ཤིག་བར་ཆད་ཀྱི་རྣམ་པས་བསྙུན་གཞི་ཚབས་ཆེ་བྱུང་བར། དགའ་ལྡན་ཁྲི་ཟུར་ཚེ་སྨོན་གླིང་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་རིན་པོ་ཆེའི་བཀའ་བཞིན་མལ་གྲོའི་ཕུར་རུ་ཐོག་དགོན་དུ་ཕྱག་ལེན་སྔོན་ཡོད་ལྟར། གཡག་རྭའི་ནང་ཁྲག་བླུག་པ་ལ་མེ་འཕེན་བྱས་པ་སོགས་གཏོར་ཆོག་གི་སྒོ་ནས་བཟློག་པ་མཛད་པས་བསྙུན་དྭངས་པ་བྱུང༌། རུ་ཐོག་དགོན་འདི་དུས་ཕྱིས་དགའ་ལྡན་བྱང་རྩེའི་འཛིན་ཁོངས་དགེ་ལྡན་རང་སྲོལ་གཙང་མར་འཛིན་པ་ཡིན་ཡང༌། སྔོན་ཚལ་བ་བཀའ་བརྒྱུད་པའི་དགོན་པ་ཡིན་འདུག་པའི་སྟབས་ཀྱིས་ཆོ་ག་འདི་འདྲའི་རིགས་འགའ་ཞིག་དུས་ཕྱིས་ཀྱང་གཏོང་སྲོལ་ཡོད་འདུག དེ་དག་ལ་བརྟེན་ནས་བར་ཆད་ཀྱི་མཚན་མ་བཟློག་སྟེ་གོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་པ་ཐུབ་བསྟན་རྒྱ་མཚོས་ཁྲི་ཆེན་རིན་པོ་ཆེ་མཁྱེན་རབ་ཡོན་ཏན་རྒྱ་མཚོ་དགོངས་ཞུས་འཁྲོལ་གྱི་ཚབ་ཏུ་དམ་པ་འདི་ཉིད་ས་ལུག་༡༩༡༩ལོར་དགའ་ལྡན་གསེར་ཁྲི་ཆེན་མོར་བཀོད་པ་ལྟར། དགའ་ལྡན་གསེར་ཁྲིར་ཕེབས་པའི་ཁྲི་འདོན་ཆེད་དགའ་ལྡན་དུ་ཆིབས་བསྒྱུར་གྱིས་ཚོགས་ཆེན་དུ་ཁྲི་འགྱེད་དང༌། ཤར་རྩེ་གྲྭ་ཚང་དུ་བསྙེན་བཀུར་གཟབ་རྒྱས་ཐོག་བཞེས་ཐུག་སྣོད་ཟོ་ལག་གཞི་ཟངས་ལ་རག་ཤན་ཅན་ཉི་ཤུ་སྐོར་འབུལ་སྦྱོར་མཛད། མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བས་མཚོན་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཀྱི་བྱེད་སྒོ་ཀུན་འཐུས་ཚང་གནང༌། དམ་པ་འདིས་ཚེ་སྨོན་གླིང་སྐུ་ཕྲེང་གསུམ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ཉིད་རྩ་བའི་བླ་མར་མཛད་ཅིང་ཤིན་ཏུ་ཐུགས་ཉེ་བར་བརྟེན། ཚེ་སྨོན་གླིང་དགོངས་པ་ཞི་དབྱིངས་སུ་གཤེགས་ཁར་རིངས་སྟབས་སུ་ཕེབས་ཀྱང་ཞལ་མཇལ་མ་ཐུབ་པ་སོགས་ཀྱིས་ཐུྜྲ་ཕམ་ལྟ་བུས། ཁྲི་ལོ་མཐའ་འཁྱོལ་མ་བྱུང་ཞིང་ལྕགས་སྤྲེལ་༡༩༢༠ལོར་དགོངས་པ་ཞི་དབྱིངས་སུ་གཤེགས། ། དེའི་ཁྲི་སྤྲུལ་རིན་པོ་ཆེ་ཐུབ་བསྟན་མཚན་ལེགས་རྒྱལ་མཚན་ཆུ་ཁྱི་༡༩༢༢ལོར་བྲག་གཡབ་ཏུ་སྐུ་འཁྲུངས། ཤིང་སྤྲེལ་ལོར་ལྷ་རམས་དམ་བཅའ་དང་དེ་རྗེས་སྔགས་དམ་བཅའ་མཛད། ཤར་རྩེ་གྲྭ་ཚང་དུ་ཟངས་རྐྱན་དངུལ་ཤན་ཅན་ལྔ་བཅུ་ཐམ་པ་རེ་རེར་རྡཱ་ཡང་བཅོ་ལྔ་རེ་ཡོད་པ་དང༌། དགང་གཟར་བླུགས་འབུལ་འབྱོར་མཛད་པ་སོགས་ཁོ་བོ་དང་དུས་ཐོག་མཉམ་པ་མཁས་བཙུན་བཟང་གྲུབ་ཀྱི་དམ་པར་བཞུགས་ཀྱང༌། དུས་འགྱུར་སྐབས་བཙོན་འོག་ཏུ་ཚུད་དེ་ལྕགས་བྱི་༡༩༦༠ལོར་ཞི་དབྱིངས་སུ་གཞོལ།

དགའ་ལྡན་ཁྲི་ཐོག་དགུ་བཅུ་པ་བྱམས་པ་ཆོས་གྲགས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་དགུ་བཅུ་པ་བྱམས་པ་ཆོས་གྲགས་ནི། རབ་བྱུང་བཅུ་བཞི་པའི་ལྕགས་ཁྱི་༡༨༥༠ལོར་མདོ་ཁམས་བྲག་འགོའི་ཆར་གཏོགས་ཝ་ལུང་གྲོང་ཚོའི་ཝ་ལུང་ཚང་ཞེས་པའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། སྐུ་ན་ཤིན་ཏུ་ཕྲ་བའི་དུས་ནས་ཕལ་བའི་སྤྱོད་ཚུལ་རིང་དུ་དོར་ཞིང་ཡ་རབས་དམ་པའི་སྤྱོད་བཟང་གིས་ཐ་ན་འབུ་སྲིན་གྲོག་སྦུར་ཚུན་ཆད་ལ་གནོད་པའི་ལས་ཕྲ་མོ་ཙམ་ཡང་མི་བསྒྲུབ་པར་བྱམས་སྙིང་རྗེ་བཅོས་མ་མ་ཡིནཔ་རང་ཆས་སུ་མངའ་བའི་སྐྱེས་ཆེན་དམ་པའི་རང་རྟགས་མངོན་དུ་གྱུར་བས། ཀུན་གྱིས་བསྔགས་པའི་ཡུལ་འབའ་ཞིག་གྱུར། ཆུང་དུས་ནས་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཕྱག་བཏབ་པའི་ཧོར་དགོན་སྡེ་བཅུ་གསུམ་གྱི་ཡ་གྱལ་མཁས་གྲུབ་བྱེ་བའི་བསྟི་གནས་བྲག་འགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དུ་ཆོས་ཞུགས་གནང་ནས་འབྲེི་ཀློག་དང་འདོན་ཚོགས་ཆོས་སྤྱོད་ཀྱི་རིམ་པ་རྣམས་བསླབས་པས་ཚེགས་མེད་དུ་མཁྱེན། ཆུང་དུས་ནས་དགེ་ཚུལ་གྱི་དངོས་པོ་བླངས་བསླབ་ཁྲིམས་མཐའ་དག་མིག་གི་འབྲས་བུ་བཞིན་དུ་སྲུང་ཞིང་བསྟན་པའི་མིག་རྒྱན་དུ་གྱུར།

བཤེས་གཉེན་དུ་མའི་ཞབས་ལ་བསྟེན་ནས་བསྡུས་གྲྭ་བློ་རྟགས་ནས་ཕར་ཕྱིན་དགེ་འདུན་ཉི་ཤུའི་བར་རིགས་ལམ་བརྒལ་བརྟག་གི་སྒོ་ནས་སྦྱང་བརྩོན་དཔྱིས་ཕྱིན་པར་མཛད་པ་དང༌། རྒྱན་འཇུག་གཉིས་དང་རྩ་བ་ཤེས་རབ། འགྲེལ་ཆུང་དོན་གསལ། དྲང་ངེས་རྩ་བ་བཅས་ཐུགས་འཛིན་གནང༌། རིགས་ལམ་མྱུར་བའི་ཚོད་དུ་འཛིན། དེ་ཙམ་གྱིས་ཆོག་ཤེས་མ་གནང་སྟེ་ཆོས་ཀྱི་དོན་དུ་རྒྱལ་བུ་དོན་ཀུན་གྲུབ་པས་དཀའ་སྤྱད་གནང་བ་ལྟར། དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་པའི་འདུན་པ་དྲག་པོ་འགོག་མེད་དུ་འཆར་ཏེ། ངལ་དུབ་ལ་མ་འཛེམ་པར་ལྷ་ལྡན་དུ་ཞབས་སོར་བཀོད་ཅིང༌། ལེགས་བཤད་མགྲིན་པའི་རྔ་གསང་སྙན་འགྱུར་འབུམ་དུ་འཁྲོལ་བའི་མཁས་དབང་བྱེ་བའི་འབྱུང་གནས་ལུང་རྟོགས་ལེགས་བཤད་རྒྱ་མཚོའི་གཏེར་ཆེན་དཔལ་ལྡན་འབྲས་དཀར་སྤུངས་པའི་མཁས་མང་བློ་གསལ་བྱེ་བའི་གླིང་དུ་ཆོས་ཞུགས་མཛད་དེ་དགེ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས། གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་གཞུང་ཆེན་ཁག་ལ་གསན་བསམ་མཐར་ཕྱིན་མཛད་ནས་མཁས་པའི་གྲགས་པ་འབྲེ། བཤད་པ་དང་རྩོད་པ་ལྷུར་ལེན་པ་ཙམ་མ་ཡིན་པར་ཐོས་དོན་ཐུགས་ཉམས་སུ་བསྟར་བས། སྐྱེས་སྦྱངས་ཀྱི་མཁྱེན་རབ་ཐོགས་པ་མེད་ཅིང༌། གུས་པ་དང་རྟག་པར་སྦྱོར་བའི་བརྩོན་པ་ལྷུར་བཞེས་པས་མཁྱེན་རབ་དབྱར་གྱི་མཚོ་ཆེན་ལྟར་མཐའ་མེད་དུ་འཕེལ།

ཕུར་ལྕོག་བྱམས་མགོན་གྱི་དྲུང་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་ཞུས། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་ཏེ་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱངས་མཐའ་རྒྱ་བཅད་པའི་འབྲས་རྟགས་གདན་གསུམ་གྲྭ་སྐོར་དམ་འཇོག་དང༌། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་གསུང་ཆོས་ར་བར་གདན་གསུམ་དབུས་རྒྱུད་གྲྭ་སྟོད་སྨད། རྭ་བ་སྟོད་པ་བཅས་གཞུང་ལུགས་རབ་འབྱམས་སྨྲ་བའི་བཀའ་རམས་དགེ་བའི་བཤེས་གཉེན་གསེར་གྱི་རི་ཚོགས་ལྟ་བུ་རྣམས་གཙོ་བོར་གྱུར་པའི་ལེགས་བཤད་དགའ་སྟོན་ལ་གདན་འཛོམས་པའི་རིགས་ལམ་གནམ་ལྕགས་ཀྱི་འཁྲུལ་འཁོར་ལ་ཐུགས་བྱང་ཆུབ་པ་རྣམས་ཀྱིས་རྒྱ་བོད་གཞུང་ལུགས་རྒྱ་མཚོའི་དཀའ་གནད་ལས་བརྩམས་པའི་བརྒལ་བརྟག་ཅི་ཙམ་ཕུལ་ཡང་མཁྱེན་རབ་ཀྱི་ཕར་མཐར་གཏུགས་པ་མེད་པར་གནད་ལ་རེག་པའི་རྣམ་ཐར་སྒོ་བཞིའི་ལྗགས་ལན་ཐོགས་མེད་དུ་གནང༌། དེར་འདུས་གཟུར་གནས་དཔྱོད་ལྡན་རྣམས་ཀྱིས་བསྟོད་བསྔགས་ཀྱི་མེ་ཏོག་ཡང་ཡང་འཐོར་ཞིང་སྙན་པའི་གྲགས་པ་ཕྱོགས་སུ་ཁྱབ། ལོ་དེའི་ལྷ་ལྡན་རབ་འབྱམས་པའི་མཚན་གནས་དང་པོ་བཞེས། དེ་ནས་དམ་པ་གོང་མའི་ཕྱག་རྒྱུན་དང༌། ཁྱད་པར་དུ་ཐུན་མིན་རྒྱུད་སྡེ་བཞིར་ཉམས་ལེན་གནང་རྒྱུར་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་གནང་སྟེ། གསང་ཆེན་རྒྱུད་སྡེ་བཞི་དང་ཡང་གསང་བླ་མེད་ཀྱི་རྒྱུད་བཅས་པར་གསན་བསམ་མཐར་ཕྱིན་གནང་ནས་སྔགས་རམས་པའི་དམ་བཅའ་བཞག ྜྲིཀའི་སྐྱོར་དཔོན་སོགས་དཔལ་ལྡན་སྨད་རྒྱུད་པའི་ལས་རྒྱུན་གང་གི་སྐབས་སུ་ཡང་གཞན་དང་མ་འདྲ་བའི་ཚགས་ཚུད་བྱུང་བ་སོགས་བསྔགས་འོས་ཀྱི་ཚད་དུ་གླེང༌། རིམ་པས་རྒྱུད་སྨད་དགེ་བསྐོས་ཞིང་དཔལ་ལྡན་སྨད་རྒྱུད་པའི་སྒྲིགས་ཁྲིམས་ལ་དམ་བསྒྲགས་ཤུགས་ཆེར་གནང༌། བར་སྐབས་ཤིག་ནས་རྒྱུད་པའི་སྒྲིགས་ཁྲིམས་དེ་ཙམ་གྱིས་ཚགས་སུ་ཚུད་པོ་མེད་པར་མ་རུང་བ་རེ་ཟུང་གིས་སྤྱོད་ངན་ལ་བརྟེན་དགེ་འདུན་སྤྱིའི་སྒྲིགས་ལམ་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པར་ཐུགས་ཀྱིས་མ་བཟོད་པར། བསྟན་པར་གཅེས་འཛིན་གྱིས་སྒྲིགས་ཁྲིམས་ལ་དག་ཐེར་དམིགས་ཕུགས་པར་མཛད་དེ། དཔེར་ན་ལྷ་ས་རྒྱུད་སྨད་པའི་གྲོང་ཆོག་པ་ཡོད་སར་སྣང་མེད་དང༌། མངོན་ཆུང་གིས་ཕེབས་ཏེ་སྒོ་འགྲམ་ནས་གཟིགས་པ་སོགས་ཀྱིས་གནས་དབྱུང་བཏང་བ་སོགས་མང་དུ་མཛད། གྲོང་ཆོག་པ་ཚེས་ཉིན་གཅིག་སྦྱིན་བདག་ལ་མངགས་ཏེ། དེ་རིང་རྒྱུད་གྲྭ་གཞན་པ་སུ་ཞིག་སླེབས་ཀྱང་ནང་ལ་མ་གཏོང་ཞེས་བཀག་ཀྱང༌། འདི་ཉིད་ཀྱིས་རྒྱུད་པ་ཞིག་གི་དགེ་ཕྲུག་ཡིན་ལྡེ་མིག་ལེན་མཁན་གཏོང་རོགས་གསུངས་ནས་ནང་དུ་འཛུལ་སྐབས་གྲྭ་ཆས་སྒྲིག་བཞིན་གོན་མེད་སྟབས་ཉེས་དཀྲིས་པ་དང༌། རྒྱུད་པའི་ཚོགས་སུ་ཟླ་གམ་ཕུད་དེ་བཞེངས་ནས་ངས་དཀོན་མཆོག་དཔང་བཙུགས་ཞེས་གསུང་བཞིན་ཉེས་རྡུང་གཏོང་པས་རྒྱུད་སྨད་པ་ཚོས་འདིའི་མཚན་ལ་དཀོན་མཆོག་དཔང་གཙུགས་ཞེས་སུ་འབོད།

དེ་ལྟ་ཚུལ་བཞིན་མ་ཡིན་པའི་ཀུན་སྤྱོད་ཁྱེར་བའི་དགེ་འདུན་གྲལ་གཉིས་ཙམ་སྟེ་ཞལ་གྲངས་སུམ་ཅུ་ཙམ་སྡེབས་གཅིག་ལ་གནས་དབྱུང་བཏང་ནས་དཔལ་ལྡན་སྨད་རྒྱུད་པའི་སྒྲིགས་ཁྲིམས་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་མཛད་ཅིང༌། རྒྱུད་སྡེ་ཆེན་པོ་བཞིའི་འཆད་ཉན་བླ་ལྷག་ཏུ་སྤེལ་བ་སོགས་དམ་པ་འདི་ནི་སྨད་རྒྱུད་གྲྭ་ཚང་ལ་བཀྲིན་མཆོག་ཏུ་ཆེ་བའི་ཚད་དུ་བགྲངས། རྗེས་སུ་བདག་ཉིད་ཆེན་པོ་འདིའི་ཞལ་ནས། ངོས་འདི་ལྟར་ཚེ་རིང་བར་འཚོ་ཐུབ་པ་ནི་རྒྱུད་པའི་ལས་རྒྱུན་སྐབས་སྒྲིགས་ཁྲིམས་ལ་དག་ཐེར་གང་ལེགས་འབྱུང་བ་དང་གསང་ཆེན་རྒྱུད་སྡེ་རྣམ་བཞིའི་ཉན་བཤད་ལ་ཞབས་ཞུ་ལེགས་པོ་བྱུང་བའི་བཀྲིན་ཉན་གཅིག་ཡིན་ཞེས་གསུངས་ཚུལ་རྒན་རབས་རྣམས་ཀྱི་ཞལ་ནས་ཐོས། རྒྱལ་བའི་དབང་པོ་ཐུབ་བསྟན་རྒྱ་མཚོ་དང༌། ཏྲེ་ཧོར་ཁང་སར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས། ཕ་བོང་ཁ་པ་བདེ་ཆེན་སྙིང་པོ། ཕུར་ལྕོག་བྱམས་མགོན་རིན་པོ་ཆེ། ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་སོགས། སྐྱེས་ཆེན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་བཀའ་ལུང་མན་ངག་ཤིན་ཏུ་མང་པོ་ཞུས། ཕ་ཡུལ་གཞིས་དགོན་དགའ་ལྡན་རྣམ་རྒྱལ་གླིང་གིས་གདན་ཞུའི་གསོལ་བ་ཡང་ཡང་བཏབ་པར་བརྟེན། བརྩེ་ཆེན་ཡེ་ཤེས་ཆེན་པོས་ཉེ་བར་དྲངས་ཏེ་ཁམས་ཀྱི་ཕྱོགས་སུ་ཞབས་ཟུང་བསྒྱུར།

ཕ་ཡུལ་གཞིས་དགོན་དུ་ཞབས་སེན་བཀོད་དེ་ཡུལ་དགོན་སེར་སྐྱ་མང་ཚོགས་ཀྱིས་གསོལ་བ་ཕུར་ཚུགས་བཏབ་པ་བཞིན་བྲག་དགོན་རབ་བརྟན་རྣམ་རྒྱལ་གླིང་གི་མཁན་པོ་ཁྲི་པའི་ཐུགས་འགན་བདག་གིར་བཞེས། དགོན་པའི་སྒྲིགས་གཞི་ཡོད་ཚད་དམ་པའི་ཆོས་འདུལ་བ་གཞིར་བཟུང་གིས་དགོན་དེའི་སྒྲིགས་ཁྲིམས་ལ་དག་ཐེར་ནན་པོ་གནང་ཞིང༌། འཆད་ཉན་སྔར་ཡོད་རྒྱུན་འཛིན་དང༌། མདོ་སྔགས་རིག་གནས་དང་བཅས་པར་འཆད་རྩོད་རྩོམ་གསུམ་གྱི་རྒྱུན་བཟང་དབྱར་གྱི་མཚོ་ཆེན་ལྟར་སྤེལ་རྒྱུའི་ཐུགས་འདུན་ཆེན་པོ་ཡོད་ནའང་རྟེན་འབྲཻལ་གྱི་གནད་ཀ་ལྟ་བུས་ཐུགས་བཞེད་ལྟར་མ་གྲུབ་མོད། འོན་ཀྱང༌། ཁྱིམ་པ་ཚོར་དགེ་སྡིག་སྤང་བླང་གི་རྣམ་བཞག་སོགས་ཆོས་དང་འཇིག་རྟེན་གཉིས་ཐད་ནས་སློབ་སྟོན་གང་ཟབ་གནང།བས། དེ་ནས་བཟུང་ཡུལ་ཁམས་དེའི་ཁོར་ཡུག་གང་སར་རྐུ་ཁྱེར་འཕྲོག་བཅོམ་དང༌། རི་དྭགས་གཤོར་བ། སྒོ་ཕྱུགས་ཚོད་མེད་གསོད་པ་སོགས་མདོར་ན་སྡིག་ལས་འབའ་ཞིག་ལ་སྤྱོད་མཁན་རྣམས་ཀྱང་ཐབས་ཚུལ་དུ་མའི་སྒོ་ནས་ལས་ངན་གསོག་པའི་རྒྱུན་བཅད་དེ་དམ་པའི་ཆོས་ལ་གཞོལ་བར་བྱས། རི་རྒྱ་ཀླུང་རྒྱ་བསྡམས་པས་སྲོག་ཆགས་འབུ་སྲིན་ཡན་ཆད་ཞི་བདེ་བག་ཕེབས་ཀྱིས་རྒྱུ་ཞིང༌། ཡུལ་ཁམས་སུ་ནད་མུག་འཁྲུག་རྩོད་ཞི་སྟེ། ལོ་ཕྱུགས་ཀྱི་འཕེལ་ཁ་ཅི་ཡང་རྒྱས་པས་རྫོགས་ལྡན་གཉིས་པའི་སྐལ་བཟང་མངོན་དུ་གྱུར། ཟང་ཟིང་གི་འདུ་འགོད་དང་དཀོར་གྱི་ཡོ་ལང་ལ་མཁས་པའི་མི་སྲུན་པ་འགའ་ཞིག་གིས་རྗེ་འདི་ཉིད་ལ་ཝ་ལུང་ཁ་མཆུ་དགེ་བཤེས་ཞེས་ཀྱང་བཏགས་སྐད་ཐོས། ཡུལ་དེའི་རིས་མེད་ཆོས་བརྒྱུད་ཁག་གི་བསྒྲུབ་བྱ་མང་པོར་དགེ་ཚུལ་དང་བསྙེན་རྫོགས་ཀྱི་དངོས་པོ་བསྩལ་བས་ངུར་སྨྲིག་འཛིན་པའི་སྡེ་ཆེན་པོ་ལྷར་བཅས་འགྲོ་བའི་བསོད་ནམས་ཀྱི་ཞིང་ས་བསྒྲུབས།

ཆོས་གཞིས་དུ་མར་སེམས་ཅན་ལ་འཚེ་བའི་ལས་དང་འབྲཻལ་བའི་མཛད་སྒོ་དང་ལས་གཞི་མཐའ་དག་མཚམས་འཇོགས་བྱེད་དུ་བཅུག མདོར་ན་བྲག་འགོ་དང༌། ལྕོག་རི། སྟོང་འཁོར། རྟའུ། མགར་ཐར། མི་ཉག་སོགས་ཡུལ་ལུང་མང་པོར་གང་གི་ཐུགས་རྗེའི་འཕྲིན་ལས་ཀྱིས་བསྐྲུན་པའི་འཚེ་མེད་ཞི་བའི་རླབས་དཀར་གྱི་རྒྱུན་བཟང་ལོངས་སུ་སྤྱོད་རྒྱུ་བྱུང་ཞིང༌། ཐམས་ཅད་ལྷ་ཆོས་དགེ་བ་བཅུའི་ཁྲིམས་ཀྱིས་འཚོ་བར་མཛད་དོ།

སྐབས་དེ་ཤེད་དུ་ྋགོང་ས་ཆེན་པོས་ལྷ་ལྡན་ཆོས་ཀྱི་ཞིང་ཁམས་སུ་ཆིབས་ཐོན་གནང་དགོས་པའི་བཀའ་བཟང་སྤྱི་བོར་ཕེབས་དོན་བཞིན་ཞབས་ཟུང་འཁོར་ལོའི་རེ་ཁཱ་དབུས་ཕྱོགས་སུ་བསྒྱུར། དྲི་མེད་ཞབས་ཟུང་གི་རེ་ཁཱ་གཙང་མ་ལྷ་ལྡན་དག་པའི་ཞིང་མཆོག་ཏུ་བཀོད་འཕྲལ། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་རྗེ་བཙུན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ཡོངས་རྫོགས་བསྟན་པའི་མངའ་བདག་ྋསྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་གསུམ་པ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བརལ་དབང་ཕྱུག་ཕྱོགས་ལས་རྣམ་རྒྱལ་མཆོག་ལ་འབྱོར་ཕྱག་དང༌། བསྟན་འགྲོར་སྨན་པའི་ལས་གཞིར་གུས་པ་ཧུར་བསྐྱེད་ཞུས་པའི་རྣམ་དཀར་གྱི་ཕུང་བོ་འདིས། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པ་དང་བསྟན་པ་དེ་འཛིན་ཀུན་གྱི་གཙུག་རྒྱན་གངས་ཅན་འགྲོ་བའི་སྐྱབས་གཅིག་ཕྱག་ན་པད་དཀར་མཆོག་གསང་གསུམ་རྡོ་རྗེའི་རང་ཁམས་སུ་བརྟན་ཅིང་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་བསྐལ་བརྒྱར་བཞུགས་རྒྱུར་འགྲོ་བའི་བདེན་ཚིག་སྨོན་ལམ་བཏབ་པས་དགྱེས་ཚོར་ཆེན་པོའི་སྒོ་ནས་གསུང་གིས་དབུགས་དབྱུང་གནང༌། རིམ་གྱིས་རྒྱུད་པའི་བླ་མ་དང༌། མཁན་ཁྲིར་ཕེབས་ནས་དམ་པའི་ཕྱག་རྗེས་རྨད་དུ་བྱུང་བས་ཆོས་ཚུལ་ཡར་ཟླའི་དཔལ་ལ་འགྲན་བཞིན་བསྐྱངས། དེ་ཡང་བརྒྱུད་འདེབས་ལས། མདོ་སྔགས་ལེགས་བཤད་འོད་ཟེར་འཕྲོ་བའི་ངག ། དབང་བཞིའི་ངེས་དོན་མཁྱེན་ཡངས་འདོད་རྒུའི་སྤྱོད། ། བཟོད་པ་བརྟན་པའི་ཆ་ཤས་ཡོངས་སུ་རྫོགས། ། རྒྱལ་བསྟན་པདྨོའི་གཉེན་ལ་གསོལ་བ་འདེབས། ཞེས་འབྱུང༌།

དེ་ལྟར་བཀྲ་ཤིས་ལོ་ལེགས་ཀྱི་མཁན་པོའི་མཛད་པ་མཐར་ཕྱིན་ཏེ་མཁན་ཁྲིའི་ལོ་དུས་ཚང་ནས་མཁན་ཁྲི་ལས་ཟུར་པ་དང་མི་རིང་བར། རབ་བྱུང་བཅོ་ལྔ་པའི་ཤིང་སྟག༡༩༡༤ ལོར་བྱང་རྩེ་ཆོས་རྗེ་མཁྱེན་རབ་ཡོན་ཏན་རྒྱ་མཚོ་དགའ་ལྡན་གསེར་ཁྲི་ལ་འཕོས་པས་རྗེ་འདི་ཉིད་བྱང་རྩེ་ཆོས་རྗེའི་མངོན་པར་མཐོ་བའི་ཁྲི་ཕང་ལ་བཞུགས་སུ་གསོལ། སྐབས་དེར་བལ་ཡུལ་ནས་དུས་གསུམ་བདེ་བར་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་བཞུགས་པའི་མཆོད་རྟེན་རྣམ་པ་གསུམ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཞིང་འདིའི་བསོད་ནམས་ཀྱི་རྟེན་དམ་པར་བཞུགས་སུ་གསོལ་ནས་བགྲང་བྱ་མང་ཙམ་རིང་ཕྱི་རྟེན་དང་ནང་རྟེན་གཟུངས་ཞུགས་བཅས་པར་ཉམས་གསོ་དང་རབ་ཏུ་གནས་པར་བྱས་པ་དང༌། ཁྱད་པར་དུ་འཕགས་པ་ཤིང་ཀུན་གྱི་རྒྱུ་ཆའི་ཤིང་ཆ་རྣམས་རྙིང་སུངས་དང་རུལ་སྐྱོན་ཚབས་ཆེན་ཐེབས་པ་དང༌། རྣ་རྒྱན། གདུགས་དྲྭ་ཕྱེད་སོགས་ཞིག་རལ་དང་གོག་སྐྱོན་ཤིན་ཏུ་ཆེ་བར་བརྟེན་དད་ལྡན་སྐྱེ་བོའི་ཚོགས་ཀུན་གཅིག་ཏུ་བགྲོས་ནས། རྟོགས་ལྡན་ཤཱཀྱ་ཤྲིའའི་རིགས་སྲས་དང༌། ངྷ་རྨ་སའུ་གཉིས་ཉམས་གསོའི་སྐྱབས་འཇུག་གཟིགས་སྐྱོང་ཡོང་བའི་སྙན་བསྐུལ་ཞུས་ངོར་འབྱོར་དོན་བཞིན། རང་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོ་ནས་རྗེ་འདི་ཉིད་ཉམས་གསོའི་ལས་གྲྭའི་ཐོག་མཐའ་བར་གསུམ་གྱི་ཐུགས་འགན་གཙང་བཞེས་དགོས་པ་དང་ཆོག་གྲྭའི་རྡོ་རྗེ་སློབ་དཔོན་གཅིག་ལྕོགས་གནང་རྒྱུའི་བཀའ་ཕེབས་གནང་བཞིན།

ལྕགས་སྦྲུལ་ཟླ་བ་བཅུ་པའི་ཚེས་དགུ་ཉིན་ལྷ་ལྡན་ནས་ཐོན་ཕྱག་ཞུས་ཏེ་ཕེབས་ལམ་ནས་བསྙུན་གཞི་སོགས་ཉེར་འཚེ་མེད་པར་བལ་བོའི་རྒྱལ་སར་བདེ་འབྱོར་ཐོག རྣམ་དཀར་ལེགས་ཚོགས་ཀྱི་ལས་རིགས་རྣམས་ལ་རུ་ང་ཕྲག་དོག་མེད་པར་གྲོགས་དན་འཕྲིན་ལས་བསྒྲུབ་ཕྱིར་ཆོས་སྐྱོང་སྤྱིའི་བསྐང་གསོ་གཏོར་འབུལ་དང༌། ལས་གཤིན་དུ་དྲུག་ཅུ་མ་འབུལ་བ་སོགས་ཨར་ཆོག་ཉིན་བཞིའི་རིང་ཟབ་རྒྱས་ཞུས། ཨར་ཆོག་གནང་བའི་ཐོག་མའི་ཉིན་དེར་བར་སྣང་གི་དབྱིངས་རིམ་ནས་སྦྲང་ཆར་ཟིལ་བུའི་རྒྱུན་བཟང་ས་གཞིར་ཆག་ཆག་བཏབ་པ་སོགས་ལྷ་དང་ཀླུ་རྣམས་དགའ་བའི་མངོན་རྟགས་ཀྱི་ལྟས་བཟང་མང་པོ་བྱུང་བས་ཚེགས་མེད་ངང་ལས་གྲྭ་ཐམས་ཅད་ལམ་ལྷོང་ཡོང་བའི་གདེང་ཚོད་རྙེད། དེ་ནས་ས་རྟ་༡༩༡༨ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཅིག་ནས་བཅུ་གསུམ་གྱི་བར་ཉིན་གསུམ་རིང་མཆོད་རྟེན་རིན་པོ་ཆེ་བྱ་རུང་ཁ་ཤོར་གྱི་མདུན་དུ་མཆོད་སྤྲིན་རྒྱས་བཤམས་དང་འབྲཻལ་གསོ་སྦྱོང་དང༌། གནས་བརྟན་ཕྱག་མཆོད། རྣམ་རྒྱལ་མའི་མཆོད་ཆོག་སྨིན་བསྒྲུབས་བགྱིས། སླར་ཡང་ཉིན་བཞིའི་རིང་རྣམ་རྒྱལ་སྟོང་མཆོད་ཚར་མང་དང༌། རབ་གནས་དགེ་ལེགས་ཆར་འབེབས་དང༌། བདེ་གསང་བདག་འཇུག་སྨིན་གཏོང་ཐོག བཟང་དྲུག་སྨན་སྣ་དང་མཉམ་བསྲེས་དང༌། ཁ་ཆེའི་གུར་གུམ། ཙན་དན་སོགས་དྲི་བཟང་སྣ་མང་གི་ཁུ་བས་སྦྱངས་པའི་ན་བཟའ་དཀར་པོ་དང༌། སྐུ་ཀླུང་དར་ཕྲེང་གི་དྲ་བ་དར་ཆེན་བསྒྲེང་འཛུགས། ཐུགས་སྨོན་སྙན་ཤལ། ཚོགས་ཀྱི་འཁོར་ལོ་བཅས་རྒྱས་འབུལ་ཞུས། ཉི་མ་དེར་ཕྱོགས་བཞིའི་མཁའ་དབྱིངས་སུ་བར་མཚམས་མེད་པར་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་རྣམ་པར་བཀྲ་ཞིང༌། མཚན་མོ་ཡང་མཆོད་རྟེན་གྱི་ཆོས་འཁོར་དང་བརེ་གདུགས་ཀྱི་མཚམས་ནས་འོད་དཀར་པོའི་བཀྲག་མདངས་འཆོར་བའི་གོང་བུ་ཞིག་ཡུན་རིང་བཞུགས་པ་དེ་འཁོད་ཚང་མར་མཐུན་སྣང་དུ་གྲུབ། དེར་ལྷ་ལྡན་གྱི་རྒྱལ་སའི་མདུན་ཐང་ཆེན་མོར་ཡ་མཚན་ཆེ་བའི་མཁའ་དབྱིངས་སྔོ་བ་དང༌། ནམ་མཁའ་ནས་མེ་ཏོག་གི་རྒྱུན་གཏོར་བ་སོགས་ངོ་མཚར་བའི་ལྟས་བཟང་མིག་གི་ལམ་དུ་མངོན། དེ་དང་ཕྱོགས་ཀུན་ནས་མཐུན་པའི་མཆོད་སྤྲིན་འབུལ་བཤམས་སྨིན་བསྒྲུབ་ཆོ་ག་རབ་གནས་སོགས་ལེགས་སྒྲུབ་ཞུས། དེ་ནས་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་དང་སྟབས་བསྟུན་གྱིས་མཆོད་རྟེན་ཆེན་པོ་འཕགས་པ་ཤིང་ཀུན་གྱི་བརེ་སྟེང་དུ་རྒྱུ་བཟང་རིན་ཆེན་གསེར་ཟངས་ཤུབས་བཏུམས་ཀྱི་ཀ་བ་སུམ་ཅུ་སོ་གཉིས་བཙུགས་ཏེ་རྟེན་འབྲཻལ་གྱི་གནད་ཀ་ལེགས་བསྒྲིགས་དང༌། གསེར་ཟངས་ལས་གྲུབ་པའི་ཆོས་འཁོར་དང་ཅོད་པན་གསར་དུ་བཞེངས་བསྐྲུན་བགྱིས་པར་མ་ཟད། སྟེང་ཤོད་བར་གསུམ་དུ་རྒྱལ་བ་རིགས་ལྔའི་ལྷ་དབང་དང་རྗེ་བཙུན་འཕགས་མ་སོགས་ཕྱི་རྫས་ནང་རྟེན་ཐམས་ཅད་བཟོ་བཀོད་གང་ཐད་ནས་ཀྱང་སྔར་ལས་བརྒྱ་འགྱུར་གྱིས་ཕུན་སུམ་ཚོགས་པར་གྱུར།

མཆོད་རྟེན་དབུ་ཐོད་ཀྱི་སྔར་ཡོད་གཟུངས་རྙིང་བྱིན་ལྡན་རྣམས་རང་འཇགས་ཐོག དད་ལྡན་གཏོང་ཕོད་ཀྱི་ཕྱག་ཟུང་ཡངས་བ་རྣམས་ཀྱིས་འབུལ་སོན་བྱུང་བའི་གསེར་དངུལ་གར་བླུགས་དང་གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་ཁག་དང༌། གཞན་ཡང་སྐུ་གསུང་ཐུགས་རྟེན་ཕོན་ཆེན་དང༌། གསེར་དངུལ་གཡུ་བྱུར་མུ་ཏིག་སོགས་རིན་ཆེན་སྣ་ཚོགས་ཀྱི་བྱུར་བུར་གཏམས་པའི་བུམ་གཏེར་ཁག བཟང་དྲུག་སྨན་སྣ་སྣ་མང་དང༌། འབྲུ་རིགས་རྣམ་ལྔའི་སྦ་གཏེར་སོགས་ནོར་གྱི་རིགས་དང༌། གཟུངས་ཆེན་སྡེ་ལྔ་དང་མཚན་སྔགས་འབུམ་ཚར་བརྒལ་བ་སོགས་གཟུངས་རིགས་བཅས་གསར་དུ་བསྒྲུབས་ཅིང༌། དེ་ཡང་རྒྱུད་སྡེ་གོང་འོག་གི་གཞུང་ལུགས་དང་མཐུན་པར་གཟུངས་བསྒྲུབ་སོགས་ལེགས་གྲུབ་བྱུང་མཚམས་སུ་སྐབས་དང་མ་འབྲཻལ་བ་ལྟ་བུའི་སྦྲང་ཆར་རྒྱུན་རིང་ཞིང་སྙོམས་པ་ཡུན་གྱིས་བབས་པས་ངོ་མཚར་བའི་རྟགས་འདི་ལྟ་བུ་བྱུང་ངོ་ཞེས་ཀུན་གྱིས་གླེང་མོལ་ཁྱབ། མཆོད་རྟེན་གྱི་ནང་རྟེན་དུ་འབུལ་རྒྱུའི་ཁོངས་ནས་སློབ་དཔོན་ཆེན་པོ་པདྨ་སམ་བླྷ་བའི་སྣང་བརྙན་གསེར་གར་བླུགས་སམ་གསེར་རྐྱང་ལས་གྲུབ་པའི་རྒྱུ་བཟང་བྱོན་ལེགས་ཁྱད་དུ་འཕགས་པའི་ངོ་མཚར་ཅན་ཞིག་ཡོད་པ་གང་དུ་བཞུགས་སུ་གསོལ་དགོས་སྐོར་བཀའ་མོལ་གནང་བཞིན་པའི་སྐབས་སུ་གློ་བུར་དུ་བལ་པོའི་ཚོང་དཔོན་གཉིས་མཆོད་རྟེན་ཆེན་པོའི་ལས་ཁྲིའི་ཐོག་ཏུ་སླེབས་ནས་གཟུངས་རྟེན་དུ་འབུལ་རྒྱུ་ཡིན་ཞེས།

ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་སྣང་བརྙན་གསེར་གར་བླུགས་ཀྱི་རྒྱུ་བཟང་བྱོན་ལེགས་སྔར་གྱི་སློབ་དཔོན་བདག་ཉིད་ཆེན་པོའི་སྐུ་བརྙན་དང་གཅིག་མཚུངས་ཤིག་འབུལ་འབྱོར་བྱུང་བས་མ་བསྒྲིགས་རང་འགྲིགས་ཀྱི་རྟེན་བཟང༌། བཟོ་དཔྱད་ཕུལ་བྱུང་གི་སྣང་བརྙན་གཉིས་དུས་སུ་འཛོམས་པ་ནི་གསར་རྙིང་རིས་སུ་མ་ཆད་པའི་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྟེན་འབྲེལ་གྱི་མཚམས་ཤིན་ཏུ་བཟང་བས་དེར་ཡོད་བལ་བོད་ལས་བཟོ་བ་ཚང་མ་ཡ་མཚན་དང་དད་གུས་འགྲན་པ་ལྟ་བུ་བྱུང༌།

རྗེ་བཙུན་དམ་པ་འདི་ཉིད་ཀྱིས་འཕྲིན་ལས་དང་བྱིན་རླབས་ཀྱི་ཚན་ཁ་འབྲེ་བའི་སྐུ་བརྙན་གཉིས་ཕྱག་གཉིས་ཐལ་མོ་སྦྱར་བའི་ཕྱག་རྒྱས་རྩེ་མོར་བཀོད་དེ་རྒྱལ་བསྟན་དར་ཞིང་འགྲོ་རྣམས་བདེ་བའི་ཐུགས་སྨོན་རྩེ་གཅིག་ཏུ་མཛད་པས། དེ་མ་ཐག་གཡའ་དག་པའི་མཁའ་དབྱིངས་སུ་འཇའ་འོད་ཀྱི་བཀྲག་མདངས་འཚེར་ཞིང་འཇའ་འོད་ཀྱི་དྲ་བའི་གསེབ་ནས་སྤྲིན་བརལ་གྱི་ཉི་འོད་ཕྱོགས་ཀུན་ཏུ་འཕྲོ་བས་རྟེན་འབྲེལ་བཟང་པོའི་རྟགས་མཚན་རབ་དང་རིམ་པར་བྱུང་བ་རྣམས་གླེང་བས་མི་རྫོགས་པ་ལྟ་བུར་བྱུང༌། གཟུངས་འབུལ་དངོས་གཞིའི་ཉིན་སྐུ་གསུང་ཐུགས་རྟེན་རྣམས་སྤོས་སྣེ་དྲངས་ཏེ་མཆོད་རྟེན་ཆེན་པོའི་སྲོག་ཤིང་གི་དབུ་ཐོད་སྟེང་བཞུགས་གསོལ་ཞུ་སྐབས་ནམ་མཁའི་དབྱིངས་ནས་ཁ་དོག་རྣམ་པར་བཀྲ་བའི་འཇའ་ཚོན་ཞིག་དྲང་ཐད་དུ་ཀ་བ་བཙུགས་པ་ལྟར་མཆོད་རྟེན་ལས་ཁྲིའི་སྟེང་དུ་ཟུག་པ་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར། ཐོག་མར་མཆོད་རྟེན་ཉམས་གསོ་དང་རབ་གནས་སོགས་ཀྱི་སྐོར་ལ་དེ་ཙམ་གྱི་ངོས་ལེན་མེད་པའི་ནང་པའི་ལྟ་སྤྱོད་ལས་ཕྱི་རོལ་དུ་གྱུར་པ་བལ་ཡུལ་གོར་ཁ་རྒྱལ་ཁང་ནས་ཀྱང་བདག་ཉིད་ཆེན་པོ་འདིའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་བཟང་ལ་ཡིད་སྨོན་སྐྱེས་ཏེ་རྒྱལ་ཡུམ་ཆེན་མོས་དབུ་བླར་བཀུར། སྲུང་སྐྱོབས་ཀྱི་ཐུགས་འགན་ཆ་ཚང་རྒྱལ་ཁང་ནས་ཁུར་བ་མ་ཟད། ལས་ཁྲིའི་ཤིང་ཆ་རྒྱག་འཛུགས་དང་ལས་རྒྱབ་ཏུ་དམག་དཔུང་ནས་དམག་མི་ནར་གཏོང་གནང་བ་སོགས་མཐུན་འགྱུར་ཟབ་རྒྱས་གནང༌།

ཉེ་འཁོར་བལ་བོའི་ཡུལ་མི་རྣམས་ཀྱི་དད་གསུམ་སྤུ་ལོང་གཡོ་ཞིང༌། ལྷ་ཆོས་དགེ་བཅུའི་གདམས་ཟབ་གནང་བར། གདན་ཞུས་སྐྱབས་འཇུག་འབུལ་འབྱོར་བྱུང་བ་བཞིན་ཞལ་གྱིས་བཞེས་ནས་ཡུལ་དེར་ལྷ་ཆོས་དགེ་བ་བཅུའི་ཁྲིམས་བཅས། ལས་འབྲས་ཀྱི་རྣམ་བཞག་གསུངས་པས་ཀུན་གྱིས་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་གཞོལ། ཐོག་མཐའ་བར་གསུམ་དུ་འཚུབ་ལྷོང་སོགས་ཉེར་འཚེ་སྤུ་ཙམ་ཡང་མེད་པར་ལས་གྲྭ་རྣམས་བདེ་མྱུར་ངང་ཚགས་ཚུད་བྱུང་ཁར་རབ་ཏུ་གནས་པའི་ཆོ་ག་སྨིན་བསྒྲུབས་མཛད་པ་སོགས་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་གནས་པར་མཛད་དོ། །

དགུང་ལོ་བདུན་བཅུ་པ་ས་ལུག་༡༩༡༩ལོ་ཟླ་བ་གཉིས་པའི་ནང་ྋགོང་ས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་སྐྱབས་རྗེ་ཡོངས་འཛིན་རྡོ་རྗེ་འཆང་ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སོགས་བསྒྲུབ་བྱ་ཤིན་ཏུ་མང་པོར་བསྙྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་གནང་བའི་སྐབས་བདེ་ཡངས་མཚན་ཞབས་རིན་པོ་ཆེ་བསྟན་འཛིན་འཕྲིན་ལས་འོད་ཟེར་ཀྱིས་གསང་སྟོན་དང༌། རྣམ་གྲྭ་དུས་འཁོར་སློབ་དཔོན་བྱམས་པ་བསོད་ནམས་ཀྱིས་དུས་བསྒོ་བ། བྱང་རྩེ་ཆོས་རྗེ་བློ་གླིང་ཏྲེ་ཧོར་བྱམས་པ་ཆོས་གྲགས་དང༌། ཤར་པ་ཆོས་རྗེ་དམ་པ་འདི་ཉིད་སོགས་ཀྱིས་ལས་གྲྭ་གནང་ཚུལ་ཁྲི་བྱང་རང་རྣམ་འཁྲུལ་སྣང་སྒྱུ་མའི་ཟློས་གར་དུ་གསལ།

རབ་བྱུང་བཅོ་ལྔ་པའི་དགུང་ལོ་དོན་གཅིག་པ་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་༡༩༢༠ལོར་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དཀར་སྤྲོའི་ཆོས་ཀྱི་སྟོན་ཆེན་འབྱམས་སུ་ཀླས་པ་བཤམས་པའི་སར་རུ་བསྒྲིགས་སེར་སྦྲེང་གི་དབུས་སུ་རོལ་མོའི་བྱེ་བྲག་དུ་མས་སྐབས་ཕྱེ་བ་དང༌། ཕྱག་འདྲེན་སྤོས་ཀྱི་སྣེ་འཛིན་དང༌། སྤྱན་འདྲེན་རྒྱ་གླིང་འགྱུར་ཁུག མཇལ་དར་སྲིད་དུ་རིང་བ་སོགས་སྲིད་ཞིའི་བཀོད་པ་ཕུན་སུམ་ཚོགས་པས་གདན་དྲངས་ཏེ། མི་འཇིགས་སེང་གེ་བརྒྱད་ཀྱིས་ཉེ་བར་བཏེགས་པའི་ཡབ་རྗེ་རྒྱལ་བ་གཉིས་པ་རྗེ་ཙོང་ཁ་པ་ཆེན་པོའི་གཞོམ་བརལ་རྡོ་རྗེའི་ཁྲི་ཕང་མཐོན་པོར། ཞབས་ཟུང་འགྱུར་མེད་གཡུང་དྲུང་གི་རེ་ཁཱ་མངོན་པར་བཀོད་འཕྲལ། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་དགེ་འདུན་གྱི་སྡེ་ཆེན་པོས་གུས་འདུད་དང༌། རྟེན་གསུམ་འདེགས་འབུལ་གྱིས་མཚོན་པའི་གསེར་ཁྲིར་མངའ་གསོལ་གྱི་མཛད་སྟོན་ལ་དགྱེས་རྒུར་རོལ། ལྷར་བཅས་འགྲོ་བའི་བསོད་ནམས་ཀྱི་ཞིང་མཆོག་དམ་པ་འཕགས་ཚོགས་དགེ་འདུན་འདུས་པའི་སྡེ་ཆེན་པོར་བསྙེན་བཀུར་མང་འགྱེད་དང་འབྲཻལ་བའི་གཏོང་སྒོའི་མཆོད་སྤྲིན་འབུལ་གཤོམས་ཀྱི་རྣམ་པར་དཀར་བའི་དགེ་ཚོགས་རྒྱ་ཆེན་པོ་སྤེལ་བར་མཛད།

དེ་ཡང་སྔོན་ཞིག་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་གཉུག་མར་གནས་པའི་དགེ་འདུན་པ་རྣམས་སྔོན་བྱོན་རྒྱལ་དང་རྒྱལ་སྲས་ཉན་ཐོས་དང་བཅས་པའི་རྣམ་པར་ཐར་པ་བཞིན་གྲོང་ན་གནས་པའི་ཁྱིམ་པའི་སྐྱེ་བོ་རྣམས་ལ་དགེ་བའི་ས་བོན་བསྐྲུན་སླད། སྟོན་གྱི་དུས་ཉེ་བར་ཚེས་སྐབས་གྲོང་དང་གྲོང་བརྡལ་རྣམས་སུ་གཞུང་ཆེན་འཛིན་སྐྱོར་གྱི་དཔེ་མཚམས་སུ་བཞུགས་པར་ཕེབས་སྲོལ་ཡོད་ནའང༌། སྐབས་ཤིག་ནས་དཔལ་འབྱོར་བསྡུ་གསོག་གི་ཆ་རྐྱེན་ལྟ་བུར་གྱུར་ནས་དགེ་འདུན་རྣམས་སྟོན་ཐོག་བསྡུ་ཚད་ཀྱི་ལས་གླར་ཕེབས་པ་སོགས། ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན་སོགས་ཐོས་བསམ་བསྒོམ་བསྒྲུབ་ཀྱི་སློབ་གཉེར་ལ་འགལ་རྐྱེན་དུ་སོང་ནས་གྲྭ་རྒྱུན་འབྱོར་སྡོད་ལ་གནོད་ཚབས་ཆེན་པོ་ཐེབས་པ་དང༌། ཐ་ན་སྐྱ་སར་བབ་མཁན་ཡང་ཇེ་མང་དུ་སོང་བ་སོགས་མིག་ལྟོས་ངན་པ་བྱུང་རྐྱེན་ཁྲི་ཆེན་རྡོ་རྗེ་འཆང་འདི་ཉིད་ཀྱིས་བསྟན་པ་ལ་སྨན་པའི་ཐུགས་བསྐྱེད་དགོངས་བཞེད་ཀྱིས་ཁྲི་པ་འཛིན་ཁོངས་ནས་གཏོང་སྒོ་སྔར་བཏང་གིས། འཕྲོས་ལྷག་ཅི་བསྡད་སྟོན་ཆོས་གསར་འཛུགས་ཀྱི་མ་ཐེབས་སུ་གནང་ཞིང༌། ཁ་གསབ་ཏུ་གཞུང་སྒེར་ཚང་མར་རོགས་ཕན་སྐྱབས་འཇུག་ཞུས་ཤིང༌། སྟོད་སྨད་བར་གསུམ་གྱི་དད་གཏོང་ལྷག་བསམ་གྱིས་ཕྱུག་པའི་སྐྱེ་བོའི་ཚོགས་ལ་ཡིག་ངག་གཉིས་ཐོག་ནས་ཞལ་འདེབས་གནང་བསྐུལ་བསྐྱངས་པས། དགེ་འདུན་སུམ་སྟོང་སུམ་བརྒྱ་ལྷག་ལ་ཇ་ཕོགས་འདང་ངེས་གནང་སྲོལ་གསར་འཛུགས་ཀྱིས་འཛམ་གླིང་མཛེས་པའི་རྒྱན་དྲུག མཆོག་གཉིས་སོགས་ནལེབླསྤྱའི་མཁས་པའི་གསུང་རྒྱུན་འཁྲུལ་མེད་རིགས་ལམ་བརྒལ་བརྟག་གི་སྒོ་ནས་སྦྱངས་བརྩོན་དཔྱད་བསྡུར་གནང་བའི་རྩོད་གྲྭའི་སྟོན་ཆོས་ཆེན་མོ་བསྐྱང་གསོ་གནང༌། ལོ་ལྟར་ཆག་མེད་ནར་གཏོང་ཐུབ་པའི་མ་རྩ་འདང་ངེས་གསོག་འཇོག་གནང་བ་སོགས་ཆོས་གྲྭ་གསར་འཛུགས་འདིའི་ཐོག་མཐའ་ཀུན་ཏུ་ཐུགས་ཁུར་ལྷུར་བཞེས་མཛད།

དེ་ནས་བཟུང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་སློབ་གཉེར་དབྱར་གྱི་མཚོ་ཆེན་ལྟར་མཐའ་མེད་འཕེལ་བ་སོགས་རྗེ་འདི་ཉིད་ནི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དུ་རི་བོ་དགེ་ལྡན་པའི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་ཅིང༌། ཡང་སྒོས་སུ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ལ་བཀའ་དྲིན་འགྲན་ཟླ་དང་བརལ་བ་ཞིག་ཕེབས། རྗེས་སུ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཁྲི་ཐོག་ཁང་ཞེས་པའི་ཁྲི་པ་རིམ་བྱོན་གྱི་གདུང་རྟེན་གྲལ་ན་རྗེ་འདིའི་གསེར་སྡོང་ཆེན་མོའི་མདུན་དུ་སྣང་གསལ་ཚེ་འབྲེ་ཞིག་རྒྱུན་ལྡན་ཆད་མེད་དུ་འབུལ་སྲོལ་ཡོད་པ་ཡང༌། དམིགས་བསལ་བཀྲིན་ཆེ་བར་མཚོན་བྱེད་ཡིན་པ་གླིང་དེའི་རྒན་རབས་ཚོའི་ཞལ་ནས་ཐོས།

ལོ་༡༩༢༠དེར་ར་ས་འཕྲུལ་སྣང་གཙོས་ལྷ་ལྡན་གྱི་གཙུག་ལག་ཁང་རྣམས་རྟེན་དང་བརྟེན་པ་བཅས་ཉམས་གསོའི་གཙོ་འགན་བཞེས་ཏེ། ཕྱིའི་རྟེན་དང་ནང་གི་རབ་གནས་ཉམས་པ་རྣམས་སོར་ཆུད་གནང་ཞིང༌། ཞི་རྒྱས་དབང་དྲག་གི་སྒོ་ནས་སྲེག་བླུགས་དང༌། རབ་ཏུ་གནས་པའི་ཆོ་ག་སྦྱོར་དངོས་མཇུག་གསུམ་ཚང་ཞིང་སྨིན་བསྒྲུབ་ཟབ་རྒྱས་གནང་བས་དམ་ཚིག་པ་རྟེན་དང་བརྟེན་པར་ཡེ་ཤེས་པའི་དཀྱིལ་འཁོར་ལྷ་ཚོགས་དངོས་སུ་ཐིམ་པའི་ངོ་མཚར་རྟགས་མཚན་དུ་མ་མངོན་སུམ་དུ་གྲུབ། ཤིང་བྱི༡༩༢༤ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་བ་སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེ་དང༌། ཅོ་ནེ་གྲགས་པ་ངག་དབང༌། བསྟན་འཛིན་འཕྲིན་ལས། ལྭ་བ་ཡེ་ཤེས། ཏྲེ་ཧོར་བཀའ་འགྱུར་སྤྲུལ་སྐུ། སེར་སྨད་རྒྱལ་དབང་ཆོས་རྗེ་སོགས་ནོར་གླིང་གཟིམས་ཆུང་ཉི་འོད་དུ་རྩོད་རྒྱུགས་ལ་རྒྱུགས་བཞེས་རྩོད་དཔང་ཁྲི་ཆེན་རིན་པོ་ཆེ་འདི་ཉིད་དང༌། བྱང་རྩེ་ཐུབ་བསྟན་ཉིན་བྱེད། ཤར་པ་ཡ་ར་བློ་བཟང་རྒྱལ་མཚན། བྱེས་མཁན་པོ་བྱ་བྲལ་ངག་དབང་ཕུན་ཚོགས། སྒོ་མང་མཁན་པོ་སོག་པོ་འོད་ཟེར་རྡོ་རྗེ། བདེ་ཡངས་མཚན་ཞབས་གཉལ་སྤྲུལ་བསྟན་འཛིན་འཕྲིན་ལས་སོགས་ཕེབས་ནས་རྒྱུགས་བཞེས་གནང་བ་སོགས་སྔ་ཕྱིར་རྒྱུགས་བཞེས་ཐེངས་མང་ཕེབས། ྋགོང་ས་རྒྱལ་དབང་བཅུ་གསུམ་པ་ཆེན་པོས། སྟོན་པ་ཐུབ་པའི་དབང་པོའི་ཞབས་ཀྱི་པདྨོ་དངོས་སུ་བཅགས་པ་དང་མི་གཉིས་པའི་རྒྱལ་བའི་འཕྲིན་ལས་ཀྱི་གཙོ་བོ་ཡང་གསུང་གི་འཕྲིན་ལས་ལ་ལྟོས་ཤིང༌། སྲིད་ཞིའི་དགེ་ལེགས་ཀུན་ཀྱི་འབྱུང་གནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་འདི་ཉིད་ལ་རག་ལས་པར་གཟིགས་ནས་རྩེ་ཞོལ་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་འཕྲུལ་སྤར་ཀྱི་གཏེར་མཛོད་སྤར་ཤིང་གསར་བསྐྲུན་གྱི་ལས་གྲྭ་དབུ་འཛུགས་གནང་སྐབས། ྋསྐྱབས་རྗེ་རྡོ་རྗེ་འཆང་འདི་ཉིད་ཀྱིས་ལས་གྲྭའི་འགོ་མཇུག་ཀུན་ཏུ་ཐུགས་ཁུར་རྒྱ་ཆེན་པོ་བཞེས་ཤིང༌།

གཏེར་མཛོད་སྤར་གཞིའི་ལྷ་ཁང་དེ་ཉིད་ལ་རྟེན་གཙོ་ཞིག་ངེས་པར་དགོས་པར་དགོངས་ཏེ། ྋགོང་ས་ལྷ་མིའི་རྣམ་འདྲེན་ྋསྐྱབས་མགོན་རྒྱལ་བའི་དབང་པོའི་ཞབས་ཀྱི་པདྨོར་གུས་ཕྱག་སྔོན་དུ་བཏང་སྟེ། སྲིད་དུ་རིང་བའི་ལྷ་རྫས་དང༌། མབརསྤྱལ་སྐུ་གསུང་ཐུགས་རྟེན་གྱི་སྣེ་དྲངས་ནས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་སྤར་གཞིའི་གཏེར་མཛོད་ལྷ་ཁང་འདི་ཉིད་ཀྱི་རྟེན་གཙོར། རྒྱལ་བ་མ་ཕམ་མགོན་པོ་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ རྗེ་བདག་ཉིད་ཆེན་པོ་ཙོང་ཁ་པ་བཅས་ཀྱི་སྣང་བརྙན་གསར་བཞེངས་ཡོང་བའི་སྐྱབས་འཇུག་སྙན་བསྐུལ་ཞུས་ཏེ་རྟེན་བཞེངས་ཀྱི་རྒྱུ་རྩར་དངུལ་དཀར་སྲང་ཆེན་གཅིག་ཁྲི་ལྷག་དང༌། རྒྱུ་བཟང་གོས་ཆེན་སྣ་མང་སྤྱན་བསྟར་ཞུས་པས། ྋརྒྱལ་དབང་མཆོག་གི་ཐུགས་དགྱེས་མཉེས་རབ་ཀྱི་རྩེར་སོན་ཏེ། དེ་དོན་བཞིན་གནང་རྒྱུར་ཞལ་བཞེས་གཙང་མ་ཐོབ་པར་མ་ཟད། འཕྲལ་མ་ཉིད་དུ་ལས་གྲྭ་འཕར་མ་བཙུགས་སྟེ། བཟོ་བཀོད་ཕུན་སུམ་ཚོགས་ཤིང་བྱོན་ལེགས་རྒྱུ་བཟང་རིན་ཆེན་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་དཔངས་སུ་ཉིས་ཐོག་ཙམ་ཡོད་པ་ཁྲི་རྒྱབ་ཁྱད་དུ་འཕགས་པའི་བཟོ་དབྱིབས་ཅན་རང་འགྲིགས་དང༌། གཡས་གཡོན་དུ་སྐུ་རྒྱུ་དེ་མཚུངས་ཀྱི་དཔལ་མཉམ་མེད་ཇོ་བོ་རྗེ་དིའ་བམ་ཀཿར་དང༌། རྒྱལ་བ་ཙོང་ཁ་པ་ཆེན་པོ་རྣམ་གཉིས་ཀྱི་སྣང་བརྙན་མཐོ་ཚད་གཞི་འདོམ་ཕྱེད་དོ་རེ་ཡོད་པ་བཀོད་ལེགས་བཞུགས་ཁྲི་རང་འགྲིགས་བཅས་སོ་སོར་སྲིད་ན་རྙེད་པར་དཀའ་པའི་རིང་བསྲེལ་རྣམ་བཞི་དང་ཁྱད་དུ་འཕགས་པའི་རྟེན་འདུས་སྣ་མང༌། བྱིན་ལྡན་སྐུ་གསུང་ཐུགས་རྟེན། གཞན་ཡང་གཟུངས་ཀྱི་རྣམ་གྲངས་མང་པོ་བཅས་གཟུངས་བསྒྲུབ་གནད་སྨིན་སྔོན་སོང་གིས། ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དང༌། འཇམ་མགོན་རྒྱལ་བའི་གདུང་འཚོབ་རྗེ་འདི་པ་རྣམ་གཉིས་ཀྱིས་ཕྱག་བསྟར་གྱིས་གཟུངས་རྫས་འབུལ་གཞུགས་གནང༌།

དེ་དང་ཕྱོགས་མཐུན་དྲི་གཙང་ཁང་དང༌། ལྷ་ཁང་སོགས་སུ་ཡང༌། ྋགོང་ས་མཆོག་གི་ན་བཟའ་དང༌། རིང་བསྲེལ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཀྱི་སྣང་བརྙན་མི་ཚད་ལས་ཆེ་ཙམ་དང༌། སྨན་འདམ་ལས་གྲུབ་པའི་ཚེ་ལྷ་རྣམ་གསུམ། མཁན་སློབ་ཆོས་གསུམ་མེས་དབོན་རྣམ་གསུམ་སོགས་བཞུགས་གསོལ་ཞུས། སྐུ་བརྙན་སོ་སོར་གོས་དར་རྒྱུ་བཟང་ལས་གྲུབ་པའི་ན་བཟའ་ཆ་འགྲིག་དང༌། མདུན་བཀོད་མཆོད་སྟེགས་བང་རིམ་དང་མཆོད་ཆས་ཡོལ་གོ་ཆ་ཚང་བ་བཅས་ལེགས་གྲུབ་མཚམས་རབ་ཏུ་གནས་པའི་ཆོ་གས་སྨིན་བསྒྲུབ་མཛད་པ།

འཕྲུལ་གྱི་བཟོ་བོ་མཐོང་ཚད་ཇི་བཞིན་བཟོ་ཤེས་པ་ལྟ་བུའི་ལྷ་བཟོ་མཁས་ཅན་ཞིག་ཡོད་པས། དེས་ཐོག་མར་རྒྱལ་བ་མ་ཕམ་པའི་སྐུའི་ཞལ་དབྱིབས་ཐེངས་གསུམ་ལ་བཅོས་ཏེ། ྋརྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོར་སྤྱན་བསྟར་ཞུས་ཀྱང་ཐུགས་མགུ་བའི་བཟོ་བཅོས་ཤིག་མ་བྱུང་བས། མཐར་ཁྲི་ཆེན་བྱམས་པ་ཆོས་གྲགས་ཀྱི་ཞལ་དབྱིབས་དང་ཀུན་ནས་མཚུངས་པ་ཞིག་བྱུང་ན་དེ་ག་རང་གིས་འགྲིག་ཅེས་བཀའ་གནང་བ་བཞིན། ཁྲི་ཆེན་རྡོ་རྗེ་འཆང་གི་ཞལ་དབྱིབས་དངོས་དང་མི་གཉིས་པ་ལྟ་བུ་ཞིག་བཅོས་ནས་སྤྱན་གཟིགས་འབུལ་བས། དེ་རང་གིས་འགྲིག་པ་འདུག་ཅེས་དགྱེས་ཚོར་ཆེན་པོ་གནང་བ་སོགས་གང་ཅིར་བརྟགས་ཀྱང༌། བདག་ཉིད་ཆེན་པོ་འདི་ནི། རྒྱལ་བ་མ་ཕམ་མགོན་པོ་བསམ་བཞིན་དུ་ངུར་སྨྲིག་གར་གྱི་རྣམ་པར་རོལ་བར་གོར་མ་ཆག་གོ

རྒྱལ་བ་བྱམས་པའི་སྐུ་བརྙན་གྱི་ལྷུ་ལག་རྣམས་ནོར་གླིང་བསྐལ་བཟང་ཕོ་བྲང་ནས་གངས་ཅན་ཕན་བདེའི་གཏེར་མཛོད་གླིང་ཞེས་པའི་གོང་སྨོས་ཞོལ་གྱི་སྤར་ཁང་གི་རྟེན་གཙོར་གདན་འདྲེན་ཞུ་སྐབས་གདན་ཞུའི་ལས་མི་ལག་མ་ཐོགས་པ་ཡོད་ཀྱང༌། ད་རེས་རྟེན་འབྲཻལ་གྱི་གནད་ཅིག་ཡོད་པས་སེར་བྱེས་ལྷོ་པ་ཁང་ཚན་གྱི་གསར་ཁྲལ་གོ་ཐང་རྣམས་གཅིག་ཀྱང་མ་ལུས་པ་ཕེབས་དགོས་པའི་བཀའ་བཟང་གནང་དོན་བཞིན། ཁང་ཚན་དེའི་དགེ་འདུན་བགྲེས་སོང་དང་བསྙུན་མནར་ཅན་རེ་ཟུང་མ་གཏོགས་ཚང་མ་ངེས་ཕེབས་གནང་ཞིང་གདན་ཞུ་དང་བླངས་ཞུས་པས། ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་ཐུགས་དགྱེས་པའི་ངང་དགེ་འདུན་རྣམས་ལ་ཇ་ཐུག་གི་སྟོན་མོ་གནང་ཞིང་མཇལ་ཁ་ཕྱག་དབང་དང་དངུལ་དང་ལྷ་རྫས་ཀྱི་གནང་སྦྱིན་ཀྱང་བསྩལ། དེ་སྔོན་མཁན་རིན་པོ་ཆེ་འཇམ་དབྱངས་དཀར་པོ་བློ་གྲོས་རྒྱལ་མཚན་སྐབས་རྒྱལ་རྩེ་ཁུལ་དུ་ཡོད་པའི་གྲྭ་ཚང་གི་གཞིས་ཀ་དུ་མ་གཞུང་བཞེས་ཤོར་བ་རྣམས་རྗེ་འདི་ཉིད་དང་ལྷོ་པ་མཁན་པོ་བློ་བཟང་ཡེ་ཤེས་གཉིས་ཀྱིས་གཞུང་ས་ལ་དྲང་བདེན་གྱི་སྒོ་ནས་ཞུ་གཏུགས་བྱས་ཏེ་ཕྱིར་བླངས། མི་སྲུན་འགའ་རེས། དགའ་ལྡན་ཁྲི་པ་ཁ་མཆུ་ལ་དེ་འདྲ་ཐུགས་མཉེས་པ་ལ་ཨང་ཞེས་ཞུས་མཁན་ཡང་བྱུང་སྐད།

ཁྲི་ཆེན་རྡོ་རྗེ་འཆང་འདི་ཉིད་ཀྱི་ཞལ་ནས། སྐྱེ་བ་རྗེས་མར་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས་ཏེ། འཕགས་བོད་ཀྱི་གཞུང་ལུགས་སྤྱི་དང༌། ཁྱད་པར་དུ་ཟབ་མོ་དབུ་མའི་གཞུང་ལ་སློབ་གཉེར་དཔྱིས་ཕྱིན་པ་ཞིག་བྱ་རྒྱུ་བྱུང་ན་སྙམ་པའི་རེ་བ་རྟག་ཏུ་ཡོད་པས། དེ་ལྟར་ཡོང་བའི་ཐུགས་སྨོན་གནང་དགོས་ཞེས་ཕུར་ལྕོག་བྱམས་པ་རིན་པོ་ཆེར་གསུངས་པ་དེ་ཉིད་ཀྱིས་མཛད་པའི་དེབ་ཐེར་ནོར་བུའི་ཕྲེང་བར་གསལ། སྐབས་ཤིག་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་གསེར་གདུང་ཆེན་མོའི་ནང་རྟེན་རྗེའི་སྐུ་དམར་གདུང་དེ་ཉིད་དར་ཚོན་སྣ་ལྔའི་གོས་རྣམས་བཤུས་ནས་སྐུ་རྗེན་པར་བྱོན་གྲབས་སྐབས། ཁོང་གིས་དེ་འདྲ་གནང་ན་རྗེའི་བསྟན་པ་ལ་གནོད་པས་མི་ཉན་ཞུས་ཏཻ་གཟན་གྱིས་བཀབ་པས། མགྲོན་གཉེར་ཆེན་པོ་ཨ་སངས་སོགས་སྐུ་དྲག་ཚཽས་མ་མཇལ་བས་འཁོན་གྱིས་དངུལ་སྲང་བཅོ་ལྔ་ཆད་པ་བཅད།

དེ་དུས་རྗེའི་སྐུ་དམར་གདུང་མཇལ་མཁན་ཚོའི་བཤད་པ་ལྟར་ན། རྗེའིེ་སྐུ་ལས་དབུ་སྐྲ་སྐྱེས་ཏེ་ས་ལས་ཡར་སློང་གི་ཡོད་སྐད། མཚམས་ཤིག་ཁམས་ནས་རྙིང་ཕྱོགས་ཀྱི་མཁས་པ་རེ་ཟུང་གིས་གྲུབ་མཐའི་དཀའ་གནད་ལས་བརྩམས་ཏེ་རྩོད་པ་རིམ་པར་བྱུང་སྐབས་རྒོལ་བ་པོ་དབང་པོ་རབ་ཏུ་གཟིགས་ནས། ཁྲི་ཆེན་རྡོ་རྗེ་འཆང་ཉིད་ཀྱིས་དཀའ་བའི་གནད་ཀྱི་མདུད་རྒྱ་གྲོལ་བའི་ལྗགས་ལན་ཐོགས་མེད་དུ་གནང་པས། མཁས་པས་མཁས་པར་བརྩད་ན་འདུམ། ཞེས་པ་ལྟར་གཅིག་ཤེས་དོན་ཀུན་གྲོལ་བའི་གནད་དུ་ཤེས་ནས། རྗེ་འདི་ཉིད་ལ་བསྔགས་པའི་བསྟོད་ཚིག་སྐྱེས་དང་བཅས་ཕུལ་ཅིང་རྗེས་སུ་ལྷ་ལྡན་དུ་རྗེ་འདི་ཉིད་མཇལ་བར་སླེབས་པའི་ལོ་རྒྱུས་རྒན་རབས་ཚོའི་གསུང་སྒྲོས་ལས་ཐོས༌། ད་དུང་བླ་མ་དེས་དགེ་ལྡན་པར་བཤད་གྲྭ་འགྲན་ཟླ་བརལ་བ་འདུག་པ་འདིའི་སྒང་ལ་སྒྲུབ་གྲྭ་ཞིག་ཡོད་ན་ཞེས་ཀྱང་ཞུས་འདུག་པ་ནི་ཤིན་ཏུའང་བདེན་ནོ་སྙམ། དགུང་ལོ་དོན་བརྒྱད་པ་མེ་ཡོས༡༩༢༧ལོར་གསེར་ཁྲི་ལས་ཟུར་ཏེ་སྨིན་དྲུག་གླིང་ཁའི་མཚམས་ཁང་དུ་བསྙེན་བསྒྲུབ་ཀྱི་རྣལ་འབྱོར་ལ་ཐུགས་དམ་གྱི་མཐིལ་དུ་མཛད་ཅིང༌། བཅད་རྒྱ་དང་བཅས་བཞུགས་སོ། །ལོ་ལྟར་གདན་གསུམ་དབུས་ཆོས་སྡེ་ཁག་གི་བསྒྲུབ་བྱ་མང་པོར་བསྙེན་རྫོགས་ཀྱི་སྡོམ་པ་གནང༌། ཁལ་ཁ་རྗེ་བཙུན་དམ་པ་སོགས་སྐྱེས་ཆེན་འགའ་ཞིག་གི་ཡང་སྲིད་ཀྱང་ངོས་འཛིན་གནང༌།

སྐབས་ཤིག་སྨད་ནས་རྒྱ་ནག་གུང་མིན་ཏང་གིས་ཚུལ་མིན་སྤྱོད་ངན་གྱིས་མཐའ་སྡོད་བོད་འབངས་ལ་སུན་གཙེར་བྱས་པ་དང༌། གཙང་ཕྱོགས་ནས་མི་ངན་ཁག་ཁ་མཐུན་གྱིས་གཞུང་སའི་བསྟན་སྲིད་ལ་དཔུང་རྒོལ་སྦྱོར་ངན་མང་དག་ཅིག་བརྩམས་པར་བརྟེན། རྗེ་འདི་ཉིད་དབུ་བཞུགས་ཐོག་ལྷ་ལྡན་འཆམ་ར་ཆེན་མོར་གདན་གསུམ་གྱི་དགེ་འདུན་ཚོ་བསྡུས་གནང་ཞིང་སེར་ཚོགས་འཕུར་ཚུགས་སུ་འཚོགས་ཏེ། གདུགས་ཤེར་སེང་གསུམ་གྱི་བཟློག་བསྒྱུར་དང༌། གནོད་བཟློག་གསོ་སྦྱོང་སོགས་དམག་བཟློག་ཏུ་ཞི་དྲག་ཆོས་སྤྱོད་ཀྱིས་རིམ་གྲོ་གནད་སྨིན་མཛད་པས། བསྟན་དགྲའི་ཕྱོགས་ཀྱི་བསམ་ངན་དང་སྦྱོར་རྩུབ་མཐའ་དག་རྨེག་མེད་དུ་ཞི་ནས་རང་ཕྱོགས་དགྲ་ལས་རྣམ་པར་རྒྱལ་བའི་དགེ་མཚན་འབྲེ། ལོ་དེར་ལྷ་ས་གཙོས་པའི་སྟོད་སྨད་བར་གསུམ་དུ་བཅོས་ཐབས་བརལ་བའི་ནད་ཡམས་དྲག་ཏུ་འཕྱུར་ཏེ་ཡུལ་མིའི་ནང་དུ་ཤི་ཆད་ཚབས་ཆེན་བྱུང་བས། གཞུང་ས་ནས་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོར་ནད་ཁ་བཟློག་དགོས་པའི་སྙན་བསྐུལ་བྱུང་དོན་བཞིན། ཐུགས་བརྟགས་གཟབ་ནན་གནང་ནས་མཐར་འབྲས་སྤུངས་དགའ་ལྡན་ཕོ་བྲང་ཆེན་པོའི་འོག་གི་ལྷ་མོའི་སྐུ་དམར་གདུང་དུ་གྲགས་པའི་མཁའ་འགྲོ་མའི་སྐུ་གདུང་ཡོད་པའི་བཙན་ཁང་ལོ་མང་སྔོན་ནས་གཞུང་གིས་བཀའ་རྒྱ་སྒོ་ཐེལ་བརྒྱབ་ནས་ཡོད་པའི་ཕེབས་སྒོ་འགག་ཏུ་སྐུ་འཁོར་དང་འདུས་མང་རྣམས་བཀག་ནས་རྗེ་འདི་ཉིད་སྐུ་རྐྱང་དུ་ཕེབས་ཏེ། ཡུད་ཙམ་བཞུགས་མཐར་ཕྱིར་ཕེབས་ཀྱིས་སྔར་བཞིན་སྒོ་ཐེལ་བཀའ་རྒྱས་མནན། དེ་ནས་བཟུང་ཡམས་ནད་རྩ་ཆད་དུ་བྱུང་ཞིང་ནད་མུག་གི་མིང་ཙམ་ཡང་མེད་པར་གྱུར། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་འཇམ་མགོན་ཆོས་ཀྱི་རྒྱལ་པོས་ཕྱག་བཏབ་པའི་གསེར་གྱི་རྒྱ་ཕིབས་དང་གབླ༼༩་ལ་རྙིང་སུངས་སུ་གྱུར་ཏེ་ཞིག་རལ་འགྲོ་བའི་ཉེན་ཚབས་ཆེ་སྐབས་སྙན་ཞུ་བྱུང་དོན་བཞིན་ཞིག་གསོའི་འགན་བསྣམས་པར་མ་ཟད། དོ་དམ་བཟོ་པ་སོགས་ཆེད་གཏོང་ཡོང་བའི་གཞུང་སར་སྙན་བསྐུལ་ཀྱང་ཞུས། གཞུང་ནས་ཀྱང་འབྲུ་དངུལ་དང་ཤིང་ཆའི་མཐུན་རྐྱེན་གནང་འཕྲལ་རྟེན་དང་བརྟེན་པ་བཅས་ཉམས་གསོ་ལེགས་གྲུབ་མཚམས། གཞུང་སར་ྋགོང་ས་ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་པོར་གདན་ཞུའི་གསོལ་བ་བཏབ་པ་ལྟར།

དེ་དོན་ཞལ་བཞེས་གནང་ནས་སྟོན་འཁོར་ཚོམ་བུ་དང་བཅས་འབྲེོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཞབས་སོར་འཁོད་དེ་སྲིད་ན་རྙེད་པར་དཀའ་བའི་ཡབ་རྗེ་རྒྱལ་བ་གཉིས་པའི་གསེར་སྡོང་ཆེན་པོ་དབུར་བཞུགས་པའི་རྟེན་མཆོག་རྣམས་ཀྱི་མདུན་དུ་མཆོད་པའི་ཚོགས་དཔག་ཏུ་མེད་པ་འབུལ་བཤམས་དང་འབྲེལ་རབ་གནས་སོགས་སྨིན་རྒྱས་མཛད་པས་རྟེན་དང་བརྟེན་པར་ཡེ་ཤེས་རྡོ་རྗེའི་བྱིན་རླབས་དངོས་སུ་ཞུགས་པའི་རྟགས་མཚན་བྱུང༌། ྋགོང་ས་མཆོག་གིས། ཁྲི་གདན་ཟུར་གཉིས་དང༌། ཤར་བྱང་ཆོས་རྗེ་རྣམ་གཉིས་གདན་འཛོམས་པའི་སར་དགེ་འདུན་འདུས་པའི་དབུས་སུ་རྗེ་འདི་ཉིད་ལ་སྔ་ཕྱིར་བསྟན་པ་དང་ཆབ་སྲིད་ལ་ཐུགས་ཁུར་ཆེར་བཞེས་གནང་བར་ཐུགས་རྗེ་ཆེ་མཚོན་གྱི་གཟིགས་བཟོས་རྒྱ་ཆེར་གནང༌།

དེ་ནས་རིང་པོར་མ་སོང་བར་ཆུ་བྱ་༡༩༣༣ལོར་གངས་ཅན་འགྲོ་བའི་དཀར་མིན་ལས་ཀྱི་འབྲས་བུ་མངོན་དུ་གྱུར་ཅིང་རྣམ་དཀར་བསོད་ནམས་ཀྱི་བསགས་ཕུང་ཟད་མཐར་ཐུག་པ་དང༌། ར་གན་གསེར་བརྫུས་ཀྱི་མི་ངན་དབང་ཤུགས་ཅན་རེ་ཟུང་ངན་པ་མཐུན་སྦྱོར་གྱིས་བསྟན་སྲིད་མཛད་ཕྱོགས་གང་ཅིར་བར་ཆད་བརྩམས་དང་རྩོམ་བཞིན་པ་དང༌། གཞུང་ཞབས་ཆེ་ཕྲ་ཀུན་གྱིས་རྒྱབ་མདུན་དང་ཁ་གཏིང་མི་མཚུངས་པའི་སྒོ་ནས་ཆབ་སྲིད་ཀྱི་འཛིན་སྐྱོང་མཐའ་དག་འཐུས་སྒོ་ཚང་བ་བཞིག་གཏན་ནས་མ་བསྒྲུབ་པའི་རྐྱེན་པས་ཐུགས་ཡིད་ཤིན་ཏུ་འབྱུང་ནས་སྐུ་ལྟེམ་པའི་ཚུལ་མཛད་ཅིང་ཐུགས་ཀྱི་དགོངས་པ་ཞིང་གཞན་དུ་གཏད་ལ་ཉེ་སྐབས། ཁྲི་ཟུར་རིན་པོ་ཆེ་འདི་ཉིད་དང་བཀའ་ཤག་ལྷན་ཅིག་ཏུ་ཆོས་སྡེ་ཆེན་པོ་གསུམ་དང་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་བཅས་སུ་མང་འགྱེད་དང༌།

བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས་ཏེ་རྐྱེན་བཟློག་གི་ཐབས་ཚུལ་གང་ཟབ་དང༌། སྐུ་དངོས་ཀྱི་མདུན་དུ་གསོལ་འདེབས་གདུང་འབོད་དྲག་པོས་བཞུགས་གསོལ་འབུལ་ལམ་ཞུས་ན་རྐྱེན་བཟློག་ཐུབ་རེ་བཅངས་ཏེ། སྐུ་གམ་དུ་ངོ་གཅར་འཐུས་པའི་སྙན་སྒྲོན་ཞུ་སྐབས། བཀའ་ཤག་ལ་མཇལ་འཕྲད་གནང་རྒྱུ་ལྟ་ཅི། མཇལ་དར་ཡང་དེ་མ་ཉིད་དུ་ཕྱིར་བསློགས། ཁྲི་ཟུར་རིན་པོ་ཆེའི་མཇལ་དར་ལྷ་རྫས་དང་རྟེན་དོད་བཅས་དགྱེས་བཞེས་གནང་ནས། འཆར་ཟླའི་ཚེས་ཤར་ལ་ལྷོད་མཇལ་ཞུ་འཐུས་ཡོང་བའི་བཀའ་ཕེབས། དེ་ནས་རིམ་གྱིས་བསྙུན་ཚུལ་ཇེ་ཞན་གྱི་རྣམ་པ་བསྟན་ནས་མཐར་སུས་ཀྱང་བཟློག་མ་ནུས་པར་དགོངས་པ་ཞི་དབྱིངས་སུ་ཐིམ་ལ་ཉེ་སྐབས་བསྐྱར་དུ་ཁྲི་ཟུར་རིན་པོ་ཆེ་དང༌། ཕུར་ལྕོག་བྱམས་པ་རིན་པོ་ཆེ། མཚན་ཞབས་སྟག་བྲག་སྤྲུལ་སྐུ། རྒྱལ་དབང་སྤྲུལ་སྐུ་བཅས་རྟབ་རྟབ་པོར་སྐུ་མདུན་དུ་བཅར་ནས་རྐྱང་ཕྱག་དགུ་ཕྲུགས་ཀྱིས་སྣེ་དྲངས་ཏེ། བསྟན་འགྲོའི་མགོན་དཔུང་དམ་པར་ཞབས་པད་བརྟན་པའི་དགོངས་ཟབ་ནམ་ཡང་ལྷོད་པར་མི་འཚལ་བ་དང༌། མཐར་དགོངས་པ་ཞིང་གཞན་དུ་གཏད་ཟིན་པས་བཟློག་ཐབས་གཏན་ནས་མེད་ཚེ། ཡང་སྲིད་མཆོག་གི་སྤྲུལ་སྐུའི་འཁྲུལ་མེད་མྱུར་ཕེབས་ཡོང་བའི་གསོལ་བ་ཕུར་ཚུགས་སུ་བཏབ་འཕྲལ། སྤྱན་རིམ་གྱིས་ཕྱེ་སྟེ་ཁྲི་ཟུར་རིན་པོ་ཆེ་འདི་ཉིད་ལ་གཟིགས་ཤིང་ཐུགས་དགྱེས་བརྩེ་ཆེན་པོས་འབྲེལ་མི་ཕོད་པའི་རྣམ་པས་མཐར་ཞལ་འཛུམ་མདངས་དང་བཅས་ཕྱི་མར་དག་ཞིང་དུ་མཇལ་ཡོང་ཞེས་པ་ལྟ་བུ་མཛད་ནས་སྔར་བཞིན་བཞུགས།

དེའི་༡༩༣༣ ཟླ༡༠ ཚེས་༣༠ཕྱི་དྲོ་ཙམ་ན་སྡུད་རིམ་རྣལ་འབྱོར་གྱི་སྣང་བ་རྣམས་རིམ་གྱིས་བསྡུས་ནས་གཉུག་མའི་དོན་གྱི་འོད་གསལ་མངོན་དུ་མཛད་དེ། སྤྲོས་བརལ་བདེ་སྟོང་གི་ཐུགས་དམ་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སྐབས། སྔ་ཕྱིར་གདུང་མཆོད་དང་དགོངས་རྫོགས་ཀྱི་རིམ་པ་ཐམས་ཅད་ཁྲི་ཟུར་རིན་པོ་ཆེ་འདི་ཉིད་ནས་དབུ་བཞུགས་ཐོག་ཐུགས་འགན་གཙང་བཞེས་གནང༌། དེ་ལྟར་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ྋསྐྱབས་མགོན་རྒྱལ་བའི་དབང་པོ་དགོངས་པ་ཞི་དབྱིངས་སུ་ཐིམ་ཚུལ་མཛད་པའི་རྗེས་སུ། བཀའ་ཤག་སོགས་གཞུང་ཞབས་ཆེ་ཁག་ལྷན་འཛོམས་ཐོག རྗེ་བཙུན་དམ་པ་འདི་ཉིད་ལ་ཁྲི་ཆེན་གོང་མ་རེ་ཟུང་གིས་རྒྱལ་ཚབ་ཀྱི་ཐུགས་འགན་བཀྲིན་བསྐྱངས་ཡོད་པ་ལྟར། བདག་ཉིད་ཆེན་པོ་ཉིད་ནས་ཀྱང༌། ྋསྐྱབས་མགོན་རྒྱལ་བའི་དབང་པོའི་འཁྲུལ་བརལ་ཡང་སྲིད་ཀྱི་འཛུམ་ཞལ་མངོན་དུ་གྱུར་ཏེ་ཆོས་སྲིད་ཀྱི་ཐུགས་འགན་མ་བསྣམས་པའི་བར་དུ། ྋགོང་སའི་རྒྱལ་ཚབ་ཀྱི་ཁྲི་འཕང་མཐོན་པོར་བཞུགས་གནང་ཡོང་བའི་གསོལ་བ་བཏབ་ཀྱང༌། མ་གསན་པར་ངོས་ནི་ན་རྒས་རྫི་ལྡིབ་རང་གཡོག་མི་འཕེར་མཁན་ཞིག་གིས་རྒྱལ་ཚབ་ཀྱི་སྲིད་ཁྲི་ནོན་ཐབས་མེད། རྭ་སྒྲེང་ཧོ་ཐོག་ཐུ་སོགས་ཤེས་འཇོན་གཉིས་ལྡན་གྱི་སྐྱེས་ཆེན་རྒྱལ་ཚབ་ཡོང་ངེས་དེ་འདྲ་མང་པོ་བཞུགས་ཡོད་པ་དེ་ཚོ་ལ་ཞུ་ན་འཐུས་ཚུལ་གསུངས་ནས་ཞལ་བཞེས་མ་གནང༌།

གཞན་ཡང༌། བཀའ་ཤག་སོགས་ལ་འཕྲོས་མོལ་དུ་བླང་དོར་བཀའ་སློབ་ཚ་ནན་གནང༌། གང་ལྟར་རྒྱལ་དབང་བཅུ་གསུམ་པ་ཆེན་པོ་གཤེགས་ནས་ཟླ་བ་གཉིས་ཙམ་ལ་ཆབ་སྲིད་བཀའ་ཤག་ལྷན་རྒྱས་ནས་བསྐྱངས། དེ་ནས་སྲིད་འཛིན་རྒྱལ་ཚབ་གཅིག་དགོས་ཚུལ་གྲོས་བསྡུར་བྱས་ཏེ། དགའ་ལྡན་ཁྲི་པ་ལས་ཐོག་པ་མི་ཉག་ཨ་མེས་ཡེ་ཤེས་དབང་ལྡན་དང༌། རྭ་སྒྲེང་ཧོ་ཐོག་ཐུ་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན། ཕུར་ལྕོག་ཡོངས་འཛིན་སྤྲུལ་སྐུ་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་གསུམ་གྱི་མཚན་ཤོག་ཟན་རིལ་བསྒྲིལ་ནས་རྩེ་འཕགས་མཆོག་ལོ་ཀེ་ཤྭ་རའི་སྤྱན་སྔར་བཀའ་ཤག དྲུང་རྩིས། བཅས་པའི་དབུས་སུ་དགའ་ལྡན་ཁྲི་ཟུར་བྱམས་པ་ཆོས་གྲགས་གང་ཉིད་ཀྱིས་ཐུགས་སྨོན་བདེན་ཚིག་བརྗོད་ཞོར་ཟན་བརྟག་བསྒྲིལ་བས་རྭ་སྒྲེང་ཧོ་ཐོག་ཐུ་ཐོན་པ་ལྟར་ཤིང་ཁྱི་༡༩༣༤ལོའི་ཟླ་༡ ཚེས་༡༠ ཉིན་རྒྱལ་ཚབ་ཀྱི་ཁྲིར་ཕེབས། རྭ་སྒྲེང་རིན་པོ་ཆེ་སྐུ་ན་གཞོན་དུས་ཕེབས་བཞུད་ཀྱི་སྐབས་སུ་རྟ་རྒྱུགས་གཏོང་རྒྱུར་ཤིན་ཏུ་མཉེས་པོ་ཞིག་ཡོད་ཅིང༌། ཕར་ཚུར་ཕེབས་སྐབས་རྗེ་འདི་ཉིད་ཀྱི་མདུན་དུ་མཇལ་བཅར་ཡང་ཡང་ཕེབས་ཀྱིན་ཡོད་པས། ཉིན་ཞིག་རིན་པོ་ཆེར་ཁྱོད་ཀྱིས་རྟ་རྒྱུགས་གཏོང་རྒྱུ་དེ་མཚམས་འཇོགས་གནང་དགོས་པའི་བཀའ་གནང༌།

རིན་པོ་ཆེས་ཀྱང་དེ་དོན་དམ་བཅའ་ཕུལ་བས་དགྱེས་ཚོར་ཆེན་པོས། ཨོ་ཡག་པོ་བྱུང༌། རྗེས་སུ་ཆོས་སྲིད་ཀྱི་ཐུགས་འགན་ཆེན་པོ་བཞེས་སྐབས་རྟ་རྒྱུགས་རྐྱང་པ་བཏང་ནས་ཕེབས་ན་འཚམ་པོ་རང་ཡོད་ཀྱི་མ་རེད་ཅེས་སྐུ་རྩེད་ཀྱི་ཚུལ་དུ་མ་འོངས་ལུང་བསྟན་དུ་གནང༌། ྋརྒྱལ་དབང་གོང་མའི་ཡང་སྲིད་ངོས་འཛིན་སྐོར་མཛད་དཀའ་བའི་གླེང་རྙོག་མང་པོ་བྱུང་སྐབས་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེར། བརྟག་ཞིབ་ནན་པོ་དགོས་སྐོར་དང་ཐག་གཅོད་སྔ་མི་རུང་བའི་བཀའ་སློབ་ཡང་གནང་ཞིང༌། ཡང་སྲིད་ཁྲིར་ཕེབས་ཀྱི་འགལ་རྐྱེན་སེལ་ཐབས་ཀྱི་ལམ་སྟོན་རྒྱ་ཆེར་མཛད།

ཁལ་ཁ་རྗེ་བཙུན་དམ་པ་སོགས་སྐྱེ་སྤྲུལ་འགའ་ཞིག་གི་ཡང་སྲིད་ངོས་འཛིན་གནང༌། རཀ་ར་རིན་པོ་ཆེ་ཐུབ་བསྟན་ཆོས་དར་གྱིས་མཛད་པའི་གསེར་ཀོང་རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་སྐལ་བཟང་རེ་སྐོང་ལས། ཁྲི་ཟུར་བྱམས་པ་ཆོས་གྲགས་ཀྱི་མཚན་ལ། ཏྲེ་ཧོར་བྲག་མགོ་ཁྲི་ཟུར་ཞེས་ཀྱང་ཞུ་ཞིང༌། བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེ་ཞིང་དགུང་ལོ་བརྒྱད་ཅུ་ལྷག་བཞུགས། ྋརྒྱལ་དབང་བཅུ་གསུམ་པ་ཆེན་པོའི་སྐབས་སུ་ལྷ་ལྡན་སྨོན་ལམ་ཆེན་པོར། ལོ་འགའ་ཤས་ཀྱི་རིང་ལ་ཁྲི་པ་ལས་ཐོག་དང༌། ཁྲི་ཟུར་གཉིས་བཅས་སྨོན་ལམ་གྱི་ཚོགས་དབུར་ཁྲི་གསུམ་གྱི་སྟེང་དུ་བཞུགས་པ་བྱུང་བས། སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རྗེ་བླ་མ་ཡབ་སྲས་གསུམ་ཀའི་རྒྱལ་ཚབ་ལྟ་བུ་དུས་མཚུངས་སུ་མཇལ་རྒྱུ་ཡོད་པ། རང་རེ་བསོད་ནམས་ཤིན་ཏུ་ཆེ་ཞེས་ཐུགས་སྤྲོ་བ་ཆེན་པོས་གསུང་ཞེས་ཐོས། ཁོ་བོ་ཆུང་དུས་ལོ་བརྒྱད་དགུ་ཙམ་ལ་ཨ་མ་ལཌ་དམ་པ་དེས་ཆེད་དུ་ཁྲིད་པ་གནང་ནས་དགེ་ངག་དབང་དཔལ་ལྡན་ངོས་གསུམ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་གནད་སྨིན་ཞིག་ཐོབ། དེ་དུས་རྨེ་རུའི་རྒྱབ་སྨིན་གྲོང་གཟིམ་ཤག་ཏུ་བཞུགས་འདུག་ཅིང༌། སྐབས་དེར་གུས་ལ་ཐུགས་བརྩེ་བའི་བསླབ་བྱ་མང་དུ་སྩལ་ཏེ། ཐུགས་སྨོན་ཡོད་ཅེས་གསུང༌། ཤིན་ཏུ་མཇལ་སྤྲོ་བ་དད་པ་དབང་མེད་དུ་སྐྱེ་བ་ཞིག་བྱུང༌། ཕ་དམ་པ་ཆབ་མདོ་སྤྱི་ཁྱབ་ནས་དགོངས་པ་འཁྲོལ་ཏེ། གུས་རང་གྲྭ་སར་ཞུགས་ཉེར། ཤག་རོག་དགེ་བཤེས་ངག་ཐོས་ལགས་ནས་ཕ་མ་གཉིས་ལ་ཞུས་ཏེ་ཁྲི་ཟུར་རིན་པོ་ཆེ་ལ། གུས་རང་ལ་རིང་འཚོའི་སྨོན་ལམ་ཞིག་བསྐུལ་མ་ཞུས་པ། གུང་རུ་ཁང་ཚན་དུ་ཀུན་གླིང་རིན་པོ་ཆེའི་ཞབས་བརྟན་དང༌། གུས་རང་གི་རིང་འཚོའི་སྨོན་ལམ་གསུང་གིན་འདུག་པས། དེའི་ནང༌། འཆད་པའི་སྤོབས་པ་དབྱིག་གཉེན་ལྟ་བུ་དང༌།། རྩོད་པའི་མཆོག་གྱུར་ཆོས་ཀྱི་གྲགས་པའི་ཞབས། ། རྩོམ་པ་སློབ་དཔོན་དཔའ་བོ་དང་མཚུངས་པའི། ། རྣམ་ཐར་མ་ལུས་ཇི་བཞིན་སྐྱོང་ནུས་ཤོག

ཅེས་གསུངས་པ་ཤོ་ལོ་ཀ་གཅིག་པོ་འདི་མ་གཏོགས་གཞན་བརྗེད་ཟིན་འདུག ཅེས་གསུངས་འདུག དེ་ལྟར་ངེས་པ་དོན་གྱི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཁྲི་ཆེན་རྡོ་རྗེ་འཆང་འདི་ཉིད་ཀྱིས་ཇི་སྙེད་འགྲོ་བའི་མོས་ངོར་སྐུའི་སྐྱེ་བ་བཞེས་པ་ནས་མཐར་གཟུགས་སྐུའི་བཀོད་པ་ཞི་བའི་དབྱིངས་སུ་གཟིམས་པའི་ཚུལ་མཛད་པའི་བར་དུ་བསྟན་པ་དང་འགྲོ་བའི་དོན་ཁོ་ན་མཛད་ཅིང་གསང་བ་གསུམ་གྱི་སྒོ་ནས་རྗེས་སུ་བཟུང་བའི་སློབ་མ་ཡང༌། སྲིད་སྐྱོང་རྒྱལ་ཚབ་སྟག་བྲག་ངག་དབང་གསུང་རབ་དང༌། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་བཞད་པའི་རྡོ་རྗེ་དང་མི་གཉིས་པའི་ངེས་དོན་གྱི་བྱ་བཏང་བ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་བློ་བཟང་དར་རྒྱས་དཔལ་བཟང་པོ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་གཞུང་ལུགས་རྒྱ་མཚོའི་མངའ་དག་དགེ་བཤེས་བསོད་ནམས་མགོན་པོ། མདོ་སྔགས་གཞུང་བརྒྱ་སྨྲ་བའི་དབང་པོ་རིམ་གཉིས་ཀྱི་རྣལ་འབྱོར་ཆེན་པོ་དགེ་བཤེས་ཡེ་ཤེས་ནོར་བུ། དགེ་བཤེས་ཡ་མ་ཚེ་དཔག པབརསྤྱ༣ཏ་པོད་ལྔ་པའམ་བློ་བཟང་བསམ་གཏན། ལུང་རིགས་མཛོད་འཛིན་བློ་བཟང་དོན་འགྲུབ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་གནམ་གྱིས་ས་བཀབ་པ་ལྟ་བུ་གྲངས་ཀྱིས་མི་ཆོད་པ་བསྐྱངས་ཤིང་བཤད་པ་དང་སྒྲུབ་པའི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས་པར་མཛད། གསུང་གི་ལེགས་བཤད་ཀྱང༌། ཁང་གསར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས་ཀྱི་རྣམ་ཐར་སོགས་ཡོད་པར་སྣང༌། མཐར་དགུང་གྲངས་གྱ་བརྒྱད་པ་རབ་བྱུང་བཅུ་དྲུག་པའི་མེ་གླང༡༩༣༧ལོར་རྟག་འཛིན་གྱི་འཆིང་བ་བརྟན་ཅིང་འདི་སྣང་གི་གཡེང་བས་ཆེས་ཆེར་བསྐྱོད་པའི་གདུལ་བྱ་རྣམས་བློ་ཁ་ཆོས་ཕྱོགས་སུ་གཞོལ་བའི་ཕྱིར་དུ་ཐུགས་ཀྱི་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་མཛད་དོ། དེ་ལྟར་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཟས་གཙང་སྲས་ཀྱི་རྩ་མཆོག་གྲོང་གི་མཛད་པ་ཐ་མ་དང་མཐུན་པར། སེང་གེ་ཉལ་སྟབས་སུ་བཞུགས་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད་ཅིང༌། ཉིན་ལྔའི་རིང་དུ་སྣང་སྟོང་ཟུང་འཇུག་ཟབ་གསལ་སྒྱུ་མའི་རྣལ་འབྱོར་གྱི་ཐུགས་དམ་ལ་མཉམ་པར་བཞག

དེ་ནས་སྐུ་གདུང་རིན་པོ་ཆེའི་མདུན་དུ་མཆོད་ཚོགས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་འབུལ་བཤམས་དང༌། བླ་མཆོད་དང་འབྲཻལ་གསོལ་བ་སྨོན་ལམ་གདུང་ཤུགས་དྲག་པོས་བཏབ་ཅིང་གདུང་སྒྲུབ་ཀྱི་ཆོ་ག་རྣམ་པར་དག་པ་སྨིན་སྒྲུབ་དང༌། གདན་གསུམ་དབུས་རྒྱུད་གྲྭ་སྨད་སྟོད་བཅས་རིས་མེད་ཆོས་སྡེ་ཀུན་ལ་མང་འགྱེད་དང་ཇ་ཐུག་བཅས་བསྙེན་བཀུར་ཟབ་རྒྱས་ཞུས། སྐུ་གདུང་རིན་པོ་ཆེ་ཞུགས་ལ་སྦྱངས་སྐབས་འཕེལ་གདུང་རིང་བསྲེལ་གྱི་རྒྱུན་བཟང་རང་འཁྲུངས་སུ་ཕེབས། ལ་མོ་ཕྱག་མཛོད་ཀྱིས་སྔ་ཕྱིར་ཐུགས་འགན་བཞེས་ཏེ་དགོངས་རྫོགས་སུ་རིང་བསྲེལ་ཆ་ཚང་ནང་དུ་བཞུགས་པའི་དངུལ་སྡོང་རིན་པོ་ཆེའི་ཕྲ་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པ་བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབྲེ་བ་ཞིག་དང༌། གསེར་ཟངས་ལས་གྲུབ་པའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྐུ་དངོས་དང་སྒོ་ཀུན་ནས་མཚུངས་པའི་སྣང་བརྙན་བཅས་སྐྱེ་རྒུའི་བསོད་ནམས་ཀྱི་ཞིང་མཆོག་དམ་པར་ཞོལ་བཀའ་བསྟན་ལྷ་ཁང་གི་རྟེན་གཙོ་རྒྱལ་བ་མ་ཕམ་པའི་སྐུ་བརྙན་གྱི་གཡོན་དུ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་དྲན་རྟེན་དུ་བཞུགས། དེའི་སྐུ་ཕྲེང་གཉིས་པ་ཝ་ལུང་ཁྲི་སྤྲུལ་བྱམས་པ་ཆོས་གྲགས་བསྟན་འཛིན་རིན་པོ་ཆེ་ནི། རབ་བྱུང་བཅུ་དྲུག་པའི་ས་སྟག་༡༩༣༨ལོར་དབུས་ཀྱི་ལྷ་ལྡན་དུ་སྐུ་འཁྲུངས། ཤིང་སྤྲེལ༢༠༠༤ལོ་འདིའི་ཟླ་༢ ནང་ལ་གཞིས་དགོན་དུ་ཞི་བར་གཤེགས་པར་ཐོས།

དགའ་ལྡན་ཁྲི་ཐོག་གོ་གཅིག་པ་ཡ་ར་བློ་བཟང་རྒྱལ་མཚན

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གོ་གཅིག་པ་ཡ་ར་བློ་བཟང་རྒྱལ་མཚན། མདོ་ཁམས་ཡ་རར་སྐུ་འཁྲུངས། དབུས་སུ་བྱོན་ནས་སེར་བྱེས་ལྭ་བ་ཁང་ཚན་དུ་ཆོས་ཞུགས་ཐོག་གཞུང་ཆེན་མོའི་སློབ་གཉེར་མཐར་སོན་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས། རྒྱུད་སྟོད་དུ་ཞུགས་ཏེ་རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། རང་བྱུང་བཅོ་ལྔ་པའི་ས་ལུག་༡༩༡༩ལོར་ཤར་རྩེ་ཆོས་རྗེའི་ཁྲིར་ཕེབས། ལོ་དེའི་༡༩༡༩ཟླ་བ་གཉིས་པའི་ནང་གོང་ས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་སྐྱབས་རྗེ་ཡོངས་འཛིན་རྡོ་རྗེ་འཆང་ཁྲི་བྱང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སོགས་བསྒྲུབ་བྱ་ཤིན་ཏུ་མང་པོར་བསྙྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་གནང་བའི་སྐབས་བདེ་ཡངས་མཚན་ཞབས་རིན་པོ་ཆེ་བསྟན་འཛིན་འཕྲིན་ལས་འོད་ཟེར་ཀྱིས་གསང་སྟོན་དང༌། རྣམ་གྲྭ་དུས་འཁོར་སློབ་དཔོན་བྱམས་པ་བསོད་ནམས་ཀྱིས་དུས་བསྒོ་བ། བྱང་རྩེ་ཆོས་རྗེ་བློ་གླིང་ཏྲེ་ཧོར་བྱམས་པ་ཆོས་གྲགས་དང༌། ཤར་པ་ཆོས་རྗེ་དམ་པ་འདི་ཉིད་སོགས་ཀྱིས་ལས་གྲྭ་གནང་ཚུལ་ཁྲི་བྱང་རང་རྣམ་འཁྲུལ་སྣང་སྒྱུ་མའི་ཟློས་གར་དུ་གསལ།

ཤིང་བྱི༡༩༢༤ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་བ་སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེ་དང༌། ཅོ་ནེ་གྲགས་པ་ངག་དབང༌། བསྟན་འཛིན་འཕྲིན་ལས། ལྭ་བ་ཡེ་ཤེས། ཏྲེ་ཧོར་བཀའ་འགྱུར་སྤྲུལ་སྐུ། སེར་སྨད་རྒྱལ་དབང་ཆོས་རྗེ་སོགས་ནོར་གླིང་གཟིམས་ཆུང་ཉི་འོད་དུ་རྩོད་རྒྱུགས་ལ་རྒྱུགས་བཞེས་རྩོད་དཔང་ཁྲི་ཆེན་རིན་པོ་ཆེ་འདི་ཉིད་དང༌། བྱང་རྩེ་ཐུབ་བསྟན་ཉིན་བྱེད། ཤར་པ་ཡ་ར་བློ་བཟང་རྒྱལ་མཚན་འདི་ཉིད། བྱེས་མཁན་པོ་བྱ་བྲལ་ངག་དབང་ཕུན་ཚོགས། སྒོ་མང་མཁན་པོ་སོག་པོ་འོད་ཟེར་རྡོ་རྗེ། བདེ་ཡངས་མཚན་ཞབས་གཉལ་སྤྲུལ་བསྟན་འཛིན་འཕྲིན་ལས་སོགས་ཕེབས་ནས་རྒྱུགས་བཞེས་གནང་བ་སོགས་སྔ་ཕྱིར་རྒྱུགས་བཞེས་ཐེངས་མང་ཕེབས།

རབ་བྱུང་བཅུ་དྲུག་པའི་མེ་ཡོས་༡༩༢༧ལོར་ཁྲི་ཆེན་བྱམས་པ་ཆོས་གྲགས་གསེར་ཁྲི་ལས་འཕོས་པའི་ཚབ་ཏུ་དགའ་ལྡན་གྱི་ཁྲིར་ཕེབས་པ་གསལ་ཏེ། གོང་ས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་རྣམ་ཐར་ངོ་མཚར་རིན་པོ་ཆེའི་ཕྲེང་བ་ལས། མེ་ཡོས་ལོ་ཞེས་པ་ནས། དགའ་ལྡན་ཁྲི་འཛིན་བྱམས་པ་ཆོས་གྲགས་ལོ་དུས་འཕོས་ཚབ་ཤར་པ་ཆོས་རྗེ་བློ་བཟང་རྒྱལ་མཚན། དེ་ཚབ་རྒྱུད་སྟོད་མཁན་ཟུར་ཡེ་ཤེས་དབང་ལྡན། རྩེ་རིག་གནས་སློབ་གནས་སློབ་གྲྭའི་དགེ་རྒན་ཐུབ་བསྟན་རབ་རྒྱལ་དགོངས་ཁྲོལ་ཚབ་སྔར་ཁུང་སྨིན་གླིང་གྲྭ་བདེ་ཆེན་ཆོས་འཛིན་བཅས་ལ་བསྐོ་བཞག་བཀའ་བསྒྱུར་རིམ་གྱིས་བསྩལ། ཞེས་འབྱུང་བས་སོ། ཁྲི་ལོ་དྲུག་བསྐྱངས་རིང་ཀྲི་པའི་བྱེད་སྒོ་ཀུན་འཐུས་ཚང་གནང་ཐོག་རྒྱུན་བཞུགས་གནང་ཡུལ་ཕུར་ལྕོག་བྱམས་མགོན་བླ་བྲང་དུ་མཛད་དེ། དེ་ན་ལྷ་སྔགས་ཏིང་འཛིན་གྱི་ཉམས་བཞེས་ཀྱང་རྒྱ་ཆེར་གནང༌། གསེར་ཁྲི་སྐྱོང་བཞིན་པའི་མུར་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་༡༩༣༢ལོའི་ཟླ་བ་བཅུ་གཉིས་ནང་སྐུ་གཤེགས། རྗེ་འདི་ཉིད་རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོས་གཟིགས་པ་ཤིན་ཏུ་ཆེ་བས་སྐུ་གཤེགས་པ་གསན་མ་ཐག་སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ལ་སྐུ་གདུང་སྤུར་སྦྱངས་སོགས་ཀྱི་བྱེད་སྒོ་ཀུན་འཐུས་ཚང་དགོས་པའི་བཀའ་མངགས་གནང་བ་ལྟར་སྐྱབས་རྗེ་རིན་པོ་ཆེས་མཛད་སྣང་སྟེ། སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་རང་རྣམ་འཁྲུལ་སྣང་སྒྱུ་མའི་ཟློས་གར་ལས། དེ་ལོ་ཟླ་བ་བཅུ་གཉིས་པའི་ནང་དགའ་ལྡན་ཁྲི་ཐོག་གོ་གཅིག་པ་སེར་བྱེས་ལཱ་བ་བློ་བཟང་རྒྱལ་མཚན་སྐུ་གཤེགས་པར་ཀྲི་པའི་ཕྱག་མཛོད་སོགས་ ཀྱིས་དམིགས་བསལ་འབད་སྐུལ་མ་བྱུང་ཡང༌། ྋགོས་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབྱིངས་དཔྱད་ནོར་གླིང་ནས་ཆིབས་གཡོག་ཆེད་སྩལ་གྱིས་འབོད་གནང་བྱུང་བ་ལྟར་ཞབས་བཅར་སྐབས་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་བརྒྱུད་བཀའི་ཕེབས་སྒོར་དགའ་ལྡན་ཁྲི་རིན་པོ་ཆེ་ཁ་ས་སྐུ་གཤེགས་འདུག་པར་སྐུ་གདུང་ཁྲུས་དང༌། སྤུར་བཞུར་བྱ་རྒྱུ་སོགས་ལ་ཁྱོད་རང་བསྐྱོད་དགོས་ཞེས་བཀའ་ཕབ་པ་ལྟར་དེ་འཕྲལ་ཁྲི་པའི་བཞུགས་གནས་ཕུར་ལྕོག་བླ་བརང་དུ་གཤེགས། ཞེས་པ་ནས་ཕུར་ལྕོག་རིན་པོ་ཆེ་ཡང་གདུང་ཁྲུས་འབུལ་བ་ནས་བཟུང་ཐོག་མཐའ་བར་གསུམ་ཚང་མར་སྤྱན་ཞིབ་གནང་བར་ཕེབས། ༡༢༣༡༢༤ཞེས་གསུངས་པས་སོ།།

དགའ་ལྡན་ཁྲི་ཐོག་གོ་གཉིས་པ་གཙང་པ་ཐུབ་བསྟན་ཉིན་བྱེད་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གོ་གཉིས་པ་གཙང་པ་ཐུབ་བསྟན་ཉིན་བྱེད་ནི། སྤྱི་ལོ་དུས་རབས་བཅུ་དགུའི་སྨད་ཙམ་རབ་བྱུང་བཅོ་ལྔ་པའི་ནང་གཙང་དུ་སྐུ་འཁྲུངས། བྱིས་པའི་སྐབས་ནས་མཛད་སྤྱོད་ཕལ་བའི་ཡུལ་ལས་འགོངས། སྐུ་ན་ཕྲ་དུས་ནས་དབུས་འགྱུར་ཆོས་ཀྱི་ཞིང་སར་ཕེབས་ཏེ་ལྷ་ལྡན་ཇོ་ཤཱཀ་རྣམ་གཉིས་སོགས་རྩ་ཆེན་རྟེན་གསུམ་ཁག་ལ་མཇལ་བཅར་བྱས་ནས། གདན་ས་འབྲས་སྤུངས་མཁས་མང་བྱེ་བའི་འབྱུང་གནས་བློ་གསལ་གླིང་དུ་ཆོས་ཞུགས་གནང༌། བློ་གླིང་དར་མདོ་མཁན་པོ་མཁྱེན་རབ་ལྷུན་གྲུབ་དང༌། རྒྱལ་རོང་ཡེ་ཤེས་ཆོས་གྲགས་སོགས་ལ་བསྟེན་ནས་དབུ་ཕར་དང་འདུལ་མཛོད་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་བསམ་མཐར་ཕྱིན་པར་མཛད། གསང་ཕུ་རྭ་བ་སྟོད་དུ་ཆོས་ཐོག་ཕེབས་ནས་སྡེ་བདུན་མདོ་དངབཅས་པའི་དགོངས་དོན་ལ་གཞན་དྲིང་མེད་པའི་མཁས་པར་སྦྱངས་ཏེ་གླིང་བསྲེས་དགེ་བཤེས་མཚན་རྟགས་བཞེས། དུས་ཕྱིས་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་༡༩༡༢ལོར་སྲིད་ཞིའི་རྣམ་འདྲེན་ྋགོང་ས་བཅུ་གསུམ་པ་ཆེན་པོས་གདན་ས་ཁག་དང་རྒྱུད་སྟོད་སྨད་ནས་གྲགས་ཅན་དགེ་བཤེས་བརྒྱ་ཕྲག་བརྒལ་བ་བསྡུས་ནས་ལྷ་རམས་དམ་འཇོག་བཟང་ཞན་ཀྱི་ཨང་རིམ་གནང་སྐབས་དམ་པ་འདི་ཉིད་ཨང་དང་པོའི་གྲལ་ལ་སླེབས། སྨད་རྒྱུད་གྲྭ་ཚང་དུ་ཕེབས་ནས་རྒྱུད་སྡེ་རྒྱ་མཚོའི་གཞུང་ལུགས་ལ་གསན་བསམ་རྒྱ་ཆེར་མཛད་དེ་རྒྱུད་སྨད་དགེ་བསྐོས་དང་བླ་མ་དབུ་མཛད་རིམ་རྒྱུད་ཀྱིས་མཁན་ཁྲིར་ཕེབས་ནས་རྒྱུད་ཀྱི་འཆད་མཉན་རྒྱ་ཆེར་གནང༌། ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེ་དང༌། ཁང་སར་སྐྱབས་མགོན་བློ་བཟང་ཚུལ་ཁྲིམས། ལྕང་རྒྱབ་ཁྲི་ཟུར་ཡོན་ཏན་རྒྱ་མཚོ། ཕ་བོང་ཁ་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་སོགས་སྐྱེས་ཆེན་དུ་མའི་ཞལ་སྔ་ནས་མདོ་སྔགས་ཀྱི་བཀའ་ལུང་མན་ངག་རྒྱ་ཆེར་གསན།

རྒྱུད་པའི་མཁན་ཁྲི་ལས་ཟུར་རྗེས་བྱང་རྩེ་ཆོས་རྗེའི་ཁྲིར་འཁོད་དེ་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་༡༩༣༢ལོ་མཇུག་ཏུ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་མི་འཇིགས་སེང་གེའི་ཁྲི་ལ་ཞབས་སེན་འཁོར་ལོའི་རེ་ཁ་བཀོད་པ་གསལ་ཏེ། ངོ་མཚར་རིན་པོ་ཆེའི་ཕྲེང་བ་ལས་ཆུ་སྤྲེལ་ཞེས་པ་ནས་དགའ་ལྡན་ཁྲི་ཆེན་བློ་བཟང་རྒྱལ་མཚན་ཞིང་གཤེགས་ཚབ་བྱང་རྩེ་ཆོས་རྗེ་ཐུབ་བསྟན་ཉིན་བྱེད་ལ་བསྐོ་བཞག་མཛད། ཞེས་གསུངས་པས་སོ། །ལོ་དེའི་ཕྱི་མ་༡༩༣༣ལོ་གསར་སྐབས་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་ནས་དཔག་བསམ་འཁྲི་ཤིང་དང༌། སྐྱེས་རབས་སོ་བཞི་པའི་བཤད་པ་རྒྱ་ཆེར་གནང༌། དཔྱིད་ཀར་སྡེ་དྲུག་རྨེ་རུ་གྲྭ་ཚང་དུ་ཁྲི་པ་རིམ་བྱོན་གྱིས་ལམ་རིམ་འཆད་ཉན་གནང་སྲོལ་ལྟར་རྗེ་འདི་བས་ཀྱང་དེ་གར་བཀའ་ཆོས་འཆད་བཞིན་པའི་མུར་དགོངས་པ་ཆོས་དབྱིངས་སུ་ཐིམ་པས་ཁྲི་པ་ཟླ་ཤས་ལས་མ་མཛད་པར་སྣང༌།

དེ་ཡང་སྐབས་དེར་གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཞི་བའི་དབྱིངས་སུ་མནར་ཚུལ་བསྟན་རྒྱུའི་སྔ་རོལ་དུ་རྗེ་འདི་བར་རྒྱལ་ཚབ་ཏུ་མངའ་གསོལ་རྒྱུའི་བཀའ་རྒྱ་སྩལ་རྒྱུའི་དགོངས་པ་ཡོད་པ་དེ་ཉིད་མཁྱེན་ནས་དགའ་ལྡན་ཕོ་བྲང་པའི་སྲིད་དབང་འཛིན་རྒྱུར་སྐུ་ན་དང་གང་ཅིའི་ཐད་ནས་འགྲོ་དོན་ཆེ་བ་མ་གཟིགས་ནས། ྋགོང་ས་ཆེན་པོའི་བཀའ་རྒྱ་མ་འབྱོར་བའི་སྔོན་ནས་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་བསྟིམས་པར་བཤད་ཅིང༌། རྗེ་འདི་ཉིད་དགོངས་པ་རྫོགས་པའི་ཚུལ་ྋགོང་ས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་ལ་སྙན་ཞུ་ཕུལ་སྐབས་ྋགོང་ས་མཆོག་གིས་རེ་ཞིག་ཐུགས་ཡིད་མི་ཆེས་པའི་ཚུལ་གྱིས་ཐུབ་བསྟན་ཉིན་བྱེད་དེ་སེམས་པ་ཆུང་བ་ལ་ཨང་ཞེས་གསུང་སྐུད། འདིའི་གདུང་རུས་དངུལ་གྱི་མཆོད་སྡོང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཞུགས། རིང་བསྲེལ་གྱི་ནང་གཟུངས་ཡོད་པའི་སྨན་འདམ་གྱི་སྐུ་བརྙན་འབྲས་སྤུངས་གཙང་པ་ཁང་ཚན་དུ་བྱིན་རླབས་ཀྱི་ཚན་ཁ་འབར་བཞིན་བཞུགས་ཤིང༌། འདིའི་སྐུ་ཕྲེང་གཉིས་པ་གཙང་པ་ཁྲི་སྤྲུལ་རིན་པོ་ཆེ་ནི། རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་༡༩༣༤ལོར་ལྷ་ས་ཞོལ་ཆིབས་རར་སྐུ་འཁྲུངས།

སྐུ་ན་ཆུང་དུས་ནས་གོང་མའི་ཡང་སྲིད་འཁྲུལ་བྲལ་ངོས་འཛིན་བྱུང་སྟེ་འབྲས་སྤུངས་བློ་གླིང་གཙང་པ་ཁང་ཚན་དུ་ཆོས་ཞུགས་གནང༌། གཙང་པ་དགེ་བཤེས་བློ་གྲོས་ཆོས་ལྡན་སོགས་ལ་བསྟེན་ནས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཆོ་ག་རིགས་ལམ་བསྡུས་གཞུང་དང༌། ཕར་ཚད། དབུ་མ། འདུལ་མཛོད་བཅས་ལ་གསན་བསམ་རྒྱ་ཆེར་མཛད་དེ་གླིང་བསྲེས་དགེ་བཤེས་མཚན་རྟགས་བཞེས། སྐྱབས་མགོན་རྒྱལ་དབང་ཡབ་སྲས་དང་ལི་ཐང་ཤོག་དྲུག་སྐྱབས་མགོན་སོགས་ལས་མདོ་སྔགས་ཀྱི་ཆོས་ཚུལ་དུ་མ་ཞུས། བོད་དུ་གླེང་ལོག་བྱུང་རྗེས་འཕགས་ཡུལ་དུ་ཕེབས་ཏེ་ཝཱ་ཎཱ་མཐོ་སློབ་ཏུ་ཞུགས་ནས་ཆོས་རིག་ཁག་ལ་གསན་བསམ་མཛད། རབ་བྱུང་བཅུ་དྲུག་པའི་ཤིང་གླང་༡༩༨༥ལོར་ཀ་ལི་ཀ་ཏར་དགོངས་པ་ཆོས་དབྱིངས་སུ་ཐིམ། །

དགའ་ལྡན་ཁྲི་ཐོག་གོ་གསུམ་པ་མི་ཉག་ཨ་མེས་ཡེ་ཤེས་དབང་ལྡན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གོ་གསུམ་པ་མི་ཉག་ཨ་མེས་ཡེ་ཤེས་དབང་ལྡན་ནི། རབ་བྱུང་བཅོ་ལྔ་པའི་ལྕགས་སྦྲུལ་༡༨༨༡ལོར་ཁམས་མི་ཉག་ངོམ་པ་རོང་དམ་པ་ཚང་དུ་སྐུ་འཁྲུངས། མི་ཉག་འགེ་ཁ་དགོན་པའི་གྲྭ་ཁོངས་ཡིན་ཡང་སྐུ་ན་ཆུང་དུས་ཕ་མས་དགོན་དུ་ཞུགས་མ་བཅུག་པར་རི་ལ་རྫི་བོ་ཕེབས་པའི་སྐབས་ཤིག་ཏྲེ་ཧོར་རྒྱ་རྒྱས་གྲུབ་ཐོབ་ཅེས། ཐལ་བ་ལ་ཕུ་བཏབ་ན་མེ་འབྲེ་བ་དང༌། གཏུམ་མོ་མེ་དྲོད་ལ་བརྟེན་ནས་དགུན་ཁའི་གནམ་གཤིས་ཤིན་ཏུ་གྲང་བའི་ནང་དུའང་གོས་མེད་གཅེར་བུར་བཞུགས་པ་རྫུ་འཕྲུལ་དང་མངོན་ཤེས་ཐོགས་པ་མེད་པའི་རྣལ་འབྱོར་པ་ཆེན་པོ་གྲུབ་ཐོབ་འདིའི་རྣམ་ཐར་ཤིན་ཏུ་འགངས་ཆེ་བར་སྣང་ཞིང་དུས་ཀྱི་སྟབས་འགྲིགས་ན་ཁོ་བོས་ཟུར་དུ་འབྲེི་འདོད་ཡོད་དེས་རི་བོ་དགེ་ལྡན་པའི་མི་ནུབ་བསྟན་པའི་རྒྱལ་མཚན་འཛིན་པར་ལུང་བསྟན།

དགུང་ལོ་ཉེར་ལྔ་པ་༡༩༠༥ལོར་དབུས་འགྱུར་དམ་པའི་ཆོས་ཀྱི་ཞིང་སར་བསྙེགས་ཏེ་རྩ་ཆེན་རྟེན་གསུམ་ཁག་ལ་གནས་མཇལ་གནང་ནས་གངས་ཅན་ཀྱི་དཔལ་ན་ལེནདྲ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་དུ་ཆོས་ཞུགས་གནང༌། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ལྡན་མ་བློ་ཆོས་རིན་པོ་ཆེ་སོགས་གཞུང་ལུགས་བརྒྱ་ཕྲག་སྨྲ་བའི་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ་བསྡུས་གྲྭ་བློ་རྟགས་དང༌། དབུ་ཚད། ཕར་ཕྱིན། འདུལ་མཛོད་བཅས་ལ་གུས་རྟག་སྦྱོར་བའི་བརྩོན་པ་རྒྱ་ཆེར་སྤྱོད་དེ་བསླབས།

རྗེ་འདི་ཉིད་འབྲས་སྤུངས་སུ་སློབ་གཉེར་གནང་སྐབས་དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་གི་དྲུང་དུ་ཡང་ཡང་མཇལ་བར་ཕེབས་ཀྱི་ཡོད་འདུག་པས། ཉིན་གཅིག་དེ་རིང་ངའི་སར་མི་སུ་འདྲ་ཞིག་སླེབས་ན་ཡང༌། དེ་ལ་གསང་ཡུམ་གྱི་བཞེས་སྤྱད་ནང་གསོལ་ཇ་ཕུལ་དགོས་གསུངས་པས། དེ་ཉིན་མི་ཉག་ཨ་མེས་ཕེབས་པར་རྗེ་འདིའི་བཀའ་བཞིན་དུ་གསང་ཡུམ་གྱི་བཞེས་ཆས་ནང་གསོལ་ཇ་ཕུལ་བས། མི་ཉག་ཨ་མེས་ནས་ཐེ་ཚོམ་རྣམ་རྟོག་མེད་པར་གསོལ་ཇ་བཞེས་ཏེ་དེ་གར་ཐུགས་རིག་དྭངས་པའི་སྣང་བ་ཞིག་བྱུང༌། སང་ཉིན་དེར་ལྡན་མ་དགེ་བཤེས་བློ་ཆོས་ཀྱི་དྲུང་དུ་དཔེ་འཁྲིད་ལ་ཕེབས་ནས། དགེ་སློབ་ནང་ཕན་ཚུན་རྩོད་རིགས་འཕེན་པའི་སྦྱངས་པ་གནང་སྐབས། དགེ་བཤེས་བློ་ཆོས་ནས་མི་ཉག་ཨ་མེས་ལ་རྩོད་རིགས་འཕང་དཀའ་བ་བྱུང་ཏེ། དེ་རིང་ཁྱོད་རང་རིག་སྟོབས་ཆེ་ལུགས་ཀྱིས་ལྷག་པའི་ལྷ་ཞིག་འགྲུབ་ནས་དངོས་གྲུབ་ཐོབ་པ་ཨེ་ཡིན་གསུངས་པར། ཁ་སང་གསེར་ཀོང་རྡོ་རྗེ་འཆང་གི་དྲུང་དུ་བཅར་བས་གསང་ཡུམ་གྱི་བཞེས་ཆས་ནས་གསོལ་ཇ་གནང་བྱུང་བས་རྣམ་རྟོག་མེད་པར་བཏུང་པས། ལམ་སེང་རིག་པ་སངས་སངས་པ་ཞིག་བྱུང་ཞེས་ཇི་ལྟར་བྱུང་བའི་གནས་ཚུལ་རྣམས་ཞུས་པས། དགེ་བའི་བཤེས་གཉེན་ཆེན་པོ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱང་གསེར་ཀོང་རྡོ་རྗེ་འཆང་ཉིད་ལ་མི་འཕྲོགས་པའི་དད་པ་འཁྲུངས་ཏེ། དེ་ནས་བཟུང་རྗེ་དེ་ཉིད་ཀྱི་དྲུང་དུ་ཡང་ཡང་བཅར་བར་མཛད། རྗེ་འདི་ཐུགས་རིག་ཤིན་ཏུ་བཀྲ་བས་གཞུང་ཆེན་པོད་ལྔའི་ལུང་གི་གོ་རྒྱ་དང་རིགས་པའི་ཕུལ་མཚམས་ལ་གདན་སའི་མཁས་པ་རྒན་གྲས་དག་ཀྱང་ཡིད་དབང་འགུག

རབ་བྱུང་བཅོ་ལྔ་པའི་མེ་འབྲུག་༡༩༡༦ ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་གདན་གསུམ་མཁས་མང་ནམ་མཁའི་སྐར་ཚོགས་ལྟ་བུའི་དབུས་རྒྱལ་མཚན་དཀར་པའི་འོག་ཏུ་རབ་འབྱམས་པའི་གྲྭ་སྐོར་མཛད་པས་མཁས་མང་སྐར་ཚོགས་ལྟ་བུའི་གསེབ་ནས་ཟླ་བ་ལྟར་མངོན་པར་གསལ་བའི་མཚན་སྙན་གང་སར་ཁྱབ། རྒྱལ་མཆོག་བཅུ་གསུམ་པ་ཆེན་པོས་གདན་སའི་སློབ་གཉེར་དག་ཐེར་ཆེད། ལོ་དེར་གདན་གསུམ་དགེ་བཤེས་ལྷ་རམས་པ་རྣམས་ནོར་གླིང་དུ་བཀའ་འགུགས་ཀྱིས་རྩོད་རྒྱུགས་བཞེས་ནས། ལྷ་རམས་པའི་ཚད་གཞི་མ་ལོང་པ་རྣམས་བཀའ་ཉེས་ཕབ་པ་དང༌། དེ་བཞིན་རྒྱུད་སྟོད་ཀྱི་མཁན་ཁྲིར་བཞུགས་བཞིན་པའི་དགེ་བཤེས་འཇམ་དབྱངས་ཡོན་ཏན་དང༌། བླ་མ་དབུ་མཛད་བློ་བཟང་ཚུལ་ཁྲིམས་ཁྲི་ལས་ཕབ་པ་སོགས་དག་ཐེར་ཞིབ་ཚག་མཛད་པའི་སྐབས་དེར། རྗེ་འདི་ཉིད་ལ་ལྷ་རམས་ཨང་དང་པོ་བློ་གླིང་དགེ་བཤེས་མི་ཉག་ཨ་མེས་ཡེ་ཤེས་དབང་ལྡན་ལ་བསྩལ་ན་ཤིན་ཏུ་འོས་ཞེས་བསྔགས་པའི་གཟེངས་བསྟོད་དང་གསོལ་རས་བསྩལ། ལོ་དེར་རྒྱུད་སྟོད་དུ་ཕེབས་ནས། རྒྱུད་སྡེ་རྒྱམ་ཚོ་ལ་གསན་བསམ་ཉམས་བཞེས་རྒྱ་ཆེར་གནང༌། ྋགོང་ས་སྐྱབས་མགོན་བཅུ་གསུམ་པ་ཆེན་པོ་དང༌། ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེ། ཡོངས་འཛིན་ཤར་ཆོས་གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་སོགས་སྐྱེས་ཆེན་དུ་མའི་ཞལ་ནས་མདོ་སྔགས་ཀྱི་གསེར་ཆོས་དུ་མའི་བཀའ་ལུང་མན་ངག་རྒྱ་ཆེར་ཞུས། རྒྱུད་ཀྱི་དགེ་བསྐོས་བླ་མ་དབུ་མཛད་རྒྱུད་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་༡༩༢༤ལོར་རྒྱུད་པའི་མཁན་ཁྲིར་ཕེབས་ཏེ། རྒྱུད་ཆེན་ཀུན་དགའ་དོན་འགྲུབ་ནས་རྒྱུད་པའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཕྱག་ལེན་ཀྱི་ཆ་ཤས་ཕྲ་མོ་ཚུན་ཆད་ཀྱང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་གནང༌།

ཡོངས་འཛིན་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་རྒྱུད་སྟོད་ཆོས་ཐོག་འགྲིམས་པའི་སྐབས་རྗེ་འདི་ཉིད་མཁན་པོ་ལས་ཐོབ་པ་ཡིན་པས་འགྲེལ་པ་བཞི་སྦྲགས་སོགས་རྒྱུད་སྡེ་ཁག་གི་འཁྲིད་ལུང་རྒྱ་ཆེར་ཕུལ། རབ་བྱུང་བཅུ་དྲུག་པའི་མེ་ཡོས་༡༩༢༧ལོར་ཤར་བ་ཆོས་རྗེ་བློ་བཟང་རྒྱལ་མཚན་དགའ་ལྡན་ཁྲི་ལ་འཕོས་ཚབ་ཏུ་ཤར་རྩེ་ཆོས་རྗེའི་ཁྲིར་འཁོད། རབ་བྱུང་བཅུ་དྲུག་པའི་ཆུ་བྱ་༡༩༣༣ལོའི་དཔྱིད་མཐར་ཁྲི་ཆེན་ཐུབ་བསྟན་ཉིན་བྱེད་གློ་བུར་ཞི་བར་གཤེགས་པའི་ཚབ་ཏུ་དགའ་ལྡན་རྣམ་པར་རྒྱལ་བའི་གསེར་ཁྲིར་ཞབས་སོར་འཁོད་དེ། ལོ་ལྟར་ལྷ་ལྡན་སྨོ་ལམ་ཆེན་མོར་སྐྱེས་རབས་དང་དཔག་བསམ་འཁྲི་ཤིང་གི་འཆད་ཉན་མཛད་པ་དང་རྨེ་རུ་གྲྭ་ཚང་དུ་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་འཁྲིད་གནང་བས་མཚོན། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཇམ་མགོན་བླ་མའི་བསྟན་པ་རིན་པོ་ཆེ་བླ་ནས་བླ་ན་བཏེགས། བར་ལམ་ཞིག་ནས་ཉག་རོང་ལྕགས་མདའ་སྤྲུལ་སྐུས། ྋརྒྱལ་མཆོག་བཅུ་གསུམ་པ་ཆེན་པོར་བསམ་སྦྱོར་མ་རུང་བའི་ངན་བཏད་སྦས་པའི་གསང་བ་གཞུང་ས་ནས་ཤེས་རྟོགས་བྱུང་རྗེས་བཙོན་འཇུག་གནར་གཅོད་དུ་མས་ཤི་ལམ་དུ་བརྫངས་པ་དེས་སྨོན་ལམ་ལོག་པར་བཏབ་པའི་རྐྱེན་གྱིས་གནོད་སྦྱིན་མཐུ་བོ་ཆེར་སྐྱེས་ཏེ་ལྷ་ས་རུ་བཞིར་འཚུབ་ལྷོང་འདྲ་མིན་བྱུང་པར་རྗེ་འདི་པས་མངོན་སྤྱོད་དྲག་པོའི་ལས་སྦྱོར་ལ་བརྟེན་ནས་དམིགས་མེད་དབྱིངས་སུ་བསྒྲལ་བར་བཤད།

ནུབ་གཅིག་མནལ་ལམ་དུ་དམ་ཅན་ཆོས་ཀྱི་རྒྱལ་པོ་སྐུ་བང་ཤིན་ཏུ་ཆེ་བ་ཞིག་དགའ་ལྡན་དགོན་པའི་ལྕགས་རིའི་ཕྱི་རོལ་དུ་ཐུགས་མ་རངས་བའི་རྣམ་པ་ལྟ་བུར་བཞུགས་ཡོད་པར། ཁྲི་ཆེན་འདིས་ཁྱེད་རྗེ་བླ་མ་ཙོང་ཁ་པས་བཀའ་བགོས་གཉན་གཏོད་མཛད་པའི་རི་བོ་དགའ་ལྡན་པའི་བསྟན་སྲུང་གཙོ་བོར་ཡིན་པས། ཅིའི་ཕྱིར་ལྕགས་རིའི་ཕྱི་རོལ་དུ་བཞུགས་པ་ཡིན་ཞེས་དྲིས་པར། དེང་སང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དྲེགས་པའི་སྲུང་མ་མང་དྲག་པས་ཁོ་བོ་གདན་སར་སྡོད་ཀྱང་ཕན་ཐོགས་མི་འདུག་དྲན་ནས་ལྕགས་རིའི་ཕྱི་ལ་བསྡད་པ་ཡིན་ཟེར། དེར་སྐྱོན་མེད་ཁྱོད་ཅིས་ཀྱང་གདན་ས་རང་དུ་ཕེབས་དགོས་ཞེས་ནན་གྱིས་ཞུས་ཀྱང་ཕེབས་མ་ཉན་པའི་མུར་མནལ་སད།

དེ་མ་ཐག་ཁྲི་ཆེན་རིན་པོ་ཆེ་འདིས་ཧོལ་གྱིས་བཞེངས་ནས་གསོལ་དཔོན་ལ་དྲུག་ཅུ་མ་བཞེངས་བཅུག་སྟེ། ཁྱོད་རང་ཞེད་སྣང་གང་ཡང་མ་བྱེད་པར་དྲུག་ཅུ་མ་འདི་ཉིད་དབང་བསྐུར་རིར་རྗེ་བླ་མའི་སྒྲུབ་ཕུག་རང་དུ་བསྐྱལ་ནས་ཤོག སུ་ཞིག་ཐུག་ནའང་ཞེད་སྣང་བྱེད་མི་དགོས་ཞེས་མངགས་པ་ལྟར་སོང་བས། སྒྲུབ་ཕུག་དེར་སྟག་འཇིགས་སུ་རུང་བ་ཞིག་ཉལ་སྟབས་ཀྱིས་བསྡད་ཡོད་པར་མཐོང་ཡང་ཞེད་སྣང་མ་བྱས་པར། ང་དགའ་ལྡན་ཁྲི་ཆེན་རིན་པོ་ཆེས་མངགས་བྱུང་ཞུས་ནས་ཕྱིར་ལོག ཕྱི་ཉིན་ཁྲི་ཆེན་འདིས་ཚོགས་ཆེན་མང་ཇའི་ཐོག་ད་ནས་བཟུང་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ལྷ་འདྲེ་གང་བྱུང་བསྟེན་གསོལ་མི་ཆོག་ཅེས་དམ་བསྒྲགས་དང་འབྲཻལ་དྲུག་ཅུ་མ་དང་ཆོས་རྒྱལ་གྱི་བསྐང་གསོ་ཟབ་རྒྱས་གཏོང་གནང་མཛད་སྐད། རབ་བྱུང་བཅུ་དྲུག་པའི་ས་ཡོས་༡༩༣༩ལོར་ཁྲི་ལས་ཟུར་ནས་བསྟན་རྒྱས་གླིང་དུ་ལྷ་སྔགས་ཏིང་འཛིན་གྱི་རྣལ་འབྱོར་ལ་བརྩོན་བཞིན་རབ་བྱུང་དེ་གའི་ཆུ་ལུག་༡༩༤༣ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དངུལ་གདུང་རིན་པོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བཞུགས།། དེའི་ཡང་སྲིད་ཁྲི་སྤྲུལ་བྱམས་པ་ངག་དབང་རྒྱལ་མཚན་ནི། ལྷ་ས་རྩ་གསེར་ཁང་དུ་ཡབ་སྤེལ་བསོད་ནམས་དབང་འདུས་དང༌། ཡུམ་་་་་་་་གཉིས་ཀྱི་སྲས་སུརབ་བྱུང་བཅུ་དྲུག་པའི་ཤིང་བྱ་༡༩༤༥ལོར་སྐུ་འཁྲུངས། སེར་སྨད་ཀོང་པོའི་སྤྲུལ་སྐུ་ཞིག་དང༌། ཆུང་བ་ཏྲེ་ཧོར་བྲག་དཀར་སྐུ་ཕྲེང་ལྔ་པ་གསུམ་ཀ་ཡབ་ཡུམ་གཅིག་པའི་སྐུ་མཆེད་ཡིན་ནོ། རྗེ་འདི་ཉིད་སྐུ་ན་ཆུང་དུས་ནས་ཁྲི་ཆེན་གོང་མའི་ཡང་སྲིད་ངོས་འཛིན་ཞུས་ཏེ། གདན་ས་འབྲས་སྤུངས་བློ་གསལ་གླིང་གི་མི་ཉག་ཁང་ཚན་དུ་ཞུགས། མི་ཉག་དགེ་བཤེས་ལགས་ཡོངས་འཛིན་དུ་བསྟེན་ནས་གཞུང་ལུགས་རྒྱ་མཚོར་གསན་བསམ་རྒྱ་ཆེར་གནང་བཞིན་པའི་མུར། ས་ཕག་༡༩༥༩ལོའི་དུས་འགྱུར་བྱུང་སྐབས་དམར་པོའི་བཙན་དབང་འོག་ལུས། སྲིད་ཇུས་གུ་ཡངས་ཅུང་ཟད་བྱུང་སྐབས་སྤྱི་ལོ་༡༩༨༨ལོར་རྒྱ་གར་དུ་ཕེབས་ནས་ྋགོང་ས་མཆོག་གི་དྲུང་ནས་བཀའ་ཆོས་དུ་མ་གསན། དེ་ནས་རྒྱ་གར་ལྷོ་ཕྱོགས་གནས་སྐོར་དང་གདན་ས་ཁག་ལ་མཆོད་མཇལ་ཕེབས༌། སྐབས་དེར་བློ་གསལ་གླིང་གི་འདུ་ཁང་ཐེངས་གཉིས་པ་གསར་བཞེས་ལེགས་གྲུབ་ཀྱི་མཛད་སྒོར་སྐུ་མགྲོན་དུ་ཕེབས། དེའི་ལོ་མཇུག་ཏུ་ནུབ་ཕྱོགས་ཨ་རིའི་རྒྱལ་ས་ཝ་ཤིང་ཊར་སློབ་སྦྱོང་དུ་ཕེབས།

སྤྱི་ལོ༡༩༩༣ལོར་རྒྱ་གར་དུ་ཕྱིར་ཕེབས་ནས་ལྷོ་ཕྱོགས་རྒྱད་སྨད་དུ་ྋགོང་ས་མཆོག་གི་དྲུང་ནས་དཔལ་གསང་བ་འདུས་པའི་འགྲེལ་བཞི་སྦྲགས་ཀྱི་བཀའ་ལུང་སོགས་ཆོས་བཀའ་རྒྱ་ཆེར་གསན། སླར་ཡང་ཨ་རིར་ཕྱིར་ཕེབས་ཏེ། སློབ་སྦྱོང་ཐོན་པ་དང་ཝ་ཤིང་ཊར་དཔེ་མཛོད་ཆེན་པོ་ཞིག་གི་ཕྱག་ལས་གནང་ཞོར་ཨེ་ཤིན་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་བཤད་མཁན་གྱི་ཕྱག་ལས་གནང་བཞིན་པའི་མུ། དགུང་གྲངས་ང་དགུ་པ་རབ་བྱུང་བཅུ་བདུན་པའི་ཆུ་ལུག་༢༠༠༣ལོར་བོད་ཟླ་བ་བཅུ་པའི་ཚེས་ཉི་ཤུ་རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་༡༡༤༠ཐོག་དགོངས་པ་ཞི་བར་གཤེགས། སྐུ་གདུང་དངུལ་གྱི་མཆོད་རྟེན་བོད་ཀྱི་གདན་ས་འབྲས་སྤུངས་མི་ཉག་ཁང་ཚན་དུ་བྱིན་རླབས་ཀྱི་ཚན་ཁ་འབར་བཞིན་བཞུགས། འཁྲུངས་འདས་ཀྱི་ལོ་ཚིགས་འདི་བཞིན་ཁོང་གི་གསང་ཡུམ་གྱི་ཡིག་ངག་གཉིས་ཀའི་བརྒྱུད་ནས་གྲྭ་ཚང་དབུ་མཛད་པདྨ་རིན་ཆེན་ལགས་ཀྱིས་གསུང་པ་ལྟར་བྲིས་པས་ཁུངས་ལྡན་བྱེད་ཆོག་སྙམ།

དགའ་ལྡན་ཁྲི་ཐོག་གོ་བཞི་པ་ལྷུན་གྲུབ་བརྩོན་འགྲུས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གོ་བཞི་པ་ལྷུན་གྲུབ་བརྩོན་འགྲུས་ནི། འཁྲུངས་སའི་ཡུལ་ནི་གཙང་གི་རོང་དང་གཡག་སྡེའི་མཚམས་ཀྱི་དཀར་ཅོག་སྤང་སྤུར་གྱི་མི་ཚང་ཞིག་ཡིན་ཞེས་གསུངས་པ་ཐོས། སྐུ་ན་ཆུང་དུས་ཤངས་དགའ་ལྡན་ཆོས་འཁོར་དུ་སྒྲིགས་ཞུགས་མཛད་དེ་ལོ་ཤས་སོང་མཚམས་དབུས་སུ་བྱོན་ནས་སེར་བྱེས་གྲྭ་ཚང་གཙང་པ་ཁང་ཚན་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་པོད་ལྔའི་སློབ་གཉེར་མིག་དཔེར་འོས་པ་མཛད། དགེ་བཤེས་ལྷ་རམས་པའི་མཚན་བཏགས་དམ་བཅའ་འགྲན་ཟླ་བྲལ་བ་གནང༌། རྒྱུད་སྨད་གྲྭ་ཚང་དུ་སྒྲིགས་ཞུགས་གནང་ནས་རིམ་བཞིན་བླ་མ་དབུ་མཛད་དང༌། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་ཀྱི་ཁྲི་ལ་ཕེབས། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་༡༩༤༠ལོར་དགའ་ལྡན་གྱི་ཁྲིར་ཕེབས་ནས་ལོ་བདུན་བསྐྱངས། དེའི་རིང་བློ་གླིང་མཁན་ཟུར་རིན་པོ་ཆེ་བློ་བཟང་ཉི་མ་སོགས་སྔ་ཕྱི་བསྒྲུབ་བྱ་ཤིན་ཏུ་མང་པོར་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་གནང་བ་དང༌། གདན་སའི་གྲྭ་གསར་མང་པོར་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་གནང་བ་སོགས་བསྟན་པའི་རྨངས་གཞི་ཚུགས་པའི་མཛད་པ་རྒྱ་ཆེར་བསྐྱངས།

ཁྲི་ཆེན་འདི་ཉིད་གཞུང་ཆེན་པོའི་སློབ་ཁྲིད་གནང་ཐབས་ལ་ཤིན་ཏུ་མཁས་ཤིང་བྱང་ཆུབ་པར་བརྟེན་དགེ་བཤེས་མཚན་བཏགས་མ་གནང་གོང་ནས་སློབ་མ་མང་པོར་སློབ་ཁྲིད་གནང་འགོ་ཚུགས་ཏེ་སྐུ་མ་གཤེགས་བར་གདན་ས་གསུམ་གྱི་སློབ་གཉེར་བ་བརྒྱ་ཕྲག་བརྒལ་བར་དཔྱིད་དང་དབྱར་དུས་ཀྱི་ཆོས་མཚམས་སྐབས་བསྟུན་གྱིས་སྐུ་ངལ་ལ་མ་འཛེམ་པར་ཞོགས་པ་སྔ་དྲོའི་ཞལ་འདོན་གྲུབ་པ་ནས་ཉི་མ་རྒས་མཚམས་བར་སློབ་ཁྲིད་གནང་གི་ཡོད་པ་མ་ཟད། སྐུ་ཚེའི་སྨད་དུ་ཞབས་ཀྱི་བསྙུན་གཞི་བཞེས་པའི་སྐབས་སུ་ཡང་སློབ་མ་ཚོ། ད་ལྟ་ང་རང་རྐང་པ་ན་བ་མ་གཏོགས་སློབ་ཁྲིད་བྱེད་མ་ཐུབ་པ་མེད་སྟབས་ང་རང་གསོན་པོར་སྡོད་རིང་ཁྱེད་ཚོས་ངའི་སར་སློབ་ཁྲིད་གང་ནུས་ཞུས་ཐུབ་ན་ལེགས། ནམ་ཞིག་ང་རང་ཤི་རྗེས་མ་འགྱོད་པ་ཡོང་གི་རེད་ཅེས་གསུངས་ནས་སྐུ་མ་གཤེགས་གོང་གི་ཞག་གསུམ་བཞི་བར་དུ་མཚམས་འཇོག་མ་མཛད་པར་སློབ་ཁྲིད་རྒྱུན་འཁྱོངས་གནང༌།

མཁས་དབང་དུང་དཀར་རིན་བོ་ཆེས། ཁོ་བོས་ཀྱང་ཁྲི་ཆེན་འདི་ཉིད་ཀྱིས་དྲུང་ནས་ལམ་རིམ་ཆེན་མོ་དང༌། རིམ་ལྔ་གསལ་སྒྲོན་གཉིས་ཀྱི་སློབ་ཁྲིད་གནང་བ་ལོ་ངོ་དྲུག་གི་རིང་ཉན་རྒྱུའི་སྐུལ་བཟང་ཐོབ་ཅེས་ཀྱང་གསུང་སྣང༌། མཐར་རབ་བྱུང་བཅུ་དྲུག་པའི་ས་གླང་༡༩༤༩ལོར་བསྟན་རྒྱས་གླིང་དུ་སྤྱོད་འཇུག་ཆེན་མོ་བཀའ་ཁྲིད་གནང་མུས་མཇུག་མ་རྫོགས་གོང་ཙམ་དུ་སྐུ་གཤེགས། སྐུ་གཤེགས་ཁའི་ཞལ་ཆེམས་སུ། ང་ལ་ཡང་སྲིད་ཕེབས་རྒྱུ་མེད་པས་ཁྱེད་ཚོས་དེ་འདྲ་མ་བྱེད་པར། སྐུ་ཆས་གང་ཡོད་གཙང་དག་མཆོད་འབུལ་དུ་གཏོང་དགོས་ཞེས་སྲིད་པར་སྐྱེ་བ་མི་བཞེས་པར་དམ་པའི་ཞིང་དུ་ཐད་ཀར་གཤེགས་པའི་བཀའ་ཕེབས་པ་ལྟར་ཞབས་འདེགས་པ་རྣམས་ཀྱིས་ཀྱང་བཀའ་བཞིན་བསྒྲུབས། ཁྲི་ཆེན་དམ་པ་འདིའི་འདའ་ཁའི་ཞལ་ཆེམས་གང་ཞིག་བཞག་པ་འདིར་ཞིབ་ཏུ་བསམ་ན། དེང་སང་ཝ་སྐྱེས་སེང་ལྤགས་གོན་འདྲའི་སྐྱེས་ཆེན་དམ་པའི་མིང་ཁུར་ནས་བསྟན་འགྲོ་ལ་སྨན་པའི་མཛད་པ་སྣེ་གཅིག་ཀྱང་མི་སྐྱོང་བར་ཁྱིམ་པ་ཡ་རབས་ཤིག་གི་སྤྱོད་པའང་མི་དོ་བའི་ཐ་ཤལ་སྤྱོད་ངན་ལ་གོམས་པ་མང་པོ་ཞིག་བྱུང་དང་འབྱུང་འགྱུར་ཡིན་པ་དེ་མངོན་པར་མཁྱེན་པ་ཡིན་ངེས་སྙམ་སྟེ་འཕྲོས་གླེང་ཙམ་མོ། །གསུང་སྐྱེས་སློབ་མ་ཡང་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རེ་རྫོང་སྲས་ཐུབ་བསྟན་ཉི་མ། སེར་བྱེས་ཏྲེ་ཧོར་མཁན་ཟུར་བློ་བཟང་དབང་ཕྱུག་དང༌། འབྲས་བློ་གླིང་ཏྲེ་ཧོར་མཁན་ཟུང་བློ་བཟང་ཉི་མ། མཁན་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་སོགས་བསྟན་སྲིད་ལ་རྨད་དུ་བྱུང་བའི་མཛད་རྗེས་རླབས་པོ་ཆེ་བཞག་པའི་སྐྱེས་ཆེན་དམ་པ་ཤིན་ཏུའང་མང་པོ་བསྐྱངས་གནང་ངོ།།

དགའ་ལྡན་ཁྲི་ཐོག་གོ་ལྔ་པ་མི་ཉག་བཀྲ་ཤིས་སྟོང་འདུས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གོ་ལྔ་པ་མི་ཉག་བཀྲ་ཤིས་སྟོང་འདུས་མཆོག་ནི། རབ་བྱུང་བཅོ་ལྔ་པའི་ས་བྱི་༡༨༨༨ལོར་མི་ཉག་རྡོ་ར་ཤིང་ལྷུན་པོ་ཚང་གི་སྲས་སུ་མི་ཉག་སྟོང་སྒོ་དགོན་པའི་ཉེ་འདབས་སུ་སྐུ་འཁྲུངས། འདི་པ་ཡུམ་གྱི་མངལ་དུ་ཞུགས་པའི་སྐབས་གནས་ཆུང་ཆོས་རྒྱལ་ཆེན་པོའི་སྤྲུལ་པ་སྤྲང་པོ་ཞིག་མི་ཉག་པ་ཚོས་བྲམ་ཟེ་གཟུགས་ཀྱི་དཔའ་བོའི་སྤྲུལ་པ་སྤྲང་པོ་ཞིག་ཅེས་ཀྱང་བཤད་ཁྱིམ་དུ་ཡོང་ནས་ཁྱེད་ཀྱི་མངལ་ན་ཡོད་པའི་ཕྲུ་གུ་དེ་སྐྱེས་བུ་དམ་པ་ཞིག་ཡིན་པས་ཁྱེད་ཀྱི་གཙང་སྦྲ་ཡག་པོ་གྱིས། ཕྲུ་གུ་དེ་སྐྱེས་རྗེས་མིང་ལ་སྟོང་འདུས་ཐོགས་ཞེས་མངགས་ནས་སོང་སྐད།

དགུང་ལོ་བཅུ་གསུམ་པ་ལྕགས་གླང་༡༩༠༡དབུས་འགྱུར་དམ་པའི་ཆོས་ཀྱི་ཞིང་སར་ཕེབས་མི་ཉག་པ་འབའ་རྟ་བ་ཚོས་རྗེ་འདི་ཉིད་དགུང་ལོ་བདུན་ལ་ཁོང་གི་སྐུ་མཆེད་ཚོས་དྲལ་ལ་བཀལ་ནས་ཤོང་ཚུལ་ཡང་བཤད་བྱུང་བ་ཁོང་དང་གྲོང་པ་ཕན་ཚུན་ཡིན་པས་ཅིས་ཀྱང་བདེན་ངེས་སྙམནས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང༌། དགའ་ལྡན་ཁྲི་ཆེན་ཨ་མེས་ཡེ་ཤེས་དབང་ལྡན་དང༌། མཁན་པོ་འཇམ་དབྱངས་ཡོན་ཏན་སོགས་ཚུལ་བཞིན་བསྟེན་ནས། བསྡུས་ཚད། དབུ་ཕར། འདུལ་མཛོད་བཅས་པར་གསན་བསམ་རྒྱ་ཆེར་མཛད་པའི་འབྲས་རྟགས་སུ་རབ་བྱུང་བཅོ་ལྔ་པའི་ས་ལུག་༡༩༡༩ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་རྒྱལ་མཚན་དཀར་པོའི་འོག་གདན་གསུམ་མཁས་མང་ཁྲི་ཕྲག་བརྒལ་བའི་ཁྲོད་དུ། འབྲས་སྤུངས་སྒོ་མང་ཧར་གདོང་སོག་པོ་ཐུབ་བསྟན་སྙིང་པོ་དང༌།

རྗེ་འདི་བ་གཉིས་ཀས་ལྷ་རམས་ཨང་དང་པོའི་མཚན་གནས་བཞེས་པས་མཁས་པའི་མཚན་སྙན་དབུས་གཙང་ཁྱོན་ཀུན་བརྡལ། ལོ་དེར་རྒྱུད་སྟོད་དུ་ཕེབས་ནས་རྒྱུད་སྟོད་མཁན་པོ་སེར་སྨད་རྒྱལ་རོང་སྔགས་རམ་པ་བློ་བཟང་བརྩོན་འགྲུས། ཁྲི་ཆེན་ཡེ་ཤེས་དབང་ལྡན་སོགས་ལ་བསྟེན་ནས་རྒྱུད་སྡེ་བཞིའི་གཞུང་ལུགས་ཡན་ལག་དང་བཅས་པར་གཞན་དྲིང་མེད་པའི་མཁས་པར་བསླབས། དགེ་ལྡན་བསྟན་པའི་སྲོག་ཤིང་སྐྱབས་རྗེ་ཕ་བོང་ཁ་བ་བདེ་ཆེན་སྙིང་པོ་ལས་ལམ་རིམ་ཆེ་ཆུང་དང་བདེ་གསང་འཇིགས་གསུམ་སོགས་མདོ་སྔགས་ཀྱི་དབང་ལུང་མན་ངག་རྒྱ་མཚོ་ལྟ་བུར་བུམ་པ་གང་བྱོས་ཚུལ་དུ་གསན་ནས་ངེས་དོན་གྱི་བསྟན་འཛིན་སྐྱེས་ཆེན་དམ་པར་གྱུར། ལྷག་པར་རྗེ་ཕ་བོང་ཁ་པའི་དྲུང་ནས་ལྟ་བའི་སྐོར་གྱི་སྒྲོ་འདོགས་ཡོངས་སུ་བཅད།

སྟོད་རྒྱུད་ཁྲི་ལས་ཟུར་ནས་ཤར་རྩེ་རྒྱུད་དགུང་གྲངས་ང་དགུ་པ་རབ་བྱུང་བཅུ་དྲུག་པའི་མེ་ཕག་༡༩༤༧ལོར་དགའ་ལྡན་གསེར་ཁྲིར་ཞབས་སོར་འཁོད་དེ་རབ་བྱུང་དེ་གའི་ཆུ་སྦྲུལ་༡༩༥༣བར་ལོ་ངོ་བདུན་གྱི་རིང་ལ་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་བར་མཛད། ཁྲི་ལས་ཟུར་ནས་ཚེ་མཆོག་གླིང་དུ་རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་སྒྲེང་ཞིང༌།

ཤིང་རྟ་༡༩༥༤ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་མཆོག་ལ་ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེ་ཞལ་སྔ་ནས་ཡོངས་རྫོགས་བསྙྙེན་པར་རྫོགས་པའི་དགེ་སློང་གི་བསླབ་སྡོམ་འབུལ་སྐབས་རྗེ་འདི་ཉིད་ལས་གྲལ་གནང་བ་སོགས་རྣམ་པར་དཀར་བའི་འཕྲིན་ལས་འགང་ཆེ། ཁྲི་ཆེན་འདི་ཉིད་གྲུབ་ཚེ་མཆོག་གླིང་དུ་བཞུགས་པའི་སྐབས་ཤིན་ཏུ། གྲུབ་པའི་དབང་ཕྱུག་ཏྲེ་ཧོར་སྐྱོརདཔོན་རིན་པོ་ཆེ་སྨིན་དྲུག་རྫ་རི་ནས་ཆེད་མངགས་མཇལ་ཁ་བཅར་ཏེ་གཟིམ་སྒོའི་འགག་ཏུ་ཕེབས་པ་དང༌། ཐུགས་སྣང་ཤིན་ཏུ་གཤིན་པོས། སྐྱོར་དཔོན་རིན་པོ་ཆེ་ཡར་ཕེབས་ཤོག་ང་ལ་དྭོགས་གཅོད་མང་པོ་ཞུ་རྒྱུ་ཡོད་གསུངས་ནས་ཆུ་ཚོད་གསུམ་བཞི་ཙམ་གྱི་རིང༌། བྱང་སེམས་སྦྱོར་ལམ་ཕྱིར་མི་ལྡོག་པའི་རྟགས་ལས་འཕྲོས་ཏེ་རྟགས་བསལ་བགྲོ་གླེང་ཟབ་རྒྱས་གནང༌། རྗེས་སུ་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེས་ཁྲི་རིན་པོ་ཆེ་འདི་ཉིད་བྱང་སེམས་སྦྱོར་ལམ་དབང་རྣོན་གྱི་རྟོགས་པ་བརྙེས་པའི་སྐྱེས་བུ་དམ་པ་ཞིག་རེད་ཅེས་དངོས་སུ་གསུངས། མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། བོད་རིག་པའི་ཚིག་མཛོད་ཆེན་མོ་ཤེས་བྱ་རབ་གསལ་ལས། ཁྲི་ཆེན་འདི་ཉིད་རྒྱུན་དུ་ཐུགས་དམ་ཉམས་བཞེས་གཙོར་འདོན་གནང་བར་བརྟེན་གྲུབ་པའི་ཉམས་རྟོགས་མཐོན་པོར་ཕེབས་པ་ཞིག་ཡིན་ཚུལ་གོ་ཐོས་བྱུང་བ་མ་ཟད།

རབ་བྱུང་བཅུ་དྲུག་པའི་ས་གླང་༡༩༤༩ལོའི་སྟོན་ཁ་སྤོམ་མདའ་ཚང་དུ་གཡང་སྒྲུབ་ཞིག་ལ་རྒྱུད་པའི་ལས་སྣེས་བཀོད་སྒྲིག་གནང་བ་ལྟར་སོང་སྐབས་ཁྲི་ཆེན་འདི་ཉིད་རྡོ་རྗེ་སློབ་དཔོན་དུ་ཕེབས་པ་དང་སྟབས་འཁེལ་ནས་ཐོག་མར་མཇལ། ཉིན་གུང་གི་ངལ་གསོའི་སྐབས་ཆོག་གྲྭ་བ་རྣམས་རྒྱུད་པའི་ཚོགས་ལ་ཕེབས་ཤུལ་དུས་ཡུན་ཆུ་ཚོད་གཉིས་ལྷག་ཙམ་ཡོད་སྟབས་དེའི་རིང་ཁོ་བོས་སྐུ་མདུན་དུ་མཇལ་ཁ་ཞུས་ཏེ་མདོ་སྔགས་ཀྱི་བཀའ་གནད་འགའ་ཞིག་ལ་དྲི་བ་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་བློ་དྭོགས་ཆོད་ངེས་ཀྱི་བཀའ་ལན་གནད་ལ་འཁེལ་བ་ཕེབས་པར་དད་གུས་ཚད་མེད་སྐྱེས་ཤིང༌།

རྒྱུན་དུ་སྐབས་རེ་ལྷ་སའི་གླིང་སྐོར་ལ་ཕེབས་པའི་གོ་སྐབས་དང་བསྟུན་ནས་ཁོ་བོའི་སྡོད་ཤག་ཏུ་ཕེབས་ཏེ་ཐུགས་མཁོའི་ཕྱག་དཔེ་ཁག་གཟིགས་བཞིན་དུ་ཉིན་གང་ལྷོད་བཞུགས་གནང་གི་ཡོད་པ་དེ་ནི་ཁོ་བོས་བཀའ་འདྲི་བཀའ་སློབ་ཞུ་བའི་གོ་སྐབས་ཡག་ཤོས་ཤིག་ཡིན། དམ་པ་དེ་ནི་བཀའ་གདམས་པའི་རྣམ་ཐར་ལྟར་སྦས་པའི་རྣལ་འབྱོར་གྱི་སྒོ་ནས་ཕྱི་ཚུལ་དུ་ཡང་ཡང་མི་མཁྱེན་པའི་ཚུལ་ལྟ་བུར་བཞུགས་པ་མ་གཏོགས། མདོ་སྔགས་གང་གི་ཐད་ནས་བཀའ་འདྲི་ཞུས་ཀྱང་ཉམས་མྱོང་དངོས་ཀྱི་ཐོག་ནས་བཀའ་འདྲི་ཞུ་བ་པོའི་དྭོགས་པ་དང་ཐེ་ཚོམ་གང་ཡོད་ཐད་ལ་གནད་ལ་སྨིན་པའི་བཀའ་ལན་ཐོགས་པ་མེད་པར་གནང་མཁན་ཞིག་ཡིན། དགའ་ལྡན་ཁྲི་པའི་ལོ་དུས་གཙང་ནས་ཚེ་མཆོག་གླིང་དུ་ལོ་ངོ་བཞིའི་རིང་ཐུགས་དམ་ཉམས་བཞེས་གོང་འཕེལ་དུ་བཞུགས་མུར་ངོ་མཚར་བརྗོད་ལས་འདས་པའི་རྟགས་མཚན་དངོས་སུ་བསྟན་བཞིན་པའི་ངང་སྐུ་གཤེགས། ཁྲི་ཆེན་དམ་པ་འདིའི་རྣམ་ཐར་ཟུར་དུ་མི་སྣང་བས། རང་ཉིད་ཀྱིས་དངོས་སུ་མཐོང་ཐོས་གང་བྱུང་བ་རྣམས་མོས་གུས་འཕེལ་བའི་རྟེན་དུ་བྲིས་པ་ལགས། ཞེས་ཀྱང་གསུངས་སྣང༌།

མཐར་དགུང་གྲངས་བདུན་ཅུ་པ་རབ་བྱུང་བཅུ་དྲུག་པའི་ས་ཁྱི་༡༩༥༨ལོར་ཚེ་མཆོག་གླིང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། དེ་མཚམས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས། རྭ་སྟོད་ཆུ་དབར་རིན་པོ་ཆེ་མངགས་ཞུགས་ལྟར་ནང་མོལ་གྱི་བཀའ་མཆིད་དུ་མ་གསུངས་མཐར་ཡ་མ་རཱ་ཛཱ་བགྲང་བཞིན་དགོངས་པ་རྫོགས་པའི་ཚུལ་བསྟན་ནས་ཉིན་ཞག་བདུན་ལ་ཐུགས་དམ་བཞུགས་ཤིང༌། ཐུགས་དམ་ལས་གྲོལ་བ་དང་མཆོད་གཤོམ་ནང་གི་ཐུགས་དམ་གྱི་རྟེན་འཇིགས་བྱེད་དཔའ་བོ་གཅིག་པའི་དཔར་སྒྲོམ་ཞིག་ཡོད་པ་དེའི་ཐུགས་ཀའི་ཐད་ཀྱི་ཤེལ་དུམ་གཅིག་ཆགས་ནས་ཡལ། རྗེ་འདིའི་སྐུུ་ཕུང་གི་ཐུགས་ཀ་ནས་འོད་ཟེར་ཞིག་ཐར་གྱིས་ཐུགས་དམ་གྱི་རྟེན་འཇིགས་བྱེད་དཔའ་བོ་གཅིག་པའི་ཐུགས་ཀར་ཐིམ། གདུང་རྟེན་དངུལ་གྱི་མཆོད་སྡོང་གསུམ་བཞེས་ཏེ་དགའ་འབྲས་ཚོགས་ཆེན་གཉིས་དང་མི་ཉག་ཁང་ཚན་བཅས་སུ་དད་ལྡན་བསོད་ནམས་གསོག་པའི་ཞིང་སར་བཞུགས། གསུང་ལས་སྐྱེས་པའི་སློབ་མ་ཡང༌། རྒྱུད་སྟོད་མཁན་པོ་མི་ཉག་ཁྲ་བོ་ཆོས་མཛད་བློ་བཟང་རབ་འབྱམས་སོགས་མདོར་ན་སྐབས་དེར་གདན་ས་འབྲས་སྤུངས་བློ་གླིང་སློབ་གཉེར་བ་ཕལ་ཆེར་དམ་པ་འདིའི་སློབ་མར་མ་གྱུར་པ་མེད་པ་དང་འདྲ། གསུང་གི་ལེགས་བཤད་ཀྱང་ལྟ་སྤྱོད་ཀྱི་སྐོར་པོད་གཅིག་ཡོད་པར་བཤད།། དེའི་ཡང་སྲིད་ཁྲི་སྤྲུལ་མཁས་གྲུབ་ནི། ཁམས་བྲག་མགོར་འཁྲུངས། རྒྱ་གར་དུ་སློབ་གཉེར་ལ་ཕེབས་པ་དང་གོང་མའི་ཡང་སྲིད་ངོས་འཛིན་བྱུང༌། གྲྭ་ས་ཆོད་ནས་གཞིས་སུ་ཕེབས་ཏེ་ད་ལྟར་བྲག་མགོ་དགོན་དུ་བསྟན་འགྲོའི་མཛད་པ་སྐྱོང་བཞིན་ཡོད་སྐད་ཐོས།

དགའ་ལྡན་ཁྲི་ཐོག་གོ་དྲུག་པ་རྗེ་དྲུང་ཐུབ་བསྟན་ཀུན་དགའ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གོ་དྲུག་པ་རྗེ་དྲུང་ཐུབ་བསྟན་ཀུན་དགའ་ནི། ལྷ་སའི་ཉེ་འཁོར་དུ་འཁྲུངས། སེ་ར་ཆོས་འབྱུང་རབ་གསལ་ནོར་བུའི་མེ་ལོང་ལས་གཙང་དུ་འཁྲུངས་པར་བཤད། སྐུ་ན་ཆུང་དུས་ནས་སེར་བྱེས་ཧར་གདོང་ཁང་ཚན་དུ་ཆོས་ཞུགས་མཛད། གཙང་པ་ཁྲི་ཆེན་ལྷུན་གྲུབ་བརྩོན་འགྲུས་རྩ་བའི་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་པོད་ལྔར་རྩོད་སྒྲུབ་རིགས་པའི་ལམ་ནས་གསན་བསམ་རྒྱ་ཆེར་མཛད། སེ་ར་ཚོགས་ཆེན་དུ་ཚོགས་ཆེན་དུ་ཚོགས་ལངས་དང༌། འཇང་དགུན་ཆོས་སུ་རྣམ་འགྲེལ་དམ་བཅའ་མཛད་པས་མཁས་པའི་མཚན་སྙན་འབར། ལྷ་ལྡན་སྨོན་ལམ་ཆེན་མོའི་ནང་རབ་འབྱམས་པའི་གྲྭ་སྐོར་མཛད། དེ་ནས་སྨད་རྒྱུད་དུ་ཕེབས་ཏེ་རྒྱུད་སྡེ་རྒྱ་མཚོ་ལ་གསན་བསམ་རྒྱ་ཆེར་མཛད་པས་མདོ་སྔགས་གཉིས་ཀར་གཞན་དྲིངས་མོ་འཇོག་པའི་མཁས་པར་གྱུར། རིམ་བཞིན་རྒྱུད་པའི་དགེ་བསྐོས་དང་བླ་མ་དབུ་མཛད། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་སུ་ཕེབས། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས༌། ས་གླང་༡༩༤༩ལོར་དཔྱིད་དུས་རྒྱུད་སྨད་དགེ་སློང་གསར་སྒྲུབ་ཁག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ལྷ་ས་རྒྱུད་སྨད་གྲ་ཁང་དུ་རྒྱུད་སྨད་མཁན་བླ་དགེ་འདུན་རྣམས་དང༌། གདན་ས་གསུམ་གྱི་བླ་སྤྲུལ་དགེ་བཤེས་སོགས་ཞུ་བ་ཤིན་ཏུ་མང་པོ་དང་ལྷན་གཅིག་ཏུ་གསང་བདེ་འཇིགས་གསུམ་གྱི་དབང་ཆེན་དང༌། སྔགས་བཏུས་རྗེས་གནང༌། མགོན་ཆོས་ལྷ་མོ་རྣམ་སྲས་བཅས་ཀྱི་རྗེས་གནང་ཞུས་ཐོག བདག་བསྐྱེད་རྒྱུན་འདོན་དམ་བཅའ་ཅན་ཆིག་སྟོང་ལྷག་དང་ལྷན་ཅིག་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཆེན་ཞུས།

བོད་ཟླ་ལྔ་པའི་ཚེས་བཅུ་ནས་བཟུང་ཉེར་དགུའི་བར་ཉིན་ཉི་ཤུའི་རིང་སྨན་སྟོད་ལྕམ་སྦ་ཡེར་ཚང་ཚེ་རིང་སྒྲོལ་དཀར་གྱིས་ཞུས་དོན་བཞིན་རྗེ་དེ་ཉིད་ཀྱི་དྲུང་ནས་བཞི་སྡེ་འདུ་ཁང་དུ་བླ་སྤྲུལ་དགེ་བཤེས་གྲྭ་དཀྱུས་མི་སྐྱ་ཐེ་བའི་ཆོས་ཞུ་བ་སྟཽང་ཕྲག་མ་ཟིན་ཙམ་དང་ལྷན་ཅིག་བདེ་མཆོག་དྲིལ་བུའི་ལུགས་ཕྱི་དཀྱིལ་ལྷ་ལྔའི་དབང་ཆེན་དང་ལུས་དཀྱིལ་གྱི་དབང་ཆེན། དྲིལ་བུ་ལུས་དཀྱིལ་རིམ་གཉིས་ཀྱི་འཁྲིད། ན་རོ་ཆོས་དྲུག་གི་མྱོང་འཁྲིད་བཅས་ཞུས། ལྕགས་སྟག་༡༩༥༠དབྱར་ཆོས་ཆེན་པོའི་ནང་སེར་བྱེས་མཁན་སྙན་གྲྭ་ཚང་གི་མཁན་རབས་རེ་གསུམ་པ་དགེ་བའི་བཤེས་གཉེན་ཆེན་པོ་ཏྲེ་ཧྲོར་ཐུབ་བསྟན་བསམ་གཏན་གྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སེར་བྱེས་མཁན་སྙན་གྲྭ་ཚང་གི་འདུ་ཁང་དུ། གྲྭ་ཚང་བྱེས་སྨད་སྔགས་གསུམ་མཁན་ལས་ཟུར་དང་བླ་སྤྲུལ་དགེ་བཤེས་དགེ་འདུན་འདུས་དམངས། གཞན་ཡང་ལྷ་ས་དང་འབྲས་སྤུངས་བཅས་ཀྱི་གྲྭ་བླ་བསྡོམས་པའི་ལྔ་སྟོང་ལྷན་གཅིག་ཏུ་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས། ལམ་རིམ་བདེ་ལམ་དང་མྱུར་ལམ། འཇམ་དཔལ་ཞལ་ལུང་གསུམ་སྦྲགས་ཀྱི་སྟེང་ནས་ལམ་རིམ་གྱི་ཉམས་ཁྲིད་དང༌། བློ་སྦྱོངས་དོན་བདུན་མའི་ཁྲྀད། ཐུན་དྲུག་བླ་མའི་རྣལ་འབྱོར་གྱི་བཀའ་ཁྲིད་བཅས་ཞུས། སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་ཞལ་གྱི་བུམ་བཟང་ནས།

ཤིང་རྟ་༡༩༥༤ལོ་བོད་ཟླ་ལྔ་པའི་ནང༌། ལྷ་ཀླུ་ལྷ་ལྕམ་གྱིས་ཇི་ལྟར་གསོལ་བ་བཏབ་དོན་བཞིན་ལྷ་ས་ནོར་བུ་གླིང་ཁ་སངས་རྒྱས་ཀུན་གྱི་བྱིན་རླབས་འཁྱིལ་བའི་དགའ་ཚལ་དུ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མི་ཉག་བཀྲ་ཤིས་སྟོང་འདུས་སོགས་བླ་ཆེན་སྐྱེ་སྤྲུལ་བརྒྱ་ཕྲག་དུ་མ་དང་ས་དགེ་བཀའ་སྙིང་རིས་སུ་མ་ཆད་པའི་དགེ་འདུན་ཁྲི་ཕྲག་དུ་མ། བོད་རྒྱ་ཧོར་གསུམ་གྱི་མི་ཚོགས་འབུམ་ཕྲག་གཉིས་ལྷག་ཙམ་དང་མཉམ་དུ་དཔལ་དུསཀྱི་འཁོར་ལོའི་དབང་ཆེན་ཞུས། རབ་བྱུང་བཅུ་དྲུག་པའི་ཤིང་རྟ་༡༩༥༤ལོར་དགའ་ལྡན་གྱི་ཁྲིར་ཕེབས། ལོར་དེའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པར་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ནང་ཇོ་བོ་ཤཱ༷་མུ་ནེའི་མདུན་ཡོངས་འཛིན་ཆོས་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་ཀྱིས་མཁན་སློབ་སྦྲགས་ནས་བསྙེན་པར་རྫོགས་པའི་དགེ་སློང་གི་བསླབ་སྡེ་ཕུལ་པའི་སྐབས་ཁྲི་ཆེན་འདི་ཉིད་དུས་གོ་བ་མཛད། རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་༡༩༥༦ལོར་སེར་བྱེས་མཁན་པོ་བློ་བཟང་དབང་ཕྱུག་གིས་སེར་བྱེས་གྲྭ་ཚང་གི་ཚོགས་གདན་དང་མཆོད་རྫས་ཟད་རྙིང་རྣམས་གསར་བརྗེ་ལེགས་གྲུབ་ཟིན་པར་དམ་པ་གོང་མ་ཚོས་བརྟེན་རྙིང་བརྗེ་བསྒྱུར་ལ་རབ་གནས་དགོས་ཚུལ་གསུང་དོན་ལྟར། བོད་ཟླ་ལྔ་པར་གོང་སྐྱབས་མགོན་ཆེན་པོ་མཆོག་དང༌། ཁྲི་ཆེན་རིན་པོ་ཆེ་འདི་ཉིད། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས། མཁན་ལས་ཟུར་བཅས་དབུ་བཞུགས་ཐོག་རྒྱུད་སྨད་ཚོགས་ཡོངས་གདན་ཞུས་ཀྱིས་དཔལ་ལྡན་རྒྱུད་པའི་ཕྱག་ལེན་བཞིན་རབ་གནས་དགེ་ལེགས་ཆར་འབེབས་ཀྱི་སྒོ་ནས་རྟེན་རྙིང་རྣམས་ལ་དམ་ཡེ་བསྲེས་པའི་རབ་གནས་གནད་སྨིན་གནང༌།

ལོ་དེར་བོད་དུ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་གསར་དུ་འཛུགས་པའི་ཚོགས་གཙོ་དང་དགའ་ལྡན་ཁྲི་པའི་མཚན་བཞེས་ཆབས་ཅིག་ཏུ་མཛད་དེ། ས་ཕག་དུས་འགྱུར་བར་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས་པ་དང༌། རྨེ་རུ་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་གནང་རྒྱུས་མཚོན་ཁྲི་པའི་བྱེད་སྒོ་འཐུས་ཚང་གནང༌། ས་ཕག་དུས་འགྱུར་སྐབས་རྒྱ་ནག་སྲིད་གཞུང་གིས་ངོ་རྒོལ་གསུམ་དང་གུ་ཡང་གཉིས་ཟེར་བའི་ལས་འགུལ་ཛ་དྲག་ཆེ་བ་ཞིག་སྤེལ་བའི་འོག་མི་ཆེན་བླ་ཆེན་མང་པོ་ཞིག་ལ་ལོག་སྤྱོད་པའི་ཞྭ་མོ་གཡོག་ནས་རྡུང་བརྡེགས་ཚ་ནནཕོག་ནའང༌། རྗེ་འདི་ཉིད་གྲྭ་རྐྱང་དཀྱུས་མ་བྱས་ནས་སློབ་སྦྱོང་ལ་བརྩོན་འགྲུས་ཤུགས་ཆེར་བྱས་པའི་གྲུབ་འབྲས་སུ་དགའ་ལྡན་གསེར་ཁྲིར་ཕེབས་པ་མགཏོགས་སྟོབས་འབྱོར་དབང་ཤུགས་ཀྱིས་གོ་གནས་ལ་མཛེགས་པ་དང༌། མང་ཚོགས་ལ་གཉའ་གནོན་གཤུ་གཞོག་གང་ཡང་བྱས་རབས་མེད་པས་གྲྭ་པ་ཚད་ལྡན་གྱི་གྲས་ལ་རྩིས་ནས་ཐབས་འཛིངས་གཏོང་པ་སོགས་གང་ཡང་བྱས་མི་འདུག རབ་བྱུང་བཅུ་དྲུག་པའི་ལྕགས་བྱི་༡༩༦༠ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་འདེམས་བསྐོ་བྱུང་བ་ཚུལ་ཁང་བླ་མ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་དང་ལས་རོགས་རི་འབུར་སྤྲུལ་སྐུ་སོགས་ཀྱིས་གནང་ནས་གནས་སྐབས་སྒྲིག་ཁྲིམས་དམ་འཛིན་བྱེད་རྒྱུ་གཏན་འཁེལ་ལྟར། དངོས་གཞི་སྨོན་ལམ་ཆེན་མོ་ཚོགས་པའི་རིང་དགའ་ལྡན་ཁྲི་ཆེན་རིན་པོ་ཆེ་འདི་ཉིད་ཉིན་ལྟར་སྔར་དྲོར་གསུང་ཆོས་ར་བ་དང༌། ཉིན་གུང་སྐམ་ཚོགས་སུ་ཕེབས་ཏེ་གསུང་ཆོས་དང་སྔོ་སྨོན་སོགས་ཁྲི་པའི་བྱེད་སྒོ་ཀུན་འཐུས་ཚང་གནང༌། དགུང་མོ་དམ་བཅའ་ཉིན་ལྟར་ཚུགས་མ་ཐུབ་པར་དམ་བཅའི་དུས་དང་བསྟུན་ནས་འཁྱམས་ར་ཆེན་མོའི་ནང་ཟློས་གར་དང་ལྷ་མོའི་ཁྲབ་སྟོན་བྱེད་དགོས་བྱུང༌། སྨོན་ལམ་ཆེན་མོའི་སྦྱིན་བདག་ཚོ་དང་སྐྱབས་ཞུ་དང་འདོན་སྐུལ་བར་མེད་དུ་འབྱོར་པ་རྣམས་ཀྱི་ནང༌། གོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་ཐུགས་ཀྱི་བཞེད་པ་ཐམས་ཅད་ལྷུན་གྱིས་འགྲུབ་པ་དང༌། ཤིང་འབྲུག་༡༩༦༤ལོར་སྨོན་ལམ་ཆེན་མོ་ཚོགས་ཁུལ་བྱས་ཀྱང་ལོ་སྔ་མ་ལས་གྲྭ་ཚོགས་ཇེ་ཉུང་དུ་ཕྱིན་འདུག་པ་དང༌། དགུང་མོའི་དམ་བཅའི་དུས་ཚོད་ལ་ལྷ་མོ་ཁྲབ་སྟོན་སོགས་ཁྲབ་སྟོན་ཁ་ཤས་ཐོག་འབྲས་སྤུངས་དགེ་འཕེལ་གནས་བླ་མས་མི་དམངས་ལ་བཤུ་གཞོག་བཏང་བའི་གཏམ་བརྗོད་ཟློས་གར་འགའ་ཞིག་ཁྲབ་གཅུག་པ་སོགས་ཀྱིས་མང་ཚོགས་བློ་ཕམ་དགོས་པ་བཟོས། ཚེས་བཅོ་ལྔ་ཉིན་ཁྲི་ཆེན་རིན་པོ་འདི་ཉིད་སྨོན་ལམ་ཚོགས་ཚོགས་དབུར་གདན་ཞུས་ལྟར་ཕེབས་ནས་སྔ་དྲོར་གསུང་ཆོས་རྭ་བར་སྐྱེས་རབས་སོ་བཞི་པའི་བཀའ་ཆོས་གནང༌། གུང་ཚིགས་མང་ཇར་ཕེབས་ཏེ་གྲྭ་དམངས་ལ་མཇལ་ཁ་གནང་ཞིང་སྐབས་དེར་ཐུགས་དགྱེས་ཉམས་ཆེན་པོས་ཞལ་ནས། ད་རེས་ཉིན་གུང་སྐམ་ཚོགས་གྲོལ་ནས་བར་སྐོར་ལ་སྐོར་བ་གསུམ་རྒྱབ་སྟེ་རིམ་གྱིས་ཤག་ཏུ་ལོག་རྒྱུ་ཡིན། གང་ཡིན་ཞུ་ན། ང་དགའ་ལྡན་ཁྲི་པ་མཇལ་འདོད་མཁན་མི་མང་པོ་ཡོད་རྒྱུ་རེད། དེ་ཚོ་དང་ངོ་འཕྲོད་ཙམ་བྱས་ན་ཡག་པོ་འདུག་གསུངས་ནས་སྨོན་ལམ་སྐམ་ཚོགས་སུ་ཕེབས། སྔར་སྲོལ་མཛད་སྒོ་རྣམས་བཞད་མོ་བཞད་བཞིན་ཉམས་མེད་དུ་བསྐྱངས། སྐམ་ཚོགས་གྲོལ་བ་དང་ཁྲི་པའི་གསོལ་གཟིམས་གཉིས་ཀྱི་ཐོག་སྡེ་དྲུག་སྤྲུལ་སྐུ་དང་སེར་སྨད་རི་འབུར་སྤྲུལ་སྐུ་བཅས་ཀྱིས་ཞབས་ཞུ་ཞུས་ཏེ་མོ་ཊ་དལ་བུར་གཏོང་བཅུག་ནས་བར་སྐོར་ལ་བསྐོར་བ་གསུམ་བརྒྱབ། བར་སྐོར་དུ་མཇལ་ཁ་ཞུ་མཁན་རྣམས་ལ་བཞད་མོ་བཞད་བཞིན་ཕྱག་དབང་སྩལ། གཟིམས་ཤག་ཏུ་ཕེབས་ནས་ད་ཡག་པོ་བྱུང་སོང་ཞེས་བཞད་མོ་དང་གསུངས་ཤིང༌། སྔ་ཕྱི་མི་ལོ་བཅུ་གཅིག་བར་ཁྲི་བསྐྱངས་མུས་སུ་ལོ་དེའི་བོད་ཟླ་༡༠ ཚེས་ ༢༤ ཉིན་དགོངས་པ་ཆོས་དབྱིངས་སུ་གཤེགས།

དགའ་ལྡན་ཁྲི་ཐོག་གོ་བདུན་པ་ཡོངས་འཛིན་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གོ་བདུན་པ་ཡོངས་འཛིན་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་ནི། རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་༡༩༠༣ལོར་ཡབ་ཀུན་དགའ་ཚེ་རིང་དང༌། ཡུམ་བསོད་ནམས་བདེ་སྐྱིད་གཉིས་ཀྱི་སྲས་སུ་དཀར་བོག་ཏུ་བསམ་གཞིན་སྐྱེ་བ་བཞེས། འབྲས་སྤུངས་སྤྲུལ་པའི་གནས་ཆུང་ཆོས་སྐྱོང་དང༌། དགའ་གདོང་བསྟན་སྲུང་ཆེན་པོ་སོགས་ཀྱི་བཀའ་ལུང་འཁྲུལ་བྲལ་ངེས་གསལ་དང་ྋགོང་ས་རྒྱལ་དབང་བཅུ་གསུམ་པ་ཆེན་པོས་ཡེ་ཤེས་གཟིགས་དཔྱད་ཀྱི ས། ྋསྐྱབས་མགོན་རྒྱལ་བ་རང་ཉིད་ཀྱི་རིགས་ཀྱི་ཅོད་པན་ཡོངས་འཛིན་ཤར་ཆོས་གླིང་སྤྲུལ་སྐུ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་དཔལ་བཟང་པོའི་ཡང་སྲིད་སྤྲུལ་སྐུར་ངོས་འཛིན་གནང་ཞིང༌། དེ་འཕྲལ་བརྟན་བཞུགས་སྨོན་ཚིག་འཆི་མེད་འདོད་དགུའི་མཆོག་སྩོལ་ཞེས་བྱ་བ་ལྗགས་རྩོམ་མཛད། དགུང་ལོ་དགུར་ཕེབས་པ་ཆུ་བྱིའི་༡༩༡༢ལོར་བཤད་སྒྲུབ་བསྟན་པའི་འབྱུང་གནས་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་གླིང་དུ་ཆོས་ཞུགས་གནང༌། མཁན་ཆེན་འཇམ་དབྱངས་ཡོན་ཏན་གྱི་དྲུང་ནས་བརྩི་བཞག་ཐོག་མར་གསན། མཁས་གྲུབ་ཆེན་པོ་འབྲས་ཉག་རེ་དགེ་བཤེས་བསྟན་པ་ཆོས་འཛིན་དང༌། དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་བསམ་གཏན་རྣམ་གཉིས་ཡོངས་འཛིན་དུ་བསྟེན་ནས་གཞུང་ཆེན་མོར་གསན་བསམ་གྱི་དབུ་ཚུགས། ཆུ་གླང་༡༩༡༣ལོར་ྋགོང་ས་རྒྱལ་དབང་མཆོག་དྲུང་ནས་རབ་ཏུ་བྱུང༌།

དགུང་ལོ་ཉི་ཤུར་ཕེབས་པ་ཆུ་ཁྱིའི་༡༩༢༢ལོར་ྋགོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གི་དྲུང་ནས་བསྙེན་པར་རྫོགས། བློ་གླིང་མཁན་རིན་པོ་ཆེ་གོ་བོ་བློ་གྲོས་རྒྱལ་མཚན་ནས། ཤིང་བྱི་ལོའི་སྨོན་ལམ་རབ་འབྱམས་པའི་མཚན་བཏགས་ཕུལ་བཞེས་མཛད། ཆུ་ཕག་ལོ་ཟླ་བ་ལྔ་པའི་ནང༌། ནོར་གླིང་གཟིམ་ཆུང་ཉི་འོད་དུ། དགའ་ཁྲི་རིན་པོ་ཆེ་དང༌། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། སེར་བྱེས་མཁན་པོ་བྱ་བྲལ་ངག་དབང་ཕུན་ཚོགས། བདེ་ཡངས་མཚན་ཞབས་གཉལ་སྤྲུལ་བསྟན་འཛིན་འཕྲིན་ལས་འོད་ཟེར། སྒོ་མང་མཁན་པོ་འོད་ཟེར་རྡོ་རྗེ་སོགས་ཀླུ་སྒྲུབ་ཡབ་སྲས་དང་ཕྱོགས་གླང་ཡབ་སྲས་སོགས་ལྷན་ཅིག་ཏུ་གདན་འཛོམས་པ་ལྟ་བུའི་མཁས་མང་རྩོད་དཔང་དུ་བཞུགས་སར་གཞུང་ཆེན་བཀའ་པོད་རྣམ་ལྔའི་རྩོད་རྒྱུགས་ལེགས་པར་ཕུལ་བས་མཁས་ཀུན་དགྱེས་པའི་མཆོད་སྤྲིན་དུ་གྱུར།

ཤིང་བྱི་༡༩༢༤ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་གདན་ས་ཆེན་པོ་རྣམ་པ་གསུམ་དང༌། རྒྱུད་གྲྭ་སྟོད་སྨད་སོགས་དགེ་འདུན་ཁྲི་ཁྲག་འདུས་པའི་དབུས་སུ། དབུ་ཚད་དང་ཕར་ཕྱིན། མཛོད་འདུལ་བཅས་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་བཞག ལྷ་རམས་ཨང་གཉིས་པའི་མཚན་གནས་བཞེས། གཞུང་ལུགས་རབ་འབྱམས་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་མཁས་གྲགས་ཀྱི་བ་དན་དཀར་པོ་སྲིད་པའི་རྩེ་མོར་བསྒྲེངས། དེ་ལྟར་མདོ་ཕྱོགས་ལ་གསན་བསམ་རྒྱ་ཆེར་གྲུབ་ནས། གངས་ཅན་གྱི་ལྗོངས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་གསང་ཆེན་བསྟན་པའི་འབྱུང་གནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཕེབས་ཏེ། ཆུ་མདའ་དང༌། དགའ་ལྡན་དབྱར་ཆོས། ར་མོ་ཆེ། སེ་ར། བྲག་ཡེར་པ། དགའ་ལྡན་དགུན་ཆོས། འབྲས་སྤུངས། སྐྱོར་མོ་ལུང་བཅས་ཆོས་ཐོག་རིམ་བཞིན་འགྲིམས་ནས། གསང་སྔགས་རྒྱུད་སྡེ་བཞི་ལ་གསན་བསམ་རླབས་ཆེར་མཛད།

ཤིང་མོ་གླང་གི་༡༩༢༥ལོར་སྔགས་ཀྱི་རྩོད་རྒྱུགས་བཞེས་པའི་སྐབས་གསང་ཆེན་རྒྱུད་སྡེ་རབ་འབྱམས་ལ་མངའ་བརསྙེས་པ་རྭ་ལོ་དངོས་ཀྱི་རོལ་རྩལ་བསྟན་པས་ཨང་རིམ་དང་པོའི་མཚན་རྟགས་འབུལ་བཞེས་མཛད། ལོ་དེའི་ཟླ་བ་བརྒྱད་པའི་ཚེས་ཉེར་ལྔ་ནས་བྲག་ཡེར་པའི་ཆོས་གྲྭར་ཉིན་ལྔ་དང༌། ལྷ་ལྡན་རྭ་མོ་ཆེའི་ཆོས་གྲྭར་ཉིན་ལྔ་བཅས་ཉིན་བཅུའི་རིང་ལ་སྔགས་ཀྱི་དམ་བཅའ་ཆེན་མོ་བཞག་གནང་བར་རྒྱུད་ཆེན་ཀུན་དགའ་དོན་གྲུབ་དངོས་སུ་ཕེབས་པ་ལྟར་གྱུར། མེ་སྟག་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ནས་རྒྱུད་གྲྭའི་དགེ་བསྐོས་མཛད། ཆུ་མོ་བྱའི་༡༩༣༣ལོར་ྋགོང་ས་བཅུ་གསུམ་པ་ཆེན་པོ་མྱ་ངན་ལས་འདས་པར། སྐུ་དམར་གདུང་རིལ་པོར་བཞུགས་སླད་སྐུ་གདུང་གདུང་སྒྲུབ་དང༌། གདུང་ཁྲུས་འབུལ་བ་སོགས་དང༌། གསེར་གྱི་མཆོད་སྡོང་ཆེན་མོར་གཟུངས་འབུལ་དང༌། རབ་གནས་སོགས་ཐོག་མཐའ་བར་གསུམ་གྱི་བྱ་བ་མཐའ་དག་ལ་ཞབས་འདེགས་རླབས་ཆེ་བ་སྒྲུབ་པར་མཛད། དགུང་ལོ་སོ་བཞིར་ཕེབས་པ་མེ་བྱི་ལོར་༡༩༣༦རྒྱལ་ཚབ་རྭ་སྒྲེང་ཧོ་ཐོག་ཐུ་མཆོག་གི་བཀས་རྒྱུད་སྟོད་བླ་མ་དབུ་མཛད་གནང་ནས་རྒྱུད་གྲྭའི་བཅའ་ཡིག་ཆེན་པོ་དང༌། སྒྲིག་ཡིག་མཐུན་གྲུབ་མའི་དགོངས་དོན་གཞིར་བཟུང་ནས་སྒྲིག་ལམ་ཀུན་སྤྱོད་ཀྱི་རིམ་པ་དང༌། གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་འདོན་རྟ་དབྱངས་དང་ཆོག་ཕྱག་ལེན། ཐིག་རྡུལ་ཚོན་སོགས་སྔར་སྲོལ་བཟང་པོ་མི་ཉམས་གོང་འཕེལ་དུ་མཛད།

དགུང་ལོ་སོ་དྲུག་ཏུ་ཕེབས་པ་ས་སྟག་༡༩༣༨ ལོར་གསང་ཆེན་བསྟན་པའི་འབྱུང་གནས་ཆེན་པོ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་པོར་ཕེབས་ནས་རྒྱུད་ཀྱི་འཆད་ཉན་མཛད་དེ་གསང་ཆེན་རྡོ་རྗེ་ཐེག་པའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། ལྕགས་འབྲུག་ལོར་རྒྱལ་བའི་མཚན་ཞབས་དང༌། ལྕགས་སྦྲུལ་༡༩༤༡ལོར་སྐྱབས་མགོན་རྒྱལ་བའི་ཡོངས་འཛིན་སྐུ་གཞོན་པ་དང༌། ཆུ་སྦྲུལ་ལོར་༡༩༥༣ཡོངས་འཛིན་སྐུ་བགྲེས་པའི་མཚན་གནས་རིམ་པར་བཞེས་ནས་ྋགོང་ས་བདག་ཉིད་ཆེན་པོར་ཐུགས་གཉེར་གསན་བཞེས་དང་དབང་ལུང་མན་ངག་ཟབ་མོ་མཐའ་ཡས་པ་འབུལ་བར་མཛད།

དགུང་ལོ་ཞེ་བདུན་དུ་ཕེབས་པ་ས་མོ་གླང་གི་ལོར་༡༩༤༩ཤར་པ་ཆོས་རྗེའི་ཁྲིར་ཕེབས་ནས་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྔར་སྲོལ་བཟང་པོ་བཞིན་བྱང་ཆུབ་ལམ་རིམ་འཆད་ཉན་སྤེལ་རྒྱུས་མཚོན་ཤར་པ་ཆོས་རྗེའི་མཛད་སྒོ་མཐའ་དག་མི་ཉམས་གོང་འཕེལ་དུ་མཛད། ཤིང་ཕོ་རྟའི་༡༩༥༤ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། ལྷ་ལྡན་ཇོ་བོ་རིན་པོ་ཆེའི་སྤྱན་སྔར་ྋགོང་ས་སྐྱབས་མགོན་རྒྱལ་མཆོག་བཅུ་བཞི་པ་ཆེན་པོར་བསྙེན་རྫོགས་ཀྱི་སྡོམ་པ་འབུལ་ལམ་མཛད། ལོ་འདིར་རྒྱ་ནག་གཞུང་གིས་ྋགོང་ས་བདག་ཉིད་ཆེན་པོ་གདན་འདྲེན་ཞུས་པར་ྋགོང་ས་མཆོག་དང་ལྷན་དུ་རྒྱ་ནག་ཏུ་ཆིབས་བསྒྱུར་མཛད།

རྒྱ་ནག་ནས་བོད་དུ་ཆིབས་ཞལ་བསྒྱུར་བའི་ཡར་ཕེབས་ལམ་དུ་བསྟན་པའི་འབྱུང་གནས་སྐུུ་འབུམ་བྱམས་པ་གླིངདང༌། མཁས་པའི་འབྱུང་གནས་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་སོགས་སུ་ཕེབས། བླ་བྲང་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྤྲུལ་སྐུར་དགེ་ཚུལ་གྱི་སྡོམ་པ་འབུལ་གནང་མཛད་ཅིང༌། དེ་གའི་རྒྱུད་སྟོད་གྲྭ་ཚང་འདི་དང་པོར་འཛུགས་སྐབས་ྋསྐྱབས་རྗེ་རིན་པོ་ཆེར་དགོངས་སྐོར་ཞུས་ནས་བཙུགས་པ་ཞིག་ཡིན་ཚུལ་སྐྱབས་རྗེ་རྡོ་རྗེ་འཆང་གི་ཞལ་ནས་དངོས་སུ་ཐོས་ཞེས་མཁས་པའི་དབང་པོ་ཡོན་ཏན་རྒྱ་མཚོའི་གསུང་ན་གསལ།ལ་ཡོན་ཏན་གཞི་གྱུར་མའི་ཞལ་ལུང་སོགས་སྩལ། དེ་ནས་མདོ་སྟོད་ཁུལ་མི་ཉག་ ། ཏྲེ་ཧོར། སྡེ་དགེ། ཆབ་མདོ་སོགས་བརྒྱུད་རྒྱལ་ས་ལྷ་ལྡན་དུ་ཞབས་སོར་འཁོད། མེ་ཕོ་སྤྲེལ་༡༩༥༦ལོར་རྒྱ་གར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ནས། སྟོན་པ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་འཁོར་བའི་དྲན་གསོའི་དུས་དྲན་ཚོགས་འདུར་ྋགོང་ས་སྐྱབས་མགོན་ཆེན་པོ་གདན་འདྲེན་ཞུ་བར་ྋགོང་ས་མཆོག་དང་སྟོན་འཁོར་ལྷན་ཅིག་ཏུ་ཆིབས་ཞལ་བསྒྱུར།

རྒྱ་གར་གྱི་གནས་ཆེན་རྡོ་རྗེ་གདན། ཝཱ་རཱ་ཎ་སི། རྩྭ་མཆོག་གྲོང༌། ལུཁྲརྟའི་ཚལ། ལྷོ་ཕྱོགས་པལ་གྱི་རི་སོགས་འཕགས་ཡུལ་གྱི་གནས་ཆེན་དུ་མ་དང༌། བལ་ཡུལ་མཆོད་རྟེན་རྣམ་གསུམ་སོགས་གནས་ཆེན་དུ་མར་མཆོད་སྤྲིན་རྒྱ་ཆེར་མཛད་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བོད་བསྟན་པ་ཆབ་སྲིད་མི་ཉམས་རྟག་ཏུ་བརྟན་པའི་ཐུགས་སྨོན་ཟབ་ནན་གནང༌། བལ་ཡུལ་ནས་ཚུར་ཕེབས་ཞོར་དུ། ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ། རྒྱལ་རྩེ་དཔལ་འཁོར་མཆོད་རྟེན། སྣར་ཐང་ཞྭ་ལུ། ངོར་དགོན་པ་སོགས་གཙང་ཁུལ་གྱི་ཆོས་སྡེ་ཁག་དུ་མར་མཆོད་འབུལ་བསྙེན་བཀུར་དང་བསྟན་འགྲོའི་བདེ་ཐབས་སུ་ཐུགས་སྨོན་རྒྱ་ཆེར་མཛད།

ས་མོ་ཕག་གི་༡༩༥༩ལོར་རྒྱ་ནག་གིས་བོད་འབངས་སྐྱེ་འགྲོའི་བདེ་སྐྱིད་འཇོམས་པར་ཉེ་བའི་གནས་ཚུལ་ཛ་དྲག་ཅན་དུ་གྱུར་པ་དེའི་སྐབས་ྋགོང་ས་སྐྱབས་མགོན་སྟོན་འཁོར་ཧྲག་བསྡུས་བཅས་རྒྱ་གར་དུ་ཕེབས། མ་སུ་རིར་བཞུགས་སྐབས་ྋགོང་ས་ཆེན་པོའི་སྐུ་ཚབ་ཏུ་ལ་དྭགས་སུ་ཕེབས་ཏེ། མཚན་ཉིད་སློབ་གྲྭ་གསར་པའི་སྒོ་འབྱེད་རྟེན་འབྲེལ་མཛད་སྒོ་དང་འབྲེལ་སྐྱ་སེར་འདུས་ཚོགས་ལ་སྡིག་སྤོང་དགེ་སྒྲུབ་ཀྱི་བླང་དོར་བྱེད་སྒོ་སོགས་སློབ་སྟོན་དང་ཟབ་ཆོས་སྩལ། ཌལ་ཧོར་དང༌། ཨ་སམ་ཁུལ་སྦག་ས་ཆོས་སྒར་སོགས་སུ་ཕེབས་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གནང༌། ཀུན་ལྡན་བྱ་བ་ལྕགས་ཕོ་བྱིའི་༡༩༦༠ལོ་ལ་དགའ་ལྡན་ཁྲི་ཐོག་གོ་དྲུག་པ་སེར་བྱེས་ཧར་གདོང་རྗེ་དྲུང་ཐུབ་བསྟན་ཀུན་དགའ་མཆོག། ལྷ་སར་ཀླ་ཀློའི་བཙན་འོག་ཏུ་ཞི་བར་གཤེགས་པས། ྋགོང་ས་སྐྱབས་མགོན་ཆེན་པོས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲིར་ཕེབས་དགོས་པའི་སྦུག་དམ་བཀའ་ཡིག་རིན་པོ་ཆེ་འབུལ་གནང་བཞིན། ཤིང་མོ་སྦྲུལ་གྱི་ལོ་ལ་༡༩༦༥འཕགས་ཡུལ་རྡོ་རྗེ་གདན་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཏུ་མི་འཇིགས་གདོང་ལྔས་གཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བར་མཛད་དོ།

ས་ཕོ་སྤྲེལ་ལོ་ལ་༡༩༦༨ཡུ་རོབ་སུད་སི་xxx བོད་དགོན་ཆོས་འཁོར་གླིང་གསར་བཞེངས་རབ་གནས་སོགས་ཀྱི་ཆེད། ྋསྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་སྟོན་འཁོར་བཅས་ཆིབས་བསྒྱུར་ཐོག་རབ་གནས་སོགས་ཐོག་མཐའ་བར་གསུམ་གྱི་བྱ་བ་མཐའ་དག་གྲུབ་པར་མཛད། བྲག་གཡབ་སྐྱབས་མགོན་མཆོག་སྤྲུལ། དྭགས་པོ་བམ་ཆོས་མཆོག་སྤྲུལ་རིན་པོ་ཆེ། བོད་གཞུང་དོན་གཅོད་སྐུ་ངོ་ཆེན་མོ་ཕ་ལྷ། དགེ་བཤེས་ཨོ་རྒྱན་ཚེ་བརྟན་སོགས་ཀྱིས་གཙོས་བླ་སྤྲུལ་དགེ་བཤེས་དང་སྐྱ་སེར་མང་པོར་བཀའ་སློབ་དང་གསུང་ཆོས་ཅི་རིགས་སྩལ། འཇར་མན། དབྱིན་ཡུལ། ཕ་རན་སི་སོགས་སུ་ཕེབས་ཏེ་གཟིགས་སྐོར་དང་འབྲེལ་སྐུལ་ལྡན་མང་པོའི་རྒྱུད་ལ་ཐར་པའི་ས་བོན་བསྐྲུན། སྔོན་ནས་མགུལ་སྙིང་གི་སྙུན་གཞི་ཞིག་ཡོད་པ་དྭགས་པོ་བམ་ཆོས་མཆོག་སྤྲུལ་རིན་པོ་ཆེས་ཐུགས་ཁུར་ཆེར་བཞེས་ཀྱིས་ཕ་རན་སིར་སྨན་ཁང་ཁག་འགའ་ཞིག་ཏུ་བརྟག་དཔྱད་ཡང་ཡང་ཞུས་ནས་གསོལ་སྨན་གསོལ་ཞིང་འཕྲོད་བསྟེན་ཟབ་ནན་ཞུས་པས་སྙུན་གཞི་དྭངས། ས་བྱ་༡༩༦༩ ལོར་ཡུ་རོབ་ནས་རྒྱ་གར་དུ་ཕེབས། དེ་ལོ་བོད་ཟླ་བཅུ་པའི་ནང་སོག་བླ་གུ་རུ་དེ་ཝས་བསྐུལ་ངོར་རྡོར་གདན་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་དུ་གདན་གསུམ་བླ་སྤྲུལ་དང་དགེ་བཤེས་སོགས་ཕྱོགས་འདུས་དོན་གཉེར་ཅན་སེར་སྐྱ་བདུན་བརྒྱ་སྐོར་ལ། ཟླ་ངོ་ཕྱེད་གཉིས་རིང་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་སྩལ། དེའི་ཕྱི་ལོ་ལྕགས་ཁྱི་ལོར་ལྷ་ས་པ་བྱམས་པ་བཟོད་པ་ནས་བསྐུལ་ངོར་རྡོར་གདན་དུ་སྐྱ་སེར་དྲུག་བརྒྱ་སྐོར་ལ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་དང༌། དེའི་བསྐྱེད་རྫོགས་ཀྱི་ཟབ་ཁྲིད་ཉིན་བཅུ་རིང་གནང༌། ཆུ་བྱི༡༩༧༢ལོར་རྒྱ་གར་ལྷོ་ཕྱོགས་ཁུལ་སེ་འབྲས་དགེ་གསུམ་དང༌། བཀྲ་ཤིས་ལྷུན་པོ། རྒྱུད་གྲྭ་སོགས་དང༌། གཞིས་ཆགས་སེར་སྐྱ་མི་མང་སྤྱི་མགྲིན་ནས་གསོལ་བ་བཏབ་པ་ལྟར་ངྷ་ས་ནས་ཐོག་མར་མོན་གྷོར་ཕེབས། དགའ་ལྡན་བླ་སྤྱི་ནས་གསོལ་བ་བཏབ་པ་ལྟར་སྔར་སྲོལ་བཞིན་དགའ་ལྡན་ཁྲི་པའི་མཛད་སྒོ་གནང༌།

བློ་གླིང་གྲྭ་ཚང་ནས་གསོལ་བ་བཏབ་པ་བཞིན་གྲྭ་ཚང་གི་ཆོས་གྲྭ་གསར་བསྐྲུན་མཛད་པའི་སྒོ་འབྱེད་རྟེན་འབྲེལ་ཆེད་ཆོས་གྲྭར་བརྩི་བཞག་སོགས་གནང༌། དགའ་ལྡན་ཁྲི་ཐོག་རིམ་བྱོན་ནས་དགའ་ལྡན་དུ་ལམ་རིམ་ཆེན་མོའི་འཆད་ཉན་མཛད་སྲོལ་ཡོད་པ་བཞིན། དགའ་ལྡན་དུ་བྱང་ཆུབ་ལམ་རིམ་ཆེན་མོའི་དབུ་ནས་གསུང་ཆོས་ཐེངས་གཅིག་གནང༌། དགའ་ལྡན་དང་འབྲས་སྤུངས་རྣམ་གཉིས་ཀྱི་ཚོགས་ཆེན། གྲྭ་ཚང་སོ་སོའི་འདུ་ཁང་གསར་བཞེངས་སོགས་སུ་བཀྲ་ཤིས་གསོ་སྦྱོང་དང་བསྟན་པ་རྒྱས་པའི་ཐུགས་སྨོན་ཟབ་ནན་གནང༌། དེ་ནས་མའི་སོར་ཆིབས་བསྒྱུར་གནང་ཞིང༌། སེ་ར་བླ་སྤྱི་དང༌། སེར་སྨད་དང་སེར་བྱེས་གྲྭ་ཚང་བཅས་ནས་བསྐུུལ་ངོར་གདུགས་དཀར་ལྷ་བཅུ་བདུན་མའི་དབང་སོགས་གནང༌། དགེ་འདུན་གསར་ཞུགས་ལྔ་བཅུ་སྐོར་ལ་དགེ་ཚུལ་གྱི་སྡོམ་པ་སྩལ།

ཧོན་སུར་དུ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གིས་བསྐུལ་ངོར། ཡོན་ཏན་གཞི་གྱུར་མའི་བཤད་ལུང་དང༌། དྲག་པོ་སུམ་སྒྲིལ་གྱི་རྗེས་གནང་སོགས་གནང༌། དེ་ནས་རྡོར་ལྡན་དུ་ཕེབས་ཏེ་སྐྱབས་རྗེ་ཕ་བོང་ཁའི་སྤྲུལ་སྐུུའི་གཙུག་ཕུལ་བཞེས། གནས་འདིར་ྋསྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོར་བླ་མཆོད་ཚོགས་འཁོར་དང་འབྲེལ་བརྟན་བཞུགས་ཕུད་ཞིང༌། ཁྲི་བྱང་རྡོ་རྗེ་འཆང་ཆེན་པོའི་དྲུང་ནས། བླ་མཆོད་རྩ་གཞུང་དང༌། དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་གསུང་ཁྲིད་ཡིག་རྒྱས་པ་གཉིས་སྦྲགས་ནས་ཉམས་ཁྲིད་ཐུན་མོང་མ་ཡིན་པ་གསན་ཞིང༌། ཁྲིད་དམིགས་བསྐྱང་རྒྱུ་སོགས་ཕྱག་བཞེས་ལྟར་མཛད། ཕྱོགས་མཐའ་དག་ནས་འདུས་པའི་སྐུལ་ལྡན་དོན་གཉེར་ཅན་སེར་སྐྱ་དྲུག་བརྒྱ་སྐོར་ལ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་དང༌། དགའ་ལྡན་སྙན་བརྒྱུད་ཀྱི་མན་ངག་ཐུན་མོང་མ་ཡིན་པ་ཟབ་ལམ་བླ་མ་མཆོད་པའི་ཉམས་ཁྲིད་ཉིན་ཉེར་བཞིའི་རིང་བསྩལ།

མདོར་ན། ཆུ་བྱི་ནས་ལྕགས་སྤྲེལ་བར་༡༩༧༢༡༩༨༠ལོ་ངོ་བརྒྱད་རིང་ལ་འཕགས་པའི་ཡུལ་གྲུ་ཁག་དུ་མར་ཕེབས་ནས་བསྟན་པ་འཕེལ་རྒྱས་ཀྱི་མཛད་པ་རླབས་ཆེ་བས་རྣམ་ཐར་དངོས་ལ་མཇལ་བར་བྱའོ། ལྕགས་ཕོ་སྤྲེལ་ལོ་༡༩༨༠ཕྱི་ཟླ་དྲུག་པའི་ཚེས་༢༩ལ་ཕ་རན་སིར་ཕེབས་ཏེ། དྭགས་པོ་བམ་ཆོས་མཆོག་སྤྲུལ་རིན་པོ་ཆེའི་གཟིམས་ཤག་ཏུ་བཞུགས། དགེ་འཕེལ་བྱང་ཆུབ་གླིང་ཆོས་ཚོགས་སུ་བམ་ཆོས་མཆོག་སྤྲུལ་རིན་པོ་ཆེས་དབུས་བམ་ཆོས་བླ་བྲང་ཕྱག་མཛོད་རབ་འབྱམས་པ་ཐུབ་བསྟན། པད་སྒྲོན་སོགས་ནས་ཁུར་བཞེས་གྲ་སྒྲིག་ཞུས་པ་ལྟར། དོན་གཉེར་ཅན་ཉིས་བརྒྱ་སྐོར་ལ་བློ་སྦྱོང་ཚིགས་བརྒྱད་མའི་སྟེང་ནས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་བའི་ཚུལ་གསུང་བཤད་རྒྱས་པར་གནང༌། ཕ་རན་སིའི་ལྷ་ཕྱོགས་ནི་མ་སྒྱདྲརྒྱཁྱྔལ་ཕེབས་ནས། རྒྱ་མཚོའི་ཉེ་འགྲམ་དུ་ཉིན་ལྔའི་རིང་སྐུ་ཁམས་འཕྲོད་བཞེས་སུ་ལྷོད་བཞུགས་མཛད། སྔོན་ནས་ཨེ་ཌ་ལིའི་xxཆོས་ཚོགས་ཁག་གིས་གདན་ཞུས་ལྟར། ཕེབས་ནས་མེ་ལང་རྒྱགྲརྒརྐྱསྒྱསྒྲདགེ་འཕེལ་གླིང་ཆོས་ཚོགས་སུ་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཁྲིད་དང༌། ཚེ་དབང་བཅས་སྩལ། སྤོ་མ་ཡར་xxཙོང་ཁ་པའི་ཆོས་ཚོགས་སུ་ཞབས་སོར་འཁོད། བྲག་ཡབ་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་དང༌། རྒྱུད་སྨད་མཁན་ཟུར་ཨོ་རྒྱན་ཚེ་བརྟན་སོགས་སྐྱ་སེར་མང་དུ་འདུས་པར། འཇིགས་བྱེད་དཔའ་བོ་གཅིག་པའི་དབང་དང༌། མདོ་སྔགས་ཀྱི་ཟབ་བཤད་མང་དུ་གནང༌། དེ་ནས་འཇི་ནི་ཝར་གཁྱསྒྱཆཁྱ གནམ་ཐོག་ནས་ཕེབས་པར། སྐུ་ངོ་ཆེན་མོ་ཕ་ལྷ་ཐུབ་བསྟན་འོད་ལྡན་དང༌། རབ་འབྱམས་གཞུང་བརྒྱ་སྨྲ་བ་དགེ་བཤེས་རབ་བརྟན་སོགས་ཀྱིས་ཕེབས་བསུ་ཞུས་ཏེ་ཐར་པ་ཆོས་གླིང་དུ་ཕྱག་ཕེབས། དགོན་གསར་མཆོག་སྤྲུལ་རིན་པོ་ཆེས་གསུང་བསྒྱུར་ཞུས་ཏེ། སྐྱ་སེར་ཉིས་བརྒྱ་སྐོར་ལ་འཇམ་དབྱངས་དཀར་པོའི་རྗེས་གནང་དང༌། སྒྲོལ་དཀར་ཚེ་དབང་སོགས་གནང༌། དེ་ནས་རི་ཀོན་དགོན་སོགས་སུ་ཕེབས་ནས་གསུང་ཆོས་དང་འདི་ཕྱི་གཉིས་ཀར་དགེ་བའི་བཀའ་སློབ་རིམ་བཞིན་སྩལ། དེ་ནས་སླར་ཡང་ཕ་རན་སིར་ཕེབས་ཏེ། དྭགས་པོ་བམ་ཆོས་མཆོག་སྤྲུལ་རིན་པོ་ཆེས་ཐུགས་ཁུར་ཆེར་བཞེས་ཀྱིས་སྨན་ཁང་དུ་སྐུུ་གཟུགས་ལ་བརྟག་དཔྱད་དང་མགུལ་ཁབ་སྒྲོན། དེ་ནས་སོག་པོ་དགེ་བཤེས་དབང་རྒྱལ་ནས་གདན་ཞུས་ལྟར། ཨ་རིར་ཆིབས་བསྒྱུར་བསྐྱངས་ཏེ། ཨ་རིའི་ཡུལ་དུ་སོག་པོའི་དགོན་པ་དང་ཆོས་ཚོགས་ཁག་ཏུ་མར་དབང་ལུང་བཀའ་ཆོས་གདམས་ངག་ཟབ་ཁྲིད་སོགས་རང་རང་གི་འདོད་མོས་བཞིན་གནང་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཛམ་གླིང་ནུབ་ཕྱོགས་ནས་ནུབ་ཕྱོགས་སུ་དར་བའི་འཕྲིན་ལས་ཀྱི་སྒོ་བརྒྱ་ཡངས་པར་ཕྱེ་བ་བཀའ་དྲིན་ཆེས་ལྕི་བ་ཞིག་གོ དེ་ནས་ཁན་ཏ་xxཡུལ་དུ་གནས་པའི་བོད་མི་སྤྱི་མགྲིན་ནས་གདན་ཞུས་ལྟར་ཕེབས་ཏེ། ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་དང༌། སྒྲོལ་དཀར་གྱི་ཚེ་དབང་སོགས་སྩལ།

བསྟན་པའི་སྦྱིན་བདག་བུ་མོ་པད་སྒྲོན་ལགས་ནས་གསོལ་བ་བཏབ་པ་ལྟར་མོ་རང་གི་ཕ་མའི་ཁྱིམ་དུ་ཕེབས་ནས་ཞག་གསུམ་རིང་ལྷོད་བཞུགས་དང་ཆོས་འབྲེལ་བཀའ་སློབ་སོགས་འདོད་མོས་ལྟར་སྩལ། དེ་ནས་སླར་ཡང་ཕ་རན་སིར་ཕེབས་ནས། དྭགས་པོ་བམ་ཆོས་མཆོག་སྤྲུལ་རིན་པོ་ཆེ་དང༌། རྒྱུད་སྟོད་མཁན་ཟུར་ལུང་རིགས་རྣམ་རྒྱལ། བློ་གླིང་དགེ་བཤེས་ངག་དབང་མཁྱེན་རབ་ཀྱི་ཁོངས་ཆོས་ཚོགས་ཁག་རྣམས་སུ་སོ་སོས་བསྐུལ་ངོར་འདོད་ཆོས་མང་དུ་གནང༌། དེ་ནས་ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན་རྒྱ་གར་དུ་ཕེབས་ཏེ། སྔར་བཞིན་བསྟན་འགྲོར་སྨན་པའི་མཛད་སྒོ་མཐའ་དག་གོང་འཕེལ་དུ་སྒྲུབ་པར་མཛད། ལྕགས་མོ་བྱ་༡༩༨༡ལོར་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་སྙུན་ཚུལ་བཞེས་པར་ངྷ་ཤོད་བཀྲ་ཤིས་རབ་བརྟན་དུ་ཕྱི་ཟླ་བཅུ་པའི་ཚེས ༣༡ ཉིན་ཕེབས་ཏེ་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་ཞུ་གནང་མཛད། ྋགོང་ས་སྐྱབས་མགོན་ཆེན་པོས་མཛད་པའི་མཛད་རྣམ་ནོར་བུའི་དོ་ཤལ་ལས། རྣམ་གཉིས་མོན་གྷོར་ཕེབས་རྒྱུའི་ཚེས་ཆ་གཏན་འཁེལ་བཞིན་དགའ་ལྡན་དུ་ལྷོད་མཇལ་མཛད་རྒྱུ་སོགས་ཀྱི་བཀའ་མོལ་གནང་བ་རྗེས་སོར་རྣམ་གཉིས་ཀྱི་ཡང་སྲིད་དེ་གར་ལྷན་འཛོམས་སོགས་ཀྱི་རྟེན་འབྲེལ་ལ་དགོངས་སམ་སྙམ། ཞེས་གསུངས།

ཕྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན་བཀྲ་ཤིས་རབ་བརྟན་དུ་ཕེབས་ཏེ་ྋསྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོའི་སྐུ་གདུང་མདུན་མཆོད་འབུལ་དང་འབྲེལ་སྤྲུལ་སྐུ་མྱུར་བྱོན་གསོལ་འདེབས་གནད་སྨིན་གསུངས། དེ་ནས་མོན་གྷོ་སོགས་སུ་ཕེབས་ནས་སྔར་ལམ་བཞིན་རྒྱལ་བའི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་ནས་གོང་དུ་འཕེལ་བའི་ཐབས་ལམ་ཉག་གཅིག་ཏུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཕྱི་ཟླ་དང་པོའི་ཚེས་གསུམ་ཉིན་མོན་གྷོའི་ཕོ་བྲང་དུ་སེར་སྐྱ་སྟོང་ཕྲག་ཁ་ཤས་ལ་དྲག་པོ་སུམ་བསྒྲིལ་གྱི་རྗེས་གནང་དང་ཚེ་དབང༌། བཀའ་སློབ་བཅས་སྩལ། ཚེས་བཅུ་བདུན་ཉིན་ཁྲི་བྱང་བླ་བྲང་དུ་ཕེབས་ཏེ། སྐྱབས་རྗེ་བདེ་བར་གཤེགས་པ་དེ་ཉིད་ཀྱི་སྐུ་རུས་དང༌། པུར་ཐལ། དབུ་ལོ་སོགས་ལ་ཁྲུས་གསོལ་དང་རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་རུས་ཆོག་བཅས་མཛད། ཕྱི་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་ལྡི་ལིར་འབྲས་སྤུངས་སྔགས་པ་གྲྭ་ཚང་གསར་བཞེངས་ཀྱི་སྒོ་དབྱེ་མཛད།

རྔ་ཆེན་བྱ་བ་ཆུ་ཕོ་ཁྱིའི་༡༩༨༢ལོར་རྡོར་གདན་དུ་འཆར་ཅན་ལོ་གསར་གྱི་མཛད་སྒོ་དང་སྨོན་ལམ་སོགས་མཛད། ཕྱི་ཟླ་བཅུ་གཅིག་པའི་ནང་སྦེང་ལོར་བརྒྱུད་ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཆིབས་བསྒྱུར་གནང་ནས། དགེ་འདུན་ཆིག་སྟོང་ལྔ་བརྒྱ་སྐོར་དང༌། ཁྱིམ་པ་ཕོ་མོ་སུམ་བརྒྱ་བརྒལ་བ་བཅས་ལ་བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་སྩལ། སེར་སྨད་འདུ་ཁང་དུ་ཆོས་ཞུ་བ་བཞི་སྟོང་སྐོར་ལ་གདུགས་དཀར་ལྷ་བཅུ་བདུན་མའི་དབང་གནང༌།

དེ་ནས་ཧོན་སུར་སོགས་སུ་གདན་ཞུས་ལྟར། རིམ་བཞིན་བཀྲས་ལྷུན། ཆ་ཕྲེང་དགོན་པ། རྒྱུད་སྨད་བཅས་ཕེབས་ནས་འདོད་ཆོས་ཅི་རིགས་པ་སྩལ་ནས་མོན་གྷོར་ཞབས་སོར་འཁོད། འབྲས་སྤུངས་སུ་ྋགོང་ས་ཐམས་ཅད་མཁྱེན་པ་དང་ཞལ་ལྷན་ཅིག་ཏུ་འཛོམས། ཁྲག་སྐྱུག་བྱ་བ་ཆུ་མོ་ཕག་གི་༡༩༨༣གནམ་ལོ་གསར་ཚེས་ཀྱི་མཛད་སྒོ་ྋགོང་ས་སྐྱབས་མགོན་ཆེན་པོ་དང་ལྷན་གཅིག་ཏུ་འབྲས་སྤུངས་ཚོགས་ཆེན་འདུ་ཁང་ཆེན་མོར་སྒོ་འབྱོད་མཛད་སྒོ་གནང་ཞིང༌། མཛད་སྒོ་གྲུབ་མཚམས་ྋགོང་ས་བདག་ཉིད་ཆེན་པོས་བླ་མཆོད་ཚོགས་འཁོར་དང་འབྲེལ་བརྟན་བཞུགས་ཕུལ། ཚེས་བཅུ་དྲུག་ཉིན་དགའ་བྱང་གྲྭ་ཚང་གི་འདུ་ཁང་གསར་པ་སྒོ་འབྱེད་མཛད་སྒོར་ྋགོང་ས་མཆོག་དང་ལྷན་ཅིག་ཏུ་ཕེབས་ནས་རབ་གནས་དང་བཅས་པ་མཛད། ྋསྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོའི་གདུང་རུས་ལས་གྲུབ་པའི་ས་ཚ་སོགས་ནང་གཟུངས་སུ་བཞུགས་པའི་དངུལ་གྱི་མཆོད་སྡོང་ཆེན་མོ་ལེགས་གྲུབ་ལ་རྒྱུད་སྟོད་དགེ་འདུན་བརྒྱད་ཅུ་སྐོར་བཅས་བདེ་མཆོག་དང་འབྲེལ་རབ་གནས་ྋགོང་ས་བདག་ཉིད་ཆེན་པོ་དང་ལྷན་ཅིག་ཏུ་གནང༌། ཚེས་ཉེར་གཉིས་ཉིན་གླིང་བླ་བྲང་ནས་རྒྱུ་སྦྱར་ཐོག་བློ་གླིང་གྲྭ་ཚང་འདུས་མང་ནས་ྋགོང་ས་ཆེན་པོར་བླ་མཆོད་ཚོགས་འཁོར་དང་འབྲེལ་མཁའ་འགྲོ་བསུ་བཟློག་གི་སྒོ་ནས་བརྟན་བཞུགས་ཕུལ། ལོ་འདིར་སྨོན་ལམ་ཆེན་མོར་དགེ་འདུན་སུམ་སྟོང་ལྔ་བརྒྱ་བརྒལ་བ་འདུས་ཤིང༌། བསྟན་པ་སྤྱིའི་རིམ་གྲོ་རླབས་ཆེ་བ་མཛད།

ཕྱི་ཟླ་གསུམ་པའི་ཚེས་བཅུ་གཅིག་ནས་མོན་གྷོ་ནས་ཆིབས་ཞལ་བསྒྱུར་ཏེ། ཕྱི་ཟླ་བཞི་པའི་ཚེས་གཉིས་ཉིན་ངྷ་སར་གཟིམས་ཤག་ཏུ་ཞབས་སོར་འཁོད། ཞལ་སློབ་འགའ་ཞིག་གིས་སྐུ་ཚེ་བརྟན་པའི་གསོལ་འདེབས་ཞུས་པར། ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་དགུང་ལོ་གྱ་གཅིག་ལ་དགོངས་པ་གཞན་དོན་དུ་གཤེགས། ང་ཡང་འདི་ལོར་ལོ་གྱ་གཅིག་ལ་སླེབས་ཡོད་ཅེས་གསུངས། གསུང་འདི་འདི་ལོ་དགོངས་པ་གཞན་དོན་དུ་གཤེགས་པའི་བརྡ་ཡིན་སྣང་ཕྱི་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་དབུས་གཙང་མི་མང་སྤྱི་མགྲིན་ནས་རྒྱུ་སྦྱར་ཏེ། ཐེག་ཆེན་ཆོས་གླིང་དུ་གཉུག་མར་གནས་པ་དང་ཕྱོགས་འདུས་དགེ་འདུན་རྣམས་ནས་བླ་མཆོད་ཚོགས་འཁོར་དང་འབྲེལ་བརྟན་བཞུགས་ཕུལ། ཕྱི་ཟླ་དགུ་པའི་ཚེས་བཞིའི་ཉིན་གསེར་ཀོང་མཚན་ཞབས་རིན་པོ་ཆེ་སྤི་ཏི་ཁུལ་གློ་བུར་དུ་དགོངས་པ་ཞི་དབྱིངས་སུ་མནལ་བའི་ཚུལ་བསྟན་པ་གསན་པས་ཐུགས་ངལ་ཆེར་མཛད། དེའི་ཉིན་རྗེས་མར་སྔ་དྲོ་ཆུ་ཚོད་ལྔ་པར་འཆར་ཅན་མཛོད་པ་ནས་སྐུ་བཞེངས་ཞུ་བར་བཅར་སྐབས་སྐུ་གྲིབ་ལྟ་བུའི་སྙུན་གཞི་བཞེས་ཚུལ་མཛད་ནས་བཞུགས་འདུག་པར། འཕྲལ་དུ་བླ་སྨན་པ་གདན་དྲངས་ནས་གསོལ་སྨན་དང༌། གསེར་ཁབ་སྒྲོན་འབུལ་དང༌། ཆོས་དོན་ལས་ཁུངས་དང༌། གདན་ས་གསུམ། རྒྱུད་གྲྭ་སྟོད་སྨད་ཀྱིས་གཙོས་སྤྱི་སྒེར་དད་ལྡན་སྐྱ་སེར་མཐའ་དག་དང༌། བླ་བྲང་བཅས་ནས་སྐུ་ཕྱྭའི་ཞབས་རིམ་རྒྱ་ཆེར་བསྒྲུབས། ྋགོང་ས་སྐྱབས་མགོན་ཆེན་པོ་ཡུ་རོབ་ནས་ཆིབས་ཞལ་བསྒྱུར་ནས་ཕྱི་ཟླ་དགུ་པའི་ཚེས་ཉེར་ལྔའི་ཉིན་ཆུ་ཚོད་བཅུ་གཉིས་སྟེང་དྷ་ས་བཞུགས་སྒར་དུ་ཞབས་སོར་འཁོད་འཕྲལ་གླིང་བླ་བྲང་དུ་ཕེབས་ནས་སྙུན་འདྲི་དང་ཞབས་པད་བརྟན་བཞུགས་གསོལ་འདེབས་ནན་ཏན་དུ་ཞུས་ཚུལ་སོགས་ཞིབ་པར་མཛད་རྣམ་དངོས་ལ་མཇལ་བར་བྱའོ། །

ཕྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཆུ་ཚོད་བཅུ་གཅིག་པ་ནས་ཐུགས་དམ་ལ་བཞུགས་ཏེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། ཉིན་བཅུ་བཞིའི་རིང་ཐུགས་དམ་དུ་བཞུགས། ཐུགས་དམ་གྱི་སྐབས་དང༌། ཐུགས་དམ་གྲོལ་པའི་སྐབས་དག་ཏུ་ཡ་མཚན་པའི་ལྟས་བཟང་པོ་བསམ་གྱིས་མི་ཁྱབ་པ་བྱུང་བ་ཞིག་སྟེ། ཞིབ་པར་མཛད་རྣམ་སོགས་ལས་ཤེས་པར་བྱ་ལ། ྋགོང་ས་སྐྱབས་མགོན་ཆེན་པོས་སྤྲུལ་སྐུ་མྱུར་བྱོན་ལྗགས་རྩོམ་མཛད་ཅིང༌། ཡོངས་འཛིན་རྡོ་རྗེ་འཆང་བདེ་བར་གཤེགས་པའི་ཐུགས་ཀྱི་དགོངས་པ་བཞིན་བསྟན་པ་འཕེལ་རྒྱས་དང༌། ཡང་སྲིད་འཁྲུལ་བྲལ་མྱུར་དུ་བྱོན་ནས་མཁས་བཙུན་བཟང་གསུམ་དང༌། འཆད་རྩོད་རྩོམ་གསུམ་སོགས་གང་གི་ཆ་ནས་དམ་པ་གོང་མའི་རྣམ་ཐར་ཇི་བཞིན་སྐྱོང་བ་ཐུགས་སྨོན་ཟབ་ནན་གནང༌།

གླིང་བླ་བྲང་གི་མཛོད་པ་བློ་བཟང་ལུང་རིགས་མཆོག་ནས་གཙོ་བོར་ཁུར་བཞེས་ཀྱིས། གཞུང་སྤྱི་སྒེར་ནས། གདན་ས། རྒྱུད་གྲྭ་སྟོད་སྨད་སོགས་རིས་མེད་ཡོངས་ལ་མང་འགྱེད་དང་མཆོད་འབུལ་སོགས་དགོངས་རྫོགས་ཆེས་ཤིན་ཏུ་རྒྱ་ཆེ་བར་བསྒྲུབས། སྐུ་གདུང་རིན་པོ་ཆེ་ྋགོང་ས་སྐྱབས་མགོན་ཆེན་པོའི་གཟིམ་ཆུང་དུ་བཞུགས་ཅིང༌། གདུང་རྟེན་དངུལ་གྱི་མཆོད་གདུང་སྲིད་གསུམ་མཛེས་པའི་རྒྱན་གཅིག་ངོ་མཚར་བྱེ་བའི་སྙིང་པོ་ཚོགས་གཉིས་རྒྱ་མཚོ་བརྟས་པའི་སྤྲིན་ཕུང་གྱུར་པ་འདི་བཞིན་མཛོད་པ་བློ་བཟང་ལུང་རིགས་ཀྱིས་གཙོས་བླ་བྲང་གི་ཞབས་འབྲིང་པ་རྣམས་ནས་སྐུ་ངལ་ཁྱད་བསད་ཀྱིས་སྲི་ཞུ་བླ་ན་མེད་པ་ཞུ་བའི་སྒོ་ནས་ད་ལྟར་གདན་ས་འབྲས་སྤུངས་ཚོགས་ཆེན་དུ་བྱིན་རླབས་ཀྱི་ཚན་ཁ་འབར་བཞིན་བཞུགས་པ་འདི་ཉིད་ལགས་ཏེ། རྗེ་འདི་ཉིད་ཀྱི་རྣམ་པར་ཐར་པ་རྒྱས་པ་མཇལ་འདོད་ན། ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པས་མཛད་པའི་རྣམ་ཐར་ལ་གཟིགས་དགོས།

རྗེ་འདི་ཉིད་ཀྱི་འཁྲུངས་རབས་ནི། དགྲ་བཅོམ་འཆར་ཀ། བྲམ་ཟེ་རིག་བྱེད་གསེར་མ། གྲུབ་ཆེན་དཔལ་སྐྱོང༌། རྒྱལ་པོ་པདྨ་ཅན། རྒྱལ་པོ་རབ་བཟང༌། རྒྱལ་པོ་ཤིང་རྟ་ཅན། ཟླ་མེད་གླང་པོ་སྐྱོང༌། གྲུབ་ཐོབ་དུར་ཁྲོད་པ། རྭ་ལོ་རྡོ་རྗེ་གྲགས། གླིང་གི་ཁྲོ་ཐུང༌། དགེ་བཤེས་གཞོན་ནུ་འོད། ཨོ་རྒྱན་གླིང་པ། རིག་འཛིན་རྡོ་རྗེ། རྡོ་རྗེ་བདུད་འདུལ། མཁས་མཆོག་རྒྱ་མ་པ། ཏྲེ་ནག་པ་དོན་གྲུབ་རྒྱ་མཚོ། དགེ་འདུན་བསྟན་པའི་རྒྱལ་མཚན། བློ་བཟང་བསྟན་པའི་རྒྱལ་མཚན། གླིང་སྤྲུལ་ལུང་རྟོགས་ཡོན་ཏན་རྒྱ་མཚོ། བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས། ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་བཅས་ཡིན་ལ། གསུང་ལས་སྐྱེས་པའི་སློབ་མ་ཡང་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ྋགོང་ས་རྒྱལ་དབང་བཅུ་བཞི་པ་ཆེན་པོ་དང༌། ཁྱབ་བདག་ཧེ་རུ་ཀ་ཆེན་པོ་ཁྲི་བྱང་རྡོ་རྗེ་འཆང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ། ཁྲི་ཆེན་ཡེ་ཤེས་དོན་འགྲུབ། ཁྲི་ཆེན་བློ་བཟང་ཉི་མ། ཤར་ཆོས་ཏ་ར་རིན་པོ་ཆེ། བྱང་རྩེ་ཆོས་རྗེ་རི་རྫོང་སྲས། ཁྲི་འཇམ་དཔལ་གཞན་ཕན་སོགས་ས་ལྟ་བུའི་བསྟན་འཛིན་གྱི་སྐྱེས་ཆེན་གྲངས་ལས་འདས་ཤིང༌། གཞན་ཡང་སྲིད་ཀྱི་སྣ་བོར་གཏོགས་པའི་བཀའི་ཕྱིང་སང་ཁག་དང་ཤར་ནུབ་ཀྱི་མི་རིགས་སྐུད་དང་ཤ་མདོག་མི་གཅིག་པའི་ཆེ་རྒུ་དུ་མས་ཞབས་རྡུལ་སྤྱི་བོར་བླངས་ནས་གུས་པས་མཆོད་པ་གནང༌། ཏྲེ་ནག་པ་དོན་གྲུབ་རྒྱ་མཚོ་ནས་རྩིས་པའི་སྐུ་ཕྲེང་བདུན་པ་གླིང་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་ཆོས་འཕགས་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ཁྲོ་བོ་ཞེས་པ་ཤིང་གླང་ ༡༩༨༥ ལོར་འཕགས་ཡུལ་སྦིར་གཞིས་ཆགས་སུ། ཡབ་ལ་སྡུག་བཟང་པོ་དང་ཡུམ་བྲག་ནག་པ་སྐུལ་བཟང་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་གནས་ཆུང་ཆོས་རྒྱལ་ཆེན་པོ་གཉིས་ཀས་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་ངོས་འཛིན་གནང་ནས་མེ་ཡོས་༡༩༨༧ལོར་གོང་མའི་གདན་སར་ཁྲི་འདོན་མཛད། མཁས་མང་བློ་གསལ་གླིང་དུ་ཆོས་ཞུགས་གཏོང་རྩའི་སྒོ་འཕར་ནམ་མཁའ་མཛོད་ལྟར་ཕྱེས། དགུང་ལོ་བརྒྱད་པར་ྋ གོང་ས་སྐྱབས་མགོན་ཆེན་པོའི་དྲུང་ནས་དགེ་བསྙེན་དང་རབ་བྱུང་དགེ་ཚུལ་བཅས་ཀྱི་བསླབ་སྡོམ་བཞེས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འདན་མ་བློ་ཆོས་རིན་པོ་ཆེ་དང༌། རྒྱུད་སྟོད་མཁས་ཟུར་གླིང་གུང་འབའ་རིན་པོ་ཆེ། མཁས་པའི་དབང་པོ་ཕ་ར་དགེ་བཤེས་རྣམ་རྒྱལ་དབང་ཆེན། དཔེ་ཐུབ་དགེ་བཤེས་ཐུབ་བསྟན་རབ་རྒྱས་ཟུང་ཡོངས་འཛིན་དུ་བསྟེན་ནས་ཡི་གེའི་ཕྱི་མོ་ཀ་ཁ་ནས་བཟུང་འབྲི་ཀློག་དང༌། རྒྱན་འཇུག་དང་ཆོས་སྤྱོད་ཁག་ཐུགས་འཛིན། བསྡུས་གྲྭ་དང་བློ་རྟགས་ནས་བཟུང་གསན་སྦྱོང་གི་དབུ་འཛུགས་གནང༌། ཕྱི་རྒྱལ་ཁག་ཏུ་ཐེངས་གཉིས་ཕེབས་ཏེ་དད་ལྡན་སྐྱེ་བོ་ཁྲི་ཕྲག་མང་པོར་རྣམ་པར་དཀར་བའི་ས་བོན་བསྐྲུན། དེ་ནས་གོང་ས་ཆེན་པོའི་བཀའ་དགོངས་བཞིན། གདན་ས་འབྲས་སྤུངས་བློ་གསལ་གླིང་གི་ཆོས་རར་གྲྭ་དུས་ཚོ་དང་མཉམ་དུ་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་རྩོད་སྒྲུབ་རིགས་པའི་ལམ་ནས་གསན་སྦྱོང་རྒྱ་ཆེར་མཛད་ནས་འཚོ་ཞིང་བཞུགས་པ་འདི་ཉིད་ལགས་སོ། །

དགའ་ལྡན་ཁྲི་ཐོག་གོ་བརྒྱད་པ་འཇམ་དཔལ་གཞན་ཕན་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གོ་བརྒྱད་པ་འཇམ་དཔལ་གཞན་ཕན་ནི། རབ་བྱུང་བཅོ་ལྔ་པ་ཆུ་ཁྱི་༡༩༢༢ལོར། ཁམས་འབའ་ཐང་དུ་དྲོད་ཐུམ་བྱས་ཏེ་འཁྲུངས། ཁང་པར་འཇའ་ཟུག་པ་སོགས་ལྟས་བཟང་པོས་བྱུང༌། དགུང་གྲངས་བཅུ་གཉིས་སོན་པར་འབའ་ཆོས་སྡེ་དགོན་དུ་སྒྲིག་ཞུགས་ཀྱིས་ཡི་གེ་ཀློགསྦྱངས་བྱས། དེ་ནས་བཟུང་ཉིན་རེ་ལྟུང་བཤགས་ཚར་བདུན་རེ་དང་ལོ་བཅུ་གསུམ་ནས་འཇམ་དཔལ་མཚན་བརྗོད་ཚར་རེ་བཅས་འཆར་ཅན་བཏོན། དགུང་གྲངས་བཅུ་བཞི་དབུས་སུ་བྱོན་ཏེ་དགའ་ལྡན་རྣམ་པར་རྒྱལ་བར་བྱང་རྩེ་ནོར་གླིང་གྲྭ་ཚང་དུ་ཞུགས། ཧར་གདོང་དགེ་བཤེས་ཆེན་པོ་ངག་དབང་ཆོས་འབྱོར་ཅེས་བཤེས་གཉེན་བཅུ་ཕྲག་ཙམ་བརྟེན་ཏེ་སློབ་སྦྱོང་མཐར་ཕྱིན་པར་མཛད། དགུང་གྲངས་སོ་ལྔ་ལ་ལྷ་རམས་དམ་འཇོག་དང་དེ་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་སྒྲག་ཞུགས་མཛད། མཁན་རིན་པོ་ཆེ་ངག་དབང་ལེགས་ལྡན་གྱི་དྲུང་ནས་རྒྱུད་པའི་འཆད་ཉན་ཡོངས་རྫོགས་ཞུས། དགུང་གྲངས་ཞེ་དྲུག་ལ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དང༌། ཞེ་དགུའི་ལོར་མཁན་ཁྲིར་བྱོན་ཏེ་ལོ་གསུམ་རིང་འཆད་ཉན་ཆ་ཚང་མཛད་དེ་ཟུང་བཞུགས་ཐོག་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཞི་བསྙེན་ཆེན་མོ་ཆ་ཚང་བ་དམ་པའི་ཕྱག་བཞེས་བཞིན་བསྐྱངས། དགུང་གྲངས་ང་དྲུག་ལ་བཀའ་འབྲེལ་སླར་ཡང་རྒྱུད་སྨད་པར་འཆད་ཉན་ལོ་གཅིག་བྱས། དགུང་གྲངས་རེ་གཉིས་ལ་བྱང་རྩེ་ཆོས་རྗེ་དང༌། དགུང་གྲངས་རེ་གསུམ་རབ་བྱུང་བཅུ་དྲུག་པའི་ཤིང་བྱི་༡༩༨༤ལོར་དགའ་ལྡན་གསེར་ཁྲིར་ལས་ཐོག་པ་མཛད་དེ་ཁྲི་པའི་མཛད་སྒོ་རྣམས་རིམ་བཞིན་བསྐྱངས། རབ་བྱུང་བཅུ་བདུན་པའི་ལྕགས་རྟ་༡༩༩༠ལོར་དུས་ཐིམ་པར་ལོ་དེའི་བོད་ཟླ་བཅུ་པའི་ནང་ཁྲི་གཤོལ་གྱིས་དགའ་ལྡན་ཆོས་སྒར་དུ་ཀུན་སྤངས་མཛད། མཐར་རབ་བྱུང་བཅུ་བདུན་པ་༡༩༩༤ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ།

དགའ་ལྡན་ཁྲི་ཐོག་གོ་དགུ་པ་ཡེ་ཤེས་དོན་འགྲུབ། བློ་གསལ་གླིང་།

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་གོ་དགུ་པ་ཡེ་ཤེས་དོན་འགྲུབ་ནི། བདག་ཉིད་ཆེན་པོ་འདི་གང་དུ་འཁྲུངས་པའི་ཡུལ་ནི། བོད་ལྗོངས་ཆོལ་ཁ་གསུམ་ལས་མདོ་ཁམས་སྟོད་ཀྱི་ཆར་གཏོགས་ཤིང༌། དགེ་བཅུ་ཚང་བའི་ས་ཆ་ཐར་ལམ་མཛད་འབུམ་ཞེས་གྲགས་པ་སྔ་དུས་ཆོས་རྒྱལ་རྣམས་ཀྱི་ལྷ་འབངས་སུ་གཏོགས་པའི་ཡུལ་ལྗོངས་ཡོན་ཏན་ཕུལ་དུ་བྱུང་བ་དེ་ཉིད་ཡིན་ལ། ཡབ་ནི་མཛད་འབུམ་ཚང་བསོད་ནམས་དངོས་གྲུབ་ཅེས་བྱ་བ་རྒྱལ་རིགས་ཕུན་སུམ་ཚོགས་པའི་རྒྱུད་ལས་བྱུང་བ་དད་པ་གཏོང་ཕོད་སོགས་ཡ་རབས་བཟང་པོའི་ངང་ཚུལ་དང་ལྡན་པ་དེ་ཉིད་ཡིན་ལ། ཡུམ་ནི་སྐལ་བཟང་སྒྲོན་མར་གྲགས་པ་བུད་མེད་ཀྱི་སྐྱོན་དང་བརལ་བ་གཡོ་སྒྱུ་ཆུང་ཞིང་རང་བཞིན་བཟང་བ་རྟག་པར་ཡིག་དྲུག་འདྲེན་པ་སོགས་དགེ་བའི་བྱ་བ་འབའ་ཞིག་ལ་གཞོལ་བ་ཞིག་གོ།

ཡབ་ཡུམ་འདི་གཉིས་ལ་སྲས་དྲུག་མངའ་བ་ལས་བདག་ཉིད་ཆེན་པོ་འདི་བཞི་པ་ཡིན། རབ་བྱུང་བཅོ་ལྔ་པའི་ལྕགས་ཕག་༡༩༡༡ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། མཚན་ལ་བློ་བཟང་ཚེ་རིང་ཞེས་གསོལ། གཞོན་ནུ་དེ་ཉིད་ནི་བྱིས་པའི་གནས་སྐབས་ཉིད་ནས་ཀྱང་བྱིས་པའི་སྤྱོད་ཚུལ་ལས་འདས་ཤིང༌། ཉེས་སྤྱོད་རྣམས་རང་བཞིན་གྱིས་བསྡམས། ཆགས་མེད་གཏོང་སེམས་ཅན་གཞན་ལ་སྙིང་བརྩེ་བ་སྙན་པར་སྨྲ་བ། དམ་པའི་ཡོན་ཏན་རྨད་དུ་བྱུང་བ་བདག་གིར་བཞེས་ཚུལ་དེ་ལྟར་ལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས། རིམ་གྱིས་དབུས་གཙང་དུ་བྱོན། དགུང་ན་ཕྲ་བས་རབ་ཏུ་བྱུང་བའི་ནར་མ་སོན་ནའང་བསྟན་པ་རིན་པོ་ཆེར་འཇུག་པ་ལ་ཐུགས་ཧ་ཅང་རིངས་པའི་ཚུལ་ནི་སྐུ་རྩེད་གནང་བའི་སྐབས་སུའང་ཁྲི་སྟེང་དུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་སོགས་རྣམ་པ་ཀུན་ཏུ་ཆོས་ཀྱི་སྤྱོད་པ་བཟང་པོ་སྣ་ཚོགས་མཛད། གཟུར་གནས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་འཐོར་བ་སོགས་བྱིས་པ་གཞན་དང་མི་འདྲ་བའི་ངོ་མཚར་ཅན་ཞིག་བྱུང༌། དགུང་གྲངས་བདུན་དུ་ཕེབས་པ་ན་དེ་གའི་བདེ་སྐྱིད་གླིང་དུ་ཆོས་ཞུགས་ཀྱིས་བོད་ཡིག་འབྲེི་ཀློག་སོགས་ཆོས་སྤྱོད་རྣམ་བཅུའི་བྱ་བ་མཐའ་དག་ལ་བསླབས་ཤིང་མཁས་པར་མཛད། དགུང་གྲངས་བཅུ་གཉིས་སུ་ཕེབས་པ་ན་སྲིད་འབྱོར་ཕུན་ཚོགས་ལ་ཡིད་རབ་ཏུ་འབྱུང་ནས་ཐར་པ་བླ་ན་མེད་པའི་རྒྱུ་མཆོག་དང་རབ་ཏུ་འབྱུང་བ་ནི་ཤཱཀྱའི་བརྟུལ་ཞུགས་བླ་ན་མེད་པར་གཟིགས་ནས་བདག་ཉིད་ཀྱང་དེ་དག་གི་རྣམ་ཐར་གཙང་མའི་རྗེས་སུ་ཅིའི་ཕྱིར་མི་འཇུག་སྙམ་དུ་དགོངས་པ་སོགས་ཐུགས་ཤིན་ཏུ་སྤྲོ་བ་དང༌། དགྱེས་པའི་སྒོ་ནས་ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མངའ་བདག་འགྲན་ཟླ་མེད་པའི་ཆོས་རྗེ་ཁྲི་འཇམ་དབྱངས་དམ་ཆོས་ཀྱི་ཡང་སྤྲུལ་ཡེ་ཤེས་དམ་ཆོས་དཔལ་བཟང་པོས་མཁན་སློབ་སྦྲགས་མ་མཛད་དེ་ཚིགས་སྔ་མ་རབ་ཏུ་བྱུང་བའི་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ནས་མཚན་ཡང་ཡེ་ཤེས་དོན་འགྲུབ་ཅེས་བྱ་བ་གསོལ། དགུང་གྲངས་བཅུ་བདུན་དུ་ཕེབས་པ་ན་ངེས་པར་མདོ་སྔགས་ཀྱི་གཞུང་ལ་དཔྱད་པ་དཔྱིས་ཕྱིན་པ་ཞིག་བྱེད་དགོས་པ་ཐུགས་ལ་ནར་མར་འཁྲུངས་ཏེ་རིང་ནས་བགྲོད་པའི་ལམ་གྱི་སྡུག་བསྔལ་བཟོད་པར་དཀའ་བ་དག་ལ་ཇི་མི་སྙམ་པར་ཆོས་འཚོལ་བ་ལ་རིངས་པ་དང་།

དཔའ་ཞིང་རྟུལ་ཕོད་པ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་ངང་ཚུལ་བཟུང་སྟེ་ཟླ་བ་གསུམ་གྱི་རིང་རྐང་བགྲོད་ཀྱིས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སྤོམ་འབོར་ཁང་ཚན་དུ་སྒྲིགས་ཞུགས་མཛད། དེ་སྐབས་བློ་གླིང་གྲྭ་ཚང་གི་མཁན་ཁྲི་གོ་བོ་བློ་གྲོས་རྒྱ་མཚོ་མཆོག་ཡིན་པ་དང༌། ཁག་ཐེག་དགེ་རྒན་ནི་རིན་པོ་ཆེ་ཉིད་ཀྱི་ཞང་པོ་དགེ་བཤེས་ངག་དབང་ཆོས་མཛད་ནས་གནང༌། ཁོང་དགེ་བཤེས་མཁས་པ་དང་བླ་མ་གཞུང་ལས་པ་ཡང་ཡིན། གདན་སར་སློབ་གཉེར་གནང་སྐབས་དཔེ་ཁྲིད་དགེ་རྒན་གཙོ་བོ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སྤོམ་ར་དགེ་བཤེས་ཡེ་ཤེས་བློ་ལྡན་མཆོག་ཡིན། གཞན་ཡང་ལྡན་མ་དགེ་བཤེས་སྟོང་དཔོན་རིན་པོ་ཆེ་དང༌། ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་སོགས་ནས་ཀྱང་བཀའ་གནད་དོགས་གཅོད་དཔེ་ཁྲིད་མང་པོ་ཞུས། དགུང་གྲངས་ཉི་ཤུར་ཕེབས་པ་ན་དཔལ་ལྡན་འབྲས་སྤུངས་པའི་འདུས་ཚོགས་ཀྱི་དབུས་སུ་དྲང་ངེས་ཀྱི་ཚོགས་ལངས་བཞེངས་པས་དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་རྒྱ་མཚོ་ལྟ་བུ་མཐའ་དག་ཀྱང་དམ་པ་འདིའི་བློ་གྲོས་ཀྱི་བང་མཛོད་ལས་འོངས་པའི་ལེགས་བཤད་གསར་པའི་དུས་སྟོན་ཉམས་སུ་མྱོང་བས་ཡིད་ཚིམས། འདུས་མང་ཡོངས་ནས་ངོ་མཚར་བའི་གཏམ་གྱི་དགའ་སྟོན་ལ་རོལ་བར་བྱས་པའི་དུས་འདའ་ཞིང༌། གདན་ས་གསུམ་ན་སྙན་པའི་བ་དན་ཆེས་ཆེར་གཡོ་བར་གྱུར་ཏོ། །དེའི་སྐབས་ཀྱི་རྩོད་ཟླ་ནི་ཕ་ར་རྒན་དཔལ་ཚོགས་ཡིན་འདུག དགུང་གྲངས་ཉེར་གསུམ་དུ་ཕེབས་པ་ན་རྩོད་ཟླ་སྤོམ་ར་རྒན་ཐུབ་བསྟན་ཚེ་རིང་དང་སྦྲགས་སྐབས་གཉིས་པ་ཚོགས་ལངས་དངོས་སུ་བཞེངས།

དགུང་གྲངས་ཉེར་བཞིར་ཕེབས་པ་ན་རྩོད་ཟླ་མི་ཉག་རྒན་དཀོན་མཆོག་གྲགས་པ་དང་སྦྲགས་སྐབས་བཞི་པའི་ཚོགས་ལངས་བཞེངས་ཏེ་མཁས་པའི་སྙན་གྲགས་ཆེས་ཆེར་སོང༌། དགུང་གྲངས་ཉེར་ལྔར་ཕེབས་པ་ན་བསྟན་པའི་ནང་མཛོད་སོ་སོར་ཐར་པ་རིགས་བདུན་གྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་ནི་དགེ་སློང་གི་སྡོམ་པ་ཉིད་དུ་གཟིགས་ཤིང་དགོངས་ནས་ཡོངས་འཛིན་བྱམས་པ་རིན་པོ་ཆེ་མཆོག་སྤྲུལ་རྗེ་བཙུན་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་མཆོག་གི་དྲུང་ནས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ཡང་དག་པར་བཞེས་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་རྫོགས་པས་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པ་ཚུལ་ཁྲིམས་མིག་གི་འབྲས་བུ་བཞིན་དུ་སྲུང་བར་མཛད། དགུང་གྲངས་སུམ་ཅུར་ཕེབས་པ་ན་དམ་ཆོས་འདུལ་བའི་ཚོགས་ལངས་དང༌། དགུང་ལོ་སོ་བཞིར་མཛོད་ཀྱི་ཚོགས་ལངས་བཞེངས་གནང་བ་གཉིས་ཀར་ཤག་སྐོར་མཁན་རིན་པོ་ཆེ་མཆོག་ནས་རྩོད་ཟླ་གནང༌། སྐབས་དེར་འཛིན་གྲོགས་མཁས་སྙན་ཆེ་བ་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན། སྐུ་ཞབས་བ་ཀུ་ལ་རིན་པོ་ཆེ། སྐུ་ཞབས་དར་མདོ་རིན་པོ་ཆེ། སྐུ་ཞབས་དྲིའུ་ལྷས་རིན་པོ་ཆེ་སོགས་དང༌། ཁ་གཏད་འཛིན་གྲྭ་ལྟག་མའི་ནང་ཚུལ་ཁང་བླ་མ་ཞེས་ཡོངས་སུ་གྲགས་པ་ལོག་སྨྲ་ཚར་གཅོད་པ་ལ་ཕྱོགས་གླང་གཉིས་པ་ལྟ་བུ་ཁོང་ཡོད་པ་རེད། དགུང་གྲངས་ཞེ་དྲུག་ཏུ་ཕེབས་པ་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ལོར་སྔར་སྲོལ་ལྟར་གདན་ས་གསུམ་གྱི་དགེ་བཤེས་ལྷ་རམས་པ་རྣམས་ནོར་གླིང་དུ་རྒྱལ་བ་དོན་གྱི་བདག་པོའི་སྤྱན་སྔར་རྩོད་རྒྱུགས་འབུལ་བཞེས་ལྟར་ཕུལ།

ལོ་དེར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་དུ་འདུ་བའི་མཁས་པ་ནམ་མཁའི་སྐར་ཚོགས་ལྟ་བུའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་འཇོག་གནང་མཛད་པར་མཁས་པའི་ཡང་རྩེར་ལྷ་རམས་ཨང་དང་པོའི་དང་པོ་མཚན་བཞེས་མཛད་ཅིང༌། གཞུང་ས་ནས་གནང་སྐྱེས་གྱ་ནོམ་པ་གསོལ་རས་བསྩལ། སྤྱིར་སྟངས་རིན་པོ་ཆེ་རང་གི་དགོངས་པར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་གྲུབ་རྗེས་ལམ་སེང་བྱ་བརལ་དུ་ཕེབས་ཏེ་མི་ལ་གཉིས་པ་གྲུབ་ཆེན་ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེའི་ཞབས་རྡུལ་སྤྱི་བོར་བསྟེན་ཏེ། སྒྲུབ་པའི་རྒྱལ་མཚན་སྲིད་པ་གསུམ་ན་བསྒྲེང་པའི་ཐུགས་འདུན་རིང་མོ་ཞིག་ནས་ཡོད་ཀྱང་རྒན་སྐྱོར་དཔོན་རིན་པོ་ཆེ་ནས་ནན་ཏན་ཆེན་པོས་བཀའ་སློབ་དང་འགྲེལ་རྒྱུད་ལ་སྒྲིག་ཞུགས་གནང་དགོས་པའི་བཀའ་བསྩལ་སྤྱི་བོར་ཕེབས་པར་བརྟེན། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྔགས་ཕྱོགས་ཀྱི་སློབ་གཉེར་མཐར་ཕྱིན་མཛད་སླད་ཆིབས་བསྒྱུར་གྱིས་སྒྲིག་ཞུགས་དང་འབྲེལ་དགེ་བའི་བཤེས་གཉེན་ཆེན་པོ་མཁན་རིན་པོ་ཆེ་མི་ཉག་ཚེ་བརྟན་ཞབས་ཀྱི་སྐུ་མདུན་ནས་རྒྱུད་པའི་འཆད་ཉན་གྱི་གཙོ་བོ་འགྲོལ་པ་བཞི་སྦྲགས་དང༌།

སྦས་དོན་ཀུན་གསལ་སོགས་གསན་བཞེས་མཛད། ཆོས་ཐོག་མ་ཟིན་གྱི་བར་རྒྱུད་པའི་བསྐྱེད་རིམ་པ་གསར་བུ་རྣམས་དང་མཉམ་དུ་ཉ་མོ་ཆུ་འདྲེས་བཞིན་ཆད་ལུས་མེད་པར་ཚུལ་བཞིན་བསྐྱངས་པར་མཛད། དགུང་གྲངས་ཞེ་དགུར་ཕེབས་པ་ན་༡༩༥༩ལོར་བོད་གངས་ཅན་གྱི་ལྗོངས་སུ་རྒྱ་དམར་གྱི་དམག་དཔུང་དྲག་པོའི་མི་བསྲུན་གདུག་རྩུབ་བཙན་པོས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང༌། དེ་འཛིན་དགེ་འདུན་སྡེ་བཅས་བཅོམ་པ་ན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོས་རླབས་ཆེན་ཐུགས་བསྐྱེད་ཟབ་མོའི་མཐུས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་བཀོད་དེ་ཌལ་ཧོར་སིར་བཞུགས། དགུང་གྲངས་ལྔ་བཅུ་ལྔ་གསུམ་ཕེབས་པ་ཆུ་ཡོས་༡༩༦༣ལོར་རྡ་ས་ཕོ་བྲང་རྙིང་པར་དགེ་བཤེས་དྲག་གྲས་སུམ་ཅུ་སོ་གཉིས་ཀྱི་རྒྱལ་བ་ཡབ་སྲས་གསུམ་དང༌། མཚན་ཞབས་རྣམ་པའི་དབུས་སུ་ཉིན་ཉེར་གཅིག་རིང་སྔགས་ཀྱིས་རྩོད་རྒྱུགས་འབུལ་བཞེས་མཛད་པར་སྔགས་རམས་ཨང་དང་པོའི་མཚན་བཞེས་བཀྲིན་བསྐྱངས་པ་བཅས། མདོར་ན་མདོ་སྔགས་ཀྱི་ཆོས་ཚུལ་ཀུན་ལ་ཐོས་བསམ་སྒོམ་གསུམ་གྱི་སྦྱངས་པ་ཡོངས་སུ་རྫོགས་པར་མཛད། རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་༡༩༦༣ལོར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་བསྐོ་གཞག་སྩལ་དོན་བཞིན་གཞན་ཡུལ་དུ་དབང་མེད་དུ་གྱར་དགོས་བྱུང་བ་ལ་བརྟེན་ལུགས་སྲོལ་གསར་རྙིང་དང༌། ཡུལ་ཁམས་གཤིས་ལུགས་མི་འདྲ་བ་ཚོགས་ཆོས་ཚོགས་ཡུལ་སོགས་གང་ཅིར་དཀའ་ངལ་སྣ་ཚོགས་པ་ཆུ་གཉེར་བཞིན་གཅིག་མཇུག་གཉིས་མཐུད་ཀྱིས་འཕྲད་ཀྱང་ངལ་བ་དང་དུ་བླང་སྟེ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཆོས་ཕྱོགས་ཀྱི་མཛད་སྒོ་ཚོགས་ཆོས་སློབ་གཉེར། ཆོ་ག་ཕྱག་ལེན། འདོན་རྟ་དབྱངས། ཐིག་རྡུལ་ཚོན། ཁྲིམས་སྒྲིག་ལམ་སོགས་གང་ཅིར་སླར་གསོ་ཚགས་ཚུད་དང་འབྲཻལ་ཐུགས་མཐུན་ཁྲིམས་གཙང་འདོད་བློ་ཚིམས་པ་མཛད།

མེ་རྟ་༡༩༦༦ལོར་བླ་མ་དབུ་མཛད་ཀྱི་ལོ་དུས་གཙང་པས་ལོ་དེར་རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་བསྐོ་གཞག་མཛད་ཅིང་ལོ་གསུམ་གྱི་རིང་མཁན་པོའི་ཞུ་སྒོ་གཙོ་བོ་འགྲེལ་པ་བཞི་སྦྲགས་ཀྱིས་མཚོན་པའི་ཆོས་འཆད་སྤེལ་སོགས་ཆད་ལུས་མེད་པ་མཁན་རབས་གོང་མའི་རྣམ་ཐར་སྐྱོང་བར་མཛད། ས་བྱ་༡༩༦༩ལོར་རྒྱུད་སྟོད་གྲྭ་ཚང་གི་མཁན་པོའི་ལས་དུས་གཙང་པ་དང་ཌལ་ཧོར་ནས་མ་སུ་རིར་ཕེབས་བཞུགས་ཀྱིས་ངོ་ཤེས་གཏན་ནས་མེད་པས་རྒྱ་གར་བ་ཁེ་གཙང་གི་དབུས་སུ་འཇིགས་བྱེད་ཀྱི་གཞི་བསྙེན་ལོ་ལྔ་རིང་སྐུ་མཚམས་དམ་པོར་བཅད་དེ་ཁ་སྐོང་སྦྱིན་སྲེག་དང་བཅས་པ་ལེགས་གྲུབ་དང༌། དེ་རྗེས་གང་འོས་ཀྱི་མཚམས་བསྙེན་སྒྲུབ་དང་སྤོང་བ་བསམ་གཏན་ལ་རོལ་བར་མཛད། རིང་མིན་མ་སུ་རིར་གནས་སྡོད་བོད་རིགས་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། མ་སུ་རིའི་དགོན་པ་བཤད་སྒྲུབ་ཆོས་འཁོར་གླིང་གི་ཉེ་འཁྲིས་སུ་གཟིམ་ཤག་གསར་པར་གདན་དྲངས་པ་བཞིན་ཆིབས་སྒྱུར་བསྐྱངས་ཏེ། མི་མང་རྣམས་ལ་དུས་བཟང་སོ་སོར་བཀའ་ཆོས་དང༌། དེར་ཡོད་སློབ་ཕྲུག་བརྒྱ་ཕྲག་འགའ་ཤས་ལ་དགེ་ཚུལ་གྱི་དངོས་པོ་བསྩལ། རྗེས་སུ་བཤད་སྒྲུབ་ཆོས་འཕེལ་གླིང་གི་དཀོན་གཉེར་ཐུབ་བསྟན་བསམ་འཕེལ་ནས་གསོལ་བ་བཏབ་པ་བཞིན། ཡུལ་དགོན་དེའི་ནང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ལྗགས་ལུང་གནད་སྨིན་བཀྲིན་བསྐྱངས།

དགུང་གྲངས་བདུན་ཅུ་དོན་གཉིས། ཤིང་བྱི་༡༩༨༤ ཟླ་ ༢ ཚེས་ ༡༥ལ་ཤར་རྩེ་ཆོས་རྗེར་བསྐོ་བཞག་བཀྲིན་ཆེ་བ་བཞིན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་སྟབས་བསྟུན་རྒྱ་གར་བྱང་ཕྱོགས་རྒྱལ་བའི་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་དགོས་སྐོར་ཕེབས་པ་བཞིན་སྐུ་བཅར་ཞུས་ཏེ། ༡༩༨༤ ཕྱི་ཟླ་༣ ཚེས་༡༡གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ཁྲི་འདོན་མཇལ་ཁ་དང་འབྲཻལ་རིགས་ལམ་སློབ་གཉེར་ཁང་དུ་རྟེན་འབྲཻལ་མཛད་སྒོ་གནང༌། མེ་སྟག་༡༩༨༦ལོའི་དགུན་ཐོག་འབྲས་སྤུངས་སུ་ཆིབས་བསྒྱུར་གྱིས་འབྲས་སྤོམ་ར་ཁང་ཚན་དང༌། ཏྲེ་ཧོར་བཀའ་འགྱུར་རིན་པོ་ཆེ། མཚོ་སྣ་རིན་པོ་ཆེ་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་འབྲས་བློ་གླིང་སྤོམ་ར་ཁང་ཚན་གྱི་འདུ་ཁང་ནང་ཕར་ཕྱིན་བཤད་ཁྲིད་ཆ་ཚང་ཞིག་གནང༌། དགུང་གྲངས་བརྒྱད་ཅུར་ཕེབས་པ་༡༩༩༠ ཐམ་པ་ཟླ་ ༡༡ ཚེས་ ༢༦རབ་བྱུང་བཅུ་བདུན་པ་ལྕགས་རྟ་ཟླ་ ༡༠ ཚེས་ ༦ གཟའ་སྐར་འཕྲོད་སྦྱོར་ཕུན་ཚོགས་ཉིན་སྔར་སྲོལ་བཞིན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་བཀྲ་ཤིས་ཀྱི་དགེ་མཚན་དང་བཅས་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་གོ་དགུ་པའི་ཁྲི་འདོན་རྟེན་འབྲཻལ་གྱི་མཛད་སྒོ་བསྐྱངས་ནས་ལམ་རིམ་ཆེན་མོའི་ཟབ་བཤད་ཀྱིས་མཚོན་ཁྲི་པའི་གནང་སྒོ་ཁག་དང༌། ལྷག་དོན་སྨོན་ལམ་ཆེན་མོའི་ཁྲི་པའི་མཛད་ཁུར་བཞེས་ཐོག སྐྱེས་རབས་སོ་བཞི་པའི་ཆོས་འབྲཻལ་བསྐྱངས་ཏེ་སྐྱེ་བོ་མང་པོར་ཐར་པའི་ས་བོན་གྱི་དགེ་རྩ་བསྐྲུན་པར་མཛད།

༡༩༩༥ ཕྱི་ཟླ་ ༥ ཚེས་ ༢༨ཉིན་ཞིང་འདིར་རེ་ཞིག་སྐུ་ཚེ་འདིའི་གདུལ་བྱ་རྫོགས་ནས་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་མྱ་ངན་ལས་འདས་པའི་མཛད་པ་ངོ་མཚར་བའི་ལྟས་དུ་མ་དང་བཅས་རེ་ཞིག་སྐུ་ཞི་བ་ཆོས་ཀྱི་དབྱིངས་སུ་གཞོལ་བའི་ཚུལ་བཞེས་ཏེ་ཉིན་མཚན་བདུན་གྱི་བར་ཐུགས་དམ་ལ་བཞུགས་པའི་རིང༌། དམ་པ་དེ་ཉིད་ཀྱི་བཞུགས་ཤག་དང་ཁང་ཚན་རྙིང་པའི་ར་སྐོར་དུ་གྲྭ་ཚང་དང༌། ཁང་ཚན་ཁག མཁན་བླ་དགེ་བཤེས། དད་སློབ་འདུས་མང་བཅས་ནས་ཞབས་མཇུག་མཆོད་འབུལ་རྒྱ་ཆེར་ཞུས། ཕྱི་ཟླ་ ༦ ཚེས་ ༡ ཉིན་ཞོགས་པ་ཆུ་ཚོད་ ༧ ཐོག་སྐུ་པུར་གཟིམ་ཤག་ནས་གདན་དྲངས་ཏེ་ཞུགས་འབུལ་ཞུས། དེ་ཉིན་དགོང་དྲོ་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་གཉིས་ཆེད་མངགས་མཆོད་འབུལ་ཞུ་བར་ཕེབས། ཚེས་ ༦ ཉིན་ཞུགས་འབུལ་མཆོད་རྟེན་ཁ་དབྱེ་སྟེ་སྐུ་རུས་གྲྭ་ཚང་དང༌། ཁང་ཚན། དེ་ནས་གཟིམ་ཤག་ཏུ་གདན་དྲངས་ཏེ་རང་གཞུང་སྐུ་ཚབ་ཆེད་ཕེབས་སྤྱི་འཐུས་དང༌། གཞིས་འགོ་སོགས་ཀྱིས་མཇལ་ཁ་ཞུས། ཕྱི་ཟླ་༦ ཟླ་མཇུག་ཏུ་བླ་བྲང་ནས་གདན་ས་གསུམ་དང༌། གསང་ཆེན་རྒྱུད་གྲྭ་སྟོད་སྨད་བཀྲ་ཤིས་ལྷུན་པོ་སོགས་སུ་མཆོད་སྤྲིན་རྒྱ་ཆེར་འབུལ་བཤམས་དང་འབྲཻལ་དགའ་ལྡན་ཚོགས་ཆེན། རྒྱུད་སྟོད་གྲྭ་ཚང༌། འབྲས་སྤུངས་སྤོམ་ར་ཁང་ཚན་བཅས་ལ་འདྲ་སྐུ་མི་ཚད་མ་རེ་འཇོག་འབུལ་ཞུས། གསེར་གདུང་རིན་པོ་ཆེ་དེ་ནི་བློ་གསལ་གླིང་གཙུག་ལག་ཁང་གི་རྟེན་གྲས་གཡས་པའི་ནང་བཞུགས་སུ་གསོལ། གསུང་ལས་སྐྱེས་པའི་སློབ་མ་ཡང༌། ཐར་ལམ་སྤྲུལ་སྐུ་དཔལ་ལྡན་ཡེ་ཤེས་དང༌། རྒྱལ་ཐང་རྒྱལ་ཟུར་སྤྲུལ་སྐུ་བློ་བཟང་དཔལ་ལྡན། ཟངས་འབུམ་རིན་པོ་ཆེ་སོགས་རྒྱས་སྲས་སྤྲུལ་པའི་སྐུ་དང༌། གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས། རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་སྒྲེངས་པའི་བྱ་བཏང་པ་བཅས་ཤིན་ཏུ་མང་པོ་བསྐྱངས།

དགའ་ལྡན་ཁྲི་ཐོག་བརྒྱ་པ་ཆོས་རྗེ་བློ་བཟང་ཉི་མ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བརྒྱ་པ་ཆོས་རྗེ་བློ་བཟང་ཉི་མ་ནི། མདོ་ཁམས་ཚ་སྨད་རུ་སྐོར་བཅུ་གཉིས་ཀྱི་ནང་ཚན་གྱང་དམར་གྲོང་དུ། ཡབ་རྡོ་རྗེ་བཀྲ་ཤིས་དང་ཡུམ་ཡེ་ཤེས་ལྷ་མོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་༡༩༢༩ལོར་འཁྲུངས། སྐུ་ན་ཆུང་དུས་ནས་གྲོང་དེའི་ནང་དུ་སྔ་འགྱུར་རསྙིང་མའི་མཁས་པ་ངག་དབང་ཡེ་ཤེས་པའི་དྲུང་ནས་ཡི་གེའི་ཕྱི་མོ་ཀ་ཁ་ནས་སྦྱོར་ཀློག་དང༌། གསང་སྔགས་རསྙིང་མའི་ཆོས་སྐོར་བཅས་ལ་བསླབས། དགུང་ལོ་བཅུ་གཉིས་པར་བར་ཁམས་ཚ་བ་བྲག་ཡུལ་དགོན་དུ་ཆོས་ཞུགས་གནང་ནས་གསང་བདེ་འཇིགས་གསུམ་བདག་མདུན་བུམ་གསུམ་སོགས་དགོན་དེའི་ཆོས་སྤྱོད་ཆོ་ག་ཁག་ཐུགས་འཛིན་དང༌།བྱཞོར་དུ་སུམ་རྟགས་དག་གསུམ། གར་ཐིག་དབྱངས་གསུམ། འབུད་རྡུང་དཀྲོལ་གསུམ་སོགས། མདོར་ན་གཞིས་དགོན་དེའི་བྱེད་སྒོ་མཐའ་དག་ལ་མཁས་པར་བསླབས།

དགུང་ལོ་བཅུ་བདུན་༡༩༤༥པར་དབུས་འགྱུར་ཆོས་ཀྱི་ཞིང་སར་བསྙྙེགས། གདན་ས་འབྲས་སྤུངས་བློ་གསལ་གླིང་གི་ཁང་ཚན་དང་པོ་ཚ་བའི་ཁོངས་སུ་སྒྲིགས་ཞུགས་གནང༌། གཙང་པ་མཁན་པོ་ཡེ་ཤེས་སྦྱིན་པ་ལས་བརྩི་བཞག་གསན། རྒྱལ་རོང་མཁན་ཟུར་འཇམ་དཔལ་བསམ་འཕེལ་དང༌། ཚུལ་ཁང་མཁན་ཟུར་ཡེ་ཤེས་ཐུབ་བསྟན། ཕ་ར་མཁན་ཆེན་པདྨ་རྒྱལ་མཚན། ཤག་སྐོར་མཁན་པོ་ཉི་མ་རྒྱལ་མཚན། སྟོད་མཚམས་སྤྲུལ་སྐུ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ། ཏྲེ་ཧོར་དགེ་བཤེས་བསོད་ནམས་མགོན་པོ། འདན་མ་བློ་ཆོས་རིན་པོ་ཆེ། དགེ་བཤེས་འཇམ་དབྱངས་ཉི་མ་སོགས། རྒྱན་དྲུག་གཅིག་ཏུ་བསྡུས་འདྲའི་མཁས་པའི་བཤེས་གཉེན་བཅུ་ཕྲག་ལྷག་གི་ཞབས་རྡུལ་སྤྱི་བོར་བླངས་ནས། བསྡུས་ཚན་ཁག་དང་དབུ་ཕར་གྱི་གཞུང་ལ་རྩོད་སྒྲུབ་རིགས་པའི་ལམ་ནས་གསན་བསམ་རྒྱ་ཆེར་མཛད། བྱམི་ལོ་བཅུ་གཉིས་རིང་འཇང་དགུན་ཆོས་འགྲིམས་ནས་རྭ་བ་སྟོད་དུ་དམ་འཇོག་མཛད་པས་མཁས་པའི་མཚན་སྙན་འབར། རང་ལོ་ཉེར་ལྔ་པར་ཚ་བ་ཁང་ཚན་དགེ་རྒན་བྱས་ནས་ཁང་ཚན་དེའི་ཕྱི་སྤྱོད་ནང་ཡོན་གཉིས་ཀ་སྔོན་བྱོན་དམ་པའི་ཕྱག་རྗེས་བཞིན་མཇུག་སྐྱོང་རླབས་པོ་ཆེ་མཛད། ས་ཕག་དུས་འགྱུར་བྱུང་རྗེས་འབྲུག་ཡུལ་རྒྱུད་འཕགས་ཡུལ་དུ་ཞབས་སོར་འཁོད་ནས་སྦག་སར་ཆོས་སྒར་དུ་མི་ལོ་དགུ་རིང་སློབ་གཉེར་འཕྲོ་འཐུད་གནང༌། ཞོར་དུ་ཐ་སྙད་རིག་གནས་སྐོར་ལའང་སྦྱོང་བརྩོན་གནང༌།

མེ་རྟ་༡༩༦༦ ལོར་ཝཱ་ཎཱ་བོད་ཀྱི་མཐོ་སློབ་ཏུ་ཞུགས་ནས་ཨ་ཙཱ་¿འི་མཚན་གནས་བཞེས། ལྕགས་ཕག་༡༩༧༡ལོར་མཐོ་སློབ་ཐོན་པའི་མཁས་པ་ཚོ་༧གོང་ས་མཆོག་གིས་རྡ་སར་བསོངས་ཏེ། གསེར་ཀོང་མཚན་ཞབས་རིན་པོ་ཆེ། རྣམ་གྲྭ་མཁན་པོ་བྱང་རྩེ་དགེ་བཤེས་བསམ་གཏན་ཆོས་འཕེལ། རྒྱུད་གྲྭ་སྟོད་སྨད་ཀྱི་མཁན་ལས་ཟུར་དང་བླ་མ་དབུ་མཛད་བཅས་ཚོགས་པའི་དབུས། ཉིན་བཅུ་གཉིས་རིང་རྩོད་རྒྱུགས་བཞེས་པའི་ཁྲོད་དུ་ཕེབས་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་སྤྲོས། དེ་རྗེས་གདན་ས་སོ་སོར་དགེ་བཤེས་གྲྭ་སྐོར་དམ་འཇོག་ཕེབས་ནས་བཀའ་པོད་ལྔའི་དམ་བཅའ་བཞག སྐྱེས་སྦྱངས་གོམས་པའི་ཤེས་རབ་རྩལ་གྱིས་གཞུང་དོན་བཀའ་གནད་ཕྲ་མོ་རྣམས་ཟབ་གསལ་མྱུར་བའི་ལམ་ནས་དགག་བཞག་སྤོང་གསུམ་གྱི་དབྱེ་མཚམས་མ་འདྲེས་པར་མཛད་པས་གདན་སའི་མཁས་རྒུས་བསྔགས་པའི་མེ་ཏོག་མཐོར།

རྒྱུད་གྲྭ་སྟོད་སྨད་དུ་ཕེབས་ནས་ཀྱང་དམ་འཇོག་མཛད། ཕྱི་ལོ་རྡ་སར་ཕེབས་ནས་སྨོན་ལམ་ཆེན་མོའི་ནང་དམ་བཅའ་བཞག་པས་ཨང་རིམ་དང་པོའི་མཚན་གནས་བླངས། རྒྱུད་གྲྭར་སྔགས་ཀྱི་དམ་འཇོག་རྩེ་སོན་གནང༌། རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་དང༌། པཎ་ཆེན་ཆོས་ཀྱི་ཉི་མ། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས། ཚུལ་ཁང་བླ་མ། ནགས་ཤོད་སྟག་ཕུ། བྲག་གཡབ་ཆུང་ཚང་སོགས་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས། གསང་བདེ་འཇིགས་གསུམ་དང༌། མདོ་སྔགས་ཀྱི་ལམ་རིམ། དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་སོགས་མདོ་སྔགས་ཀྱི་དབང་ལུང་མན་ངག་རྒྱ་ཆེར་ཞུས། རྒྱུད་སྨད་དུ་ཕེབས་ཏེ་ྜྲིཀ་ལེའུ་དང་པོའི་སྐྱོར་དཔོན་གནང༌། ཊཱིཀྐ་ཐུགས་འཛིན་དང་རྒྱུད་གྲྭའི་དགེ་བསྐོས་གནང་ནས་སྒྲིག་འཛུགས་ཚུལ་བཞིན་གནང་བའི་མུར་༡༩༧༡ལོར་ཝཱ་ཎཱ་མཐོ་སློབ་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་པའི་མིང་ཐོ་ཐོན་ན་ཡང༌། ྋགོང་ས་མཆོག་གིས་རྒྱུད་པའི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་གནང་བར་བརྟེན་བླ་མ་དབུ་མཛད་ཀྱི་ཁྲིར་འཁོད། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མའི་ཁྲིར་ཕེབས་ཏེ། གཏོར་ཆེན་དང་བདག་འཇུག་གི་རྡོར་སློབ། བསྐྱེད་རིམ་སྐྱོར་རྒྱུ། ཐབ་ཐིག་དང་དིལ་འཁོར། ཐིག ། རྡུལ་ཚོན། རྒྱུད་པའི་དགེ་སློང་དང་གསར་ཞུགས་བཅས་ཀྱི་རྒྱུགས་བཞེས་ཚ་ནན་གནང་བས་མཚོན། མདོར་ན་བླ་མའི་བྱེད་སྒོ་ཆ་ཚང་ཉམས་འོག་ཏུ་ཚུད་ནས་ཕྱག་བསྟར་གནང༌། ཤིང་སྟག་༡༩༧༤ལོར་རྒྱུད་པའི་མཁན་ཁྲིར་ཕེབས་ནས། རྒྱུ་གྲྭའི་འཆད་མཉན་ཀྱི་སྐོར། སྦས་དོན་ཀུན་གསལ། འགྲེལ་བ་བཞི་སྦྲགས། བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ། རྫོགས་རིམ་རིམ་ལྔ་གསལ་སྒྲོན་སོགས་ཀྱི་ཁྲིད་དང་བརྩི་བཞག། རྫོགས་རིམ་དམར་ཁྲིད་ཁྲུས་ཁང་བརྩི་བཞག དེ་བཞིན་སྨད་རྒྱུད་ཁྲིད་ཆེན་བརྒྱད་ལ་སོགས་པ་ཐུགས་ཐོག་ནས་འཆད་མཉན་དགོས་པའི་རིགས་དང༌། གསང་བདེ་འཇིགས་གསུམ་ཀྱི་བསྐྱེད་རིམ། རྗེ་ཤེར་སེང་པའི་ྜྲིཀ་ལེའུ་བཅུ་གསུམ་པའི་མཚམས་སྦྱར་བར། སོ་ཐར་མདོ་རྒྱས་པ་སོགས་མདོར་ན་མཁན་པོ་མི་ལོ་གསུམ་གནང་རིང་རང་འཁྲིས་མཛད་སྒོ་ཡོངས་རྫོགས་ཕྱག་བསྟར་ཚུལ་བཞིན་གནང༌།

མེ་འབྲུག་༡༩༧༦ལོར་མཁན་ཁྲི་ལས་ཟུར་བ་དང༌། ྋགོང་ས་མཆོག་གི་བཀའ་དགོངས་བཞིན་རྩེ་རྣམ་རྒྱལ་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ་དགོན་དེའི་གསང་བདེ་འཇིགས་གསུམ། དུས་འཁོར། ཕུར་པ་བཅས་པའི་སྒྲུབ་མཆོད་ཁག མགོན་ཆོས། ལྷ་མོ་བཅས་ཀྱི་གཏོར་རྒྱག་ཁག་གི་རྡོར་སློབ་གནང༌། གྲྭ་གསར་ཚོར་མདོ་སྔགས་ཀྱི་ལམ་རིམ་དང༌། ལྕང་སྐྱ་གྲུབ་མཐའ། བསྡུས་གྲྭ་སོགས་ལོ་འཁོར་རྒྱུགས་སྤྲོད་ཀྱི་སྒྲིག་གཞི་གསར་བཏོད་གནང༌། ཆུ་ཕག་༡༩༨༣ལོར་རྣམ་གྲྭ་མཁན་པོ་མཛད་བཞིན་པའི་མུར་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས་ཏེ་དམིགས་བསལ་དགེ་བཤེས་རྩོད་རྒྱུགས་བཞེས་སྐོར་སོགས་བསྟན་པར་སྨོན་པའི་མཛད་འགན་རྒྱ་ཆེར་བཞེས།

སྔ་ཕྱི་མི་ལོ་བཅུ་གཅིག་ཙམ་མཁན་ཁྲིར་བཞུགས་ནས་ཁྲི་ལས་ཟུར། རབ་བྱུང་བཅུ་བདུན་པའི་ཤིང་ཕག་༡༩༩༥ལོར་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་ཁྲིར་ཞབས་ཟུང་འཁོར་ལོའི་རེ་ཁ་མངོན་པར་བཀོད་དེ་མདོ་སྔགས་ཀྱི་བཀའ་ཆོས་རྒྱ་ཆེར་གནང༌། སྔ་ཕྱིར་ནུབ་གླིང་ཨ་རིའི་རྒྱལ་ཁབ་དང༌། ཁ་ན་ཏ། དེ་བཞིན་ཐེ་ཝན། སིང་ག་པུར། བལ་ཡུལ། འབྲུག་པ་སོགས་སྐུད་དང་ཤ་མདོག་མི་གཅིག་པའི་རྒྱལ་ཁབ་དང་ཡུལ་གྲུ་དུ་མར་ཞབས་སོར་འཁོད་དེ། འཇམ་མགོན་ཙོང་ཁ་པ་ཆེན་པོས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། ། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་བསྟན་དེ་གསལ་བར་བྱེད་པར་ཤོག །ཅེས་གསུངས་པ་དང་སྒོ་མཐུན་པར་གདུལ་བྱ་རང་རང་གི་ཁམས་དང་མོས་པ་འཚམས་པའི་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ལྕགས་སྦྲུལ་༢༠༠༡ལོར་ཝཱ་ཎཱ་མཐོ་སློབ་ཁང་ནས་རྗེ་འདི་ཉིད་དང་རྒྱ་གར་མཁས་པ་གྲགས་ཅན་གཉིས་ལ་ཆེས་སྙན་གྲགས་ཆེ་བའི་འཕགས་བོད་ཤན་སྦྱར་གྱི་ཕུལ་བྱུང་མཁས་པའི་གཟེངས་རྟགས་ཕུལ།

ལྕགས་སྦྲུལ༢༠༠༡ལོར་རྡོ་རྗེ་གདན་དུ་སྨོན་ལམ་ཚོགས་དབུར་ཕེབས་སྐབས་༧གོང་ས་མཆོག་གི་ཚབ་ཞུས་ཏེ། སྐད་དང་ཤ་མདོག་མི་གཅིག་པའི་མི་རིགས་འདྲ་མིན་འབུམ་ཕྲག་བཞི་ལྷག་ཚོགས་པར་ལམ་གཙོ་རྣམ་གསུམ་གྱི་ཁྲིད་དང༌། སྒྲོལ་དཀར་ཚེ་དབང་སོགས་བཀའ་ཆོས་འཆད་པ་དང༌། ཉེ་སྔོན་ཡང་མཁས་མང་བློ་གསལ་གླིང་གི་འདུ་ཁང་དུ་བླ་སྤྲུལ་དགེ་བཤེས་དང་གྲྭ་དམངས་སྟོང་ཕྲག་ལྷག་ལ་དགའ་ལྡན་ལྷ་བརྒྱའི་ཁྲིད་ལུང་གནང་བས་མཚོན་སྔ་ཕྱིར་ཟབ་རྒྱས་ཆོས་ཚུལ་རྒྱ་ཆེར་སྤེལ། གཞན་ཡང་དགའ་འབྲས་གཉིས་སུ་སྔ་ཕྱིར་དགེ་ཚུལ་སྟོང་ཕྲག་ལྷག་སྒྲུབ་པ་དང༌། ཡོངས་རྫོགས་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པའང་དུ་མར་གནང༌།

དགེ་ལུགས་རྒྱུགས་སྤྲོད་ཀྱི་ཐེབས་རྩ་ཧིན་སྒོར་སུམ་འབུམ་དང༌། འབྲས་སྤུངས་ཚོགས་ཆེན་དུ་རྒྱན་དྲུག་མཆོག་གཉིས་ཀྱི་ཞལ་ཐང་དགུ་བློ་གླིང་གྲྭ་ཚང་དུ་ཙོང་ཁ་བརྒྱད་ཅུའི་ཞལ་ཐང་བཅོ་ལྔ་སྤྱི་འཇོག་གནང་བ་སོགས་བཤད་སྒྲུབ་ལས་གསུམ་གྱིས་བསྟན་པ་ལ་བྱ་བ་རྒྱ་ཆེར་བྱས། གསུང་གི་ལེགས་བཤད་ཀྱང༌། རྒྱུད་སྨད་ཆོས་འབྱུང་དང༌། རྒྱུད་སྨད་ཀྱི་བླ་རྒྱུད་གསོལ་འདེབས། བླ་སྤྲུལ་ཁག་དུ་མའི་ཞབས་བརྟན་གསོལ་འདེབས་འདྲ་མིན། རིག་བྱེད་མའི་བསྟོད་པ་དང༌། གཡང་འགུག་སྲིད་གསུམ་དབང་དུ་འགུགས་པའི་ལྕགས་ཀྱུ། བྱམས་པའི་བསྟོད་ཆེན། བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་སོགས་ཆོས་ཚན་མང་པོ་ཞིག་མཛད་པ་རྣམས་ད་ལྟར་ཕྱོགས་སྒྲིག་ཞུ་འཆར་ཡོད་པ་འདྲ། གསུང་ལས་སྐྱེས་པའི་སློབ་མ་ཡང༌། རྒྱུད་སྟོད་མཁན་ཟུར་ཚུལ་ཁང་རྡོ་རྗེ། གངས་དཀར་རིན་པོ་ཆེ། གྲགས་པ་སྤྲུལ་སྐུ་བསྟན་འཛིན་ཆོས་ཀྱི་རྒྱ་མཚོ། གླིང་ཆུང་ཚང༌། གོ་བོ་དགོན་གསར་སྤྲུལ་སྐུ། རྒྱལ་རོང་མཁན་སྤྲུལ། མགར་ཐར་སྤྲུལ་པའི་སྐུ། གཙང་གཤིས་གྲྭ་སྨད་སྤྲུལ་སྐུ། གཙང་སྤྱོད་ཕ་ར། ལྷོ་པ་རྒྱ་ར་སྤྲུལ་སྐུ། ལྷོ་པ་ཚྭ་འབྲོང༌། བྲག་གཡབ་ཆུང་ཚུང༌། བྲག་གཡབ་བླ་དགོན། ཀེའུ་ཚང༌། གླིང་གྲུབ་པ་སྤྲུལ་སྐུ། འགལ་ལ་སྤྲུལ་སྐུ། ཏྲེ་ཧོར་འཁྲུངས་སར་སྤྲུལ་སྐུ། ཆོས་གླིང་སྤྲུལ་སྐུ། ཚ་བ་ལྷ་ལྡིང་སྤྲུལ་སྐུ། བྲག་སྒོ་སྤྲུལ་སྐུ། འདན་མ་རྨུ་བཟའ་སྤྲུལ་སྐུ། ཁམས་མགྱོགས་སྤྲུལ་སྐུ། བ་ར་སྤྲུལ་སྐུ། རི་སྐུ་སྤྲུལ་སྐུ། ཕུ་ཁང་ཡར་ཁ་སྤྲུལ་སྐུ། བཤད་གླིང་སྤྲུལ་སྐུ་སོགས་བསྟན་པ་ཕྱོགས་མཐར་སྤེལ་བའི་བླ་སྤྲུལ་དང་ཉམས་ལེན་རྒྱུད་དང་འདྲེས་པའི་བྱ་བཏང་པས་མཚོན་སློབ་ཚོགས་ཤིན་ཏུའང་མང་བས་བགྲངས་པར་མི་ནུས།

རབ་བྱུང་བཅུ་བདུན་པའི་ཆུ་རྟ་༢༠༠༢ལོར་ཁྲི་ལས་ཟུར་ནས་ཀྱང་ལྷ་སྔགས་ཏིང་འཛིན་གྱི་རྣལ་འབྱོར་ལ་བརྩོན་ཞོར་དོན་གཉེར་ཅན་གྱི་སློབ་ཚོགས་ཤིན་ཏུ་མང་པོར་མདོ་སྔགས་ཀྱི་དཔེ་ཁྲིད་དང༌། དབང་ལུང་མན་ངག་གི་བཀའ་ཆོས་གསུང་བཞིན་དགེ་ལྡན་བསྟན་པའི་རྒྱལ་མཚན་བླ་ནས་བླ་ན་འདེགས། མཐར་དགུང་ལོ་ རབ་བྱུང་བཅུ་བདུན་པའི་ས་བྱི་སྤྱི་ལོ་2008་ལོར་སྐུ་ཞི་བར་གཤེགས། ཐུགས་དམ་ཟླ་བ་མ་ཟིན་ཙམ་བཞུགས། དེའི་རིང་ལ་འཛམ་གླིང་ཤར་ནུབ་ཀྱི་ཚན་རིག་མཁས་ཅན་དང༌། གསར་འགོད་པ་སོགས་མང་པོས་ཞིབ་འཇུག་དང༌། ཡ་མཚན་པ་དང༌། ཧང་སངས་པའི་བཤད་པ་འདྲ་མིན་གྱིས་ནང་བསྟན་སྤྱི་དངཡང་སྒོས་དགེ་ལྡན་པའི་བསྟན་པའི་ཆེ་བ་བླ་ན་བཏེགས། ཧི་དི་དང་། ཁ་ཆེ། ཡི་ཤིས། ཇོན་སོགས་ཆོས་ལུགས་འདྲ་མིན་གྱི་བླ་མ་དང༌། མི་དམངས་དཀྱུས་མ་ཤིན་ཏུ་མང་པོ་ཉིན་མཚན་ཁོར་མོ་ཡུག་ཏུ་མཇལ་ཁ་བཅར་བ་སོགས་ཀྱི་རྨད་དུ་བྱུང་བའི་རྣམ་པར་ཐར་བ་(རྣམ་ཐར་ས་བོན་རྒྱས་པ་ཟུར་དུ་ཡོད)བདག་གིར་བསྐྱངས། གདུང་རྟེན་དངུལ་གྱི་མཆོད་སྡོང་བྱིན་རླབས་ཀྱི་མཚན་ཁ་འབར་བཞིན་འབྲས་སྤུངས་བསལ་གླིང་གྲྭ་ཚང་དང༌། ཚ་བ་ཁང་ཚན་གཉིས་སུ་བཞུགས།

དགའ་ལྡན་ཁྲི་ཐོག་བརྒྱ་དང་དང་པོ་ལུང་རིག་རྣམ་རྒྱལ་དཔལ་བཟང་པོ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བརྒྱ་དང་དང་པོ་ལུང་རིག་རྣམ་རྒྱལ་དཔལ་བཟང་པོ་ནི། རབ་བྱུང་བཅོ་ལྔ་མེ་ཕོ་སྟག་༡༩༢༦ལོར་སྤོམ་འབོར་སྒང་གི་ཉེ་འགྲམ་དུ་ཡབ་བློ་བཟང་ཕུན་ཚོགས་དང༌། ཡུམ་ནོར་འཛོམས་ཆོས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་གྲངས་བདུན་ལ་ཕེབས་པར་འཇོལ་བདེ་ཆེན་གླིང་གི་མཁན་པོ་བློ་བཟང་ཀུན་དགའ་འཕྲིན་ལས་དཔལ་བཟང་པོའི་དྲུང་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང༌། ལི་ཐང་དགོན་ཆེན་གྱི་མཁན་པོ་སྒོ་སོགས་མཆོག་སྤྲུལ་རྗེ་བཙུན་བློ་བཟང་འཇམ་དཔལ་སྙིང་པོ་ལུངརིགས་བསྟན་འཛིན་རྒྱ་མཚོའི་དྲུང་ནས་བསྙེན་པར་རྫོགས། དགུང་གྲངས་ཉི་ཤུ་རྩ་གསུམ་པ་རབ་བྱུང་བཅུ་དྲུག་ས་ཕོ་བྱི་བའི་༡༩༤༨ལོར་དབུས་སུ་ཕེབས་ཏེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཤར་རྩེ་ནོར་གླིང་གྲྭ་ཚང་དུ་བཤེས་གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོར་གསན་བསམ་རྒྱ་ཆེར་མཛད་པས་སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ། དགུང་ལོ་སོ་གསུམ་པར་རབ་བྱུང་བཅུ་དྲུག་ས་ཕོ་ཁྱིའི་༡༩༥༨ལོར་བསྟན་དགྲ་རྒྱ་དམར་ཀླ་ཀློའི་དཔུང་གིས་བོད་ལྗོངས་བསྟན་འགྲོའི་བདེ་སྐྱིད་རྨེག་མེད་དུ་བཅོམ་པའི་སྐབས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས། དེ་ནས་དགུང་གྲངས་བཞི་བཅུ་མ་ཟིན་བར་དུ་སྦག་ས་ཆོས་སྒར་དུ་མཁས་མང་རྒྱ་མཚོའི་དབུས་སུ་མདོ་སྔགས་ཡོངས་རྫོགས་ཀྱི་གནད་ལ་ཤིན་ཏུ་སྦྱངས་པས་མཁས་པ་ཆེན་པོར་གྱུར་ཏེ་ཀུནགྱིས་བཀུར་བའི་འོས་སུ་གྱུར།

དེའི་ཕྱི་ལོར་རྒྱལ་བའི་བཀའ་དགོངསབཞིན་ཝཱ་ར་ཎ་སི་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དངོས་སུ་གསར་འཛུགས་མཛད་སྐབས། རིས་མེད་མཁས་དབང་སློབ་གཉེར་བ་བརྒྱའི་ཁོངས་སུ་ཕེབས་ཏེ་སློབ་དཔོན་དུ་མའི་དྲུང་ནས་རྒྱ་གཞུ་གཙོ་བོར་གྱུར་པའི་གཞུང་ཆེན་ཁག་ལ་ལོ་གསུམ་བསྐྱར་སྦྱོང་མཛད་པའི་འབྲས་རྟགས་སུ་ཨ་ཙཱརྱ་ཨང་རིམ་དང་པོའི་ཕྱག་ཁྱེར་བཞེས་གནང་མཛད། དགུང་གྲངས་ཞེ་བཞི་པར་སློབ་དཔོན་རྒྱུགས་སྤྲོད་ཟིན་པའི་མཁས་དབང་ཡོངས་རྫོགས་རྡ་སར་གཟིམ་ཆུང་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྩོད་རྒྱུགས་བཞེས་སྐབས་ཀུན་གྱི་དབུས་སུ་ལྷ་རམས་པའི་མཚན་གནས་བཞེས། དེ་ནས་ལྷོ་ཕྱོགས་གདན་ས་ཁག་གསུམ་གྱི་གཞུང་ལུགས་རབ་འབྱམས་སྨྲ་བ་མཁས་མང་རྒྱ་མཚོའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔ་ལ་གྲྭ་སྐོར་དང༌། ལྷ་རམས་པའི་དམ་བཅའ་འཇོག་པར་མཛད། དགུང་གྲངས་ཞེ་ལྔ་པ་དཔལ་ལྡན་གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་སྒྲིག་བཞུགས་གནང་སྟེ་ཆོས་འགྲིམ་ཆ་ཚང་དང་ཁ་གཏད་དགེ་བཤེས་ཀྱི་མཛད་འགན་བཞེས། དེའི་རིང་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེ་དང༌། སྐྱབས་རྗེ་རྣམ་པ་གཉིས་གཙོས་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཇི་སྙེད་ཅིག་གི་དབང་ལུང་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན་སྦྱངས་མཛད་ནས།

དགུང་གྲངས་ཞེ་དྲུག་པར་སྔགས་དམ་བཅའ་འཇོག དེ་ནས་སླར་ཡང་ཝཱར་ཎ་ཆོས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་ཏེ་རིགས་གཅིག་རྐང་འཛིན་ཉམས་ཞིབ་ལོ་གསུམ་གནང་སྟེ་ཚིག་དོན་ཟབ་ལ་གོ་བདེ་བ། སྡེབ་སྦྱོར་སྙན་འཇེབས་ལྡན་པ་ཉམས་ཞིབ་ཀྱི་ལམ་དང་མཐུན་པ་དེབ་གཞི་ཚད་ལངས་ཅན་ཚད་མ་རིག་པའི་སྐོར་གྱི་གསུང་རྩོམ་ཡང་མཛད། དགུང་གྲངས་ང་བདུན་པར་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་བཞིན་བརྒྱུད་སྟོད་བླ་མ་དབུ་མཛད་དང་དེ་ནས་མཁན་པོ་བཅས་ཀྱི་ཕྱག་རྟགས་རིམ་སྩོལ་བཞིན་སྔར་སྲོལ་རྒྱུད་ཆེན་གོང་མའི་བཞེད་སྲོལ་རྣམས་མི་ཉམས་རྒྱུན་བསྐྱངས་ཐོག་བཀའ་འགྲེལ་གྲྭ་ཚང་འདིར་ཆོས་སྲིད་གང་ལའང་སྨན་པའི་སློབ་གྲྭའི་རྣམ་པར་གཞུངཆེན་ཁག་གི་སློབ་ཚན་གསར་བཟོས་མཛད་གནང་གིས་བཀའ་དྲིན་ཆེ་བར་སྩལ།

དེ་ནས་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ཕག་སྟེ་༡༩༩༥ལོར་དགུང་གྲངས་དྲུག་ཅུ་རེ་དགུར་སོན་པ་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོས་ཤར་པ་ཆོས་རྗེའི་མཚན་གནས་མངའ་གསོལ་ཏེ། གཞུང་གནས་དང༌། གདན་ས་གྲྭ་ཚང་བཅས་ནས་ཁྲི་གསོལ་རྟེན་འབྲེལ་ལེགས་པར་མཛད་དེ། ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་དྲི་མ་མེད་པར་འཛིན་བའི་རག་གྲོལ་འཕགས་ཚོགས་འདུས་པ་རྒྱ་མཚོའི་དབུས་སུ་ས་ལམ་གྱི་ཉམས་རྟོགས་ཕུན་སུམ་ཚོགས་ཏེ་མཁས་ཤིང་གྲུབ་པ་བསྙེས་པའི་བསྟན་འཛིན་གྱི་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུའི་དབུས་སུ་ལྷུན་པོ་ལྟར་མངོན་པར་འཕགས་བཞིན་བཞུགས་པ་འདིའོ། །

དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག སྤྱི་ལོ་ 2009་ ཟླ་ 10 ཚེས་ 26་ཉིན་ནོར་གླིང་༸གོང་ས་མཆོག་གི་མཛད་རྣམ་སྒོ་དབྱེ་དང་ལྷན་དུ་༸གོང་ས་མཆོག་གིས་གཙོས་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་སོགས་ཆོས་རྒྱུད་ཁག་གི་བླ་མ་རྣམ་པ་སོགས་དགེ་འདུན་གྱི་སྡེ་དང་མང་ཚོག་སྟོང་ཕྲག་དུ་མའི་དབུས་སུ་དགའ་ལྡན་ཁྲི་ཐོག་བརྒྱ་དང་དང་པོ་ཁྲི་ཆེན་ལུང་རིགས་རྣམ་རྒྱལ་ཁྲི་ལས་ཟུར་པའི་ཚབ་ཏུ་དགའ་ལྡན་གསེར་ཁྲི་ལ་མངའ་གསོལ་བའི་མཛད་སྒོ་གནང་།
དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག (འབྲས་སྤུངས་བློ་གསལ་གླིང་མཁན་རབས་དོན་དྲུག་པ་དང༌། ལ་དྭགས་རི་རྫོང་དགོན་གྱི་སྲས་གྲུབ་པའི་དབང་ཕྱུག་གི་སྐུ་ཕྲེང་གསུམ་པ་ཡིན) ནི། ༡༩༢༧ལོར་མང་སྤྲོ་ཞེས་པའི་མཁར་དུ་མེས་དབོན་བཙན་པོའི་གདུང་རྒྱུད་སྐྱབས་རྗེ་རྒྱལ་སྲས་བ་ཀུ་ལ་རིན་པོ་ཆེའི་སྐུ་མཆེད་དུ་ཡབ་རྒྱལ་པོ་ཕུན་ཚོགས་རྣམ་རྒྱལ་དང༌། ཡུམ་ཚེ་རིང་ལྷ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ྋགོང་ས་བཅུ་གསུམ་པ་ཆེན་པོས་ཡང་སྲིད་འཁྲུལ་བརལ་ངོས་འཛིན་གནང་སྟེ་དགུང་ལོ་བཞི་ཙམ་ནས་རི་རྫོང་དགོན་དུ་བཞུགས།

སྐུ་གོང་མའི་སློབ་མ་དགེ་རྒན་ཚུལ་ཁྲིམས་ཆོས་བཟང་མཆོག་གིས་བྱམས་བརྩེས་བསྐྱངས་ཏེ་ཀློག་སློབ་པ་ནས་བཟུང་དགོན་པའི་འདོན་ཆོས་སྤྱོད་ཕལ་ཆེར་བསླབས། དགུང་ལོ་བརྒྱད་དུ་ཚེ་དཔག་མེད་ཀྱི་ལས་རུང་གནང་སྟེ་ཚེ་དཔག་མེད་ཀྱི་སྒོ་ནས་ཚེ་དབང་བསྐུར་ཐུབ་པ་སོགས་དམ་པའི་རྣམ་ཐར་བསྐྱངས་ཞིང༌། གཞན་ཡང་སྐབས་དེ་དུས་ནས་ལམ་རིམ་ཆེན་མོ་སོགས་ལ་གསན་བསམ་ཚུལ་བཞིན་མཛད་ཅིང༌། མངའ་རིས་སྤྲུལ་སྐུ་སྐུ་གོང་མ་མཆོག་ལས་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་མཚན་ཡང་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་གསོལ། སྐྱབས་རྗེ་རྒྱལ་སྲས་བ་ཀུ་ལ་རིན་པོ་ཆེ་ལས་རབ་བྱུང་མནོས་པའི་མཚན་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་གསོལ། དགེ་ཚུལ་གྱི་བླང་འདས་དང༌། སྡོམ་གསུམ་གྱི་དཔེ་ཁྲིད། ལམ་རིམ་ཆེན་མོའི་ས་བཅད་བློ་འཛིན་ཐོག་ལམ་རིམ་ཆེན་མོའི་ཟབ་ཁྲིད་གནང་སྐབས་སྲས་རིན་པོ་ཆེ་མཆོག་གིས་བརྩི་བཞག་སྐྱོར་དཔོན་གནང༌། སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེ་མཆོག་ནས་གྲྭ་སར་སློབ་གཉེར་གནང་རྒྱུའི་དགོངས་པ་ཟབ་བཞེས་ཀྱིས། རྒྱན་འཇུག་གཉིས་བློ་འཛིན་མཛད་བཅུག་ནས་ཐོག་མར་བསྡུས་གྲྭའི་རིགས་ལམ་ཁ་དོག་དཀར་དམར་དབུ་འཛུགས་པའི་དགེ་བའི་བཤེས་གཉེན་ཀའུ་བརྩོན་འགྲུས་མཆོག་ལ་བསྡུས་གྲྭ་བསླབ་བཅུག་པར་མཛད་ནས་རིགས་ལམ་ཆགས་ཐུབ་པ་བྱུང༌།

དགུང་ལོ་བཅུ་བཞི་དང་བཅོ་ལྔ་རིང་དཔེ་ཐུབ་དགོན་གྱི་དགེ་བའི་བཤེས་གཉེན་དཀའ་ཆེན་ཡེ་ཤེས་དོན་གྲུབ་མཆོག་ནས་སུམ་རྟགས་རྩ་བ། ལེགས་བཤད་ལྗོན་དབང༌། དཀའ་གནད་གསལ་བའི་མེ་ལོང༌། དག་ཡིག་ངག་སྒྲོན། སི་ཏུའི་ཞལ་ལུང་ཐོག་ནས་ཐོན་མིས་མཛད་པའི་སུམ་རྟགས་ཀྱི་རྩ་བ་ལ་ཡང་མཛུབ་ཁྲིད་དང༌། སྙན་ངག་ལེའུ་གཉིས་པའི་དཔེ་རྒྱན་རྣམས་ལ་དཔེར་བརྗོད་སོགས་མཛད། ༡༩༤༥ལོར་དཀའ་ཆེན་ཡེ་ཤེས་དོན་གྲུབ་དང་ལྷན་དུ་བོད་དུ་བསྐྱོད་དེ་དགའ་ལྡན་ཁྲི་ཆེན་གོ་བཞི་པ་ཆེན་པོ་རྗེ་བཙུན་ལྷུན་གྲུབ་བརྩོན་འགྲུས་མཆོག་ནས་ལམ་རིམ་ཆེན་མོ་མཆན་བཞི་སྦྲགས་ཐོག་ནས་དངུལ་ཆུའི་ཡང་སྤྲུལ་དང་བཅས་མི་གྲངས་ཉུང་ཤས་ཀྱིས་དཔེ་ཁྲིད་ཟབ་རྒྱས་ཞུས། འདུལ་བ། རྣམ་འགྲེལ་སོགས་གཞུང་ཆེན་ཁག་ལ་དཔེ་ཁྲིད་ཀྱང་ཞུས་ཞིང༌། སྤྱོད་འཇུག་ཆེན་མོ་རྒྱལ་ཚབ་རྗེའི་རྣམ་བཤད་སྟེང་ནས་བཀྲིན་བསྩལ་བ་སོགས་ལོ་གསུམ་ལྷག་ཙམ་རིང་ཐུགས་བརྩེ་ཆེན་པོས་བསྐྱངས་ཤིང༌། དགུང་ལཱུ་ཉི་ཤུ་པ་༡༩༤༦ལོར་དམ་པ་དེ་ཉིད་ཀྱིས་མཁན་སློབ་སྦྲགས་མ་གནང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དངུལ་ཆུ་སྤྲུལ་པའི་སྐུ་ལས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་ཀྱི་བཀའ་ལུང་གསན།

༡༩༤༩ལོར་སྐྱབས་རྗེ་ཁྲི་རིན་པོ་ཆེ་རྗེ་བཙུན་ལྷུན་གྲུབ་བརྩོན་འགྲུས་མཆོག་དགོངས་པ་རྫོགས་རྗེས། གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས། སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེའི་ཡོངས་འཛིན་རྒྱས་པ་མཁན་ཟུར་བླློ་བཟང་འབྱུང་གནས་དཔལ་བཟང་པོ་མཆོག་རྩ་བའི་ཡོངས་འཛིན་ཏུ་བསྟེན་ནས། ཐོག་མར་བསྡུས་གྲྭ་ནས་བཟུང་ཕར་ཕྱིན་ཆ་ཚང་དཔེ་ཁྲིད་གསན། དམ་པ་གང་ཉིད་དགོངས་པ་རྫོགས་རྗེས་ཏྲེ་ཧོར་དགེ་བཤེས་བསོད་ནམས་མགོན་པོ་མཆོག་དང༌། ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་མཆོག རྒྱས་པ་མཁན་པོ་སྟོད་མཚམས་བླ་མ་རིན་པོ་ཆེ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་མཆོག་དང༌། བླའུ་གླིང་མཁན་རིན་པོ་ཆེ་རྗེ་བཙུན་པདྨ་རྒྱལ་མཚན་མཆོག ཁུ་ནུ་དགེ་བཤེས་རིག་འཛིན་བསྟན་པ་མཆོག རྒྱལ་རོང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་འཇམ་དཔལ་བསམ་འཕེལ་ནས་འདུལ་མཛོད་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཞིང་གདན་སར་བཞུགས་རིང༌། བསྡུས་གྲྭ་དང་བློ་རྟགས་ལོ་གཉིས། ཕར་ཕྱིན་ལོ་ལྔ།།

དབུ་མ་ལོ་གཉིས་ཐོག་བདག་འགོག་ཚོགས་ལངས་ཀྱི་དམ་བཅའ་བསྐོར། འདུལ་བ་ལོ་གཅིག་ལྷག་ཙམ་རིང་གཟིགས། ཚོགས་ཆོས་རྭ་ཆད་མེད་ཀྱིས་བག་ཡོད་ཞི་དུལ་གྱི་སྒོ་ནས་གསན་བསམ་ཚུལ་བཞིན་མཛད། ཌལ་ལ་ཧཱུ་སི་གདན་ས་གསུམ་གྱི་མཁས་པ་མང་དག་གཅིག་བཞུགས་ཡོད་སྐབས་སྐྱབས་རྗེ་བཀྲིན་མཚུངས་མེད་རྒྱལ་རོང་མཁན་ཟུར་རིན་པོ་ཆེ་མཆོག་གིས་ཡང་ཡང་བསྐུལ་བ་ལྟར་ཌལ་ལ་ཧཱུ་སི་རུ་ལོ་གཅིག་ལྷག་ཙམ་རིང་འདུལ་མཛོད་ཀྱི་རྩོད་སྦྱངས་གནང་སྟེ་༡༩༧༢ལོར་ས་གནས་དེར་དགེ་བཤེས་ལྷ་རམས་འཕར་མའི་མཚན་རྟགས་བཞེས། དེ་འཕྲལ་རྒྱུད་སྨད་དུ་སྒྲིག་ཞུགས་མཛད་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གི་དྲུང་ནས་འགྲེལ་བ་བཞི་སྦྲགས་སོགས་སྔགས་ཀྱི་འཆད་ཉན་ལེགས་གྲུབ་ཐོག་ལོ་གཉིས་རིང་རྒྱུད་པའི་ཆོས་ཐོག་ཆ་ཚང་སྐོར་བར་མཛད། ༡༩༧༤ལོར་རྒྱུད་པའི་དགེ་བསྐོས་མཛད། ྋགོང་ས་མཆོག་གིས་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་ཕེབས་ཏེ་ལོ་གཅིག་རིང་བླ་མ་དབུ་མཛད་གནང༌།

དེའི་རྗེས་ལོ་གསུམ་རིང་མཁན་པོ་གནང་སྐབས་གྲྭ་ཚང་གི་སྒྲིག་ལམ་ཀུན་སྤྱོད་ཆོས་འཆད་ཉན་སོགས་སྔོན་བྱོན་གོང་མའི་མཛད་བཟང་ལྟར་བསྟན་པའི་མིག་རྒྱན་དུ་འགྱུར་བར་མཛད། ྋགོང་ས་མཆོག་གིས་ནང་ཆོས་ཀྱི་སློབ་སྦྱོང་བྱེད་རྒྱུར་དབུ་བཙུགས་ནས་ཕྱིས་ཀྱི་ལས་སྣེ་རིམ་བྱོན་གྱིས་ལམ་སྲོལ་དེ་ཉིད་གཞིར་བཟུང་གིས་ཐུགས་ཁུར་ཆེ་བ་བསྣམས་ཏེ་འབད་རྩོལ་མུ་མཐུད་གནང་བས། དེང་སྐབས་གསར་བུ་བ་རྣམས་ཀྱི་སློབ་སྦྱོང་ཡར་རྒྱས་འགྲོ་བཞིན་པར་བརྟེན། ྋགོང་ས་མཆོག་ནས་ཁྱེད་རང་ནས་རྒྱུད་པའི་ལས་སྣེའི་སྐབས་བྱས་རྗེས་ཆེན་པོ་བྱུང་འདུག་ཅེས་དགྱེས་ཚུལ་ཆེན་པོ་གནང༌།

༡༩༨༤ལོར་སླར་ཡང་ྋགོང་ས་མཆོག་གིས་བླའུ་གླིང་མཁན་པོར་ཕྱག་རྟགས་བསྩལ་བར་དགོངས་ཞུས་མཛད་ཀྱང་ལོ་གཉིས་ཙམ་རིང་ངེས་པར་བྱེད་དགོས་ཕེབས་པ་ལྟར་ལོ་གཉིས་ཚང་ནའང་གྲྭ་ཚང་གིས་མཁན་ཐོག་གཅིག་རིང་ངེས་པར་རང་འཇགས་འཇོག་གནང་ཡོང་བ་ྋགོང་ས་མཆོག་ལ་ཡང་ཡང་སྙན་སྐུལ་ནན་ཞུས་དོན་སོན་ཐོག ལོ་དྲུག་ལྷག་ཙམ་མཁན་པཱུའི་ཕྱག་ལས་ཁུར་བཞེས་ཀྱིས་གྲྭ་ཚང་གི་སྒྲིག་ལམ་དང་སློབ་གཉེར་བ་རྣམས་ལ་སློབ་གཉེར་ཤུགས་སྣོན་ཡོང་ཆེད་རྒྱུགས་སྤྲོད་སོགས་ལ་གཟིགས་ཞིབ་ནན་ཏན་མཛད་པའི་འབྲས་རྟགས་སུ་སློབ་གཉེར་ཡར་རྒྱས་ཕྱིན་པར་བརྟེན། རྒྱུགས་སྤྲོད་སྐོར་གྱི་གཏན་འབེབས་སྒྲྀག་གཞི་ཞིག་ཀྱང་བྱུང་ན་ལེགས་ཚུལ་གསུང་མཁན་མང་པོ་བྱུང་བར་བརྟེན། ཝཱ་ར་ན་སིའའི་སློབ་སྤྱི་ཟམ་གདོང་རིན་པོ་ཆེ་མཆོག་དང་གོ་བསྡུར་གྱིས། སྔོན་གྲྭ་ཚང་རང་གི་སློབ་སྦྱོང་གནང་ཚུལ་གཞིར་བཟུང༌། དེང་དུས་ཀྱི་རྒྱུགས་སྤྲོད་བྱེད་ཚུལ་ལེགས་ཆ་སྣོན་དགོས་རིགས་བསྣན། ྋགོང་ས་མཆོག་གི་དགོངས་བཞེད་དང་བསྟུན་ཏེ་སྒྲིག་གཞི་གསར་བཟོ་ཟིན་པ་རྒྱུགས་སྤྲོད་ཚོགས་ཆུང་ནས་སྤར་བསྐྲུན་གྱིས་སྤར་ཕུད། ྋགོང་ས་མཆོག་ལ་ཕུལ་བས་སྒྲིག་གཞི་བཟོ་ཐུབ་པ་ལེགས་པོ་བྱུང་འདུག་འདི་ལ་ངོས་ནས་ལྟ་རྟོག་བྱེད་ཀྱི་ཡིན། གྲྭ་ཚང་གཞན་ལ་ཡང་འདི་འདྲའི་སྒྲིག་གཞི་བྱུང་ན་ཞེས་ཐུགས་མཉེས་ཚུལ་གནང༌། དེའི་རྗེས་ལ་དྭགས་སུ་བསམ་གཏན་གླིང་དགོན་དུ་ལོ་གསུམ་ལྷག་ཙམ་རིང་འཇིགས་བྱེད་དཔའ་གཅིག་གི་བསྙེན་ཆེན་དུ་བཞུགས།

དེའི་རྗེས་སུ་༡༩༩༥ ཕྱི་ཟླ་ ༩ ཚེས་ ༡ཉིན་འཇམ་མགོན་བསྟན་པའི་གསལ་བྱེད་དགའ་ལྡན་བྱང་རྩེ་ཆོས་རྗེའི་ཁྲིར་ཕེབས། རབ་བྱུང་བཅུ་བདུན་པའི་༡༩༩༩ལོར་འབྲས་སྤུངས་དཔེ་ཐུབ་ཁམས་ཚན་དུ་དགེ་འདུན་བརྒྱ་ཕྲག་དུ་མར་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་གནང༌། རབ་བྱུང་བཅུ་བདུན་པའི་༢༠༠༠ལོར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་ཞུ་བ་དད་ལྡན་སྟོང་ཕྲག་དུ་མར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་འགྱུར་རོ་ཅོག་གི་བཀའ་ཆོས་གནང༌། སྔ་ཕྱིར་སློབ་གཉེར་བ་མང་དག་ཅིག་ལ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་གནང༌། ༢༠༠༢ལོར་གནས་མཆོག་རྡོ་རྗེ་གདན་དུ་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་འདྲ་མིན་འདུས་པའི་མི་འབོར་འབུམ་ཕྲག་བཞི་ཙམ་ལ་རྒྱལ་དབང་མཆོག་གི་སྐུ་ཚབ་བྱས་ནས་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་བསྩལ་བ་སོགས་ཀྱིས་མཚོན། འགྲོ་བའི་དོན་རླབས་ཆེན་མཛད་བཞིན་ད་ལྟ་བྱང་རྩེ་ཆོས་རྗེའི་ཁྲི་འཛིན་ཐོག་བསྟན་འགྲོར་སྨན་པའི་མཛད་བཟང་སྐྱོང་བཞིན་འཚོ་ཞིང་བཞུགས་པ་འདི་བཞིན་པའི་མུར། སྤྱི་ལོ་ 2009་ ཟླ་ 10 ཚེས་ 26་ཉིན་ནོར་གླིང་༸གོང་ས་མཆོག་གི་མཛད་རྣམ་སྒོ་དབྱེ་དང་ལྷན་དུ་༸གོང་ས་མཆོག་གིས་གཙོས་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་སོགས་ཆོས་རྒྱུད་ཁག་གི་བླ་མ་རྣམ་པ་སོགས་དགེ་འདུན་གྱི་སྡེ་དང་མང་ཚོག་སྟོང་ཕྲག་དུ་མའི་དབུས་སུ་དགའ་ལྡན་ཁྲི་ཐོག་བརྒྱ་དང་དང་པོ་ཁྲི་ཆེན་ལུང་རིགས་རྣམ་རྒྱལ་ཁྲི་ལས་ཟུར་པའི་ཚབ་ཏུ་དགའ་ལྡན་གསེར་ཁྲི་ལ་མངའ་གསོལ་བའི་མཛད་སྒོ་གནང་། རིང་མིང་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྔར་སྲོལ་བཟང་པོའི་རྒྱུན་འཛིན་གྱིས་ཁྲི་འདོན་མཛད་སྒོ་གནང་འཆར་ཡོད་པ་རེད། གནས་ཚུལ་མཁོ་འདོན་པ་བེ་རི་འཇིགས་མེད་ཀྱིས། 

དགའ་ལྡན་ཁྲི་ཐོག་བརྒྱ་དང་གསུམ་པ་འབྲས་བློ་གླིང་རྗེ་བཙུན་བློ་བཟང་བསྟན་འཛིན། བློ་གསལ་གླིང་།[]

[རྩོམ་སྒྲིག]

འཇམ་མགོན་རྒྱལ་བའིི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་བརྒྱ་དང་གསུམ་པ་རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༣༧ ཟླ་ ༥ ཚེས་ ༧ ལ་བོད་ཁམས་ཕྱོགས་ཡ་ར་ཞེས་པར། ཡབ་རྟ་མགྲིན་ཕུན་ཚོགས་དང་། ཡུམ་བྱམས་པ་ཕུན་ཚོགས་གཉིས་ལ་སྐུ་འཁྲུངས། ཁྱིམ་པའི་མཚན་ལ་རྡོ་རྗེ་ཟེར། དགུང་ལོ་ ༦ ནས་གཅེན་མོ་ལྷན་དུ་ར་ལུག་འཚོལ་བར་ཕེབས་ཀྱི་ཡོད་འདུག

དགུང་ལ་ ༩ ཐོག་རབ་ཏུ་བྱུང་། གཞིས་དགོན་ཚེམ་དགོན་བྱ་བར་སྒྲིག་ཞུགས་གནང་། མཚན་ལ་བློ་བཟང་བསྟན་འཛིིན་གསོལ། དགུང་ལོ་ ༡༦ ཐོག་ལྷ་སར་ཕེབས་ནས་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་དུ་ཞུགས། ཕྱི་ལོ་ ༡༩༥༩ ནང་༸གོང་ས་མཆོག་གི་རྗེས་སུ་བསྙེགས་ནས་འབྲུག་ཡུལ་བརྒྱུད་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས། ལམ་ཁར་ཟླ་བ་གཅིག་ཙམ་འགོར། རིན་པོ་ཆེ་དང་ཕྱག་རོགས་རྣམས་སྦག་སར་ལོ་གྲངས་ ༡༡ རིང་བཞུགས། དེ་ནས་ཕྱི་ལོ་ ༡༩༧༠ ལོར་མོན་གྷོ་གཞིས་ཆགས་སུ་གནས་སྤོས་མཛད། གསན་བསམ་མཛད་ཞོར། དགོན་པའི་ཕྱག་མཛོད་དང་། ཞིང་ལས་ལྟ་རྟོག་འགན་འཛིན་གྱི་མཛད་ཁུར་ཡང་བཞེས།

ཕྱི་ལོ་ ༡༩༨༢ ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དམ་བཅའ་བཞག་པར་གནང་། དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། དེ་ནས་བསྟན་འཛིན་སྒང་རྒྱུད་སྟོད་གྲྭ་ཚང་དུ་ཕེབས། སྔགས་ཀྱི་དམ་བཅའ་བཞག་སྟེ་སྔགས་རམས་པའི་མཚན་རྟགས་བཞེས། ཕྱི་ལོ་ ༡༩༨༣ ལོར་མོན་གྷོར་ཕྱིར་ཕེབས་ཀྱིས་འབྲས་སྤུངས་བློ་གསལ་གླིང་དུ་དཔེ་ཁྲིད་གནང་རྒྱུས་མཚོན་ཐུགས་འགན་ཆེ་བཞེས་མཛད། ༡༩༨༦ ནས་ ༡༩༨༧ བར་བློ་གསལ་གླིིང་གི་དགེ་བསྐོས་ཀྱང་མཛད། ཕྱི་ལོ་ ༡༩༩༠ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་སྟོད་བླ་མ་དབུ་མཛད་དུ་བསྐོ་གཞག་བསྩལ། སྐབས་དེར་སུད་སི་དང་ཧྥ་རཱན་སིར་ཕེབས་ནས་ཆོས་འབྲེལ་བསྐྱངས། ཕྱི་ལོ་ ༡༩༩༣ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་པོའིི་ཁྲི་ལ་ཕེབས། ཕྱི་ལོ་ ༡༩༩༦ བར་དུ་མཛད་འགན་བཞེས། འོན་ཀྱང་ཕྱི་ལོ་ ༡༩༩༨ ལོ་ཊི་སྦིའི་སྙུན་གཞི་དྲག་པོ་བྱུང་། མེ་སཽར་དང་ཨུ་ཊིའི་སྨན་ཁང་དུ་ཟླ་བ་དྲུག་ཙམ་བཞུགས་དགོས་བྱུང་། དཀའ་ཚེགས་ཆེན་པོ་བྱུང་ཡང་། བླ་མའི་བཀའ་དང་གདུལ་བྱའི་བསོད་ནམས་དབང་གིས་དྲག་བསྐྱེད་དུ་ཕེབས་རྗེས། མོན་གྷོར་ཕྱིར་ཕེབས། ཕྱི་ལོ་ ༢༠༠༣ ཟླ་ ༡ ཚེས་ ༢༠ ལ་ཤར་པ་ཆོས་རྗེའི་ཁྲིར་ཕེབས། ཕྱི་ལོ་ ༢༠༠༣ ནས་རྒྱ་གར་དང་། ཐེ་ཝན། ཨ་རི། སུད་སི། ཨོ་སི་ཀྲེ་ལི་ཡ། མ་ལེེ་ཤི་ཡ། ཀེམ་བྷོ་ཌི་ཡ་བཅས་སུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ནང་ཞྭ་སེར་བསྟན་པའི་མངའ་བདག་གི་ཁྲིར་ཕེབས། དགའ་ལྡན་ཁྲི་ཆེན་ ༡༠༣ པའི་མཚན་གནས་བཞེས།

དེ་ལྟར་ཞིང་གཤེགས་དམ་པ་ཁྲི་ཆེན་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོོག་དང་། བོད་མིའི་སྒྲིག་འཛུགས་སྤྱི་བོའི་མཛད་རྒྱན་དུ་བཞེས་མཁན་ཞིག་ཡིན་པར་མ་ཟད། གཉན་འཕྲང་གི་དུས་སྐབས་འདིར། བསྟན་པ་སྤྱི་དང་། ཡང་སྒོས་འཇམ་མགོན་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ལ་ཕྱག་རྗེས་ཆེ་ཞིང་། སྐྱེས་སྤྲུལ་གྱི་མཚན་གནས་རང་ཆས་སུ་མེད་ཀྱང་། སྐྱེས་བུ་དམ་པའི་རང་མདངས་མངོན་པར་མཛད་དེ། བསྟན་པ་དང་འགྲོ་བ་འབའ་ཞིག་ལས་མ་དགོངས་ཤིང་། གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གི་དགེ་བསྐོས། དཔལ་ལྡན་རྒྱུས་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དང་། མཁན་པོ། མཁན་ཟུར། ཞྭ་སེར་བསྟན་པའི་ཤར་པ་ཆོས་རྗེ་དང་། དགའ་ལྡན་ཁྲིི་པ་བཅས་ཀྱི་ཁྲི་ལ་ཕེབས་པའི་སྐྱེས་བུ་དམ་པ་ཞིག་ཡིན།།

དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན།

[རྩོམ་སྒྲིག]

དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི། ཕྱི་ལོ་ ༡༩༣༥ ལོར་གཙང་སྟོད་ལྷ་རྩེ་ཁུལ་དུ་སྐུ་འཁྲུངས། དགུང་ལོ་བཅུ་ལ་ཕེབས་པའི་ཚེ་མཁན་ཆེན་བསྟན་འཛིན་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་ཞིང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ། ༸གོང་ས་ལྔ་པས་ཕྱག་བཏབ་པའི་ལྷ་རྩེ་ཆོས་སྡེ་དགོན་དུ་སྒྲིག་ཞུགས་གནང་། དགོན་པའི་སྒྲིག་སྲོལ་ལྟར་ཆོས་སྤྱོད་རབ་གསལ་དང་རྒྱན་འཇུག་སོགས་ཐུགས་འཛིན་གནང་སྟེ་ཚོགས་རྒྱུགས་སུ་ཕུལ། དེ་ནས་བསྡུས་གྲྭ་བློ་རྟགས་དང་། ལྷག་པར་༸གོང་ས་ལྔ་པའི་གསུང་ཕར་ཕྱིན་དང་དབུ་མ་འདུལ་མཛོད་བཅས་ཀྱི་རང་ལུགས་གང་ཡིན་ཐུགས་འཛིན་མཛད་དེ་འདུས་མང་གི་དབུས་སུ་ཚོགས་རྒྱུགས་ཕུལ། དགུང་ལོ་བཅུ་དྲུག་གི་སྐབས་སུ་དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་དུ་ཆོས་ཞུགས་གནང་། སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ལྷུན་འགྲུབ་ཐབས་མཁས་མཆོག་སོགས་མཁས་གྲུབ་དམ་པ་མང་པོར་བསྟེན་སྟེ་གུས་རྟག་བརྩོན་པ་དྲག་པོས་གཞུང་ཆེན་སློབ་གཉེར་མཛད་ཅིང་། གཞུང་གསར་འཛིན་གྲྭར་ཕེབས་ཚེ་སྦྱོར་ལམ་ཕྱི་རྒོལ་གྱི་ཚོགས་གླེང་མཛད་པས་དེ་ཡོད་རྣམས་ཀྱིས་བསྟོད་བསྔགས་ཀྱི་མེ་ཏོར་འཐོར།

དགུང་ལོ་ཉེར་གསུམ་ལ་སླེབས་པ་ན་ལྷ་ལྡན་ནོར་གླིང་གཟིམ་ཆུང་དུ་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་སྐུ་མདུན་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་བཞེས་ཏེ། འདུལ་བའི་འཛིན་པའི་མཆོག་ཏུ་གྱུར། དགུང་ལོ་ཉེར་ལྔའི་སྐབས་སུ་རྒྱ་གར་འཕགས་ཡུལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་བཞུགས་རིང་། སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་དབང་ཕྱུག་དཔལ་བཟང་པོ་དང་། སྐྱབས་རྗེ་ཟོང་རིན་པོ་ཆེ་སོགས་ཀྱི་མདུན་ནས་འདུལ་མཛོད་སོགས་གཞུང་ཆེན་གྱི་སློབ་གཉེར་འཕྲོ་སྐྱོང་། དེ་ནས་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་དུ་སློབ་དཔོན་དང་ལྷ་རམས་པའི་རྒྱུགས་སྤྲོད་རིམ་གྱིས་གནང་སྟེ། ཕྱི་ལོ་ ༡༩༧༨ ལོར་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས། དེ་ནས་གསང་ཆེན་རྒྱུད་སྡེའི་བསྟི་གནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཆོས་ཞུགས་མཛད་དེ། འགྲེལ་བ་བཞི་སྦྲགས་དང་བསྐྱེད་རྫོགས་ཀྱི་སྐོར་སོགས་རྒྱུད་སྨད་པའི་ཕྱག་བཞེས་ལྟར་གྱི་དབང་ལུང་མན་ངག་ཞུ་བ་སོགས་སྔགས་ཀྱི་འཆད་ཉན་ཀུན་ལེགས་པར་གྲུབ་པར་མཛད། ཕྱི་ལོ་ ༡༩༨༡ ལོར་དོན་གྱི་བདག་པོས་ཕྱག་རྟགས་སྤྱི་ཕེབས་ལྟར་རྒྱུད་པའི་བླ་མ་དབུ་མཛད་ཀྱི་ཐུགས་འགན་བཞེས་ཏེ། བཀའ་དགོངས་གཞིར་བཟུང་གིས་སྔགས་དང་མཚན་ཉིད་ཀྱི་རྩོད་གྲྭ། ཐུན་མོང་རིག་གནས་དང་སྐད་ཡིག་སོགས་སྦྱོང་སའི་སློབ་གྲྭ་གསར་འཛུགས་གནང་ཞིང་དེང་སྐབས་འཕེལ་རྒྱས་ལེགས་པོ་བྱུང་སྟེ་རྒྱུད་པའི་བློ་གསར་བ་རྣམས་ཀྱི་རྨང་གཞིའི་སློབ་གསོའི་ཆ་རྐྱེན་ཆེན་པོར་གྱུར་འདུག །

ཕྱི་ལོ་ ༡༩༨༤ ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཁྲིར་ཕེབས་ཏེ། དམ་པ་ཁོང་དཔལ་ལྡན་སྨད་རྒྱུད་པའི་བླ་མ་དབུ་མཛད་ཀྱི་སྐབས་དང་མཁན་པོའི་སྐབས་སུ། གྲྭ་ཚང་འདིའི་ཕྱག་བཞེས་ལྟར་གྱི་རྩ་རྒྱུད་ཀྱི་ཊཱིཀ་ལེའུ་དང་པོ་ནས་བརྒྱད་པའི་བར་དང་། གསང་བདེ་འཇིགས་གསུམ་གྱི་བསྐྱེད་རྫོགས་སོགས་གཞུང་ཆེན་མོ་རྣམས་ཀྱི་བརྩི་བཞག་གནང་བ་ན། བྲག་ཐོག་ནས་ཆུ་འཕྱོ་བ་ལྟར་ཐོགས་པ་མེད་ཅིང་། སྒྲ་དག་གསལ་གསུམ་དེ་འདྲ་དཀོན་པོ་ཡིན་ཞེས་རྒྱུད་པའི་གྲྭ་རྒན་པ་རྣམ་པས་གསུངས་པ་ཐོས། དེ་ཙམ་མ་ཟད་གསང་བདེ་འཇིགས་གསུམ་སོགས་ཀྱི་བདག་བསྐྱེད་བདག་འཇུག་སོགས་རྒྱུད་པ་གྲྭ་ཚང་གི་ཞལ་འདོན་ཆོས་སྤྱོད་ཀྱི་རིམ་པ་ཀུན་ཐུགས་ཐོག་ནས་གསུངས་པ་ལ་ཐོགས་པ་མེད་ཅིང་། ཕྱག་ལེན་ཆ་ཕྲ་མོ་ནས་མ་ནོར་བར་མཛད་པ་དང་། བསྐྱེད་རྫོགས་ཀྱི་གཞུང་ཆེན་པོ་དག་གི་དགོངས་དོན་སྨྲ་བ་ལ་མི་འཇིགས་པའི་སྤོབས་པ་གཟེངས་སུ་མཐོ་བ་རྗེ་བཙུན་ཤེས་རབ་སེང་གེ་སླར་ཕེབས་པ་ལྟ་བུ་ཞིག་བྱུང་འདུག །

ཕྱི་ལོ་ ༡༩༨༨ དེ་འདྲ་ཞིག་ནས་ཕྱི་ལོ་ ༢༠༡༠ བར་ལོ་ངོ་ཉེར་གཉིས་ཀྱི་རིང་། སེ་ར་ཐེག་ཆེན་གླིང་དང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གཉིས་གཙོ་བོར་བྱས་ཏེ། དགོན་པ་ཁག་མང་པོའི་ནང་དུ་མདོ་སྔགས་ཀྱི་གཞུང་ཆེན་པོ་དག་དཔེ་ཁྲིད་དང་འཆད་ཉན་ཉིན་ལྟར་གནང་། དེ་མཚུངས་ཀྱིས་ཡི་དམ་ཁག་གི་བདག་བསྐྱེད་སོགས་ཀྱང་ཆགས་མེད་དུ་མཛད་པ་སོགས་མདོ་སྔགས་ཀྱི་ལམ་ཉམས་ལེན་ལ་གཅིག་ཏུ་འགྲུས་པར་མཛད། རྒྱལ་ཁབ་ཤར་ནུབ་ཀྱི་ཆོས་ཚོགས་དང་དང་དགོན་པ་མང་པོས་གདན་འདྲེན་ཞུས་ཀྱང་། དུས་སྐབས་ཉུང་ཙམ་རེ་མ་གཏོགས་མང་ཆེ་བ་གདན་ས་རང་དུ་བཞུགས་ཏེ་འཆད་ཉན་དང་གཟིགས་རྟོག་གནང་བཞིན་པ་འདི་ཡང་སྐྱེས་བུ་དམ་པའི་རང་རྟགས་ངོ་མཚར་བ་ཞིག་གོ །

  1. བློ་གསལ་གླིང་།