User talk:མགོ་ལོག་གངས་དཔལ།

Page contents not supported in other languages.
ཡོང་ཁུངས་Wikipedia





༄༅། ། མགོ་ལོག་འབུམ་པ་ཁག་གསུམ་གྱི་ལོ་རྒྱུས་རགས་ཙམ་བརྗོད་པ།

【ནང་དོན་གནད་བཏུས 】 ད་ལྟའི་ཨ་མདོའི་མགོ་ལོག་ཁུལ་ལ་མགོ་ལོག་ཚོ་བ་དང་སྤྲ་ནག་ཚོ་བ་གཉིས་ཀྱི་གྲུབ་པ་ཡིན། མགོ་ལོག་ཚོ་བ་ལ་མགོ་ལོག་འབུམ་པ་ཁག་གསུམ་སྟེ།དབང་ཆེན་འབུམ་དང༌། ཨ་སྐྱོང་འབུམ། པདྨ་འབུམ་གསུམ་ཡོད། ཡང་སྦྲ་ནག་ཚོ་བ་ལའང་རྟ་བོ་གོང་ཞོལ་དང༌། དམེ་ཚང༌། གཡོན་ཞིའུ་བཅས་འདུ་བའོ། ། 【གནད་ཚིག 】 མགོ་ལོག ཚོ་བ། སྒྲིག་གཞི། ལོ་རྒྱུས། སྤྱིར་མགོ་ལོག་འབུམ་པ་ཁག་གསུམ་འདི་ནི་བོད་ཆོལ་ཀ་གསུམ་ལས་མདོ་སྨད་རྟའི་ཆོལ་ཀའི་ཁོངས་སུ་ གཏོགས་པ་དང༌། ཡང་ཆུ་བཞི་སྒང་དྲུག་ལས། རྨ་ཀླུང་གསེར་ལྡན་ཕྱུག་མོ་དང༌། རྨ་རྫ་ཟལ་མོ་སྒང༌། མདོ་ཆེན་རོལ་ཁམས་བཅོ་བརྒྱད་ལས། རྨ་རོལ། སྨྲ་རོལ། རྡོ་རོལ། ཟླ་རོལ་སོགས་སུ་གཏོགས་ལ། ཨ་ཆེན་གངས་ལ་རིང་མོ་དང་བ་ཡན་ཧ་རི། གཡུ་རི་གངས་ཆེན་རྩེ་རྒྱལ་སོགས་ཀྱིས་མཐའ་ནས་བསྐོར་ཞིང༌། ས་བཅུ་ཐོབ་པའི་རྨ་རྒྱལ་སྦོམ་ར་དང༌། དེ་མིན་གཉན་པོ་གཡུ་རྩེ། རྨ་སྟོད་ཀྱི་རྩེ་ལྷ་བཅུ་གསུམ། རྨ་སྨད་ཀྱི་མཐོན་པོ་དགུ་སྒྲིག་སོགས་རི་བོས་ཡོངས་སུ་བསྐོར་བའི་དབུས་ན་བརྗིད་པའི་ཡུལ་གྲུ་མཐོང་བ་ཀུན་སྨོན་གྱི་ཞིང་ཁམས་ཞིག་ཡིན་ལ།ས་རྒྱ་ཁྱོན་ཡངས་ཤིང་མངའ་ཐང་ཆེ་སྲོལ་སོགས་བརྗོད་ན༌། སྔོན་གྱི་ལོ་རྒྱུས་ཡིག་ཚང་འགའ་ན་ཆེས་སྔ་དུས་སུ་ནུབ་བྱང་ཕྱོགས་ནས་གཟིགས་མའི་ཁྲ་རིང་རི་རྒྱུད་མན་ཆད་དང༌། ཨ་ལགས་ནོར་མཚོའི་ཚུན་ཆད། ལྷོ་ནུབ་ནས་ཁྲ་ལ་ཀ་ཁ་མན་ཆད་དང༌། རྫ་མ་མོའི་ཤ་ལ་ཏེལ་ཚུན་ཆད། ཤར་ལྷོ་ནས་རྔ་བའི་ཨ་འཁྱམས་ཀྱི་ཝ་འབའ་ཆུ་འདྲེས་ཡན་ཆད་དང་འཛི་སྐའི་མྱི་ནག་ཤུག་མདའ་དང༌། སྡོང་ངེའི་ལྡང་མདའ་ཚུན་ཆད། བྱང་ངོས་ནས་འོ་བའི་ཚྭ་མཚོ་ཚུན་ཆད་དང་ན་ཕོ་ཁ་ཡན་ཆད། ཁྲེལ་དཀར་མོའི་གཙང་ཤོད་ཚུན་ཆད། བྱང་ཤར་ནས་གཤུ་མདའ་སྟོང་དཔོན་ཚུན་ཆད་དང༌། སྐུང་གསེར་ཁ་མདོ་ཡན་ཆད་བཅས་ཁྱོན་སྡོམ་སྤྱིའི་ལེ་དབར་གྲུ་བཞི་མ་ཁྲི་བཅུ་ཡན་ཆད་ཀྱི་ས་ཆ་འཛིན་མྱོང་པར་བཤད། བཅིངས་འགྲོལ་བྱས་རྗེས་མགོ་ལོག་ཁུལ་འདི་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པར་བྱས་ལ། ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་ལེ་དབར་བཞི་བརྒྱ་ལྷག་གི་མཚམས་སུ་གནས་ཤིང༌། ད་ལྟ་དེའི་ནུབ་ཕྱོགས་སུ་ཡུལ་ཤུལ་ཁུལ་དང་འབྲེལ་ཡོད་ལ། ནུབ་བྱང་དང་བྱང་ངོས་མཚོ་ནུབ་ཁུལ་ལ་འབྲེལ་ཡོད་པ་དང་། བྱང་ཤར་དང་ཤར་ངོས་མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བཅས་ལ་འབྲེལ་ཡོད་པ། ཤར་དང་ལྷོ་ངོས་ནས་ཟི་ཁྲོན་ཞིང་ཆེན་རྔ་བ་དང༌། དཀར་མཛེས་ཁུལ་གཉིས་དང་འབྲེལ་ཡོད་པ་དང་ད་ལྟའི་ས་ཁྱོན་ཡོངས་ལ་སྤྱིའི་ལེ་དབར་གྲུ་བཞི་མ་བདུན་ཁྲི་ལྔ་སྟོང་ཙམ་ཡོད། “ས་མགོ་ལོག གནམ་མགོ་ལོག”ཏུ་གྲགས་པའི་མགོ་ལོག་འབུམ་པ་ཁག་གསུམ་འདིའི་ཡུལ་གྲུ་འདིའི་ས་གཤིས་མཐོ་ཚད་ཆ་སྙོམས་བྱས་ན་མཚོ་ངོས་ལས་སྨིས་བཞི་སྟོང་ལྷག་གིས་འཕགས་ཡོད་ལ། གནམ་གཤིས་དྲོད་ཚད་ཀྱང་ཧ་ཅང་དམའ་བ། གནའ་བོའི་ངག་རྒྱུན་དུ། གཡག་སོ་དྲུག་ཙག་གིས་འཆི་ས། རྐྱང་བ་ལ་རླུང་གིས་འཁུར་ས་ཞེས་ཀྱང་གྲགས། དེ་འདྲའི་ཐུན་མིན་གྱི་རང་བྱུང་ཁོར་ཡུག་ཏུ་འཚོ་གཞེས་བྱས་པའི་མགོ་ལོག་པའི་མེས་པོ་རྣམས་ཀྱིས་མཉམ་མེད་ཀྱི་སྙིང་སྟོབས་ཀྱིས་འཛད་མེད་ཀྱི་དཔའ་བོའི་ལོ་རྒྱུས་ཀྱང་གང་མང་ཞིག་བསྐྲུན་མྱོང་། ལོ་རྒྱུས་དང་དུས་རབས་སོ་སོའི་ཆབ་སྲིད་དགོས་དབང་གིས་མགོ་ལོག་པའི་མེས་པོ་རྣམས་ཀྱིས་རང་གཞན་ཚོ་སྡེ་ཀུན་གྱི་བར་ལའང་ཁྱོད་ཤི་ང་འགྱེལ་གྱི་འཁྲུག་རྩོད་གང་མང་བྱས་མཐར་ད་གཟོད་སྙན་པའི་གྲགས་པ་ཡོངས་སུ་འཕྱོ་བའི་མགོ་ལོག་འབུམ་པ་ཁག་གསུམ་དུ་འབོད་པའི་ཚོ་སྡེ་ཆེན་པོ་འདི་ཆགས་ལ། སྐབས་དེའི་ལོ་རྒྱུས་དུས་རབས་ངེས་ཅན་ཞིག་གི་ནང་ནས་ཚོ་ཤག་གཞན་དག་དང་བསྡུར་ན་རང་ཁ་རང་གསོའམ་རང་རྐྱ་ཐུབ་པའི་དཔལ་འབྱོར་དང་ཆབ་སྲིད་ལམ་ལུགས་ཤིག་ཆགས་ཡོད་ཅེས་བརྗོད་ན་མི་ཆོག་པ་མེད་པར་བསམ། གཅིག མགོ་ལོག་འབུམ་པ་ཁག་གསུམ་གྱི་རིགས་རུས་ཆད་ཁུངས་དང་མིང་གི་ཐོགས་ཚུལ། མགོ་ལོག་གི་རུས་རྒྱུད་འདི་བོད་རུས་ཆེན་བཞིའི་ཡ་གྱལ་ཨ་ལྕགས་འབྲི་ཡི་རུས་རྒྱུད་ལས་བྱུང་བ་ཡིན་ལ། འབྲིའི་རུས་རྒྱུད་འདི་གནའ་སྔ་མོར་འབྲི་མི་འགྱུར་ཐར་བའི་གནས་བརྒྱད་ཅེས་བཤད་སྲོལ་ཡོད་པ་ལྟར་ན་འབྲི་ ལའང་རིགས་མང་བོ་གྱེས་ཡོད་པ་དེ། དཔེར་ན། ས་སྐྱ་དང༌། འབྲི་གོང༌། གཙང༌། བར་ཁམས་འབྲི་ཀླུང་སོགས་སུ་ཡོད་པ་བོད་ཀྱི་ལོ་རྒྱུས་དེབ་ཐེར་གང་མང་དུ་འཁོད་ཡོད་པའོ། ། མགོ་ལོག་གི་རུས་རྒྱུད་འབྲི་འདི་ནི་གཙོ་བོ་དུས་རབས་དྲུག་པའི་ནང་བར་ཁམས་འབྲི་ཀླུང་ཞེས་པ་ནས་འབྲིའི་ཚོ་བ་ཆེན་པོ་ཞིག་ཡོད་པའི་ནང་གི་འབྲི་ལྷ་རྒྱལ་འབུམ་ཞེས་བྱ་བའི་ད་ལྟའི་ཟི་ཁྲོན་དཔའ་ཡུལ་རྫོང་གི་ཁོངས་སུ་གཏོགས་པའི་འགུ་ཁོ་ལུང་བའི་ས་ཆར་འོངས་ནས་གནས་བཅས། སྐབས་དེར་ས་ཆ་དེ་ནི་གླིང་འགུ་ཟི་རྒྱལ་པོའི་ཁོངས་གཏོགས་ཡིན་པར་གྲགས། དུས་དེ་ཙམ་ན་སྨྲ་རོལ་སྟོད་ཀྱི་ས་ཆར་གཉན་པོ་གཡུ་རྩེའི་ལྷ་རྒྱུད་ཡིན་པར་གྲགས་པའི་གཉན་རྩེའི་ཟོར་ལོ་སྤུན་བདུན་ཟེར་བའི་ཚོ་ཆུང་ཞིག་གི་བུ་མོ་ཞིག་འབྲི་ལྷ་རྒྱལ་འབུམ་གྱི་ཆུང་མར་བླངས། ཁོང་གཉིས་ལ་བུ་ཞིག་བཙས་པའི་མིང་ལ་ཨ་འབུམ་རྒྱལ་ཞེས་གསོལ་བ་དང༌། བུ་ཨ་འབུམ་རྒྱལ་ནར་སོན་ནས་གླིང་བཟའ་ཞིག་མནའ་མར་བླངས་པ་དང༌། རྗེས་སུ་གླིང་རྗེ་དང་མི་མཐུན་པ་བྱུང་ནས་རབ་བྱུང་བདུན་པ་ཚུགས་མ་ཐག་ཙམ་ལ་མི་ཁྱིམ་ལྔ་བཅུ་དང་བཅས་པ་ཡུལ་དང་བྲལ་ནས་རྡོ་རོལ་གྱི་གོང་དང་པོ་དང་གས་ཀྱི་མ་མོའི་བཞི་མདོ་སོགས་སུ་ཐོན་ཏེ་གཞི་བཟུང་བས། ས་དེའི་ཡུལ་མི་རྣམས་ཀྱིས་ཁོ་ཚོར་འགུ་ལོག་པ་ཞེས་འབོད། དེ་ནས་ཆེར་མ་འགོར་བར་འབྲི་ཨ་འབུམ་རྒྱལ་གྱིས་ཉེ་འདབས་ཀྱི་གཉན་མཁར་བ་གསུམ་གྱི་རྗེ་འབངས་དང་རྡོ་རོལ། སྨྲ་རོལ་སྟོད་སྨད་བར་གསུམ་གྱི་ས་ཆ་དང་མི་སྡེ་ཡང་དབང་དུ་བསྡུས། རིམ་བཞིན་འགུ་ལོག་པ་ཞེས་པའི་མིང་དེ་ཡང་ཚུར་མགོ་ལེན་པར་ཡོང་བ་ལ་ཕར་མགོ་ལ་ཤོར་བའི་དོན་དུ་མགོ་ལོག་པ་ཞེས་ཐོགས། གསེར་གཞོང་ཁོ་བླའི་སྒང་ཐོག་ཏུ་མགོ་ལོག་གི་ཐོག་མའི་དཔོན་མཁར་བརྩིགས། དེ་ནས་བཟུང་དེའི་བུ་རྒྱུད་རྣམས་ཀྱིས་རིམ་བཞིན་སྨྲ་འཛི་རྡོ་གསུམ་གྱི་ས་ཁུལ་བདག་བཟུང་བྱས། དབང་ཆེན་འབུམ་དང༌། པདྨ་འབུམ། པདྨ་ཡག་སྤུན་གསུམ་གྱིས་སོ་སོར་མཁར་རི་བརྩིགས་ནས་རུ་སྡེ་རེ་བདག་ཏུ་བཟུང་བས་ཐོག་མར་མགོ་ལོག་ཁག་གསུམ་ཞེས་པ་དེ་ཐོགས། དེ་ནས་ལོ་བརྒྱ་ཕྲག་ཡས་མས་ཤིག་གི་རྗེས་སུ་ཕྱི་ནང་ཀུན་གྱི་རྒྱུ་རྐྱེན་ལ་བརྟེན་ནས། དབང་ཆེན་འབུམ་དང་ཨ་སྐྱོང་འབུམ། པདྨ་འབུམ་ཞེས་པའི་ད་ལྟའི་མགོ་ལོག་ཁག་གསུམ་དུ་གྱུར། སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་འགོ་ཙམ་ནས་བཟུང༌། དབང་ཆེན་འབུམ་དང་ཨ་སྐྱོང་འབུམ་གཉིས་སྔ་རྗེས་སུ་རྨ་འབྲི་རྫ་གསུམ་གྱི་སྟོད་ཕྱོགས། རྨ་ཀླུང་གཙང་བོའི་ཉེ་འགྲམ། རྨ་ཆེན་གངས་རིའི་འདབས་རོལ་གྱི་ས་ཆར་འབྲོག་ལ་བུད། མདོར་ན་སྤྱི་ལོའི་དུས་རབས་བཅུ་བཞིའི་དུས་མཇུག་ནས་དུས་རབས་ཉི་ཤུའི་དུས་དཀྱིལ་བར་མགོ་ལོག་གི་དཔོན་རིགས་ཁག་གིས་རང་གི་མང་ཚོགས་ཀྱི་སྣེ་ཁྲིད་ནས་དཀའ་ངལ་སྣ་ཚོགས་སྤྱད་དེ་ཕྱིའི་ཚོ་སྡེ་ཀུན་གྱིས་བཙན་འཛུལ་བྱེད་པའི་སྟོབས་ཤུགས་མཐའ་དག་ལ་དཔའ་ངར་ཞུམ་མེད་ཀྱིས་འཐབ་འཁྲུག་གང་མང་བྱས་མཐར། སྤྱི་ལོ༡༩༥༢ ལོར་བཅིངས་འགྲོལ་བྱེད་སྐབས་ཚོ་བ་རང་འགོ་མ་ལྔ་བཅུ་ལྷག་དང་དེའི་ཁོངས་གཏོགས་ཤོག་ཆུང་ཉིས་བརྒྱ་ཡས་མས་ཙམ་ཡོད། གཉིས། མགོ་ལོག་འབུམ་པ་ཁག་གསུམ་གྱི་མངའ་ཐང་དང་ཚོ་བའི་གྲུབ་ཚུལ། དབང་ཆེན་འབུམ་ལ་དབང་ཆེན་ཆུ་སྟོད་སྨད་གཉིས་སུ་དབྱེ་ཞིང་ཆུ་སྟོད་ཚང་ལ་ཡང་རྒྱུ་རུ་དང་གསང་རུ་ གཉིས་དང༌། དབང་ཆེན་རྒྱུ་རུ་མ་ལ་དཔོན་སྐོར་དང་སྒར་སྐོར་གཉིས། གཞན་ཡང་མགོ་ལོག ཐང་བ། གངས་པ། མདའ་བ། ཐང་གཞུག་བཅས་ཤོག་ཆུང་ལྔ་དང༌། རྡོ་རུ་བ་གཉིས། སྐུང་དགོན་པ་གཉིས། ཁྲ་གླིང་གཉིས། གཙང་འཇམ་ཚང་གཉིས། ཝ་སྐོར་སྒྲུང་བ་གཉིས། ཨབ་སོག་པོ་གཉིས་བཅས་ཆུ་འཕོང་ཚོ་བ་དྲུག་དང༌། ཁ་ཚེར། ཡར་ལྐོག མགོན་སྐོར། འཕས་འཛི། དྲུག་ཤོག ཆེ་བོ། སྒོ་འཛི། མགར་སྐོར། ཁྲ་རྒྱུད། ཨ་འབུམ། ཁེ་སྐོར། འཇའ་སྐོར། རོང་སྐོར་བཅས་ཚོ་མ་ལག་བཅུ་གསུམ། སྤྲེལ་སྐོར། འགུ་འགྱ། ལྕགས་ཤུལ། རོང་ཐ། འཇུ་ཚང༌། ཉ་སྐོར། ཁ་འགྱུར། དཔའ་སྐོར། ཁང་གསར། དགེ་རྩེ། ལྷ་བཟོ། ཨ་ཞུར། འཇའ་ཚ། མུ་ར། བུག་སྐོར། སྨྱོ་ཤུལ། ཡོང་ཤ ཁྲོ་སྐོར། ཨག་ནམ། ཆུ་སྒང༌། ཡ་ལྡིང༌། ཉག་རོང༌། གྱ་རིགས། སྒྲོག་སྐོར། དམུ་བ་བཅས་ལ་ཚོ་ཡང་ལག་ཉེར་ལྔ་ཟེར་སྐད་དོ། ། བཅིངས་འགྲོལ་མ་བྱས་སྔོན་ལ། དབང་ཆེན་གསང་རུ་མ་ལ་དཔོན་མགོན་པོ་རབ་བརྟན། སྐལ་བཟང་ཚེ་རིང༌། དབང་ཆེན། ལྷ་རྒྱལ། ཚེ་རིང་དཔལ་ལྡན། ཚེ་བརྟན། རྡོར་དབང་སོགས་དཔོན་རབས་བདུན་བརྒྱུད་མྱོང་བ་དང༌། དུད་ཁྱིམ་སུམ་བརྒྱ་དང་མི་གྲངས་ཆིག་སྟོང་སུམ་བརྒྱ་ཙམ་ཡོད་སྐད། ཆུ་སྨད་ཚང་ལ་འབོས་སྟོད་སྨད་གཉིས་དང་འབོས་ཚ་རུ་མ་བཅས་ཡོད། འབོས་སྟོད་ཚང་ལ་འབོས་སྤ་བསོད་ནམས་འབུམ། འབོད་འོད་རྒྱལ་འབུམ། འབོས་ཚེག་ནོར། འབོས་དགྲ་འདུལ། འབོས་འཕྲོན་རྒྱལ། འབོས་ཡིད་བཞིན་དབང་རྒྱལ་སོགས་དཔོན་རབས་དྲུག་དང༌།མངའ་འོག་ཏུ་སྐྱི་སྐོར་སོགས་ཚོ་ཤོག་བཅུ་གཅིག་ཡོད་པ་དང་དུད་ཁྱིམ་བདུན་བརྒྱ་ཙམ་ཡོད། འབོས་སྨད་ཚང་ལ་དཔོན་ནོར་བུ་འབུམ༌། རྒྱལ་བ། མཐུ་ཆེན། ལྷ་བཙན་རྡོ་རྗེ། བསོད་ནམས་ཕུན་ཚོགས་སོགས་དཔོན་རབས་ལྔ་བྱུང་དང་མངའ་འོག་ཏུ་སོག་སྐོར་སོགས་ཚོ་ཤོག་དགུ་ཡོད་པ་དང་དུད་ཁྱིམ་སུམ་བརྒྱ་ཙམ་ཡོད། དེ་མིན་འབོས་ཚ་རུ་མ་ལ་འབོས་ཚ་སྐྱོང་འབུམ་སོགས་རྒྱུད་དེ་མངའ་འོག་ཏུ་རྒྱ་བྱ་སོགས་ཚོ་ཤོག་ལྔ་ཡོད་པ་དང་དུད་ཁྱིམ་བདུན་ཅུ་ལྷག་ཡོད་དོ། ། པདྨ་འབུམ་ནི་ཨ་ལྕགས་འབྲི་རྗེའི་རིགས་ལས་ཆད་པའི་འབྲི་ལྷ་རྒྱལ་འབུམ་གྱི་ཡང་ཚ་གཉན་མོའི་བུ་ཕག་ ཐར་ལ་སྲས་བཞི་བྱུང་བའི་ནང་གི་འབྲིང་ཆུང་ཡིན།དེས་ཁམས་བེ་རུ་ལྷ་ལྡོང་བཟའ་ཁབ་ཏུ་བཞེས་ནས་སྨྲ་གྱི་ཆུ་འཕུའི་མཁར་མགོ་ནག་མ་རུ་སྲིད་བསྐྱངས་ཏེ་རྡོ་འཛི་སྨྲ་གསུམ་ཁྱོན་ལ་དབང་བསྒྱུར་བ་ནས་བཟུང་དཔོན་མིང་ ཡུལ་ལ་འཕོས་ནས་པདྨ་འབུམ་ཞེས་གྲགས། པདྨ་འབུམ་ལ་མཁར་ནང༌། གྱི་ལིང༌། དབང་མདའ། པུང་ཡུ། དབང་རུས། ངྷི་ནང༌། སྟག་ཐོག་དཔོན་རུ་དང་སྒར་རུ་གཉིས་བསྣན་པའི་དཔོན་ཁག་བརྒྱད་ཡོད། བྱེ་བྲག་ཏུ་མཁར་ནང་གོང་མ་ཚང་ལ་དཔོན་དགྲ་བླ་སོགས་དཔོན་རབས་གསུམ་རྒྱུད་མྱོང་ལ་མངའ་འོག་ཏུ་རྒྱ་སང༌།སྟོང་དཔོན། རོང་ལེ། མགོ་ལོག ཨ་ཝེ། དཔོན་སྐོར་སོགས་ཚོ་སྐོར་དྲུག་ཡོད། མཁར་ནང་འགབ་མ་ཚང་ལ་ཡང་དཔོན་དཔལ་རྒྱལ་སོགས་དཔོན་རབས་གསུམ་བྱུང་མྱོང་བ་དང་མངའ་འོག་ཏུ་མཁར་ར། བྱ་སྐོར། སྨྲ་སྐམ། རླུང༌།རྡོ་བ། ཨ་ཝེ། དཔོན་སྐོར་སོགས་ཚོ་སྐོར་བདུན་ཡོད། གྱི་ལིང་ཚང་ལ་དཔོན་དབང་མདའི་མགོན་པོ་སོགས་དཔོན་རབས་ལྔ་བྱུང་མྱོང་བ་དང་མངའ་འོག་ཏུ་རྫ་སྐོར་གོང་འགབ་བར་གསུམ། ཨ་ཝེ་གོང་འགབ་བར་གསུམ། སྐྱ་སྐོར་དང་དཔོན་སྐོར་སོགས་ཚོ་སྐོར་བརྒྱད་ཡོད། དབང་མདའ་ཚང་ལ་དཔོན་ཆོས་སྐྱོང་སོགས་དཔོན་རབས་བདུན་རྒྱུད་མྱོང་བ་དང༌། མངའ་འོག་ཏུ་འཇའ་སྐོར།ཧུ་ར་མ། ཅིག་ཨ་འཕང་གཉིས།རོ་མདའ་ནང༌།པུར་སྐོར། མགོ་ལོག་མགོ་ཡུང་གཉིས། འཇུ་གླིང་ཁྲོམ་གསུམ་སོགས་ཚོ་བདུན་ཡོད། པུང་ཡུ་ཚང་ལ་དཔོན་པོ་བདུད་འདུལ་སོགས་དཔོན་རབས་བཞི་བྱུང་མྱོང་བ་དང་མངའ་འོག་ཏུ་རོག་སྡོང༌།ཨ་འཕང༌། མགོ་ལོག འཇའ་བ། ཧོར་བ༌། ཐུགས་རྒྱུད། མཛོ་དགེ བྱི་བརྡ། དཔོན་སྐོར་སོགས་ཚོ་སྐོར་དགུ་ཡོད། དབང་རུས་ཚང་ལ་དཔོན་པོ་སྒོ་འབྲུག་སོགས་དཔོན་རབས་བཞི་བྱུང་མྱོང་བ་དང་བྱ་སྐོར། རྒྱ་སང༌། རྒང་བ། ཨ་འཕང༌། དཔོན་སྐོར་སོགས་ཚོ་སྐོར་ལྔ་ཡོད། ངྷི་ནང་ཚང་ལ་དཔོན་པོ་གཟུངས་ཆེན་སོགས་དཔོན་རབས་ལྔ་བྱུང་མྱོང་དང་མངའ་འོག་ཏུ་རྔ་སྐོར།སོག་དགེ སྟོང་དཔོན། ཕུར་ཚེ། ངྷི་ནང་གོང་འགབ་གཉིས་སོགས་ཚོ་སྐོར་དྲུག་ཡོད། སྟག་ཐོག་དཔོན་རུ་ཚང་ལ་དཔོན་པོ་ཆོས་ནོར་སོགས་དཔོན་རབས་གསུམ་ཡོད་ལ། མངའ་འོག་ཏུ་ཨ་རིག འཇའ་བ། ཚ་ཁོ། གླ་བ། ངང་བ། ཨ་འཛི། ཧ་ཤུལ། དཔོན་སྐོར་སོགས་ཚོ་སྐོར་བརྒྱད་ཡོད། སྟག་ཐོག་སྒར་རུ་ཚང་ལ་དཔོན་པོ་ལྕགས་ཐར་རྒྱལ་སོགས་དཔོན་རབས་ལྔ་བྱུང་མྱོང་བ་དང༌། མངའ་འོག་ཏུ་སྟག་ཐོག་སྟོད་སྨད་སོགས་ཚོ་སྐོར་བཅུ་ཙམ་དང༌། དེ་མིན་མགོ་ལོག་པདྨ་འབུམ་དཔོན་ཁག་བརྒྱད་ཀྱི་སྤྱིའི་རོང་སྡེ་ལ་བྱ་ལོ་དང་གྱམ་པ་སང༌། པུང་ཡུ། རོག་གདོང༌། ལྡུམ་ཤུལ། འཇའ་བ། གད་ཞབ་འཇའ་བ། གྱི་ལུང༌། ཏང་ཏང༌། དབང་རུས། རྒྱུད་དབང༌། མགོ་ཡུང༌། འདྲ་ལོ་དབུ་བ་སོགས་ཚོ་ཆེ་ཆུང་བཅུ་བཞི་ཡོད་དོ། ། འདིར་ཞིབ་མོར་བརྗོད་རྒྱུ་ནི་མགོ་ལོག་ཨ་སྐྱོང་འབུམ་ཚང་ཡིན་ལ། ཨ་སྐྱོང་འབུམ་ཚང་དང་འདིར་ཨ་མདོའི་བླ་བྲང་དགོན་པ་ལ་ལོ་རྒྱུས་ཐོག་ཏུ་རིག་གནས་དང༌། དཔལ་འབྱོར། ཆབ་སྲིད་སོགས་དུས་རབས་སོ་སོར་འབྲེལ་འདྲིས་ཅུང་མང་པོར་མཆིས། ཨ་སྐྱོང་འབུམ་ལ་ཁང་གསར། ཁང་རྒན། གོང་མ་ཚང༌། དཔོན་མོ་ཚང༌། སྦྲ་གསར་ཚང༌། བླ་མ་གཙང་བ་ཚང་སོགས་ཚོ་ཁག་དྲུག་ཡོད་པ་རེད། བྱེ་བྲག་ཏུ་བརྗོད་ན། དང་བོ། ཨ་སྐྱོང་ཁང་རྒན་ཚང་ལ་སྔ་རྗེས་སུ་དཔོན་པོ་བསོད་ནམས་ནོར་བུ་དང༌། ཚེ་རིང་ཕུན་ཚོགས། ངག་དབང༌། ཨུ་རྒྱན། ནོར་བཀྲ དབང་གཅེས་སོགས་དཔོན་རབས་དྲུག་བྱུང་མྱོང༌། དཔོན་འདི་དག་ལས་ཨ་སྐྱོང་ངག་དབང་རིང་ལ་སྟོད་ཕྱོགས་ནས་རྩེ་བ་རྒྱལ་པོ་དང་སྨད་ཕྱོགས་ནས་མ་བློན་རྨེ་སང་སོགས་ལ་འཁྲུག་ནས་མགོ་བླང་བའི་སྟོད་ཕྱོགས་ནས་སྐྱང་ཉིན་ལེབ་དཀར་མན་ཆད། སྨད་ཕྱོགས་ནས་གཙང་ཚའི་རྡོ་སྒང་ཡན་ཆད་ལ་དབང་བསྒྱུར་བས་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ། ཁང་རྒན་ཚང་གི་མངའ་ཁོངས་རུ་སྡེ་ཚོ་ཤོག་ལ་ཆུ་འཕོང་ཚོ་བཞི་དང་ཧུར་ར་ཤོག་བཞི བར་བཞི་ཚོ་བརྒྱད་སོགས་གཙོ་བྱས་པའི་ཚོ་ཤོག་མང་པོ་འདུས་ཡོད་པའི་དུད་ཁྱིམ་ཆིག་སྟོང་ཆིག་བརྒྱ་ཙམ་ཡོད། དེ་མིན་ཁང་རྒན་ཚང་གི་རོང་སྡེ་ལ་འཛི་མདའ་སོགས་ཚོ་བ་བཅུ་བཞི་དང་ཕྱི་སྡེ་ལ་ཧོར་སྐོར་དུད་ཁྱིམ་བརྒྱད་བརྒྱ་ལྔ་བཅུ་ཅན་གྱི་ཚོ་ཆེན་ཞིག་ཀྱང་ཨ་སྐྱོང་ཁང་རྒན་ཚང་གི་མངའ་འབངས་སུ་གཏོགས། གཉིས་པ། ཨ་སྐྱོང་ཁང་གསར་ཚང་ལ་སྔ་རྗེས་སུ་དཔོན་དམག་ཟོར་མགོན་པོ་དང༌། བསོད་ནམས་བསྟན་པ། སྙན་གྲགས་དགོན་པོ། རྡོ་རྗེ་རབ་བརྟན། སྐལ་བཟང་དགྲ་འདུལ། ནོར་འཛིན་ཉི་མ་སྤུན་གཉིས། ཁང་པཎ་ཆེན་སོགས་དཔོན་རབས་དྲུག་བྱུང་བ་ལས། བསོད་ནམས་བསྟན་པའི་རིང་ལ་ཆིན་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་རྒྱལ་པོས་སྟོང་དཔོན་གྱི་ཐོབ་རྟགས་དང་ཐམ་ག གོས་ལྷམ་ཆ་ཚང་བཅས་གནང་མྱོང་བ་དང༌། གཞན་པཎ་ཆེན་སྐུ་ཕྲེང་དྲུག་པས་ཀྱང་ཐོབ་དང་བཀའ་ཤོག་སོགས་གནང་མྱོང༌། ཁང་པཎ་ཆེན་ནི་མཱ་རྒྱུད་ཕ་བུ་ཚོས་མགོ་ལོག་ལ་བཙན་གནོན་བྱེད་སྐབས་ངོ་རྒོལ་ཐེངས་མང་བྱས་ཏེ་མང་ཚོགས་ཀྱིས་དགའ་བསུ་ཆེས་ཆེར་ཐོབ་པའི་དཔོན་པོ་ཞིག་ཡིན་པར་གྲགས། ཨ་སྐྱོང་ཁང་གསར་ཚང་འདིའི་མངའ་འོག་རུ་སྡེ་ལ་ལམ་སྐོར་དང་ཧུ་ར་མ་སོགས་ཚོ་ཤོག་བཅོ་ལྔ་དང་དུད་ཁྱིམ་ཉིས་བརྒྱ་ལྔ་བཅུ་ཡས་མས་དང༌། ཁང་གསར་ཚང་གི་རོང་སྡེ་ལ་ཨ་འཁྱམ་ཤོག་ཆེན་དྲུག་དང་། དུད་ཁྱིམ་དྲུག་བརྒྱ་ལྷག དེ་མིན་ཕྱི་སྡེ་ལ་དམེ་ཚང་དང་རྟ་བོ་གོང་ཞོལ་གཉིས་སོགས་ཁྱོན་སྡོམ་པའི་དུད་ཁྱིམ་སྟོང་ལྷག་མཆིས། གསུམ་པ། ཨ་སྐྱོང་གོང་མ་ཚང་ལ་བསོད་ནམས་དཔལ་མགོན་དང་མགོན་པོ་དར་རྒྱས་སྤུན་གཉིས། ཁྲི་རྒྱས། གྲགས་པ་རྒྱལ་མཚན། བཀྲ་དོན། ཀརྨ་མཐུ་སྟོབས། བསྟན་གྲགས་དང༌། མགོན་ལྷ། བསྟན་འཛིན་རྒྱ་མཚོ་སྤུན་གསུམ་བཅས་དཔོན་རབས་བདུན་བྱུང་མྱོང༌། དཔོན་པོ་དེ་དག་ལས་ཀརྨ་མཐུ་སྟོབས་ནི་མགོ་ལོག་ཁག་གསུམ་གྱིས་མཱ་རྒྱུད་བཙན་འཛུལ་ལ་རྒོལ་ལན་སློག་པའི་ཆེས་ཐོག་མའི་འགོ་ཁྲིད་མི་སྣ་ཡིན་པས་ད་ལྟ་མགོ་ལོག་ས་ཆར་ཡང་སྙན་གྲགས་ཤིན་ཏུ་ཆེའོ། ། ཨ་སྐྱོང་གོང་མ་ཚང་གི་རུ་སྡེ་ལ་ཧུ་ར་གོང་འགབ་སོགས་ཤོག་ཀ་བརྒྱད་དང༌། སྟོད་ཚང༌། སེར་སྐོར་སོགས་ཤོག་ཀ་བཅུ། དོམ་སྐོར་དང་གསའ་སྐོར་སོགས་སྨད་ཤོག་ཆེན་བདུན། སོག་སྐོར་དང་ཆོས་རོང་སོགས་ཆུ་འཕོང་ཚོ་བ་དྲུག་བཅས་ཁྱོན་སྡོམ་བྱས་ན་དུད་ཁྱིམ་ཉིས་སྟོང་དྲུག་བརྒྱ་ཙམ་ཡོད། རོང་སྡེ་ལ་རྡུ་ནང་བར་བཞི། བསེ་སྐོར་སྲིབ་མ་སོགས་ཚོ་ཤོག་དགུ་དང༌། ཕྱི་སྡེ་ལ་གཙང་སྐོར་གོང་མ་སོགས་མཆིས་སོ། །བཞི་བ། ཨ་སྐྱོང་དཔོན་མོ་ཚང་ལ་དཔོན་པོ་ཚེག་སྟོབས་དང༌། རིན་ཆེན་བྱམས། གཟི་བརྗིད་སྒྲོལ་མ། ཀླུ་དེས་དང་ཨ་སྐྱོང་ར་ལོ་མིང་སྲིང་གཉིས་བཅས་དཔོན་རབས་བཞི་བྱུང་མྱོང༌། དཔོན་དེ་དག་ལས་གཟི་བརྗིད་སྒྲོལ་མ་ནི་མགོ་ལོག་རྒྱལ་མོ་ཞེས་རྒྱ་བོད་སོག་གསུམ་གྱི་ཁྲོད་དུ་སྙན་གྲགས་ཤིན་དུ་ཆེ། ཨ་སྐྱོང་ར་ལོ་ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་འགན་ཡང་ཁུར་མྱོང༌། ཨ་སྐྱོང་དཔོན་མོ་ཚང་གི་རུ་སྡེ་ལ་འཇམ་ཚང༌། སེ་སྐོར། སོག་རུ། དགེ་རྩེ་སོགས་ཤོག་ཆེན་ཉེར་གཉིས་དུད་ཁྱིམ་དྲུག་བརྒྱ་ཙམ་ཡོད་པ་དང༌། ཕྱི་སྡེ་ལ་ཨ་ཚོགས་རུ་ངན་སོགས་ཡོད། ལྔ་བ། ཨ་སྐྱོང་སྦྲ་གསར་ཚང་ལ་དཔོན་པོ་རབ་ལོ། རིན་ཆེན་མགོན་པོ། ངག་པོ་དང་དབང་སྟོབས་སྤུན་གཉིས་བཅས་དཔོན་རབས་གསུམ་བྱུང་མྱོང༌།ངག་པོ་དང་དབང་སྟོབས་སྤུན་གཉིས་ཀྱིས་བཅིངས་འགྲོལ་བྱས་རྗེས་སྲིད་གྲོས་མགོ་ལོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་སོགས་ཀྱི་འགན་ཡང་ཁུར་མྱོང༌།ཨ་སྐྱོང་སྦྲ་གར་ཚང་གི་རུ་སྡེ་ལ་ནང་ཧུར་ཕྱི་ཧུར་གཉིས་དང༌། དོ་ཆོད་སོགས་ཚོ་བ་དྲུག་དུད་ཁྱིམ་ཆིག་བརྒྱ་དྲུག་ཅུ་ཙམ་ཡོད། དེའི་ཕྱི་སྡེ་ལ་མཁར་སྐོར་ཚོ་བ་དུད་ཁྱིམ་ཉིས་བརྒྱ་ལྷག་ཡོད། དྲུག་པ། བླ་མ་གཙང་བ་ཚང་ལ་སྐུ་ཕྲེང་ལྔའམ་དཔོན་རབས་བླ་མ་གསུམ་བྱུང་མྱོང་བ་དང༌། ཁོང་ཚང་གི་རུ་སྡེ་ནི་གཙང་འགབ་མ་ཚང་ཡིན་ལ་དུད་ཁྱིམ་ཉིས་བརྒྱ་ལྔ་བཅུ་ཙམ་དང༌། དེ་མིན་ཁང་གསར་ནས་མཆེད་པའི་གཤོག་གཤོག་ཚང་དུད་ཁྱིམ་བརྒྱ་ལྷག་ཡོད། མདོར་ན། མགོ་ལོག་ཁག་གསུམ་དུ་འབོད་སྐབས་དབང་ཆེན་འབུམ། པདྨ་འབུམ། པདྨ་ཡག་འབུམ་ལ་གོ་བ་ཞིག་དང༌། ཡང་ན་དབང་ཆེན་འབུམ། ཨ་སྐྱོང་འབུམ། པདྨ་འབུམ་ལ་གོ་བ་ཅན་གཉིས་ཡོད་པར་སྙམ་མོད། འོན་ཀྱང༌། འདི་ལ་ལོ་རྒྱུས་བྱུང་བ་དུས་སྔ་ཕྱི་ལོ་བརྒྱ་ཕྲག་ཙམ་གྱི་ཁྱད་པར་ཡོད་ཕྱིར། ཐུན་མོང་གི་མགོ་ལོག་ལོ་རྒྱུས་ཀྱི་བྱུང་བ་བརྗོད་སྐབས་སྔོན་མ་ལ་གོ་བ་དང༌། ད་ལྟ་ཚོ་ཤོག་སོ་སོའི་མངའ་ཁོངས་དང་སྒྲིག་གཞི་བརྗོད་སྐབས་ཕལ་ཆེར་ཕྱི་མ་ལ་གོ ཡང་མགོ་ལོག་ཨ་སྐྱོང་ཁག་གསུམ་དུ་འབོད་པ་སྤྱིར་ཨ་སྐྱོང་ཁང་རྒན་དང་ཁང་གསར། གོང་མ་ཚང་ལ་གོ་བ་ཡིན་པ་ལས་གཞན་ཨ་སྐྱོང་དཔོན་མོ་ཚང་དང༌། སྦྲ་གསར་ཚང༌། བླ་མ་གཙང་བ་ཚང་བཅས་ཚོ་ཁག་འདི་གསུམ་པོ་ཨ་སྐྱོང་ཚོ་བའི་ཁོངས་གཏོགས་ཡིན་པ་ལས་ཨ་སྐྱོང་ཁག་གསུམ་གྱི་ནང་དུ་མི་གཏོགས། འདིར་དམིགས་སུ་ཅུང་ཙམ་བརྗོད་རྒྱུ་ནི་བླ་མ་གཙང་བ་ཚང་ཡིན་ལ། ངེས་དོན་བསྟན་པའི་བདག་པོ་གཙང་བ་ཆ་ལུང་བའི་སྐུ་ཕྲེང་གསུམ་པ་ངག་དབང་སྦྱིན་པ་རྒྱ་མཚོ་དེ་ཨ་སྐྱོང་དཔོན་ངག་དབང་གི་དབུ་མཆོད་དུ་བཞུགས་མྱོང་བ་མ་ཟད། ཨ་སྐྱོང་ཁག་གསུམ་གྱིས་རྩེ་བ་རྒྱལ་པོ་ཕབ་དུས་གཡུལ་སར་ཕེབས་ནས་སྲུང་བླ་གཅིག་མཛད་ཀྱི་ལས་དོན་ཡང་གཉེར་མྱོང༌། བོད་མིས་“རི་བོའི་ཡན་གྱི་ཉི་ཟླ། རྒྱལ་པོའི་ཡན་གྱི་བླ་མཆོད་”ཟེར་བ་བཞིན་ཨ་སྐྱོང་ཚང་གིས་དྲིན་ཅན་གཙང་བ་བླ་མ་འདི་ཚང་ལ་རང་ཚོ་སྡེའི་ས་མཚམས་དཀྱིལ་དུ་ས་ཞིག་སྤྲད་ནས་ལྷ་སྡེ་རྣམས་རིམ་བཞིན་རྒྱས་པ་དང་བསྟུན་ཆབ་སྲིད་ཐོག་ནས་དབང་ཆ་ངེས་ཅན་ཞིག་ཡོད་པ་དང་དཔལ་འབྱོར་ཐོག་ནས་ཐོན་སྐྱེན་རྒྱུ་ཆའང་འོས་འཚམ་ཞིག་བདག་གཉེར་བྱས་ཡོད་རྐྱེན། འདི་ཉིད་ཀྱི་སྐུ་རིང་ནས་བཟུང་ཆོས་སྲིད་ཟུང་འབྲེལ་བྱས་ཏེ་བསྟན་དགོན་དང་ལྷ་སྡེ་མཉམ་དུ་བསྐྱངས། གཙང་བ་བླ་མ་སྐུ་ཕྲེང་བཞི་བའམ་དཔོན་རབས་གཉིས་པ་སྐུ་ངག་ཀརྨ་བསྟན་པའི་ཉི་མ་དང༌། སྐུ་ཕྲེང་ལྔ་བའམ་དཔོན་རབས་གསུམ་པ་སྐུ་ངག་ངག་དབང་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་ཚང་ ( ཁོང་ཚང་༢༠༠༥ལོར་སྐུ་ཚེ་རྫོགས། ) བཅས་དཔོན་རབས་གསུམ་གྱིས་རིང་ལ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་བསྐྱངས་པ་མགོ་ལོག་ལོ་རྒྱུས་ཐོག་གི་ཐུན་མིན་ལོ་རྒྱུས་དུམ་བུ་ཞིག་ཏུ་སྣང་ངོ༌། ། མདོར་ན། བླ་མ་གཙང་བ་ཚང་འདིའི་རང་ཚོ་ཁེར་དབང་དང་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་བསྙེགས་ཏེ་དུས་ཡུན་རིང་ཐུང་གི་ཆ་ནས་མང་བརྗོད་བྱས་ན་ལོ་ངོ་བརྒྱ་དང་ལྔ་བཅུ་ཡས་མས་ལས་འདས་མེད་པ་དང༌། ཐོབ་མངའ་ཐང་ཕྱོགས་ནས་ཀྱང་ཨ་མདོའི་བླ་བྲང་དགོན་པ་ལྟ་བུ་ཞིག་ཆགས་མེད་མོད། འོན་ཀྱང༌། བཤད་ཚུལ་ཞིག་ལ་མགོ་ལོག་ཨ་སྐྱོང་ཁག་བཞི་རུ་བརྗོད་སྐབས་ཁང་རྒན་དང་ཁང་གསར། གོང་མ་ཚང༌། དེ་མིན་བླ་མ་གཙང་བ་ཚང་བསྣན་ཏེ་ཁག་བཞི་ལ་གོ་དགོས་ཟེར་བ་འདིའི་ཐོག་ནས་ཁོས་མགོ་ལོག་ཨ་སྐྱོང་ཁག་གསུམ་དང་ཐ་ན་མགོ་ལོག་ཁག་གསུམ་གྱི་ལོ་རྒྱུས་ཐོག་ཏུ་སྔོན་མེད་ཀྱི་གོ་གནས་གལ་ཆེན་བཟུང་ཡོད་པ་རྟོགས་ཐུབ་བོ། ། འདིར་ཞར་བྱུང་དུ་མགོ་ལོག་ཁུལ་གྱི་མངའ་ཁོངས་སུ་ཆགས་པའི་སྦྲ་ནག་ཚོ་བ་འདིའི་རིགས་རུས་ཆད་ ཁུངས་ནི་གཙོ་བོ་རོང་བོ་བློན་ཆོས་ནས་ཆད་པའི་སྦྲ་ནག་ཁག་གསུམ་ཡིན་པར་གྲགས། བཤད་སྲོལ་ལ་ས་སྐྱ་འཁོན་གྱི་གདུང་རབས་ནས་ལྷ་རྗེ་བྲག་སྣ་བ་ཆེན་པོའི་སྲས་ཆེ་བ་རོང་བོ་ལྷ་རྒྱལ་དཔལ་གྱི་རིགས་རུས་སུ་འཁྲུངས་པའི་སྒར་བའི་བླ་མ་ས་དཔྱད་པ་ལྷ་རྗེ་བསེར་བུ་རྟགས་པ། དེའི་རིགས་དང་རུས་རྒྱུད་ཀྱིས་ཁྱབ་པའི་སྡེ་བ་ནི་གཙོ་བོ་གླིང་སྦྲ་ནག་ཅན་ལ་སྟོང་སྡེ་ཞེས་པ་དེར་གཏོགས་ཤིང༌། དེ་དག་རྗེས་སོར་ཚོ་ཆེན་གསུམ་དུ་གྱེས་པ་ལ། སྒར་བ། སྒུར་རུ། རྟ་བོ། དམེ་ཚང༌། གཡོན་ཞིའུ། རྒྱ་བཟའ། ར་སྐྱེས་སོགས་ཚོ་ཆེན་གཅིག བོང་སྟག སྟོད་པ། སྨད་པ། བཀྲ་ཚ་སོགས་ཚོ་ཆེན་གཅིག རྒྱ་ཡེས། མོག་རུ། ཐེབ་རྒྱ། སྨེ་སྔགས། གླང་བ། ཤ་བྲང་སོགས་ཚོ་ཆེན་གསུམ་ཡོད། དེས་ན་ད་ལྟ་མགོ་ལོག་ས་ཆར་གཞི་ཆགས་བྱས་པའི་ཚོ་བ་འདི་གཙོ་བོ་རེབ་གོང་གསེར་མོ་ལྗོངས་ནས་སྟོད་ཕྱོགས་རྨ་ཆེན་གངས་རིའི་ཉེ་འདབས་སུ་ས་བཟུང་བའི་སྡེ་བ་རྟ་བོ་དམེ་ཚང་སྒུར་རུ་ཚོ་དྲུག་ཡིན་པ་དང༌། སྡེ་བ་འདི་རེབ་གོང་ནས་བུད་དེ་སྟོད་ཕྱོགས་རྨ་ཆུའི་ཁུག་སོ་ནས་ས་བཟུང་ཡོད་པ་རེད། མཇུག་བསྡུ་བའི་གཏམ། སྔོན་རབས་ལོ་རྒྱུས་ཆུ་རྒྱུན་རིང་མོའི་ནང་མདོ་དབུས་ཁམས་གསུམ་གྱི་སའི་དཀྱིལ་གྱི་ཆ་རྨ་རྫ་གཉིས་ཀྱི་བར་འདིར་བོད་མི་བུ་གདུང་དྲུག་གི་ནང་ཚན་ཨ་ལྕགས་འབྲི་ཡི་རིགས་གཙོ་བོར་གྱུར་པའི་མགོ་ལོག་འབུམ་པ་ཁག་གསུམ་གྱི་མེས་སྔ་རབས་པ་རྣམས་ཀྱིས་རང་གི་རིགས་རྒྱུད་འདི་འཚོ་གནས་དང་འཕེལ་རྒྱས་སུ་བཏང༌། ཁོ་ཚོའི་ཐོག་མར་སྨྲ་འཛི་རྡོ་གསུམ་གྱི་ས་བཟུང༌། བར་དུ་རྨ་རྒྱལ་གངས་ཀྱི་རི་བོའི་ཉེ་འདབས་དང༌། རྨ་ཀླུང་གསེར་ལྡན་རིང་མོའི་སྟོད་རྒྱུད་སོགས་སུ་རྒྱ་བསྐྱེད་ནས་གཞིས་ཆགས། བར་དུ་མི་རིགས་བར་དང་མི་རིགས་ནང་ཁུལ་གྱི་འཁྲུག་རྩོད། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་འགོག་རྒོལ། མཱ་རྒྱུད་ཕ་བུའི་གདུག་རྩུབ་ལ་འཐབ་རྩོད་བྱས་མཐར་ཞི་བདེའི་ལམ་ལ་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གསར་བ་འཛུགས་སྐྲུན་གྱི་ལམ་ན་དར་དཀར་ཅན་གྱི་དཔོན་རྒྱུད་དེ་ཐོབ་དང་ཐམ་ཀའི་བདག་པོ་མ་ཆད་པ། དར་དམར་ཅན་གྱི་བླ་རྒྱུད་དེ་རབ་བྱུང་ངུར་སྨྲིག་གི་སྡེ་ཚན་མ་ཆད་པ། དར་ནག་ཅན་གྱི་སྔགས་རྒྱུད་དེ་གོས་དཀར་ལྕང་ལོའི་སྡེ་ཚན་མ་ཆད་པར་གངས་ཅན་ཁ་བའི་ལྗོངས་སུ་ཐུན་མོང་བོད་པའི་རིག་གནས་དར་སྤེལ་བྱེད་བཞིན་མཆིས་སོ། ། ཟུར་ལྟའི་ཡིག་ཆ། ༡ 《 མདོ་མཁྱེན་རྩེ་ཡེ་ཤེས་རྡོ་རྗེའི་རྣམ་ཐར 》 [M]. ༡༩༩༧ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌ནས། ༢ 《 མགོ་ལོག་རུས་མཛོད 》 [Z]. བཀྲ་ཤིས་རྒྱ་མཚོ་དང་ཐུགས་མཆོག་རྡོ་རྗེས་མཛད།༡༩༩༢ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌ནས། ༣ 《 མདོ་སྨད་ཆོས་འབྱུང་ 》 [M]. བྲག་དགོན་པ་བསྟན་པ་རབ་རྒྱས། ༡༩༨༢ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌ནས། ༤ 《 མགོ་ལོག་རིག་གནས་ལོ་རྒྱུས 》 (དེབ་དང་པོ། གཉིས་པ། གསུམ་པ།)[Z].ནོར་སྡེ་སོགས་ནས་བརྩམས། མགོ་ལོག་སྲིད་གྲོས་ཡིག་ཆ། ༥ 《 མགོ་ལོག་རིག་གནས་ལོ་རྒྱུས 》 (དེབ་བཞི་བ།)[Z].པད་མ་ཚེ་རིང༌། མགོ་ལོག་སྲིད་གྲོས་ཡིག་ཆ། ༦ 《 མགོ་ལོག་ལོ་རྒྱུས་དེབ་ཐེར 》 [M]. དོན་གྲུབ་དབང་རྒྱལ་དང་ནོར་སྡེ་ཡིས་བརྩམས། མགོ་ལོག་སྲིད་གྲོས་ཡིག་ཆ། ༧ 《 མགོ་ལོག་ས་གནས་རྒྱས་བཤད 》 (སྟོ ད་ཆ་དང་སྨད་ཆ།)[Z].༢༠༠༡ལོར་མི་རིགས་དཔེ་སྐྲུན་ཁང༌ནས། ༨ 《 གཡུ་རྩེའི་དམངས་ཁྲོད་རིག་གནས 》 [M]. རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱིས་བརྩམས། ༢༠༠༧ལོར་མི་རིགས་དཔེ་སྐྲུན་ཁང༌ནས། ( རྩོམ་སྒྲིག་འགན་འཁུར་བ། སྒོམ་པ་བཀྲ་ཤིས། )


རྩོམ་པ་བོ་ངོ་སྤྲོད། གཙང་བ་རབ་རྒྱས་པ་སངས། (༡༩༧༤ -) བོད་རིགས། ཕ་ཡུལ་མཚོ་སྔོན་མགོ་ལོག རམ་འབྱམས་པ། ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་བོད་ཀྱི་གེ་སར་རིག་གནས། རྩོམ་ཡིག་ཡོངས་ཁུངས། ཨ་མདོ་བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་བ། http://adzw.gnun.edu.cn/info/2115/4215.htm

                                             ཅེས་བཀོད་པ་རྡོ་གངས་དཔལ།