User talk:སྟག་ཚང།

Page contents not supported in other languages.
ཡོང་ཁུངས་Wikipedia

ཁེར་འགྲོའི་ཉིན་མོ།།


དང་པོ།

ཉིན་གུང་ཟས་ལ་ཚིམས་པར་རོལ་རྗེས།།

རང་ཤག་ནང་དུ་གནས་འདུན་མེད་པས།།

དེབ་དང་སྨྱུ་གུ་ལག་པར་བཟུང་ནས།།

དགོན་པའི་ཕྱི་རུ་དལ་གྱིས་བུད་སོང་།།


ཕྱི་རོལ་ཡུལ་ལ་ལེགས་པར་ལྟས་དུས།།

སྦྲང་ཚང་འདོལ་འདྲའི་ཟང་ཟིང་ཆེ་བས།།

ང་རང་སེམས་པ་ཟང་ཟིང་གྱུར་ནས།།

ནགས་གསེབ་ཞིག་ལ་འགྲོ་འདུན་སྐྱིས་བྱུང།།


རང་གི་འདོད་པ་རང་གི་བཀང་ཕྱིར།།

མདུན་གྱི་ནགས་སུ་དལ་གྱིས་སོང་བས།།

གཡས་གཡོན་གང་ལ་ཇི་ཙམ་ལྟས་ཀྱང་།།

རྩེ་ཤིང་རིགས་ལས་ཅི་ཡང་མ་མཐོང་།།


ཆུ་ཚོད་གཉིས་ཀྱི་འགྲུལ་བཞུད་རྗེས་སུ།།

རི་སྟེང་ཞིག་ལ་སླེབས་པའི་དུས་དེར།།

ཡངས་པའི་ཐང་ལ་ཕྱིར་མིག་ལྟ་དུས།།

ཡུལ་གྱི་བཀོད་པ་ཧ་ཅང་ལེགས་སོ།།


ད་དུང་གོམ་པ་མདུན་ལ་ཕྱོགས་ནས།།

རི་ཆུང་དེ་ཡི་གཡས་ནས་སྐོར་དུས།།

ལྗོན་པ་ཆེ་ལ་ཧ་ཅང་རིང་རྩེར།།

སྣ་མང་བྱ་ཡིས་སྙན་དབྱངས་བསྒྲགས་བྱུང།།


རྐང་ལམ་ཞིག་གི་སྣེ་མོར་བཟུང་དུས།།

གཡས་གཡོན་གང་སར་ཁང་ཆུང་འགའ་རེ།།

བཀོད་པ་ལེགས་པའི་ཁང་ཆུང་དེ་ཡིས།།

རྒྱང་རིང་ཕ་སའི་རང་ཁྱིམ་དྲན་བྱུང་།།

གཉིས་པ།

ལམ་ཟུར་དེ་ནས་རྒྱ་གར་ཕོ་གསར་ཞིག།།

རྒྱང་ཤེལ་བཟུང་ནས་གང་སར་ལྟ་བཞིན་འདུག།།

ང་ཡིས་ཁོང་ལ་སྐད་ཆ་འདི་ལྟར་དྲིས།།

འདི་རུ་ཇ་ཁང་ཨེ་ཡོད་གྲོགས་པོ་ལགས།།


དགོད་ཙམ་བྱེད་བཞིན་འདི་རུ་ཇ་ཁང་མེད།།

ལགས་སོ་ཟེར་ནས་མདུན་དུ་འགྲོ་བའི་སྐབས།།

སླར་ཡང་ཁོང་གི་ངག་ནས་འདི་ལྟར་འབོད།།

འདི་རུ་ཤོག་དང་ཁོ་བོས་བྱིན་ཆོག་ཟེར།།


འགྲིག་པའི་བརྡ་ལ་མགོ་བོ་གུག་ཙམ་བྱས།།

རྒྱ་གར་སྐད་ནས་བཀའ་དྲིན་ཆེ་ཞེས་ཞུས།།

རྐུབ་སྟེགས་སྟེང་དུ་མར་ལ་དལ་གྱིས་བསྡད།།

རྒྱ་གར་བ་དེས་ང་ལ་འདི་ལྟར་་དྲིས།།


གང་ནས་ཡོང་ངམ་གང་དུ་འགྲོའམ་ཟེར།།

འབོད་ཐེངས་གཅིག་གིས་དྲི་བ་གཉིས་དེ་དྲིས།།

ང་ཡིས་ཁོང་ལ་བརྡ་ལེན་འདི་ལྟར་སྤྲད།།

གཞིས་ཆགས་ནས་ཡོང་འཁྱམ་འཁྱམ་འགྲོ་བ་ཡིན།།


དེ་ལྟར་ང་གཉིས་སྐད་ཆ་གང་མང་ཞིག།།།

བཤད་པའི་སྐབས་དེར་ལྕགས་ཕོར་ཞིག་གི་ནང་།།

ཨ་མ་ཞིག་གིས་ཇ་གང་ཁྱེར་ནས་ཡོང་།།

ང་ལ་སྤྲོད་བཞིན་ཁ་ནས་ཁམས་བཟང་ཟེར།།


དེ་ནས་ག་ལེར་ཇ་ལ་རོལ་བའི་རྗེས།།

བཀའ་དྲིན་ཆེ་ཞེས་མགོ་བོ་གུག་ཙམ་བྱས།།

སླར་ཡང་གོམ་ཁ་ཕྱི་རུ་ཕྱོགས་ནས་ནི།།

གཞུང་ལམ་རྒྱུད་དེ་ཐུར་དུ་ཡོང་བའི་སྐབས།།


གཡས་གཡོན་གྲོང་གི་སྡེ་བ་གང་མང་ཞིག།།།

ང་ལ་ལྟས་ནས་སྐད་ཆ་གང་མང་བཤད།།

ཅི་ཞིག་བཤད་མིན་གསལ་ཁ་མེད་མོད་ཀྱང་།།

གོས་དམར་འདི་ལ་མཚར་སྣང་སྐྱིས་པ་འདྲ།།


ད་དུང་སྡེ་བའི་ཕོ་གསར་དར་མ་འགས།།

ཁོ་བོའི་རྗེས་སུ་དལ་གྱིས་ཡོང་བཞིན་དུ།།

གྲོགས་པོ་ཟེར་ནས་ཡང་ཡང་འབོད་མོད་ཀྱང།།

འཇིགས་སྣང་ཞིག་གིས་ཨ་ལེན་སྤྲོད་མ་ནུས།།


དཔེ་དེབ་ཀློང་བཞིན་དགོན་པའི་ཕྱོགས་སུ་ཡོང་།།

དེ་རིང་ཁེར་འགྲོའི་ཉིན་མོ་ཧ་ཅང་སྐྱིད།།

རོགས་པ་མེད་ཚེ་འགྲོ་རྒྱུ་ཅུང་ཙམ་དཀའ།།

སླར་ཡ་རྗེས་སུ་འགྲོ་རྒྱུའི་འདུན་པ་ཆེ།།

ཅེས་པ་འདི་ནི་དེ་རིང་སྤྱི་ལོ་༢༠༡༢ཟླ་༡༢ཚེས༡༦ཉིན་རི་རྩེ་ནས་ཕྱིར་དགོན་པར་སླེབས་རྗེས་བྲིས།།

ཁ་བ་བབས་པའི་ཞོགས་པ།[རྩོམ་སྒྲིག]

ཉལ་ས་དྲོ་མོའི་ནང་རོལ་དུ་མནལ་ལམ་གྱི་ཞིང་ཁམས་ཞིག་ལ་རོ་མྱོང་བྱེད་བཞིན་པའི་སྐབས་དེར།

གྲང་སིལ་སིལ་དུ་རྩིག་གསེབ་ནས་ཡོང་བའི་རླུ་བུ་ཞིག་གིས་ངའི་རྐང་མགོ་གཉིས་ལ་གྲང་སྣང་བྱིན།

འགྲིལ་ལོག་འགའ་རྒྱག་བཞིན་དུ་མགོ་བོ་དལ་གྱིས་བཏེགས་ནས་སྒིའུ་ཁུག་གི་ཕྱི་རོལ་ལ་ལྟས་དུས།

ངའི་གཡས་ཕྱོགས་ཀྱི་རི་རྩེ་ཡོངས་སུ་ཁ་བས་དར་གྱིས་གཡོག་པ་བཞིན་བཀླུབས་འདུག་པ་མཐོང་།


ཆེས་མཛེས་སྡུག་ལྡན་པའི་དེ་རིང་གི་གངས་རི་དེ་ངའི་མིག་ཟུང་གི་ཡུལ་དུ་འཁྲུངས་པའི་སྐབས་དེར།

རང་དབང་མེད་པར་མགོ་བོ་སྔས་ལ་ལྷུང་ནས་འདས་དོན་ཞིག་དྲན་འཛིན་ངོས་སུ་འཁོར་ནས་ཡོང་།

དེ་དི་མི་ལོ་དྲུག་གི་སྔོན་རོལ་ཞིག་ལ་ང་དང་ངའི་གྲོགས་པོ་གཉིས་གངས་ལ་བརྒལ་བའི་དུས་ཏེ།

སྙིང་ནས་དུང་བའི་ཕ་མ་སྤུན་གྲོགས་རྒྱང་རིང་དུ་བོར་ནས་གཞན་ཡུལ་འགྲིམས་པའི་སྐྱོ་གར་ཞིག་རེད།


སྙིང་ཉེ་བའི་ཕ་མ་སྤུན་གྲོགས་ལ་ཡང་གྲོས་ཙམ་མ་བྱས་པར་ཁུ་སེམ་མེར་རྒྱང་རིང་ཞིག་ལ་སོང་།

ཧ་ཅང་གྲང་བའི་ནམ་ཟླ་ཞིག་ཡིན་རུང་དཀའ་བ་ཡོད་ཚད་ཁྱད་དུ་སད་ནས་ལམ་དུ་བཞུད་པའི་དུས།

བཀྲེས་ལྟོགས་གིས་ཇི་ཙམ་མནར་རུང་གོམ་པ་རེ་རེ་ནས་མདུན་དུ་ཕྱོགས་པའི་མཚན་མོ་དེ་དག།།

དུསས་ཡུན་ཟླ་བ་གཅིག་ལྷག་གི་གོམ་འགྲོས་ཀྱི་མཐའ་མ་གངས་ཁྲོད་ནས་སྤོས་པའི་དགོང་མོ་ཞིག།


དོན་མེད་ཀྱི་འཇིག་སྣང་ཞིག་གིས་རང་ས་བོར་ནས་གཞན་ཡུལ་དུ་གྱར་བའི་ཉིན་དང་པོའི་མཚན་མོ་དེ།

ང་ཤི་ནས་རྣམ་ཤེས་དམྱལ་བར་སོང་རུང་བརྗེད་མི་སྲིད་པའི་སེམས་ཀྱི་རྡོ་རིང་གསོན་པོ་ཞིག་ཡིན།

དེ་ནི་ངའིི་འཇིག་རྟེན་ལ་འཕོ་འགྱུར་ཆེན་པོ་བྱུང་བའི་རང་བྱུང་གི་ལས་འབྲས་ཞིག་ཡིན་པར་འདོད།

དེ་ནི་ངའི་མི་ཚེའི་ནང་རང་ངོ་རང་གིས་ཤེས་པའི་གཟི་བརྗིད་ཀྱི་ཉིན་མོ་དང་པོ་དེ་ཡིན་པར་འདོད།


ཉིན་མ་དེ་ནི་ཕ་ངོ་བུ་ཡིས་ཤེས་པའི་སྐལ་བཟང་གི་ཉིན་མོ་བཟང་པོ་ཞིག་ཡིན་པར་བསམས་སོང་ལ།

རང་དགྲ་ངོས་འཛིན་ཐུབ་པའི་དུས་མཐུན་གྱི་འཐབ་རྩོད་པ་ཞིག་བྱེད་པའི་གོ་སྐབས་ཀྱང་ཐོབ་སོང་།

རིགས་ཞེན་དྭངས་མ་ཞིག་གིས་ཤིན་ཏུ་གཙང་བའི་མདུན་ལམ་ཞིག་ཀྱང་གསལ་པོར་གྲུབ་སོང་ལ།

དུས་དེ་ནས་བཟུང་ངས་རིགས་ཅིག་གི་སྤུན་ཟླ་ལ་ལྷད་མེད་ཀྱི་བརྩེ་བ་ཞིག་བཅང་ནས་གནས་ཡོད།


འདི་ལྟར་སྐབས་དེའི་དཀའ་སྡུག་གང་མང་ཞིག་ལ་མནོ་བསམ་གཏོང་བཞིན་པའི་དུས་སྐབས་དེར།

ཏིང་སྒྲ་ཞིག་གིས་ངའི་རྣ་བའི་བུ་ག་ཡོངས་སུ་གང་སོང་བས་བསམ་བློ་ནང་དུ་བཀུག་པའི་དུས་དེར།

ཆུ་ཚོད་བརྒྱད་པའི་འཛིན་གྲྭ་ཚོགས་དུས་ཀྱི་ཏིང་བརྡ་རེད་འདུག་པས་ངས་ངོ་གདོང་བཀྲུས་རྗེས།

ལག་མགོས་ངོོ་གདོག་ཕུར་བརྡར་གཏོང་བཞིན་འཛིན་ཁང་ཕྱོགས་སུ་གོམ་པ་རེ་རེ་བཞིན་སྤོས།

སྤྱི་ལོ་༢༠༡༢ཟླ་བ་༡༢ཚེས་༡༢ཉིན་ཞོགས་པ་བྲིས།། །།