Wikipedia:How to edit a page

ཡོང་ཁུངས་Wikipedia

དགེ་རྒན་དཔོན་པོ། དགེ་རྒན་དཔོན་པོ་ནི་ལྕང་གླིང་རྫོང་ཝ་ལམ་གོང་མའི་སློབ་འབྲིང་གི་དགེ་རྒན་ཞིག་ཡིན་ལ། སློབ་གསོའི་ལས་གནས་སྟེང་ཞུགས་ནས་ད་བར་སྟེ་ལོ་ངོ་བཅུ་ཕྲག་གཉིས་ལྷག་གི་རིང་ལ་རང་གི་ནུས་ཚོད་ཀྱིས་འབད་པ་བྱས་པས་དགེ་རྒན་རྣམས་ཀྱི་མིག་དཔེ་བལྟ་ས་ཞིག་ཡིན་པར་མ་ཟད་ཝ་ལམ་གོང་ཞོལ་གྲོང་ཚོའི་མང་ཚོགས་ཀྱིས་བསྟོད་པའི་མེ་ཏོག་ཀྱང་ཕྱོགས་དང་དུས་མེད་པར་འབབ་བཞིན་ཡོད། དེ་མིན་ཁོང་ནི་སློབ་གསང་གི་ཁོམ་སྐབས་དག་བེད་སྤྱད་ནས་སྒྲུང་གཏམ་དང་ལྷུག་རྩོམ། སྙན་རྩོམ་སོགས་འབྲི་རྒྱུར་གོམས་ཡོད་པ་ཞིག་ཡིན་པར་མ་ཟད་གཞུང་སྒེར་གང་རུང་གི་དུས་དེབ་དང་ཚགས་པར་སྟེང་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་ཡོད་པས་བོད་ཀྱི་རྩོམ་རིག་ལ་དགའ་མཁན་ཞིག་ཡིན་ན་‘དགེ་རྒན་དཔོན་པོ’ཞེས་པའི་པུར་མིང་འདི་རིག་མ་མྱོང་མཁན་ཕལ་ཆེར་ཡོད་མི་སྲིད། དགེ་རྒན་དཔོན་པོ་ནི་གཟུགས་ཐུང་ཐུང་ཞིག་ཡིན། དེའི་ཁར་ལུས་ཧ་ཅང་བརྒྱག་པས་ཁོའི་གཟུགས་ཐུང་ཐུང་དེ་དེ་བས་ཀྱང་ཆུང་ཞིང་ཐུང་བའི་སྣང་བ་སྟེར། ཁོ་ནི་སྔོན་ཆད་དཔོན་པོར་བསྡད་མ་མྱོང་ལ་ད་ལྟ་ཡང་སློབ་གྲྭའི་མགོ་ཁྲིད་སོགས་གང་ཡང་མིན་པས་ཁོའི་མིང་གི་རྗེས་ལ་‘དཔོན་པོ’ཞེས་འདོགས་དོན་ཡང་ཁོའི་གཟུགས་བྱད་དང་འབྲེལ་བ་དམ་པོ་ཡོད། ལོ་ངོ་ཉི་ཤུའི་སྔོན་ལ་ཁོ་རང་ཐོག་མར་སློབ་གྲྭ་འདིར་ཡོང་སྐབས་ལུས་པོ་ནི་ད་ལྟ་ལས་ཀྱང་ཚོ་ཞིང་རྒྱགས་པས། སྐབས་དེར་ཁོ་ལོ་ན་ཅུང་གཞོན་ན་ཡང་སློང་གྲྭའི་ལྒང་བརྒྱག་འགྲན་བསྡུར་དང་རྐང་རྒྱུགས་འགྲན་བསྡུར་སོགས་སུ་ཞུགས་པ་ཕར་ཞོག ཐ་ན་དུས་རྒྱུན་གྱི་ལམ་ལ་འགྲོ་བ་དང་སྐད་ཆ་བཤད་པ་སོགས་ཀྱང་སྐབས་དེའི་ཁོ་ལ་མཚོན་ན་སྡུག་བསྔལ་དང་མནར་གཅོད་ཞིག་ཏུ་གྱུར་འདུག དེ་བས་ནམ་རྒྱུན་ལམ་ལ་འགྲོ་དུས་ཀྱང་ཕོ་རོག་བརྒྱག་པ་ཇི་བཞིན་རྐང་བ་ཡ་གཅིག་མདུན་ལ་སྤོས་པ་དང་མཉམ་དུ་ལུས་པོ་ཡང་ཟུར་དུ་འཁོར་བ་དང་ཡང་རྐང་བ་རྗེས་མ་དེ་སྔོན་ལ་སྤོས་པ་དང་མཉམ་དུ་ལུས་པོ་ཡང་གཡས་ནས་གཡོན་དང་ཡང་ན་གཡོན་ནས་གཡས་ལ་འཁོར་དགོས་པས་ཁོའི་བཟོ་བལྟ་དེ་ནི་ངོ་མ་དཔོན་པོ་ཚོན་པོ་ཞིག་དང་ཨ་ན་མ་ན་ཡིན། དེ་མ་ཟད་སློབ་ཁྲིད་གནང་སྐབས་ཀྱང་ཚིག་རེ་གཉིས་བཤད་རྗེས་མ་སྲོ་དགོས་པ་དང་ཡང་ཚིག་འགའ་བཤད་རྗེས་ཁོ་རང་ཆད་ནས་མཚམས་རེ་འཇོག་དགོས། སློབ་ཁྲིད་བྱེད་སྟངས་དེར་སློབ་མ་ཚོར་བསམ་འཆར་མང་པོ་ཡོད་ལ་ཁོ་རང་གིས་ཀྱང་ཕམ་ཁའི་སློབ་ཁྲིད་ཞིག་ལ་ངོས་འཛིན་གྱིན་ཡོད་པས། སྐབས་ལ་རེར་ཁོས་ཁྲོད་རིམ་ཁྲོར་བཤད་ཇི་ཐུབ་བྱས་ན་ཡང་དབུགས་མཚང་ནས་ཐོད་པ་དང་སྣའི་སྟེང་རྔུལ་ཆུ་ལངས་ནས་རྒྱུན་འཁྱོངས་དཀའ་བས་སྐབས་དེའི་ཁོའི་སློབ་ཁྲིད་ལ་ཉན་པ་ནི་མི་དམངས་ཚོགས་ཁང་ཆེན་མོ་རུ་གསུང་བཤད་གལ་ཆེན་ཞིག་ལ་ཞུགས་ཡོད་པ་ལྟ་བུའི་སྣང་བ་སྟེར། དེ་བས་སློབ་མ་པྲ་ཚགས་འགས་སྐབས་དེའི་ཁོའི་མིང་དངོས་ནས་མ་བོས་པར་དགེ་རྒན་དཔོན་པོ་ཞེས་པའི་མཚང་མིང་འདི་བཏགས་པ་རེད། ཁོ་རང་དཔོན་པོ་ལ་མི་དགའ་མཁན་ཞིག་ཡིན་པས་སྐབས་དེར་མིང་འདི་ལྟ་བུ་ཞིག་བཏགས་པ་ནི་བཟོད་དཀའ་བའི་སྡུག་བསྔལ་ཅིག་དང་མ་ཉེས་ཁ་ཡོག་ཐེབས་པའི་བཙོན་མ་ལྟ་བུ་ཞིག་ཏུ་སེམས་ཡོད། ཡིན་ན་ཡང་། རྗེས་ཕྱོགས་འབད་པ་ཆེན་པོ་བྱས་པས་དུས་ཀྱི་འགྲོས་དང་བསྟུན་ནས་ཁོའི་ལུས་ཀྱི་ཚོ་བཤང་བ་དང་བྱ་བའི་སྟེང་ལ་ཡང་ཡར་རྒྱས་ཆེན་པོ་བྱུང་སོང་ལ། ‘དགེ་རྒན་དཔོན་པོ’་ཞེས་པའི་མིང་འདི་ཡང་སློབ་གྲྭ་ཡོངས་སུ་ཁྱབས་ནས་དགེ་རྒན་དང་ལས་བཟོ་བ་སུ་ཡིན་རུང་མི་ཤེས་མཁན་གཅིག་ཀྱང་མེད། ད་ལྟ་མིང་འདི་ཡང་སྔོན་གྱི་ཟུར་ཟ་དང་འཕྱ་སྨོད་སོགས་ནས་དགེ་སློབ་ཀུན་གྱི་མིག་དཔེ་ལྟ་ས་དང་བཀུར་ས་ཞིག་ཏུ་གྱུར་སོང་བས་ཁོ་རང་ཡང་རིམ་གྱིས་མཚང་མིང་འདི་ལ་དགའ་བར་གྱུར། ལོ་ངོ་བཅུ་ཁའི་སྔོན་ལ་ཁོས་《མ་ཡུམ། 》ཞེས་པའི་སྒྲུང་གཏམ་ཞིག་གཞུང་གཉེར་དུས་དེབ་《སྤྲང་ཆར། 》སྟེང་སྤེལ་བ་ནས་ཁོའི་པུར་མིང་ཡང་སྔོན་གྱི་དབྱངས་སྙན་ནས་དགེ་རྒན་དཔོན་པོར་བསྒྱུར་བ་རེད། དུས་དེ་ནས་བཟུང་དགེ་རྒན་དཔོན་པོ་ཞེས་པའི་པུར་མིང་དེ་དུས་དེབ་དང་ཚགས་པར་ཁག་ཏུ་མཐོང་རྒྱུ་ཡོད་པ་ནས་དེ་རིང་བར་རྒྱུན་བསྐྱངས་བ་རེད། དེ་རིང་གི་ཝ་ལམ་སློབ་འབྲིང་གི་དགེ་རྒན་ཚོའི་གྲས་སུ་དགེ་རྒན་དཔོན་པོའི་མིང་དངོས་ཤེས་མཁན་ཕལ་ཆེར་དགེ་རྒན་རྒན་པ་འགའ་ལས་ཡོད་མི་སྲིད་་་་་་་་་་་་་་་་་་་་་་་་