Jump to content

Wikipedia talk:སྐོར།

Page contents not supported in other languages.
ཡོང་ཁུངས་Wikipedia

རྨས་སྐྱོན་ཤོར་བའི་སེམས་མགུར།། བེ་སྨྱོན།

ཆར་པ་ཟིལ་ཟིལ་འབབ་བྱུང་།། ཉི་འོད་ལྷེབ་ལྷེབ་འཚེར་བྱུང་།། ཆར་དང་ཉི་ཟེར་བར་ནས།། སྣ་ལྔའི་འཇའ་རིས་མཛེས་པ།།

ལྟ་ན་མིག་གི་ལོངས་སྤྱོད།། ཁ་དོག་སྣ་ལྔའི་འཇའ་ཚོན།། རེག་ན་འཇུ་ས་མེད་པ།། སྟོང་བསམ་སེམས་ཀྱི་ཆོས་ཉིད།།

མ་དག་འཁོར་བའི་གཡང་སར།། དྲུད་པའི་ཞགས་པ་འགུག་ཀྱོགས།། བསམ་མེད་བྱིས་པའི་རྡོག་སྣེ།། འཇའ་ཚོན་སྣེ་ལ་བཏེགས་སོང་།།

དམ་པའི་གསུང་གི་ཁུ་བྱུག། རྣ་བའི་ནགས་ཀླུང་རྩེན་ཀྱང་།། རྨི་ལམ་མགྲོན་པོར་སྒུག་པའི།། སེམས་ཀྱི་ཁྱེ་འུ་གཉིད་སོང་།།

རྨི་ལམ་རྨིས་མགོ་ཚུགས་ས།། རྒྱ་སྡེ་མི་ཚོགས་གསེབ་རེད།། ལས་འཕྲོ་ལམ་ཐུག་ཅིག་གིས།། སེམས་ཀྱི་བག་ཆགས་དཀྲུགས་སོང་།།

མི་ཚོགས་གསེབ་ནས་འཆར་བའི།། སེམས་སོང་ཟླ་བའི་ལྷ་མོའི།། ཟླ་འོད་སྙིང་ལ་ཟུག་པས།། སྙིང་གི་འཕར་རྩ་ལྡིངས་སོང་།།

མདའ་མཚོན་ཆར་པ་འབབ་ཀྱང་།། ལུས་ལ་རྨས་སྐྱོན་མ་ཕོག། བྱམས་པའི་ཟུར་མིག་གཅིག་གིས།། སེམས་ལ་རྨ་ཁ་བཟོས་སོང་།།

སྨིན་མའི་གཞུ་རྒྱུད་བཀུག་ནས།། ཟུར་མིག་ལྐོག་མདའ་རྣོན་པོ།། ལས་དབང་ཐེབ་འཛུབ་བར་ནས།། སྙིང་གི་འབེན་ལ་ཟུག་སོང་།།

ལུས་ལ་རྨས་སྐྱོན་ཕོག་ན།། གསོ་བྱེད་སྨན་ཞིག་ལོས་ཡོད།། རྨས་སྐྱོན་ཤོར་བའི་སེམས་པ།། གསོ་བའི་སྨན་སྦྱོར་མི་འདུག།

རང་སེམས་སོང་བའི་མི་དེ།། ཐེངས་གཅིག་མཇལ་རྒྱུ་བྱུང་ན།། སེམས་ཀྱི་རྨ་ཁའི་ནད་ལ།། རིན་ཆེན་རིལ་བུ་རང་རེད།།

སྒོམ་པ་ལྷ་དང་བླ་མ།། ཡིད་ལ་འཆར་རྒྱུ་མེད་པར།། མ་སྒོམ་སེམས་སོང་བུ་མོ།། རྨི་ལམ་ན་ཡང་འཁོར་གྱིན།།

སེམས་པ་ཁྱོད་ལ་སོང་སོང་།། དམ་པའི་ཆོས་ལ་སོང་ན།། ཡ་ཀི་དག་པའི་ཞིང་ཁམས།། འགྲོ་རྒྱུ་ཁག་པོ་མི་འདུག།

ཉིན་གསུམ་ཁྱོད་ལ་དུངས་པས།། མཚན་མོའི་རྨི་ལམ་དཀྲུགས་སོང་།། རྨི་ལམ་བྱིས་པའི་འཁྲུལ་སྣང་།། བདེན་པ་ཡིན་ན་དགའ་བ།།

ཁྱོད་ནི་མཚོ་ཁའི་མེ་ཏོག། ང་ནི་ནགས་ཀྱི་བུང་བ།། སེམས་དང་བསམ་པ་མཐུན་ཡང་།། མཇལ་བའི་དུས་དེ་ཁག་བ།།

དཔྱིད་ཉིན་རིང་པོའི་ནམ་ཟླ།། དཔྱིད་ཀྱི་རྒྱལ་མོས་གནང་བྱུང་།། དཔྱིད་མགོའི་མེ་ཏོག་པདྨ།། ཞལ་ཁ་ཕྱེ་བའི་དུས་རེད།།

དཔྱིད་གསུམ་དཔྱིད་ཀྱི་སྤང་ལྗང་།། ལྷ་ཡུལ་ལས་ཀྱང་སྤྲོ་བ།། དཔྱིད་ཀྱི་རྒྱ་སེར་མེ་ཏོག། ལྷ་མོའི་ཞལ་ལས་མཛེས་པ།།

ཡ་ཀི་ནམ་མཁའ་སྔོན་པོར།། སྤྲིན་དང་སྨུག་པ་ཡལ་སོང་།། བཅོ་ལྔའི་དུང་ཟླ་དཀར་པོ།། ཞལ་རས་གཞན་ལས་དཀར་བ།།

ཉི་མ་ནུབ་ནས་ནུབ་སོང་།། ཟླ་བ་ཤར་ནས་ཚེས་བྱུང་།། སྐར་མས་ཕྲ་ཚོམས་བཏབ་དུས།། བྱམས་པའི་ཞལ་རས་དྲན་བྱུང་།།

དུང་ཟླ་མཁའ་ལ་འཆར་སོང་།། ཟླ་འོད་ས་ལ་ཕོག་སོང་།། སྙིང་སྡུག་སྙིང་གི་ཐིག་ལེ།། སྙིང་གི་དཀྱིལ་ནས་དྲན་བྱུང་།།

ཞལ་རས་ཟླ་བ་དཀར་པོ།། ཐེངས་གཅིག་མཇལ་རྒྱུ་བྱུང་ན།། བཅོ་ལྔའི་དུང་ཟླ་དཀར་པོ།། མ་ཤར་ན་ཡང་འགྲིགས་སོང་།།

ཡ་ཀི་དག་པའི་ཞིང་ལ།། ཡིད་སྨོན་ཤོར་རྒྱུ་མི་འདུག། མ་ཀི་དམྱལ་བའི་ཡུལ་ལ།། ཞེད་སྣང་དེ་བས་མི་འདུག།

གཟུགས་པོ་བྱང་ལ་བསྡད་ཀྱང་།། སེམས་པ་ལྷོ་ལ་ཤོར་བྱུང་།། ལྷོ་རོང་ནགས་མའི་ཁུ་བྱུག། གསུང་སྐད་ཐེངས་གཅིག་སྐྱོན་དང་།།

ལྷོ་རོང་སྨྱུགས་མའི་ནགས་ཀླུང་།། དུས་བཞིའི་འགྱུར་བ་ཆེ་ཡང་།། ལྷ་ཤིང་ཤུག་པའི་ཁ་དོག། འགྱུར་ཡོང་བསམ་པ་མི་འདུག།

རྒྱང་རིང་ལྷོ་ལ་སྐྱེས་པའི།། ཧ་རི་ཙན་དན་སྡོང་པོ།། ལྷན་སྐྱེས་དྲི་བསུང་མངར་མོ།། ལྷོ་ཡི་རླུང་ལ་སྐུར་རོགས།།

རླུང་དང་ལྷག་པ་ལྡང་ནས།། ལྷོ་སྤྲིན་བྱང་ལ་དེད་ཀྱང་།། གནམ་གྱི་ཉི་ཟླ་སྐར་གསུམ།། སྤུར་འགྲོ་བསམ་པ་མི་འདུག།

རྒྱ་མཚོ་ཆེན་པོ་ཆུ་རེད།། རི་རྒྱལ་ལྷུན་པོ་ས་རེད།། མཚོ་དང་ལྷུན་པོ་བསྡེབས་ནས།། ནམ་མཁའ་དབྲལ་བསམ་མི་འདུག།

ང་དང་ཆུང་འདྲེས་བྱམས་པའི།། ཚིག་གསུམ་གཏམ་གྱི་རི་མོ།། སྣག་དང་སྨྱུ་གུས་མ་བྲིས།། སེམས་པའི་ངོས་ལ་བརྐོས་ཡོད།།

ཤོག་ཐོག་བྲིས་པའི་ཡི་གེ། མེ་ལ་བསྲེགས་ན་ཚིགས་འགྲོ། མ་བྲིས་སེམས་ཀྱི་རི་མོ།། བསྲེགས་ཀྱང་ཚིགས་ས་མ་རེད།།

ཉིན་མཚན་དུས་དྲུག་དྲན་པས།། ཉི་མ་ལོ་ལས་རིང་སོང་།། ལོ་ཟླ་ཞག་གི་འཁོར་ཕྱོགས།། སྒུག་ནས་ལོ་གསུམ་ཕྱིན་སོང་།།

སེམས་སོང་སེམས་ཀྱི་བུ་མོ།། མི་བརྟན་ནམ་མཁའི་འཇའ་རེད།། ནམ་ཟླའི་འགྱུར་འགྲོས་གཅིག་གིས།། མིག་གི་ལམ་ནས་ཡལ་སོང་།།

རྔོན་པ་རྔོན་ལ་ཕྱིན་ཤུལ།། ནམ་མཁའི་ཡིད་འཕྲོག་ལྷ་མོ།། ནོར་བཟང་རྒྱལ་པོས་བསླུས་ནས།། འཁྲིད་འགྲོ་བསམ་པ་མ་བྱུང་།།

རྟ་ཕོ་ཆགས་གིས་གསོས་ཀྱང་།། རྐང་ཐང་འགྲོ་དགོས་ཐུག་སོང་།། རྟ་ར་གྲུ་བཞིའི་ཕྱོགས་ལ།། ཞེན་པ་གཏིང་ནས་ལོགས་སོང་།།

ཞིང་ཁ་སོ་ནམ་བྱས་ནས།། རྩམ་པ་ཉོ་དགོས་ཐུག་སོང་།། གྲོ་ནས་སྲན་མའི་ས་བོན།། བཏབ་ཀྱང་ཕན་ཐོགས་མ་བྱུང་།།

སེམས་སོང་བྱམས་པ་མི་རེད།། བྱམས་པའི་སེམས་པ་ཆུ་རེད།། ཆུ་ལ་རི་མོ་བྲིས་ན།། བརྟན་པོ་ཆགས་ཐབས་མི་འདུག།

སྙིང་སྡུག་སྙིང་ལ་ཉར་ནས།། སྙིང་གི་རུས་པ་གཅོག་ན།། སྙིང་ཆུང་ཟུར་གསུམ་ནང་དུ།། ཉར་དང་མ་ཉར་མི་འདུག།།

ཉི་མ་ནུབ་ནས་བརྒལ་སོང་།། ཟླ་བ་སྤྲིན་པས་སྒྲིབ་སོང་།། མཚན་མོའི་གློག་འོད་འཁྱུག་པ།། སེམས་པ་སྐྱོ་རོགས་ཡིན་འགྲོ།།

ནམ་དུས་དགུན་ཁ་ཚེས་བྱུང་།། མཚོ་མོ་དར་ཁས་སྒྲིབ་སོང་།། ལྷ་བྱ་ངང་པ་སེར་པོ།། འཁོར་བའི་རེ་ཐག་ཆད་སོང་།།

ཐང་དཀར་རྒོད་པོ་བྱ་རེད།། གནམ་འཕང་གཅོད་ས་གནམ་རེད།། ཀྱུར་སེ་རླུང་དང་འགྲོགས་ནས་།། ནམ་མཁའི་དབྱིངས་ལ་འཕུར་འགྲོ།

གོས་ཆེན་མེ་ཏོག་དམར་པོ།། མིག་གི་ལོངས་སྤྱོད་ཙམ་རེད།། ལག་ཏུ་ལེན་མཁན་ཕྱིན་ན།། དམར་པོ་ཁྲག་གི་རྒྱུ་རེད།།

ལྡུམ་ར་བརྒྱ་ཕྲག་སྟོང་ཕྲག།། མེ་ཏོག་ཁྲི་མ་འབུམ་ཕྲག།། ཉམ་ཆུང་གསེར་སྦྲང་སེར་པོ།། སེམས་པ་སྐྱོ་དགོས་མི་འདུག།

དུས་བཞི་དུས་ཀྱི་ཁུག་པ།། ནམ་མཁའི་གློག་ལས་འཁྱུགས་པ།། ད་ལོའི་ནམ་ཟླ་ཡལ་ནས།། སང་ལོའི་དཔྱིད་མགོ་ཚེས་འོང།།

ནམ་ཟླ་རྗེས་མའི་དཔྱིད་ཀ།། དུས་ཀྱི་མགྲོན་པོར་སླེབས་དུས།། ཉམ་ཆུང་བུང་བའི་རྣམ་ཤེས།། མི་མངོན་དབྱིངས་ནས་བབ་འོང་།།

སྐྱེས་པ་ཕོ་ལུས་ལེན་ནས།། སེམས་ཤུགས་ཆགས་དགོས་མི་འདུག། རྟ་ཕོར་རྒྱུགས་ཤེད་ཡོད་ན།། ཐང་ལ་ཟད་མཐའ་མི་འདུག།།

ལྷ་སའི་ཁྲོམ་ནས་ཉོས་པའི།། སེར་པོ་གསེར་གྱི་ཚིགས་ཁོག། ད་ནི་འདོགས་ས་མེད་པས།། སྔོན་པོའི་ཆུ་ལ་གཡུགས་བཞག།།

འོག་ཕྱོགས་ཀླུ་ཡི་གྲོང་ནས།། བཞིན་བཟང་ཀླུ་མོ་ཞིག་དང།། ལས་འཕྲོ་མདུད་པ་ཐེབས་པའི།། གསོལ་བ་སྙིང་ནས་བཏབ་ཆོག།།

གཟུགས་པོ་མི་རྟག་འཇའ་རེད།། རྣམ་ཤེས་མི་སྡོད་རླུང་རེད།། ལུས་སེམས་ཁ་འཐོར་འགྲོ་བ།། འཇིག་རྟེན་འཁོར་བའི་ལས་རེད།།

ལས་ལ་གཟུར་ཐབས་མེད་ན།། སྲོག་ལ་གཡོལ་ཐབས་མི་འདུག།། ཚེ་མཇུག་གྱེས་མཇལ་ཞུ་ས།། མི་མངོན་ནམ་མཁའི་གནམ་ཡིན།།

བླ་དང་རྣམ་ཤེས་འཁོར་ས།། སུ་དང་གང་ཡང་མི་འདུག།། བདོས་བཅས་གཟུགས་པོ་གཡུཊ་ས།། མར་ཀི་གཙང་པོའི་ཆུ་ཡིན།།


༢༠༡༠།.༢ .༡༢

རྒྱལ་ཐང་སེམས་ཀྱི་ཉི་ཟླ་ལྗོངས།

[རྩོམ་སྒྲིག]
                    རྒྱལ་ཐང་སེམས་ཀྱི་ཉི་ཟླ་ལྗོངས།


                                  (༡)

གངས་རི་ར་བས་བསྐོར་བའི་ཞིང་ཁམས། འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་། གངས་ཅན་བོད་ཀྱི་གནས་མཆོག འཛམ་གླིང་ས་ཡི་ཡང་མཐོ་མཐོ་སྒང་བསིལ་ལྡན་ཞིང་ཁམས་སུ། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཕ་སྤྲེལ་རྒན་བྱང་སེམས་དཔའ་དང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་མ་བྲག་སྲེན་གདོང་དམར་གཉིས་འདུས་པ་ལས་འགྲོ་བ་མིའི་རིགས་གཞི་ནས་ཆགས་པར་ཆེས་སྔ་ཤོས་སུ་གྲགས་པ། ཆོས་དང་རིག་གནས་ཀྱི་ལོ་རྒྱུས་རིང་ཞིང་རང་བྱུང་ཁོར་ཡུག་གི་རྣམ་པ་ལ་འབག་བཙོག་གི་རྫས་ངན་གྱིས་ནམ་ཡང་མ་གོས་པའི་གནས་མཆོག་འདི་ལ་དབྱེ་ན། སྟོད་མངའ་རི་སྐོར་གསུམ་དང་སྨད་མདོ་ཁས་སྒང་དྲུག་བར་དབུས་གཙང་རུ་བཞིའང་ཡང་ན་མདོ་དབུས་ཁམས་གསུམ་དུ་གྲགས་པ་ལས་སྨད་མདོ་ཁམས་པའི་ཁོངས་གཏོགས། བོད་ཁམས་བྱིངས་ཀྱི་ཤར་ལྷོའི་ཕྱོགས་སུ་གཏོགས་པའི་རྒྱལ་ཐང་བསིལ་མོ་ལྗོངས་ནི་དེང་སྐབས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཞེས་མིང་འདོགས་ཤིང་དེའི་མངའ་འོག་ཏུ་བསྡུས། དེ་ལའང་འཇོལ་བདེ་ཆེན་རྫོང་དང་འབའ་ལུང་རྫོང་རྒྱལ་ཐང་སེམས་ཀྱི་ཉི་ཟླ་རྫོང་གསུམ་དུ་ཕྱེ་བས་རྒྱལ་ཐང་རྫོང་གི་གནས་མཆོག་དེར་ཡུལ་བསྐོར་བས་ཤམ་བྷ་ལ་དང་སེམས་ཀྱི་ཉི་ཟླ་ཞེས་མིང་འདྲ་མིན་བཏགས་པ་དང་། དེང་སྐབས་འཛམ་གླིང་ཤར་ནུབ་དང་རྒྱ་ནགས་སོགས་ཕྱོགས་མཐའ་ཁག་ནས་གྲོ་འབུ་ཚང་ལ་འདུས་པ་བཞིན་མི་ཚོགས་འདུས་སྡོད་ཆེ་བའི་ཡུལ་བསྐོར་སྤྲོ་འཁྱམས་བྱ་ཡུལ་གྱི་གནས་མཆོག་ཞིག་ལ་གྱུར་ཟིན། དེ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནས་མཆོག་འདིར་མི་རྣམས་ཀྱིས་རིག་གནས་དང་སྒྱུ་རྩལ་ཐོན་ཁོངས་སོགས་ཧ་ཅང་ཕུན་སུམ་ཚོགས་པར་ཡིད་དབང་འཕྲོག་པ་ཡིན་ཞིང་། དེ་ཡང་ལོ་རྒྱུས་ཀྱི་དབང་དུ་བྱས་ན་གནས་འདི་ཉིད་ནི་མཐོ་མར་རྡོ་ཆས་དུས་རབས་ནས་མིའི་རིགས་འཚོ་གནས་བྱུང་ཡོད་པར་བྲག་བརྐོས་རི་མོ་སོགས་ཀྱིས་བདེན་དཔང་ཡོད་པར་བཤད་ཅིང་། ལྷག་པར་དུ་དུས་རབས་དང་པོ་གཉིས་པའི་ཡར་སྔོན་ནས་མིའི་རིགས་འཚོ་གནས་ཡོད་པ་ནི་༡༩༨༨ལོའི་ཉི་ཤར་བདེ་སྐྱིད་གྲོང་གི་ས་འོག་ནས་རྡོ་ཡི་རོ་སྒམ་རྙེད་སོན་བྱུང་བ་ལྟར་ན། མི་ལོ་༢༨༥༠་དང་༢༨༡༠་+༨༠འདས་ཟིན་པར་ཚན་རིག་པས་བདེན་དཔང་བྱས།

ད་ལྟའི་ཆར་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་བཅུག་པའི་བོད་རིགས་རང་སྐྱོང་ཁུལ་གཅིག་པུ་དེ་ཡིན། ཁུལ་སྲིད་གཞུང་ཡོད་སའི་ཤམ་ལྷ་ལ་རྫོང་གི་མིང་དངོས་ནི་རྒྱལ་ཐང་རྫོང་ངམ་རྡོ་དཀར་རྫོང་ཡང་ཟེར་ཞིང༌། ༢༠༠༡ལོར་ཤམ་བྷ་ལའི་རྫོང་ཞེས་ད་ལྟའི་མིང་འདིར་བསྒྱུར་བ་རེད། སྔོན་༧རྒྱལ་མཆོག་ལྔ་པ་ཆེན་པོ་དུས་ནས་རྒྱལ་ཐང་རྫོང་ཁག་ལྔ་དང་ཤོག་སུམ་ཅུ་སོ་དྲུག་བཅས་ཡོད་འདུག བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཟེར་བ་འདི་ནི་ཕྱི་ལོ ༡༩༥༧ལོའི་ཟླ ༩ཚེས ༡༣ཉིན་གཞི་ནས་གསར་འཛུགས་བྱས་པ་ཡིན་ཞིང་། དེའི་ཁོངས་སུ་རྒྱལ་ཐང་དང་འབའ་ལུང༌། བདེ་ཆེན་ནམ་འཇོལ་བཅས་རྫོང་ ༣དང་ས་གནས ༢༧ གྲོང་བརྡལ ༣ ཤང ༧༥བཅས་ཡོད་པ་དང་སྤྱི་བསྡོམས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༢༣༨༧༠ཡོད་ཟེར། དེའི་ནང་ཚན་ཤམ་བྷ་ལ་ནི་དེང་སང་ཟི་ཁྲོན་དང༌། ཡུན་ནན། བོད་ལྗོངས་གསུམ་འབྲེལ་མཚམས་སུ་ཡོད་ཅིང༌། འདབས་འབྲེལ་གྱི་ས་མཚམས་ཡང་ཤར་ཕྱོགས་སེང་ཆེན་རྡོ་སྤག་ལ་ཁ་ནས་གངས་དཀར་གླིང་པ་དང་། ཤར་ལྷོ་སྟོད་རྡོ་སྒོ་ལ་ཁ་ནས་རྨི་ལི། སྨད་ལ་མོ་མཚོ་སྒང་ལ་ཁ་ནས་ཐར་ལམ། དེ་བཞིན་ལྷོ་དང་ལྷོ་ནུབ་འབྲི་ཆུས་བར་དུ་ཆོད་པའི་འཇང་རྡོ་སྦག་ལ་ཁ་ནས་ས་དམ་༼ས་ཐང་༽འཁེལ། ནུབ་འབྲི་ཆུས་བཅད་པའི་ཀོང་རྩེ་རྭ་བ་དང་། ནུབ་བྱང་རོང་པ་སྒམ་འགྲམ་རྫ་ནག་ལ་ཁ་ནས་མནའ་སྔ་མར་དབུས་འགྱུར་ཆོས་ཀྱི་ཞིང་ས་བསྐྱོད་སྐབས་ཀྱི་འགྲོ་ལམ་ཡིན། བྱང་ཕྱོགས་གཏེར་མ་རོང་སྟོད་ལྟག་སྒོ་ལ་ཁའི་བར་འབའ་པ་དང་། བྱང་ཤར་མཚམས་སུ་གཏེར་མ་རོང་སྟོད་ཟངས་གླིང་ལ་ཁ་ནས་སྔོ་ཤོད་བྱ་རོ་ལ་ཁ་ཆ་འཕྲེང་༼འཕྱ་ཕྲེང༽དང་ས་འབྲེལ་ཆགས་ཡོད། ཡུལ་ལྗོངས་འདིའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་༣༤༠༠ཡི་ངོས་སུ་ཆགས་ཤིང་། མི་གྲངས་ཀྱང་འབུམ་༡ལྷག་ཡོད། རྫོང་མཁར་དུ་མི་ཁྲི་ཚོ་བཞི་ལྔ་ཙམ་ཞིག་རྒྱུན་སྡོད་ཡོད་ཅིང། མི་འབོར་ཕལ་ཆེར་བ་རྣམས་གྲོང་སྡེ་སོ་སོར་གནས་ཡོད། དེ་ཡང་རྡོ་མཁར་རྫོང་པ་དང་། རོང་པ། ཡང་ཐང་། རྒྱད་སྡེ། རྒྱལ་ཞིང་། སྔོ་ཤོད། ནག་ག་རག གཏེར་མ་རོང་། ཙེ་ནེ། མགོ་པ། སྒྲ་རྩ། ཨ་ལ་གོ། ཧ་མོ་རྒྱབ་ཟུར། སྟག་རི་རྒྱབ། གཟིག་རི། གོང་སྤེལ། རྭ་དང་བེ་ནར། ཡུལ་གསར་ཐང་འགོ ཐང་སྟེང་། ཚུར་ཐང་རོང་མདོ། རྙེ་ཟུར་བཅས་རྒྱལ་ཐང་གི་མངའ་འོག་ཏུ་ཡོངས་གྲགས་ལ་སྡེ་ཁག་བཅུ་བདུན་ཞེས་བཤད་སྲོལ་ཡོད། དོན་དངོས་ཐོག་དེ་ཙམ་ལས་ལྷག་པ་ཡིན། འོན་ཀྱང་འདིར་སྡེ་ཁག་བཅུ་བདུན་ཕྱེ་བ་ནི་སུམ་རྩེན་གླིང་དགོན་པའི་ནང་གི་ཁམས་ཚན་བརྒྱད་ཡོད་པ་ནས་སོ་སོའི་ཁྱབ་འོག་ཏུ་སྡེ་ཇི་ཙམ་ཡོད་མེད་རྩི་ཚུལ་ཞིག་ཡིན་པ་འདྲ། སྡེ་ཁག་བཅུ་བདུན་གྱི་སེར་སྐྱ་ཡོངས་ཀྱི་གཙུག་གི་རྒྱན་དུ་གྱུར་པ་འདི་ཕྱི་གཉིས་ཀྱི་སྐྱབས་མགོན་ནི་ཟངས་འབུམ་མཆོག་སྤྲུལ་རྡོ་རྗེ་འཆང་དང་བཀའ་འགྱུར་རིན་པོ་ཆེ་རྣམ་གཉིས་ཡིན། ཁོང་རྣམ་པ་གཉིས་ནི་ལོ་རྒྱུས་རང་བཞིན་ཅན་གྱི་སྡེ་ཁག་བཅུ་བདུན་ཡོངས་ཀྱིས་གཙུག་ཏུ་བཀུར་བའི་ཡུལ་ལུང་སྤྱིའི་བླ་ཆེན་རྣམ་གཉིས་ཡིན། ཁོང་རྣམ་གཉིས་ཀྱི་མཚན་གནས་རྗེས་འབྲེལ་གྱི་གཟིམ་ཁང་གཉིས་ལ་སྒང་ཤག་དང་ཞབས་ཤག་ཞེས་དགོན་སྡེ་སྤྱིའི་ཆེ་མཐོང་གིས་མཚན་གནས་གསོལ་ཡོད། དེར་སུམ་རྩེན་གླིང་དང་རྒྱལ་བ་རིགས་ལྔའི་གནས་དང་རྫོང་མཁའི་ཇོ་ཁང་དང་ནགས་ཕག་མཚོ་དང་བས་མཐའ་མཚོ་ལ་སོགས་པའི་གནས་གྲགས་ཅན་མང་པོ་ཡོད། ༢༽ རྫོང་མཁར་གྱི་སྲང་ལམ་གཙོ་བོ་ཛམ་ཐང་ལམ་བརྒྱུད་ནས་ཕྱིན་ཚེ་ཛམ་ཐང་གནའ་མཁར་(རྡོ་དཀར་རྫོང་ཡང་ཟེར) ཡོད་ས་དེར་སླེབས་ཐུབ །རྒྱལ་ཐང་ལ་གནའ་བོའི་དུས་སུ་ཛམ་ཐང་ཟེར་ཞིང༌། དེ་དང་ལི་ཐང༌། འབའ་ཐང་བཅས་ནི་བོད་ཀྱི་རྒྱལ་པོའི་སྲས་གསུམ་གྱི་མངའ་རིས་ཡིན།  རྒྱལ་ཐང་ཞེས་པའི་མིང་ཐོབ་ཚུལ་ལ་གནའ་བོ་བོད་ཀྱི་རྒྱལ་པོའི་དབང་རིས་ཡིན་ཞིང་ས་གཞི་འཁོད་སྙོམས་ལ་ཐ་གྲུ་རྒྱ་ཡངས་པའི་རྩྭ་ཐང་སྟེང་ལ་ཆགས་པས་ན་དེ་སྐད་གྲགས། བོད་ཀྱི་དཔོན་དམག་རྣམས་རྒྱལ་ཐང་ནས་ལ་གཅིག་རྒྱག་པའི་ས་དེར་སླེབས་དུས་སྔ་དང་འདྲ་བའི་ཐང་ཡངས་པོ་ཞིག་མཐོང་བས་ཡ་མཚན་དང་བཅས་ཡང་འདིར་ཐང་ཅིག་འདུག་ཞེས་འབོད་པ་ལས་༼ཡང་ཐང༽ཞེས་པའི་མིང་དེ་གྲུབ་པར་གྲགས། དེ་ཡང་སྤྱི་ལོ་680ལོར། བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་རུ་སྡེ་དྲུག་གི་ནང་ནས་དབུ་རུ་ཡི་ཁོངས་བཏོགས་བར་གྱི་དཔའ་བའི་སྡེའི་དམག་དཔོན་ནགས་ཤོད་ཀྱིས་དེའི་རུས་ཆེན་ལའི་སྟེང་དུ་རྡོ་ཡིས་མཁར་བརྩིགས། མཁར་གྱི་ཕྱི་ལ་ཡུལ་དེའི་ས་དཀར་རིགས་ཤིག་ཡོད་པ་དེ་བྱུགས་པའི་རྐྱེན་གྱིས་རྡོ་དཀར་རྫོང་ཞེས་མིང་དུ་ཆགས། དེ་མིན་འོ་ཆུའི་ངོགས་སུ་ཉི་འོད་རྫོང་བརྩིགས་པ་རེད། ཆིང་རྒྱལ་རབས་ཀྱི་སྐབས་སུ་རྡོ་དཀར་རྫོང་ཡུན་ནན་དང་ཐུ་བོད་གཉིས་ཉོ་ཚོང་བྱེད་སའི་ཚོང་འདུས་གལ་ཆེན་དང༌། ཇ་རྟའི་ཚོང་ལམ་འགྲིམ་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ཡུལ་ཞིག་ཏུ་གྱུར། བར་སྐབས་སུ་གནའ་མཁར་ལ་གཏེར་མ་རོང་གི་རོང་སྡེ་བ་སོགས་ཆ་ཕྲེང་དང་གཏེར་མ་རོང་གི་ཇག་པས་གསོད་སྲེག་འཕྲོག་གསུམ་ཐེབས་ནས་ཉིན་བཞིན་ཉམས་རྒུད་དུ་གྱུར།   གནའ་མཁར་གྱི་དཀྱིལ་སྙིང་ནི་རུས་ཆེན་ལ་ཡིན་ཞིང་དེ་ལས་བྱང་སྒོ། གསེར་འབྲུག མཛོད་ཁང་བཅས་སྲང་ལམ་ཆེན་པོ་གསུམ་ཕྱིར་བསྲིངས་ཡོད།གཏོར་སྐྱོན་ཐེབས་ཚད་ཆེས་ཆུང་ཞིང་གཞི་ཁྱོན་ཆེས་ཆེ་བའི་བོད་ཀྱི་གནའ་མཁར་འདི་ཡུལ་སྐོར་བ་འགའ་རེས་ཤེས་རྗེས་དེའི་ལོ་རྒྱུས་ཀྱི་རིན་ཐང་གིས་ཡིད་འཕྲོག་པར་གྱུར་ཏེ་དེ་གར་གཞི་སྡོད་བྱས་པ་རེད། ད་ལྟ་གནའ་མཁར་གྱི་ཁང་གླར་གཏོང་བྱེད་ཀྱི་ཁང་པ་༤༠༠ལྷག་ཡོད་པ་ལས།ཁང་པ་༨༣ནི་འཛམ་གླིང་གི་ཡུལ་ལུང་ངེས་མེད་ནས་ཡོང་བའི་མ་དངུལ་གཏོང་མཁན་གྱིས་གླས་ཡོད་ཅིང༌། གནའ་མཁར་འདི་ཆང་ཁང་དང་ཁོ་ཧྥེ་ཁང་མང་བའི་ཡུལ་ཞིག་ཏུ་གྱུར་ཡོད།   གནའ་མཁར་དུ་སྤྱི་ལོ༡༧༤༢ལོར་བཞེངས་པའི་རྡོ་དཀར་ལྷ་ཁང་ཡོད།བཀའ་བསྟན་ལྷ་ཁང་དེ་ནི་བོད་རྒྱ་གཉིས་ཀྱི་བཟོ་ལུགས་ཟུང་དུ་སྦྲེལ་བའི་བཟོ་བཀོད་ཅིག་ཡིན་པ་དང་ནང་དུ་“སངས་རྒྱས་བསྟན་པ་ཀུན་གྱི་བླ་ན་བཀུར་”ཞེས་པའི་གོང་མ་གཡུང་ཀྲེང་གི་ཕྱག་བྲིས་ཡོད། བཀའ་བསྟན་ལྷ་ཁང་དེ་ནི་བོད་རིགས་རྣམས་ཀྱིས་གྲོས་ཁ་བསྡུར་ས་དང་འདུ་འཛོམས་བྱེད་ས།ཆོས་ལུགས་ཀྱི་ཆོ་ག་སྤེལ་ས་བཅས་རེད། འདུ་ཁང་ནང་དུ་ཆིང་རྒྱལ་རབས་སྐབས་ཀྱི་བོད་རིགས་ཀྱི་ལྷ་བྲིས་པ་ཚོས་བྲིས་པའི་ལྡེབས་རིས་ཡོད་པ་རྣམས་ཐིག་རིས་བྱང་ཆ་ལྡན་ལ་ཁ་དོག་མངོན་པར་བཀྲ། རི་མོའི་འབྲི་སྟངས་ཀྱི་ཐད་ནས་རྒྱ་རིགས་དང༌། པའེ་རིགས། འཇང་རིགས་བཅས་ཀྱི་ལུགས་ཀྱང་འདྲེས་ཡོད་པས་བོད་ཀྱི་ས་གནས་གཞན་དག་ཏུ་མཐོང་དཀོན་པ་ཞིག་རེད།

དགེ་ལྡན་སུམ་རྩེན་གླིང་ནི་བོད་གངས་ཅན་ལྗོངས་ཀྱི་མཐའ་མཚམས་སུ་གཞིས་ཆགས་པའི་རྒྱལ་ཐང་བསིལ་མོ་ལྗོངས་ཀྱི་དགོན་ཆེན་ཞིག་སྟེ། འཕགས་མཆོག་སྤྱན་རས་གཟིགས་མི་ཡི་རྣམ་པར་རོལ་བ། བྱང་ཕྱོགས་ཁ་བ་ཅན་གྱི་ལྷ་སྐལ་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལས་རྒྱལ་མཆོག་ལྔ་པ་ཆེན་པོའི་ཐུགས་དགོངས་ལྟར་གང་གི་ཐུགས་སྲས་འཕྱོང་རྒྱས་པ་དཔོན་སློབ་ངག་དབང་རྣམ་རྒྱལ་གྱིས་ཕྱི་ལོ་༡༦༧༩་ལ་ཕྱག་བཏབ་ཅིང་། ཕྱི་ལོ་༡༦༨༡ལོར་ལེགས་གྲུབ་བྱུང་བས་དགོན་འདིའི་ཕྱག་འདེབས་པ་པོ་དེ་ཉིད་དགོན་པའི་མཁན་ཁྲིར་དང་པོར་ཕེབས་ནས་དཔོན་སློབ་ཟུང་འབྲེལ་གྱིས་མདོ་སྔགས་ཀྱི་ཆོས་ཚུལ་དྲི་མ་མེད་པ་རྨང་ནས་གསོས་ཤིང་དར་རྒྱས་མཛད་པ་དང་། ༧གོང་ས་ལྔ་པ་ཆེན་པོ་རང་ཉིད་ཀྱིས་དངོས་སུ་རྒྱལ་ཐང་དགེ་ལྡན་སུམ་རྩེན་གླིང་ཞེས་མཚན་གསོལ་གནང་མཛད་ཅིང་། དེ་ཡང་རི་བོ་དགེ་ལྡན་པའི་ཆོས་རྒྱུད་འཛིན་པ་དང་གནས་ཁྱད་པར་ལྷ་ཡུལ་ལྟ་བུར་ཆགས་པས་སུམ་རྩེན་དང་ཐོས་བསམ་སྒོམ་གསུམ་སོགས་བྱ་བ་ལས་ཀྱི་གནས་ཡིན་པས་གླིང་ཞེས་རྗེས་གྲུབ་ཀྱི་མཚན་འདི་གསོལ་བར་ངེས་སོ། གཞུང་ས་དགེ་ལྡན་ཕོ་བྲང་པའི་ཆབ་སྲིད་ཀྱི་མངའ་ཐང་གོང་དུ་བཏེགས་པར་མཐའ་མཚམས་ཀྱི་ཡུལ་འདི་ནས་ཀྱང་སྲི་ཞུ་རྒྱ་ཆེར་བསྒྲུབས་ཡོད་ཅིང་། ལྷག་པར་དུས་སྐབས་དེར་བཀའ་རྒྱུད་པའི་དགོན་སྡེ་ཧ་ཅང་མང་བ་སྒང་ལ་ད་རུང་རྙིང་མ་སོགས་དགོན་སྡེ་མི་ཉུང་བ་ཞིག་ཡོད་པས་ཡོངས་གྲགས་སུ་དགོན་ཁག་བརྒྱ་དང་བརྒྱད་ཞེས་གྲགས་པ་དེ་དག་གིས་གྱེན་ལོགས་ཀྱི་ཉེན་ཁ་ཡང་ཆེ་བས་དབུས་ནས་བཀའ་ཡིག་ལན་དུ་མར་འབྱོར་བ་ལྟར་ཀརྨ་བཀའ་རྒྱུད་ཀྱི་དགོན་སྡེ་ཆེ་བ་གསུམ་དང་། དེ་བཞིན་འདབ་འབྲེལ་གྱི་འཕྱ་ཕྲེང་དང་འཇང་། དེ་བཞིན་ཆབ་མདོ་དང་བྲག་གཡབ་སོགས་ནས་ཀྱང་ཡོང་ཆོག་པའི་དགོན་སྡེ་ཧ་ཅང་ཆེན་པོ་ཞིག་གི་འཆར་གཞི་ལྟར་གྲུབ་ཡོད་ཅིང་། མདོར་ན་དགོན་ཁག་བརྒྱ་དང་བརྒྱད་ལས་གྲུབ་པའི་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་རིང་ལུགས་འཛིན་པ། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཆོས་སྡེ་ཆེན་ཆེན་པོ་ཞིག་༧གོང་ས་ལྔ་པ་ཆེན་པོས་ཐུགས་སྐྱེད་སྨོན་ལམ་གྱི་སྟོབས་ལས་ལེགས་པར་གྲུབ་ནས་ད་བར་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་བོད་རྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་བ་གྲས་ཤིག་ཏུ་གྱུར་ཡོད། ལོ་རབས་སྔོན་མར་དགོན་སྡེ་འདིར་དགེ་འདུན་པ་སྟོང་ཚོ་གཉིས་ལྷག་ཚོགས་མྱོངས་ཤིང་།  དེང་སྐབས་ཀྱང་དགེ་འདུན་སྡེ་སྣོད་འཛིན་པ་བརྒྱད་བརྒྱ་ཡས་མན་ཞིག་རྒྱུན་བཞུགས་གནང་བཞིན་ཡོད།  འདི་གའི་ཆོས་སྤྱོད་ཀྱི་བྱ་བ་གཙོ་བོ་ནི་དབུས་ཀྱི་གསང་ཆེན་དཔལྡན་སྟོད་རྒྱུད་གྲྭ་ཚང་གི་ཕྱག་སྲོལ་འཁྲུལ་མེད་གསང་སྔགས་ཀྱི་ཆོ་གའི་བསྐོར་ཡིན། གདན་ས་ཁག་ནས་སློབ་མཐོན་གྱིས་དགེ་བའི་བཤེས་གཉེན་དང་རབས་འབྱམས་པ་སོགས་མཁས་པ་གནམ་གྱིས་ས་གབ་པ་ལྟ་བུ་བྱོན་ཡོད།  མཁན་རབས་རིམ་བྱོན་ཡོངས་རྫོགས་ནི་དགེ་བཤེས་དང་རབ་འབྱམས་པ་རྣམས་ཡིན་ཞིང་།   དགོན་པའི་མགོན་བླ་གཙོ་བོ་ནི་འཕྱོང་རྒྱས་པ་ངག་དབང་རྣམ་རྒྱལ་གྱི་སྐུ་སྐྱེས་སྐྱབས་རྗེ་ཟངས་འབུམ་རྫོ་རྗེ་འཆང་སྐུ་ཕྲེང་རིང་བྱོན་དང་ཁྱབ་བདག་རྒྱལ་ཐང་བཀའ་འགྱུར་བ་རྣམ་གཉིས་ཡིན་ཞིང་།   དགོན་པའི་མ་ལག་དང་བཅས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ནི་གཙོ་བོ་གྲྭ་ཆང་རིན་པོ་ཆེ་དང་ཁམས་ཚན་བརྒྱད་ཡིན།  དགོན་པའི་དགེ་འདུན་མངས་ཀྱི་འཚོ་བའི་ཆ་རྐྱེན་མཁོ་སྒྲུབ་གནང་མཁན་སྤྱི་སོ་དང་རྒྱབ་ཤགས་གཉིས་ཡིན། དེང་སྐབས་དེ་གཉིས་ལོགས་སུ་བཙུགས་ཐུབ་མེད། དགོན་པའི་ཁོ་རྭ་ཁོར་ཡུག་ནི་ཤར་ན་ཁ་རི་གླང་ཆེན་འདྲའི་སྟེང་གཞི་བདག་དང་གནས་རིའི་རང་བཞིན་ཡིན། མདུན་ན་ལྷ་མོ་བླ་མཚོ་གཡུ་ཡི་མེ་ལོང་འདྲ་བའི་ནང་དགོན་པའི་སྣང་རྙན་གསལ་ལྷང་ལྷང་བཀྲ་ཞིང་གསེར་བྱ་ངང་མོ་སོགས་མཚོ་ལ་དགའ་འདབ་ཆགས་ཉ་མོ་སོགས་སྦྱིན་པའི་གནས་སུ་གྱུར་བ་དང་། ནུབ་བྱང་མཚམས་སུ་མཁའ་སྣ་རྒྱུད་ཀྱི་རི་གཞོངས་དེ་ནི་གྲྭ་སར་འགྲིམ་པའི་ཆོས་ལམ་ཡིན་པར་གྲགས།  རྒྱབ་རི་གནམ་སྔོན་པོ་ས་ལ་ལྷུང་འདྲ་བ་ནི་ཡུལ་ཁམས་བདེ་བའི་རྟེན་འབྲེལ་ཞེས་ཀྱང་གྲགས།


རུས་ཆེན་ལའི་སྤྱི་གླིང་དུ་ཡོད་པའི་ཀླུ་རྒྱལ་ལྷ་ཁང་ནི་ཐོག་སོ་གསུམ་དང་ལྡན་པའི་རྒྱའི་ལུགས་ཀྱི་བཟོ་བཀོད་ཅིག་ཡིན་ཞིང༌།དེ་ལས་གནའ་མཁར་ཧྲིལ་པོར་མར་བལྟས་ཆོག དེང་སྐབས་རི་རྩེ་རུ་མ་ཎི་འཁོར་ལོ་ཆེན་པོ་ཞིག་བཞེངས་ཡོད་པ་དང་དེའི་སྟེང་རྒྱ་མིའི་གུང་ཁྲེན་རིང་ལུགས་ཀྱི་མེས་པོའི་རྙན་རིས་འབུར་དོད་རྐོས་ཡོད་པ་དང་གུང་ཁྲིན་ལ་དགའ་ཞེན་བྱས་དགོས་པའི་སློབ་བྱ་མང་པོ་རྐོ་ཡོད་པས་ཏང་འཁོར་ཞེས་པའི་མིང་འདོགས་ཤིག་ཀྱང་བཏགས་ཅིང་། དེའི་རྐྱེན་གྱིས་དད་ལྡན་མང་ཚོགས་ཀྱིས་དད་མོས་མི་བྱས་ཤིང་ཡུལ་བསྐོར་བ་རྣམས་ཀྱིས་རྩེད་ཆས་ཙམ་གྱི་མཐོང་ལས་བྱས་ཀྱིན་མི་འདུག་ཟེར། ༣༽ རྒྱལ་ཐང་ནི་བོད་ཀྱི་མཐའ་མཚམས་སུ་གཞིས་ཆགས་པའི་ས་ཁུལ་ཞིག་ཡིན་ལ། དེར་ཤིང་སྣ་རྒྱ་ཕྲག་མང་པོ་སྐྱེད་བའི་ནགས་འཚལ་སྟུག་པོ་དང་ཆེད་དུ་གསོ་སྐྱོངས་བྱས་པ་ལས་ཀྱང་མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་གིས་ཡོངས་སུ་གང་བའི་སྦང་ལྗོངས། གསེར་ཟངས་སོགས་རིན་ཆེན་དངོས་པོའི་གཏེར་ཁ་མང་ཤིང་ཤ་མོ་རིགས་འདྲ་མིན་དང་དབྱར་རྩྭ་དགུན་འབུ་སོགས་སྨན་སྣ་འཛོམས་པ། རི་སྐྱེས་སྲོག་ཆགས་ནང་ནས་དེང་སྐབས་འཛམ་གླིང་ཡོངས་སུ་དཀོན་པའི་སྤྲེའུ་སེར་གདོང་ཅན་དང་ཁྲུང་ཁྲུང་རྐེ་ནག དོམ་ཁྲ་རབས་དེ་མིན་གླ་བ་དང་སྒོ་བ་ཤྭ་བ་མནའ་བ་སོགས་དང་། གཟིག་དང་དྲེལ་རི་ཕག་སྤྱང་ཀི་ཝ་མོ་རི་བོང་བཅས་རི་སྐྱེས་འོ་འཐུང་དང་ཤ་གཟན་རིགས་གྲངས་ལས་འདས་པ་ཡོད། ནོར་ཕྱུགས་ཀྱང་གཡག་དང་འབྲི་འཛོ་མོ་བ་ཕྱུགས། དེ་བཞིན་་ལུག་དང་འཛོ་རྟ་བཅས་མདོར་ན་མཐོ་སྒང་གི་མིའི་ལོངས་སྤྱོད་ཀྱི་ཆ་རྐྱེན་དུ་ཕུན་སུམ་ཚོགས། མི་རྣམས་ཀྱི་ཡིད་དབང་འཕྲོག་པའི་མཚོ་དང་ཚེའུ་སོགས་རང་བྱུང་གི་མཐོན་ཁོངས་ཕྱུགས་པའི་གནས་མཆོག་ཞིག་ཡིན། དེར་བརྟེན་ས་འདི་ལ་མི་རྣམས་ཀྱིས་རྒྱལ་ཐང་ནོར་བུའི་ས་ཆ་ཞེས་བསྔགས་པའི་གླུ་དབྱངས་ལེན། ལོ་རྒྱུས་ཐོག་དེ་གའི་མི་རྣམས་གྱིས་འཚོ་བའི་མཁོ་སྒྲུབ་ཐད་གཙོ་ཆེར་ཞིང་ལས་དང་ཤིང་བཟོ་ཐོན་རྫས་དང་རྫ་བཟོ་སྨྱུག་མ་སླས་ནས་སླེའུ་སོགས་མཁོ་སྤྱོད་ཆེ་བ་མང་པོ་བཟོ། དུས་ཀྱི་འགྱུར་འགྲོ་དང་སྟུན་འཛམ་གླིང་ཡོངས་སུ་མཚན་རིག་དར་ཁྱབ་སོང་བ་ལ་བརྟེན་ནས་དེ་གའི་མི་རྣམས་ཀྱི་འཚོ་བ་དང་ཐོན་སྐྱེད་གོང་དུ་འཕེལ་བ་དང་མི་དམངས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་བ་དང་ཆབས་ཅིག ཤིང་བཟོས་ཡོ་བྱད་སོགས་ཀྱི་ཐོན་སྐྱེད་བྱ་བ་དེ་རིམ་བཞིན་བཟོ་རྩལ་ཐོན་རྫས་ཐོན་སྐྱེད་བྱེད་པར་གྱུར། ཤིང་བཟོ་ལྟ་བུ་ཞིག་ལ་མཚོན་ན་དེང་སྐབས་སྤྱོད་གོ་ཆོད་ལ་མཛེས་རྩལ་ལྡན་པའི་མི་རིགས་ཀྱི་ཤིང་བཟོས་བཟོ་རྩལ་ཐོན་རྫས་ཆེད་དུ་ཐོན་སྐྱེད་བྱེད་ཀྱིན་གདའ། ཤིང་ཕོར་གྱི་ཐོན་རྫས་ཀྱི་རྒྱུ་ཆ་ནི་ཤིང་སྟག་མ་དང༌། གསོམ་ཤིང་དམར་པོ། སེའུ་ཤིང་སོགས་མཐོ་སྒང་གི་ཤིང་སྡོང་རྩ་ཆེན་དག་ཡིན་ཁར། སྲོལ་རྒྱུན་གྱི་བཀྲག་རྩི་རྒྱག་སྟངས་སྤྱད་ནས་ཐོན་པ་ཡིན། ཐོན་རྫས་ལ་ད་བེར་བརྐོས་མ་ཡོད་ཅིང༌། དེའི་ནང་དུ་ནོར་བུ་འབྲུག་འཁྱིལ་དང༌། བྱ་འབྲུག་ཁ་སྤྲོད། བཀྲ་ཤིས་རྟགས་བརྒྱད། གངས་སེང་དཀར་མོ། རྒྱལ་སྲིད་སྣ་བདུན། དེ་བཞིན་ཚེ་རིང་རྣམ་དྲུག་། རི་དྭགས་བསེ་རུ། ཤྭ་བ་རྔ་རིང་སོགས་ཀྱི་རི་མོ་བརྐོས་པས་མི་རིགས་ཀྱི་ཐུན་མང་མ་ཡིན་པའི་ཁྱད་ཆོས་མངོན་ཡོད། བཟོ་བའི་ཁྱད་འཕགས་ཀྱི་ལག་རྩལ་ལས་གསོན་ཉམས་ལྡན་པའི་རི་མོ་དག་མིག་གིས་ལོངས་སུ་སྤྱོད་པར་མངོན། ཆ་སྒམ་མཆོད་གཤོམ་གྱི་ཐོག་ལ་བོད་བརྒྱུད་ནང་བསྟན་གྱི་མཆོད་འབུལ་གྱི་རི་མོ་སྣ་ཚོགས་བརྐོས་ཡོད། བོད་ཀྱི་མདུན་ཅོག་ངོར་“འབྲུ་སྣ་ཕུན་སུམ་ཚོགས་པ་”དང་“དཔལ་བེའུ་”སོགས་ཀྱི་རི་མོ་བརྐོས་ཤིང་། སྲོལ་རྒྱུན་འདི་དག་ནི་དུས་རབས་སྔོན་མ་ཡིན་ན་ཤེས་ཡོན་ལྡན་པའི་མཁས་པ་དང་ཕྱུག་པོ་དང་དཔོན་རིགས་ཀྱི་མཚོན་རྟགས་ཡིན་པའི་བཟོ་རྩལ་ཐོན་རྫས་ཡིན། དེང་སང་དགོས་པའི་ཡོན་ཏན་ལ་དམ་འདོད་མེད་པར་མི་དགོས་དཔོན་ཆས་སོགས་ཁྱིམ་ཚང་ཀུན་ལ་ཁྱབ་སྟེ། བོད་ཁང་ནང་དུ་མེད་དུ་མི་རུང་བའི་ཁྱིམ་ཆས་སུ་གྱུར་ནས་། དེ་བཞིན་བཟོ་གྲྭས་ད་དུང་རིན་གོང་དང་ཚད་གཞི། བཟོ་དབྱིབས་མ་འདྲ་བའི་ཤིང་ཕོར་དང། རྩམ་སྒམ། ཇ་ཕོར། མིག་མངས་ཀྱི་རྡེའུ་སྣོད། ཆང་བྱད་སོགས་ཐོན་རྫས་རིགས་སྣ་༢༠ལྷག་ཐོན་སྐྱེད་བྱེད་བཞིན་ཡོད། ༤

རང་ཅག་རྣམས་ཀྱི་འདྲེན་པ་དང་ཐུགས་རྗེ་བླ་ན་མ་མཆིས་པ་སྐྱབས་རྗེ་ཟངས་འབུམ་རྡོ་རྗེ་འཆང་དཔལ་བཟང་པོ་མཆོག་ནི་སྔོན་བདག་ཅག་གི་སྟོན་པ་ཤྭཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཐར་པ་མྱང་ངལ་ལས་འདས་པའི་གོ་འཕངས་ལ་འགོད་པའི་ཕྱིར་མཛད་པ་བཅུ་གཉིས་ལ་སོགས་བསྟན་པའི་སྐབས་ན་སྟོན་པའི་འཁོར་གྱི་དབུས་ནས་ཤེས་རབ་ཀྱི་མཆོག་ཉན་ཐོས་ཤ་རིའི་བུ་དང་།  འཕགས་ཡུལ་གྱི་པཎ་གྲུབ་ཆེན་པོ་རྣམས་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེ་ན་ཉི་མ་ལྟ་བུའི་གསལ་བར་མཛད་པའི་དུས་སུ་གྲུབ་ཆེན་ཏེ་ལོ་པ་ཆེན་མོ་དང་པཎྜི་ཏ་ཙནྜ་གོ་མི་སོགས་ཀྱི་སྐྱེ་བ་བཞེད། བོད་དུ་སྟན་པ་སྔ་དར་སྐབས་བོད་ཀྱི་རྗེ་འབངས་ཉེར་ལྔའི་ནང་ཚན་ཤུད་བུ་དཔལ་སེང་སོགས་དང་། ཕྱི་དར་སྐབས་དགེ་བའི་བཤེགས་གཉེན་ཆེན་པོ་པོ་ཏོ་བ་དང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་དངོས་སློབ་སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་དང་། བྲག་སྒོ་རང་འབྱམས་སོགས་ཀྱི་སྐུ་རྒྱུད་འཛིན་ཅིང་། ལྷག་པར་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཆབ་འབངས་སུ་གཏོགས་པ། བོད་ཁམས་སྐྱེ་རྒུ་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་རྒྱལ་མཆོག་ལྔ་པ་ཆེན་པོའི་ཐུགས་སྲས། འཕྱོངས་རྒྱས་པ་དཔོན་སློབ་ངག་དབང་རྣམ་རྒྱལ་གྱིས། ཆོས་སྡེ་ཆེན་པོ་དགེ་ལྡན་སུམ་རྩེན་གླིང་ཕྱག་བཏབ་ཅིང་མཁན་ཁྲིར་ཕེབས་པ་ནས་བཟུང་རྒྱལ་ཐང་ལྷ་སྡེ་མི་སྡེ་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ནས་མཚན་ཡང་དཔོན་སློབ་ཞེས་གསོལ་ཞིང་། དེ་ཡང་གསེར་ཀོང་རྡོ་རྗེ་འཆང་མཆོག་གིས་མཛད་པའི་ཟངས་འབུམ་རིན་པོ་ཆེའི་འཁྲུངས་རབས་གསོལ་འདེབས་ལས། ༼ཁྱབ་བདག་ཁྲི་ཆེན་ཡང་སྟིང་རྣམ་རྒྱལ་དཔལ།། གྲུབ་པ་མཆོག་བརྙེས་བློ་བཟང་འཕྲིན་ལས་དང་།།  ལྔ་པའི་ཐུགས་སྲས་ངག་དབང་རྣམ་པར་རྒྱལ།། འགྲོ་འདྲེན་དམ་པ་གསུམ་ལ་གསོལ་བ་འདེབས།།༽ ཞེས་གསུངས་པ་ལྟར་དེ་ནས་དཔོན་སློབ་ངག་དབང་རྣམ་རྒྱལ་མཆོག་གི་སྐྱེ་རབས་ཕྲེང་བ་རིམ་བྱོན་ལས་ཁྲི་ཆེན་དགེ་འདུན་ཚུལ་ཁྲིམས་དང་གྲུབ་པའི་དབང་ཕྱུགས་བློ་བཟང་འཕྲིན་ལས་དཔལ་བཟང་པོ་དང་། སྤང་རྟོགས་ཀྱི་་ཡོན་ཏན་ལ་མངའ་བརྙེས་པ་དཀོན་མཆོག་འཕྲིན་ལས་རྒྱ་མཚོ་དང། དམ་པ་འདི་ཉིད་ནི་རྒྱལ་ཐང་རྫོང་གི་ནུབ་ཕྱོགས་སུ་ལེ་དབར་ལྔའི་མཚམས་ཀྱི་ཟངས་འབུམ་ཡུལ་དུ་སྐུ་འཁུངས་ཤིང་།  དུས་དེ་ནས་བཟུང་ཟངས་འབུམ་རྡོ་རྗེ་འཆང་ཞེས་པའི་མཚན་དེ་ཐོབ་ཅིང་། རྗེ་འདི་ཡིས་གནང་བའི་ཟངས་འབུམ་སྒྲོལ་མ་ཞེས་པའི་རྗེ་བཙུན་སྒྲོལ་མའི་སྐུ།  གསུང་རང་བྱོན་མ་ཞིག་སྔར་རྒྱལ་ཐང་དགའ་ལྡན་སུམ་རྩེན་གླིང་དུ་ཡོད་པར་གྲགས། དཀོན་མཆོག་འཕྲིན་ལས་རྒྱ་མཚོའི་སྐྱེས་སྤྲུལ་རིགས་བརྒྱའི་ཁྱབ་བདག་དཀོན་མཆོག་འཇིགས་མེད་རྒྱ་མཚོ་༼ཁོང་ནི་ཡང་ཐང་ཞེས་པའི་ཡུལ་དེར་སྐུ་འཁྲུངས༽དང་།  ཞྭ་སེར་བསྟན་པ་གསལ་བྱེད་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོའང་།  མཚན་གཞན་ངག་དབང་བློ་བཟང་བསྟན་འཛིན་ཆུ་གཏེར་༼དམ་པ་འདི་ནི་རྒྱལ་ཐང་རྫོང་གི་ཉེར་འཁྲིས་ཀྱི་བྲག་སྣ་ཞེས་པའི་གྲོང་ཚོ་ནང་འཁྲུངས༽་དང་།  སྙིགས་དུས་འདིར་བསྟན་འགྲོའི་དཔལ་མགོན་དུ་ངེས་དོན་གྱི་མཆོག་སྤྲུལ་རྣམ་པར་རོལ་བའི་རྗེ་བཙུན་ཐུབ་བསྟན་ཚུལ་ཁྲིམས་དཔལ་ལྡན་རྒྱལ་མཚན་གྱི་བར་བྱོན་ཞིང་།  དེ་དག་ཐམས་ཅད་ཀྱང་བསྟན་འགྲོ་སྤྱི་དང་སྒོས་ཤར་རྒྱལ་ཐང་པའི་སྐྱེ་འགྲོ་ཡོངས་དང་།  གཞན་ཡང་ཆོས་འབྲེལ་དངོས་ཐོབ་ཀྱི་སྐལ་ལྡན་གདུལ་བྱ་རྣམས་ཀྱི་ཐོགས་མེད་ནས་བསགས་པའི་སྡིག་སྒྲིབ་དག་ཅིང་།  གཏན་གྱི་བདེ་བར་འགོད་པའི་ཆེད་དུ་བྱོན་པ་ཁོ་ནའོ།  འདིར་བཀོད་པའི་རྣམ་ཐར་ནི་ཟངས་འབུམ་རྡོ་རྗེ་འཆང་གི་སྐུ་ཡི་གསང་གསུམ་གྱི་མཛད་པ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིག་ཙམ་ཞིག་དད་ལྡན་བསོད་ནམས་བསགས་པའི་ཞིང་དུ་སྦྱར་བའོ།།