User talk:བྱ་ཁྲ་བསོད་ནམས།

Page contents not supported in other languages.
ཡོང་ཁུངས་Wikipedia

སྨར་ཁམས་ཡུལ་གྱི་ངོ་སྤྲོད། སྨར་ཁམས་ཡུལ་ནི་སའི་གོ་ལ་རིལ་མོའི་ཡང་ཐོག་ཏུ་མུ་འཁྱུད་ཡོངས་སུ་གངས་རིས་བསྐོར་བའི་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པད་མོའི་གདུལ་ཞིང་བོད་གངས་ཅན་ལྗོངས་ཞེས་འབོད་པའི་སའི་ཐིག་ལེ་ཆེན་མོ་ཡུལ་གངས་ཅན་ལྗོངས་དེའི་སྣོད་ཀྱི་བཀོད་པའི་ཆགས་སྟངས་ཀྱི་དབང་ལས། བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེས་པའི་སྨད་མདོ་ཁམས་སྒང་དྲུག་གི་ཁོངས་སུ་ཆགས་ཡོད། སྨད་མདོ་ཁམས་སྒང་དྲུག་ནི༌། ཟལ་མོ་སྒང༌། ཚ་བ་སྒང༌། སྨར་ཁམས་སྒང༌། སྤོ་འབོར་སྒང༌། དམར་རྫ་སྒང༌། མི་ཉག་ར་བ་སྒང་བཅས་ཡིན། སྒང་དྲུག་པོ་དེ་དག་ནི་རི་རྒྱུད་དང་གཙང་པོ་བསྩབས་ནས་གྲུབ་ཡོད། དེ་དག་ཇི་ལྟར་གྲུབ་ཚུལ་ཞིབ་ཙམ་གླེང་ན། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཆོས་འབྱུང་དཔག་བསམ་ལྗོན་ཤིང་དང༌། བཙན་པོ་ནོ་མན་ཧན་གྱི་འཛམ་གླིང་རྒྱས་བཤད་སོགས་སུ་གསུངས་པར་ལྟར་ན། འབྲི་ཆུ་དང་ཉག་ཆུའི་ལྷོ་རྒྱུད་བར་གྱི་ས་ཁུལ་ལ་སྤོ་འབོར་སྒང་དང༌། རྒྱལ་མོ་དངུལ་ཆུ་དང་རྫ་ཆུའི་བར་གྱི་ས་ཁུལ་ལ་ཚ་བ་སྒང། རྫ་ཆུ་དང་འབྲི་ཆུའི་བྱང་རྒྱུད་བར་གྱི་ས་ཁུལ་ལ་སྨར་ཁམས་སྒང༌། འབྲི་ཆུ་དང་ཉག་ཆུའི་བྱང་རྒྱུད་བར་གྱི་ས་ཁུལ་ལ་ཟལ་མོ་སྒང༌། རྨ་ཆུའི་ལྷོ་ནས་ཉག་ཆུའི་སྟོད་ཀྱི་ཤར་ངོས་བར་ལ་མི་ཉག་ར་བ་སྒང༌། ཉག་ཆུ་དང་རྨ་ཆུའི་བྱང་ཤར་འཚམས་ཀྱི་ས་ཁུལ་ལ་དམར་རྫ་སྒང་སྟེ། སྒང་དྲུག་དེ་དག་ཡིན། སྨར་ཁམས་ཡུལ་དེ་ནི་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་ཆབ་མདོའི་རྫ་ཆུ་དང་འབྲི་ཆུའི་བྱང་རྒྱུད་བར་དུ་གནས་པའི་ས་བརྒྱུད། དེང་སྐབས་ཆབ་མདོ་དང་བྲག་གཡབ་སྨར་ཁམས་སྤྱིའི་མིང་དུ་གྲགས་པའི་སྨར་ཁམས་སྒང་གི་བསྟི་གནས་སྨར་ཁམས་ཞེས་པ་དེ་ཡིན། དེ་ཡང་སྔར་གླིང་སྒྲུང་གི་ནང་དུ་གླིང་གེ་སར་རྒྱལ་པོའི་མངའ་ཁུལ་ཡོངས་གྲགས་སུ་སྨར་ཁམས་གླིང་ཡུལ་ཁྲ་མོ་ཞེས་འབོད་པ་དེ་ཡིན་པར་བཤད་སྲོལ་ཡང་ཡོད། སའི་ཐིག་ལེ་བརྗིད་ཆགས་ལྟ་ན་སྡུག་པ། རང་བྱུང་རྩ་ཆེའི་གཏེར་རིགས་ཀྱིས་ཡོངས་སུ་བཏམས་ཤིང༌། ཡངས་ཤིང་རྒྱ་ཆེ་བའི་ཡུལ་གྲུ་སྨར་ཁམས་ཞེས་པ་དེ་ནི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་ས་ལྷ་ས་ནས་བརྩིས་ན་ཤར་ཕྱོགས་སུ་ཀི་ལོ་མི་ཊར་ཆིག་སྟོང་ཉིས་བརྒྱ་ཙམ་གྱི་སར་ཡོངས་སུ་གྲགས་པའི་ཆུ་བོ་ཟླ་ཆུ་དང༌། འབྲི་ཆུ་གཉིས་ཀྱི་ཆུ་རྒྱུན་དང་བཤིབས་ནས་ཆགས་ཡོད། ཤར་ངོས་འབྲི་ཆུ་ཕ་རོལ་དུ་འབའ་དང༌། ནུབ་ན་ཚ་བ་མཛོ་སྒང༌། བྱང་ན་བྲག་གཡབ་དང། གོ་འཇོ། ལྷོ་ན་འཇུས་པ་དང་ས་འདྲེས་ཤིང༌། ཡུལ་ལུང་དེ་དག་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་ཀྱིས་མཚོན་པའི་འབྲེལ་བ་ཧ་ཅང་གཏིང་ཟབ་པོ་ཡོད། འཛམ་གླིང་སའི་གོ་ལའི་འཕྲེད་ཐིག་དང་གཞུང་ཐིག་གི་ཐོག་ནས་བལྟས་ན། འཕྲེད་ཐིག་བྱང་གྲིག་རི་༩༠ནས་༩༩་༤བར་དང༌། གཞུང་ཐིག་ཤར་གྲིག་རི་༢༨ནས་༣༠་༡༠བར་དཀྱིལ་དུ་ཆགས་ཡོད། ཡུལ་གྲུ་དེའི་སའི་བབ་ཅུང་མཐོ་ཞིང༌། རྒྱ་མཚོའི་ངོས་ལས་ཕི་ཀྲི་༢༢༠༠ནས་༦༤༣༤ཡི་སྒང་དུ་གནས་ཡོད། གངས་རི་དང༌། ནགས་རི། སྤང་རི། རྫ་རི་སོགས་ཀྱི་རི་རྒྱུད་ཀྱིས་བསྣོལ་ཞིང༌། རི་ཀླུང་གཤོངས་གསུམ་གྱིས་བསྐྲུན་པའི་ཞིང་ཁམས། ཕྱོགས་ཀུན་ཏུ་རང་བྱུང་སྐྱེ་འགྲོ་ལ་མཁོ་བའི་ཐོན་སྐྱེད་ཀྱིས་ཕྱུག་པའི་ཡུལ་དེའི་ས་ཡི་རྒྱ་ཁྱོན་ནི་ཀི་ལོ་མི་ཀྲར་གྲུ་བཞི་མ་༡༡༤༣༡་༣༧ཙམ་ཡོད། གནས་དེར་ཞིང་འབྲོག་རོང་གསུམ་གྱིས་འཚོ་བ་རོལ་བའི་མི་དམངས་ཁྲི་བདུན་ཙམ་གྱིས་འཚོ་གནས་བྱས་ཡོད། མཚར་སྡུགས་རྣམ་པ་བཀྲ་བའི་ས་གཞི་འདིར་སེམས་ལྡན་སྐྱེས་འགྲོ་རྣམས་ལ་མཁོ་བའི་ཤིང་ནགས་ཀྱིས་མཚོན་པའི་རང་བྱུང་གི་ཐོན་ཁུངས་དང་རྩ་ཆེའི་གཏེར་རིགས་སོགས་ཀྱིས་ཕྱུར་བུར་བཏམས་ནས་ཡོད་པས་ཡུལ་འདིར་སྨར་ཁམས་ཞེས་མིང་བཏགས་པ་དེ་ཡང་མིང་དོན་ཡོངས་སུ་མཚུངས། དེ་ཡང་ སྨར་པ་བཀའ་བརྒྱུད་ཀྱི་རྣམ་ཐར་ཕྱོགས་སྒྲིག་ལས། དཔལ་ལྡན་ས་སྐྱ་པཎྜི་ཏས་ཞིང་ཁམས་རྣམ་པར་དག་པ། ཤར་ཕྱོགས་ཀྱི་རྒྱུད་ས་གཞི་དགོས་འདོད་འབྱུང་བ་སྨར་ཁམས་ཀྱི་ཆ། ཆུ་ཀླུང་དལ་གྱིས་འབབ་པ་ཟླ་ཆབ་དཀར་མོའི་ངོགས། ཕྱོགས་ཀུན་ནས་རིན་པོ་ཆེའི་གཏེར་ཁང་དུ་མ་དང་ལྡན་ཞིང་། འབྲུ་སྣ་ཚོགས་ཀྱི་འབྱུང་ཁུངས། འཁོར་ཡུག་གི་རི་བོ་རབ་ཏུ་མཐོ་ཞིང་། ས་གཞི་ཡིད་དུ་འོང་བ། ལྷུན་པོའི་ངོགས་སུ་འཇམ་པའི་སྤང་ལྗོངས་མེ་ཏོག་སྣ་ཚོགས་ཀྱིས་མཛེས་པར་སྣང་བ་ཙཎྜན་གྱི་ནགས་ཚལ། ཡལ་ག་དང་ལོ་འདབ། མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་མཛེས་པའི་བྱ་རྣམས་སྙན་པའི་སྒྲ་དབྱངས་སྒྲོགས་པ་དང་བཅས་པས། དགའ་བའི་ཚལ་ཀུན་ཏུ་བརྒྱན་པ་ལྟར། ལྷའི་བུ་དང་བུ་མོ་རྣམས་ཀྱང་ཡིད་འཛིན་པར་བྱེད་པའི་གནས། ཉམས་མྱོང་དང་རྟོགས་པ་འཕེལ་བར་བྱེད་པའི་དབེན་གནས་དམ་པ། དཔལ་གྱི་ཤོ་དགོན་ན་བཞུགས་པ། ཚུལ་ཁྲིམས་དང་སྒྲུབ་པ་ཕུན་སུམ་ཚོགས་ཤིང་། རྟོགས་པ་དང་མཁྱེན་བརྩེའི་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་སྐྱེས་བུ་དམ་པ་རིན་ཆེན་གདན་ས་བའི་ཕྱག་ཏུ་འབུལ་ཞེས་དཔལ་ལྡན་ས་སྐྱ་པཎྜི་ཏས་འགྲོ་མགོན་རིན་ཆེན་ལ་སྤྲིངས། དེ་ཡང་རང་བྱུང་ཐོན་ཁུངས་གཏེར་རིགས་དང་སྔོ་ལྗང་རྩི་ཤིང་གི་སྐོར་རེ་རེ་བཞིན་ཞུ་པ་ལ་ཐོག་མར་གཏེར་རིགས་ལ་མཚོན་ན། རིན་ཆེན་ནོར་བུའི་རིགས་སུ་གཏོགས་པའི་གསེར་དང༌། དངུལ། ཟངས། ལྕགས། རག ཞ་ཉེ། ཧ་ཡང༌། སོགས་གཏེར་རིགས་ཕུན་སུམ་ཚོགས་པོ་ཡོད། གཏེར་རིགས་དེ་དག་ནི་སྨར་ཁམས་པའི་སྐྱ་སེར་ཚང་མས་ཡུལ་ལུང་གི་སྙིང་ལྟ་བུའམ་བཅུད་དུ་བརྩི་ཞིང༌། གཏེར་རིགས་དེ་དག་ལ་གནོད་སྐྱོན་བྱུང་ན་ཡུལ་ལུང་དུ་ཆར་ཆུ་དཀོན་ཞིང་ལོ་ལེགས་མི་འབྱུང་བ་དང༌། ལུང་པའི་བཅུད་ཀྱི་སེམས་ཅན་ལ་བགེགས་བར་ཆད་མང་པོ་ཡོང་ཞེས་གཏེར་རིགས་དེ་དག་ལ་གནོད་སྐྱོན་མི་ཡོང་བར་གཅེས་འཛིན་གང་ཐུབ་བྱེད། གཞན་ཡང་དབྱར་རྩྭ་དགུན་འབུ་དང༌། ཚྭ་སོགས་སྐྱེ་འགྲོའི་ལོངས་སྤྱོད་དུ་སྨན་པའི་གཏེར་རིགས་གཞན་ཡང་མང༌། སྔོ་ལྗང་ལོ་འདབ་ཅན་གྱི་རྩི་ཤིང་ལ་མཚོན་ན། འབྲས་ལྡན་རྩི་ཤིང་སྟར་ཀ་དང༌། ཁམ་བུ། ལི། རྒུན་འབྲུམ། སེ་འབྲུ། ཀུ་ཤུ། ཚ་ལུ་མ། ལིསེའུ་སོགས་དང༌། མིའི་ཟས་རིགས་ལོངས་སུ་སྤྱོད་པའི་རྩི་ཤིང་པད་ཚལ་དང༌། ལ་ཕུག ཞོག་ཁོག བཙོང༌། སྒོག་པ། ཤ་མོའི་རིགས་བེ་ཤ། བེ་སྙ། ཐང་སྣ། གླ་བ་ཤ་མོ། སྤྲེའུ་མགོའི་ཤ་མོ། ལུག་གྲོད་ཤ་མོ། ཟོག་མཆིན་ཤ་མོ། གསེར་ཤ་སོགས་དྲི་ཞིམ་རོ་བཅུད་ལྡན་པའི་ཟས་རིགས་རྩི་ཤིང་དང༌། འབྲས་མེད་ཀྱི་རྩི་ཤིང་བེ་ཤིང་དང༌། ཐང་ཤིང༌། གསོམ་ཤིང༌། སྟག་མ། སྦྱར་བ། གྲུ་བ་སོགས་ཀྱིས་ནགས་ཚལ་རྒྱ་ཆེར་སྐྱེས་ཏེ། ནགས་ཚལ་གྱི་རྒྱ་ཁྱོན་ནི་སྨར་ཁམས་སྤྱིའི་ས་ཆའི་རྒྱ་ཁྱོན་གྱི་ལྔ་ཆ་གཉིས་ཙམ་ཟིན་ཡོད། རི་རྒྱུད་དང་ལུང་གཤོངས་ཀྱིས་ཡོངས་སུ་བསྣོལ་བའི་མཛེས་སྡུག་ལྡན་པའི་སྣོད་ཀྱི་བཀོད་པ་དེའི་ནང་དུ་དྭངས་གཙང་ལྷུང་ལྷུང་དུ་བབས་པའི་ཆུ་རིགས་ལ་མཚོན་ན། བོད་གངས་ཅན་ལྗོངས་སུ་ཡོངས་སུ་གྲགས་པའི་ཆུ་བོ་ཆེན་པོ་ཟླ་ཆུ་དང༌། འབྲི་ཆུ་གཉིས་ཀྱིས་མཚོན་པའི་ཆུ་བོ་དང་ཆུ་ཕྲན་སྣ་ཚོགས་དང༌། འོད་ཟེར་བླ་མའི་བླ་མཚོ་འབུམ་མཚོས་མཚོན་པའི་མཚོ་དང་མཚེའུ། གཞན་ཡང་གངས་དཀར་ཕྲེང་བའི་འདབས་ནས་བཞུར་བའི་གངས་ཆུ། རྫ་རི་མཐོན་པོའི་དཀྱིལ་ནས་འབབས་པའི་རྫ་ཆུ། གཡའ་ཆུ། ཤིང་ཆུ། ཚྭ་ཆུ། འདམ་ཆུ། ཆུ་མིག རྒྱུག་ཆུ་སོགས་ཀྱིས་བཅུད་ཀྱི་འགྲོ་བ་སེམས་ཅན་རྣམས་ལ་རང་བྱུང་གི་ཐོན་སྐྱེད་གྱ་ནོམ་པར་བསྐྲུན།

རང་བྱུང་གི་རྒྱུ་ནོར་ཤིན་ཏུ་ཕུན་སུམ་ཚོགས་པ་འདི་དག་ལ་ལོངས་སུ་སྤྱོད་རྒྱུའི་བསོད་ནམས་ཀྱི་བགོ་སྐལ་ཐོབ་པའི་སེམས་ལྡན་སྐྱེས་འགྲོ་རིགས་ལས་བདག་མེད་སེམས་ཅན་ལ་མཚོན་ན། འདབ་ཆགས་བྱའི་རིགས་ལ་དཔྱིད་ཀྱི་དཔལ་ཡོན་མགྲོན་དུ་བསུ་མཁན་ལྷ་བྱ་ཁུ་བྱུག་དང༌། ཁྲུངས་ཁྲུངས་དཀར་མོ། འཇོལ་མོ། སྐྱུང་ཀ། བྱ་དཀར། གོང་མོ། སྲེག་པ། ནེ་ཙོ། འུག་པ། ཁང་བྱིའུ། ཁུག་རྟ། འུག་པ། ངང་པ། ཁྲ། བྱ་རྒོད། བྱ་གླག ཕོ་རོག ཁྭ་ཏ། སྐྱ་ཀ་སོགས་བྱ་རིགས་མང་པོ་འཕུར་ལྡིང་གིས་བག་ཡངས་སུ་རོལ། 

རང་བྱུང་གི་སྔོ་ལྗང་རྩྭ་རིགས་མེ་ཏོག་སོགས་ལོངས་སུ་སྤྱོད་མཁན་རྩ་གཟན་སེམས་ཅན་དང༌། རི་དྭགས་ཀྱི་རིགས་ནི་ཤ་བ་དང༌། གནའ་བ། དགོ་བ། གླ་བ། རི་བོང༌། ཕྱི་བ། ར་རྒོད། རྒྱ་ར་སོགས་དང༌། རང་བྱུང་སྔོ་ལྗང་ཟས་རིགས་ལོངས་སུ་སྤྱད་པའི་མཉམ་ཆུང་སེམས་ཅན་རྣམས་ལ་འཚེ་བའི་ཤ་གཟན་སེམས་ཅན་གྱི་རིགས་ལ་སྟག་དང༌། གཟིག དོམ། གཡི། སྤྱང་ཀི ཁྱི་སྤྱང༌། ཕག་རྒོད། ཝ་མོ། དྲེད་མོ། སོགས་བདག་ཏུ་མ་བཟུང་བའི་སེམས་ཅན་གྲངས་ཀྱིས་མི་ལོངས་བ་ཡོད།

སྨར་ཁམས་སྣོད་ཀྱི་བཀོད་པའི་ནང་དུ་འཚོ་བའི་སེར་སྐྱ་མི་མང་རྣམས་ཀྱིས་རང་ཉིད་ཀྱི་དགོས་མཁོར་དམིགས་ཏེ་བདག་ཉར་བྱས་པའི་བདག་ཡོད་སེམས་ཅན་ལ་མཚོན་ན། བ་ཕྱུགས་དང༌།  གླང༌། ར། ལུག གཡག འབྲི། མཛོ། མཛོ་མོ། རྟ། དྲེལ། བོང་བུ། ཁྱི། ཞི་མི་སོགས་ཞིང་འབྲོག་གཉིས་ཀྱིས་བདག་ཉར་བྱས་ཏེ་བཀོལ་སྤྱོད་བྱས།  

རང་བྱུང་སྣོད་ཀྱི་བཀོད་པ་ལེགས་ཤིང་ཐོན་སྐྱེད་ཕུན་སུམ་ཚོགས་པའི་མདོ་ཁམས་སྨར་ཁམས་སྒང་གི་བསྟི་གནས་སྨར་ཁམས་ཞེས་པའི་ཡུལ་གྲུ་དེར་ལོ་རྒྱུས་ཡུན་རིང་ནས་འཚོ་བའི་མི་རིགས་དེའི་འབྱུང་ཁུངས་དང་རིགས་རུས་ཀྱི་སྐོར་ལ་ལོ་རྒྱུས་ཡིག་ཚགས་སུ་གསལ་ཁ་ཞིག་མེད་ནའང༌། ཡུལ་གྲུ་དེའི་ས་བབ་ཆགས་ཚུལ་དང༌། མི་མང་གི་སེམས་ཁམས་གནས་སྟངས། ཆོས་ལུགས་དང་རིག་གནས་དར་ཚུལ་དང༌། དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ། གོམས་སྲོལ་དང་ཆས་གོས། ཡུལ་སྐད་སོགས་ཕྱོགས་མང་པོ་ཞིག་ལ་དཔྱད་ཞིབ་བྱས་སྐབས་དུས་བཙན་པོའི་དུས་སྐབས་སུ་དམག་མི་མཐའ་མཚམས་སྲུང་མིར་བཏང་བ་རྣམས་རིམ་བཞིན་གཞིས་ཆགས་པ་ལས་བྱུང་བ་ཡིན་པར་ཚོད་དཔག་བྱས་ན་མི་འགྲིག་བ་མེད་ན་སྙམ། ཡུལ་གྲུ་དེར་ལོ་རྒྱུས་ཡུན་རིང་ནས་འཚོ་བའི་མི་རིགས་དེའི་སྲོལ་རྒྱུན་རིག་གནས་དང༌། ཆོས་ལུགས་རིག་གནས། ལྷག་པར་དུ་མི་དམངས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ལས་རིམ་བྱ་སྤྱོད་ལ་བརྟེན་ནས་བྱུང་བའི་དམངས་ཁྲོད་སྒྱུ་རྩལ་གྱི་སྲོལ་རྒྱུན་རིག་གནས་ནི་ཤིན་ཏུ་རྒྱ་ཆེ་ལ་གཏིང་ཟབ་ཅིང༌། བོད་ཀྱི་རིག་གཞུང་གནམ་སྲས་བང་མཛོད་ནང་གི་གཅེས་ནོར་ཞིག་ལ་བརྩི་ཆོག་པར་ཡོད། ཆོས་ལུགས་རིག་གནས་ལ་མཚོན་ན། རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས་བཅས་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞིའི་དགོན་སྡེ་དང་རྒྱུད་པ་འཛིན་མཁན་ཡོད་པ་དང༌། ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དགོན་སྡེ་དང་རྒྱུད་པ་འཛིན་མཁན་ཡང་ཡོད། དམངས་ཁྲོད་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ནི་ཤིན་ཏུ་རྒྱ་ཆེ་ལ་སྐབས་འདིར་འགོད་གལ་དེ་ཙམ་མ་ཆེ་བས་རེ་ཞིག་བཞག སྨར་ཁམས་ཡུལ་གྱི་གྲོང་ཁྱེར་ཆེ་ཤོས་སམ་རྒྱལ་ས་ལྟ་བུ་དེ་ནི་སྒར་ཐོག་ཅེས་པ་དེ་ཡིན། དེ་ནི་སྔར་སྡེ་པ་གཞུང་གི་སྨར་ཁམས་རྫོང་གི་རྫོང་དཔོན་སྨར་ཁམས་ཐེ་ཇི་མཆོག་གི་བཞུགས་གནས་དང༌། འོད་ཟེར་དགོན་པ་ཆགས་ཡུལ་དེ་ཡིན། ས་གནས་དེར་སྒར་ཐོག་ཅེས་མིང་ཐོགས་ཚུལ་ལ་ངག་རྒྱུན་དུ་བཤད་སྲོད་མི་འདྲ་བ་གསུམ་ཙམ་ཡོད་པ་ལས། དང་པོ་ནི་བོད་སིལ་བུའི་སྐབས་སུ་གླིང་ཆེ་རྒྱུད་ཆུང་རྒྱུད་འབྲིང་རྒྱུད་གསུམ་ལས་གླིང་ཆེ་རྒྱུད་སྟག་རོང་དཔོན་གྱི་དམག་སྒར་ཕབས་ས་ཡིན་པས་ན་ས་ཆ་དེར་སྒར་ཐོག་ཅེས་མིང་ཐོགས་པ་རེད་ཅེས་བཤད་སྲོལ་གཅིག་དང༌། གཉིས་པ་ནི་སྤྱི་ལོ་༡༤༦༧་ལོར་ཧོར་གུ་ཤྲྀ་བསྟན་འཛིན་ཆོས་རྒྱལ་གྱིས་ནང་བསྟན་ལ་སྡང་བའི་བེ་རི་རྒྱལ་པོ་ཆམ་ལ་ཕབས་བའི་སྐབས་ཁོང་གི་དམག་དང་བཞུགས་གནས་ཀྱི་སྒར་འབབ་ས་ཡིན་པས་ན་སྒར་ཐོག་ཅེས་མིང་ཐོགས་པ་རེད་ཅེས་བཤད་སྲོལ་གཅིག གསུམ་པ་ནི་སྒར་ཐོག་ས་ཁུལ་དེ་འོད་ཟེར་བླ་མའི་ཁྲིམས་འགོ་རང་བཙན་གྱི་སྒར་གཞིས་ཡིན་པས་ན་སྒར་ཐོག་ཅེས་མིང་ཐོགས་པ་རེད་ཅེས་བཤད་སྲོལ་སྣེ་ཁ་གསུམ་ཡོད། དེ་དག་ཚང་མས་དྲངས་པའི་རྒྱུ་མཚན་ལ་དཔྱད་ཞིབ་བྱེད་སྐབས། དེ་དག་ཚང་མས་གསུངས་པ་རྣམས་དུས་རིམ་གནས་སྟངས་ཀྱི་ལོ་རྒྱུས་ཀྱི་ཆ་ནས་ཐོག་མར་སྟག་རོང་དཔོན་གྱི་དམག་སྒར་འབབ་ས་དང༌། དེ་རྗེས་གུར་ཤི་མཆོག་གི་སྒར་འབབ་ས། དེ་རྗེས་འོད་ཟེར་བླ་མའི་ཁྲིམས་འགོ་རང་བཙན་གྱི་སྒར་གཞིས་ཡིན་པ་བཅས་ས་ཁུལ་དེར་དུས་སྐབས་རིམ་ཅན་དུ་བྱུང་པས་ན་སྒར་ཐོག་ཅེས་མིང་ཐོགས་ཤིང༌། ངག་རྒྱུན་དུ་བཤད་སྲོལ་དེ་དག་བྱུང་བ་ཡིན་ཞེས་བཤད་ན་ལུང་རིག་གི་གནོད་སྐྱོན་གང་ཡང་མི་འདུག་པས་ཚང་མས་དེ་རང་བདེན་པར་འཛིན་ཆོག་པར་སྙམ། བྱ་ཁྲ་བསོད་ནམས་ནས་སྤེལ།སྨར་ཁམས་ཀྱི་ཡུལ་གྱི་སྐོར་ལ།

འོད་ཟེར་དགོན་པ།[རྩོམ་སྒྲིག]

ཀུན་མཁྱེན་འོད་ཟེར་གླིང་དགོན་པ། སྨར་ཁམས་འོད་ཟེར་དགོན་པ་ནི་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་མདོ་སྟོད་མིའི་ཆོལ་ཁའི་ཁོངས་སུ་གཏོགས་པའི་ཤར་སྨར་ཁམས་སྒང་གི་གཙོ་གནས་སྨར་ཁམས་སྒར་ཐོག་ཏུ་ཆགས་ཡོད། དགོན་པ་དེ་རི་བོ་དགེ་ལུགས་པའི་ཆོས་བརྒྱུད་འཛིན་པའི་སྨར་ཁམས་ཁུལ་གྱི་དགོན་པ་ཆེ་གྲས་ཁག་ལས་གཅིག་ཡིན་ཞིང། དེ་ཡང་ངག་རྒྱུན་དུ་གཞུང་གི་ཁྲལ་དམག་ལས་གསུམ་གྱི་ལས་འགན་དགོན་སྡེ་ཆུང་བ་རྣམས་ཀྱིས་དགོན་སྡེ་ཆེའི་རྒྱུད་སྒྲུབ་ཕྱོགས་ཀྱི་ལམ་ལུགས་ལས་ཐོགས་པའི་མ་དགོན་བུ་དགོན་གྱི་ཐ་སྙད་ལས་མ་དགོན་ཆེ་གྲས་ཤིག་ཡིན། སྨར་ཁམས་ཁུལ་གྱི་མ་དགོན་བུ་དགོན་ཞེས་པའི་ཐ་སྙད་འདི་རིགས། གོང་ཞུས་གཞུང་གི་ལས་འགན་སྒྲུབ་ཕྱོགས་ཀྱི་ཐོག་ནས་ཐོགས་པ་ཞིག་ལས། མ་དགོན་དུ་བུ་དགོན་རྣམས་འདུས་ཚོགས་བྱས་པ་དང༌། མ་དགོན་ནས་བུ་དགོན་གྱི་ལས་སྣེ་བསྐོ་བཞག་བྱས་པ། བུ་དགོན་མ་དགོན་དུ་སློབ་གཉེར་ཡོང་བ་སོགས་ཀྱི་ལམ་ལུགས་ཀྱི་ཐ་སྙད་ལས་ཐོགས་པའི་མ་དགོན་བུ་དགོན་ཞེས་པ་འདི་རིགས་་མིན་ངེས་འདུག།དཔལ་ལྡན་འོད་ཟེར་དགོན་པ་ནི་དུས་རབས་བརྒྱད་པའི་སྤྱི་ལོ་༡༧༦༥་ཙམ་ལ་འོད་ཟེར་བླ་མའི་སྐུ་ཕྲེང་བདུན་པ་སྤྲུལ་སྐུ་དཀོན་མཆོག་རྒྱལ་མཚན་མཆོག་གིས་སྨར་ཁམས་རྒྱལ་སའི་སྒར་ཐོག་གྲོང་ཆེན་གྱི་ལྷོ་ངོས་རི་བོ་པད་མ་རི་ཞེས་པ་དེའི་ཉེ་འདེབས་སུ་ཕྱག་བཏབ། དགོན་པའི་མིང་ལ་དཔལ་ལྡན་ཀུན་མཁྱེན་འོད་ཟེར་གླིང་དགོན་པ་ཞེས་བཏགས། དགོན་པ་སྒར་ཐོག་གྲོང་ཆེན་གྱི་ལྷོ་ངོས་རི་བོ་པད་མ་རི་ལ་རྒྱབ་བརྟེན་ནས་བརྒྱབ་ཡོད་ཙང་པད་མ་རིའི་ཆ་ཤས་རི་བོ་དེའི་མིང་ལ་རྒྱབ་རི་ཞེས་ཆགས། རི་དེཉིད་དགོན་པའི་རྒྱབ་རི་ཡིན་སྟབས་དེར་སྐྱེས་པའི་རྩི་ཤིང་དང་སེམས་ཅན་སོགས་ལ་གནོད་འཚེ་བྱེད་མཁན་མེད་པར་བེ་ཤིང་སོགས་ཤིང་རིགས་ཀྱིས་རྒྱ་རྫོང་ནགས་དང༌། དེར་སེམས་ཅན་བྱ་བྱིའུ་རི་དྭགས་སོགས་ཀྱིས་ཁེངས་ཏེ་བག་ཕེབས་ངང་གནས་ཡོད། འོན་ཀྱང་ཕྱིས་སུ་རྒྱ་མིས་བོད་ལ་བཙན་འཛུལ་བྱས་རྗེས། རྒྱབ་རིའི་ཤིང་རིགས་རྣམས་བཅད་པ་དང༌། སེམས་ཅན་རྣམས་བསད་དེ་རི་དེར་ཤིང་ནགས་དང་སེམས་ཅན་གནས་པའི་ཤུལ་ཙམ་ཡང་མེད་པ་བཟོས་ཟིན། དཔལ་ལྡན་ཀུན་མཁྱེན་འོད་ཟེར་གླིང་དགོན་པ་དེ་ཉིད་འོད་ཟེར་བླ་མའི་སྐུ་ཕྲེང་བདུན་པ་མཆོག་གིས་མ་འོངས་དངོས་གཟིགས་ཀྱིས་སྨར་ཁམས་ཁུལ་གྱི་གདུལ་བྱ་རྣམས་ཐར་ལམ་གྱི་སར་འགོད་པ་ལ་དགོན་པ་ཞིག་དགོས་གལ་ཆེ་བར་གཟིགས་ཏེ་ཕྱག་བཏབ་པ་བཞིན་དགོན་པ་དེའི་ནང་སེམས་ཅན་འགྲོ་བ་ལ་སྨན་པའི་སྐྱེས་བུ་དམ་པ་ཆུ་རྒྱུན་ལྟར་བྱོན་ཡོད། དེ་བཞིན་དམ་པ་ཁོང་གི་ཐུགས་རྗེས་སྨོན་ལམ་བཟང་པོ་ལ་བརྟེན་ནས་དགོན་པ་དེ་ཡར་ངོ་ཟླ་བཞིན་འཕེལ་ཏེ་སྨར་ཁམས་ཁུལ་དུ་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་གྱིས་མཚོན་པའི་སྒོམ་སྒྲུབ་ཉམས་ལེན་གྱི་སངས་རྒྱས་བསྟན་པ་འཛིན་པའི་གནས་རི་བོ་དགེ་ལུགས་པའི་དགོན་པ་ཆེ་གྲས་ཤིག་ཏུ་གྱུར། འོད་ཟེར་བླ་བྲང་ནི་དེའི་གོང་དུ་སྒར་ཐོག་གྲོང་ཁྱེར་གྱི་ཤར་ངོས་མེ་ལི་གཅིག་ཙམ་གྱི་སར་སྟག་ལུང་ཞེས་པའི་ལུང་པ་དེའི་ནང་ཡོད༌། དེ་ཡང་སྟག་ལུང་ནང་དུ་སྤྱིར་འོད་ཟེར་བླ་མ་སྐུ་ཕྲེང་དང་པོ་སྤུང་མཁན་ཆེན་འོད་ཟེར་བླ་མ་མཆོག་གིས་བཏོད་གནང་བའི་སྒྲུབ་ཕུག་ཅིག་ཡོད་ཅིང༌། དེའི་ནང་དུ་འོད་ཟེར་བླ་མ་སྐུ་ཕྲེང་རིམ་བྱོན་རྣམས་སྒྲུབ་པ་ཉམས་ལེན་མཛད་ནས་བཞུགས་ཏེ་རིམ་བཞིན་འོད་ཟེར་བླ་བྲང་ཡང་སྟག་ལུང་དུ་ཆགས། སྔོན་ལུང་པ་དེའི་ནང་སྟག་གི་ཚང་ཡོད་ཅེས་མི་ཚོས་ལུང་པ་དེའི་མིང་ལ་སྟག་ལུང་ཞེས་འབོད། སྒྲུག་ཕུག་དེ་དུས་ད་ལྟ་ཡང་མཇལ་རྒྱུ་ཡོད། འོད་ཟེར་དགོན་པ་བརྒྱབ་མ་ཟིན་བར་སྟག་ལུང་དུ་ཡོད་པའི་འོད་ཟེར་བླ་བྲང་གིས་འོད་ཟེར་བླ་མའི་སྐུ་ཕྲེང་རིམ་བྱོན་རྣམས་བདག་སྐྱོང་མཛད། ཕྱིས་སུ་འོད་ཟེར་དགོན་པ་བརྒྱབ་ཟིན་ཡང་འོད་ཟེར་བླ་བྲང་སྟག་ལུང་དུ་རང་འཇགས་བཞུགས་ཡོད།

     འོད་ཟེར་དགོན་པ་འི་དར་གུད་ཀྱི་དུས་དང་སྤྱི་ཚོགས་དངོས་པོ་མཐའ་དག་རྟག་པའི་ངོར་འགྲུབ་མེད་ཙང་རང་བཞིན་གྱིས་འགྱུར་བ་ཆོས་ཉིད་ལ་བརྟེན་འོད་ཟེར་དགོན་པ་དེ་ལའང་དར་རྒུད་ཀྱི་འགྱུར་རིམ་མང་པོ་ཞིག་བྱུང་ཡོད། དེ་ཡང་འོད་ཟེར་བླ་མའི་སྐུ་ཕྲེང་ལྔ་པ་སྤྲུལ་སྐུ་དཀོན་མཆོག་རྒྱལ་མཚན་མཆོག་གིས་སྒར་ཐོག་གྲོང་ཆེན་གྱི་ལྷོ་ངོས་རི་བོའི་ཉེ་འདེབས་སུ་ཕྱག་བཏབ་པའི་དགོན་པ་དེའི་ནང་དུ་མི་ལོ་གཉིས་བརྒྱ་ཙམ་གྱི་རིང༌།  དགེ་འདུན་འདུས་ཚོགས་ནམ་མཁའི་སྐར་མ་བཞིན་འཕེལ་སྟེ། དེ་དག་གིས་སངས་རྒྱས་བསྟན་པ་དང༌།   འགྲོ་དྲུག་སེམས་ཅན་གྱི་དོན་དུ་འགྲོ་དོན་རླབས་པོ་མཛད་ཡོད། 

འོན་ཀྱང་ནག་ཕྱོགས་ཀྱི་ལས་ལ་གོམས་པའི་དམག་སྡེ་དཔུང་ཚོགས་ཆེན་པོའི་རྒྱ་ནག་གྲབ་ཨ་སྦག་དང་ཀྲའོ་ཏུའུ་བན་སོགས་ཀྱིས་ཆུ་བྱིའི་སྤྱི་ལོ་༡༨༥༢་ལོར་བོད་ལ་བཙན་འཛུལ་བྱེད་སྐབས། སྨར་ཁམས་འོད་ཟེར་དགོན་པའི་དགེ་འདུན་པ་གཙོས་པའི་སྨར་ཁམས་པ་ཡོངས་ཀྱིས་ཕར་རྒོལ་ལན་མང་བྱས་པའི་རྐྱེན་གྱིས་རྒྱ་ནག་གི་དམག་དཔུང་དེས་འོད་ཟེར་དགོན་པ་བླ་བྲང་དང་བཅས་པ་རྨིག་མེད་དུ་མེར་བསྲེགས་པ་རེད། དེ་ནི་འོད་ཟེར་དགོན་པ་ལ་བྱུང་བའི་གོད་ཆགས་དང་པོ་དེ་ཡིན་པ་རེད། འོན་ཀྱང་རྒྱ་དམག་གིས་བཙན་འཛུལ་དེར་འོད་ཟེར་དགོན་པའི་བླ་གྲྭ་ཡོངས་ནས་བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་དང་རང་རྒྱུ་ཕངས་མེད་ཀྱིས་ཕར་རྒོལ་ཤུགས་ཆེན་བྱས་ཏེ་མཐར་སྤྲད་བཏང་བ་དེས་སྤྱི་ལོ་༡༨༩༢་ཙམ་ལ་བོད་སྡེ་པ་གཞུང་གིས་སྦྱིན་བདག་ཐོག་སྒར་ཐོག་གྲོང་ཁྱེར་གྱི་ནུབ་ངོས་རི་བོའི་ཉེ་འདེབས་ར་ཀོག་ཏུ་འོད་ཟེར་དགོན་པ་སླར་ཡང་གསར་བཞེངས་གནང༌། འོན་ཀྱང་དགོན་པ་ལོ་དེ་རང་དུ་ཚར་དགོས་ཤིང༌། ལོ་རྗེས་མའི་ནང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་སྐག་འཁེལ་གྱི་ཡོད་སྟབས་འཛུགས་སྐྲུན་གྱི་ལས་རིགས་སོགས་ཆོག་གི་མེད། དེས་མགྱོགས་བཅོས་ཀྱིས་གྱང་མགོ་ཏོག་ཙམ་རུབ་བསྡད་ཡོད་ཅེས་སྨད་རྒྱུད་གྲྭ་རྒན་ཐུབ་བསྟན་རྡོ་རྗེ་རང་ནས་གསུངས་བྱུང༌། ཤག་སྐོར་རྣམས་ཞིང་ནོར་ཆོས་གཞིས་ལ་ལས་ཁྲལ་བཀལ་ཏེ་བརྒྱབ། དགོན་པ་དེའི་ནང་དུ་མི་ལོ་དྲུག་ཅུ་བདུན་ཅུ་ཙམ་ལ་བསྟན་པ་འཛིན་སྐྱོང་དང༌། འགྲོ་བའི་དོན་མི་དམན་པ་མཛད། དེ་ནས་སྤྱི་ལོ་༡༩༥༩་ལོར་རྒྱ་དམར་གུང་ཁྲན་སྲིད་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་ཁྱོན་ཡོངས་ལ་དུས་འགྱུར་བྱུང་བ་བཞིན་རྒྱ་དམག་ནས་སླར་ཡང་འོད་ཟེར་དགོན་པའི་རྟེན་དངབརྟེན་པ་དང་བཅས་པ་རྩ་གཏོར་བཏང་བ་རེད། དེ་ནི་འོད་ཟེར་དགོན་ལ་བྱུང་བའི་གོད་ཆགས་གཉིས་པ་དེ་ཡིན། གོད་ཆག་དེ་ནི་གདུག་རྩུབ་དང་རྩ་གཏོར་གྱི་གོད་ཆག་ཆེ་ཤོས་ཤིག་ཡིན་པས། མི་ལོ་སུམ་ཅུ་ཙམ་རིག་གནས་གསར་བརྗེའི་ཚ་རླབས་འོག་ཆོས་ཀྱི་མིང་ཙམ་ཡང་ཐོས་བྲལ་དུ་གྱུར། འོན་ཀྱང་སྤྱི་ལོ་༡༩༨༠་ལོར་རྒྱ་ནག་གུང་ཁྲན་ཏང་སྲིད་གཞུང་གི་དབུ་ཁྲིད་ཏིང་ཤོ་ཕིང་གིས་འཛམ་གླིང་གི་ཆབ་སྲིད་འགྱུར་འགྲོས་ལ་ལྟོས་ཏེ་བོད་གཙོས་པའི་རྒྱ་ནག་ཁྱོན་ཡོངས་གུང་ཁྲན་ཏང་གིས་འཆིང་རྒྱ་ལས་གོམ་གང་མདུན་སྤོས་ཀྱིས་ཆབ་སྲིད་ཀྱི་འགྱུར་བ་ཕྲན་བུ་གུ་ཡངས་བཏང་པ་དང༌། རྒྱ་ནག་གུང་ཁྲན་ཏང་གིས་གསར་བརྗེ་སློབ་གསོའི་འོག་འཚར་ལོངས་བྱུང་བའི་བོད་ཁྱོན་ཡོངས་ཀྱི་བོད་རིགས་མི་ཐོག་རྣམས་ཀྱིས་མ་སྐུལ་དང་བླངས་ཀྱིས་དགོན་པ་ཁག་གསར་བཞེངས་སོགས་ཀྱི་ལས་ལ་བརྩོན་པ་བཞིན་སྨར་ཁམས་ཁུལ་གྱི་བོད་རིགས་མི་དམངས་ཡོངས་ནས་ཀྱང་དག་སྣང་ཆེན་པོས་རྒྱུ་དངོས་མི་གསུམ་གྱིས་མཐུན་རྐྱེན་བཟང་པོ་སྦྱར་ཏེ་སྒར་ཐོག་གྲོང་ཁྱེར་གྱི་ནུབ་ངོས་ཕྱི་ལོ་༡༩༥༩་ལོར་ཤུལ་མེད་དུ་གཏོར་ཟིན་པའི་དགོན་པ་རྙིང་པའི་གཡོན་ཕྱོགས་ཀྱི་རྡོ་རྒྱང་གང་གི་སར་དཔལ་ལྡན་ཀུན་མཁྱེན་འོད་ཟེར་གླིང་གསར་བཞེངས་བྱས། དགོན་པ་གསར་བཞེངས་དང་ནང་རྟེན་བཞུགས་སུ་གསོལ་ཟིན་ཡང་རྒྱ་ནག་གུང་ཁྲན་ཏང་གིས་ཕྱི་ཚུལ་གྱིས་ཆོས་དད་རང་མོས་བསྒྲགས་ཙམ་ལས་དོན་དངོས་ཐོག་དགོན་པའི་ནང་རྒྱ་ནག་དམར་པོའི་གཞུང་གི་ཆབ་སྲིད་སློབ་གསོ་ལས་གུ་ཡངས་ཀྱིས་བསླབ་པ་སློབ་གཉེར་བྱེད་རྒྱུ་མཚོན་པའི་ཆོས་དད་རང་མོས་ཤིག་མེད་སྟབས་དགོན་པ་དེའི་དགོན་བདག་འོད་ཟེར་རིན་པོ་ཆེས་གཙོས་པའི་དགོན་པའི་དགེ་འདུན་པ་འབོར་ཆེ་བ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་རྒྱ་གར་ལ་བསླབ་པ་སློབ་གཉེར་གནང་ནས་བཞུགས་ཡོད། དགོན་པའི་རབ་བྱུང་དགེ་འདུན་དང་ནང་རྟེན་སྐུ་གསུངས་ཐུགས་རྟེན། ངེད་ཅག་ཚང་མས་དགོན་པ་ཞེས་རྣ་བར་ཐོས་དུས་མིག་མདུན་དུ་རབ་བྱུང་དགེ་འདུན་དང༌། སྐུ་གསུངས་ཐུགས་རྟེན་རྣམས་ཡིད་ལ་འཆར་ཡོང༌། དོན་དངོས་ཀྱང་དགོན་པ་ནི་དཀར་ཕྱོགས་དགེ་བའི་ལམ་དུ་སྣེ་འཁྲིད་རབ་བྱུང་གི་སྡེ་དང༌། སྐུ་གསུངས་ཐུགས་རྟེན་གྱི་བཞུགས་གནས་ཤིག་ཡིན། དཔལ་ལྡན་འོད་ཟེར་དགོན་པ་ལ་དར་གུད་ཀྱི་འགྱུར་རིམ་མང་པོ་བྱུང་ཡོད་པ་བཞིན་དགོན་པའི་ནང་རྟེན་དང་དགེ་འདུན་པ་འཕེལ་རིམ་སྐོར་ལའང་འགྱུར་བ་ངེས་ཅན་ཞིག་བྱུང་ཡོད་པ་སྨོས་མེད་རེད། འོན་ཀྱང་དཔལ་ལྡན་ཀུན་མཁྱེན་འོད་ཟེར་གླིང་དགོན་པའི་ནང་རྟེན་དང༌། རབ་བྱུང་དགེ་འདུན་གྲངས་འབོར་ཇི་བྱུང་སྤྱི་རྡོག་ཙམ་ཞིག་ཞུས་ན། དཔལ་ལྡན་ཀུན་མཁྱེན་འོད་ཟེར་གླིང་དགོན་པ་བསྟན་པ་དར་བའི་སྐབས་སུ། དེ་ཁུལ་འགྲོ་བ་ལ་སྨན་པའི་རབ་བྱུང་དགེ་འདུན་པ་མང་མཐའ་གསུམ་བརྒྱའི་གཡས་གཡོན་དང༌། ཉུང་མཐའ་བརྒྱ་གྲངས་ཙམ་བྱུང་ཡོད། དགོན་པའི་ནང་རྟེན་སྐུ་གསུངས་ཐུགས་རྟེན་ལ་མཚོན་ན། འདུ་ཁང་དུ་སྟོན་པ་གཙོ་འཁོར་གསུམ་གྱི་སྐུ་རྟེན་དང༌། རྗེ་ཡབ་སྲས་གསུམ་གྱི་སྐུ་རྟེན། ཚེ་ལྷ་རྣམ་གསུམ་གྱི་སྐུ་རྟེན། འོད་ཟེར་བླ་མའི་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་བྱང་ཆུབ་འབུམ་པ་མཆོག་དང༌། སྐུ་ཕྲེང་བདུན་པ་སྤྲུལ་སྐུ་དཀོན་མཆོག་རྒྱལ་མཚན་མཆོག་གཉིས་ཀྱི་སྐུ་རྟེན། རིགས་གསུམ་མགོན་པོའི་སྐུ་རྟེན་བཅས་མི་ཚད་ཙམ་དང༌། གཞན་ཡང་ལི་མ་རྙིང་པ་དང༌། གསེར་སྐུ་ཆེ་ཆུང་མི་འདྲ་བ་གསུམ་བརྒྱ་ཙམ་དང༌། འོད་ཟེར་བླ་མའི་སྐུ་ཕྲེང་རིམ་བྱོན་གྱི་དབུ་ཐོད་བཅས་ནང་རྟེན་བྱིན་རླབས་ཅན་གྱི་དད་རྟེན་ངོ་མཚར་བ་ཤིན་ཏུ་མང་པོ་དང༌། མགོན་ཁང་དུ་དགོན་པའི་ལྷ་སྲུང་གཙོ་བོ་བྲག་ལྷ་མགོན་པོའི་སྐུ་བརྙན་དང༌། དམ་ཅན་ཆོས་ཀྱི་རྡོ་རྗེ། འཇིགས་བྱེད་ཀྱི་སྐུ་བརྙན། དཔལ་ལྡན་ལྷ་མོའི་སྐུ་བརྙན། གནོད་སྦྱིན་ཁྲི་ཏྲ་པ་ལ། རྒྱལ་པོ་རྣམ་སྲས། ཆོས་སྐྱོང་བསེ་ཁྲབ་ཅན་གྱི་སྐུ་བརྙན་བཅས་ཡོད། ལྷ་སྲུང་ཆོས་སྐྱོང་བྲག་ལྷ་མགོན་པོ་ནི་སྤུང་མཁན་ཆེན་འོད་ཟེར་བླ་མ་མཆོག་ནས་འོད་ཟེར་བླ་མའི་སྐུ་ཕྲེང་རིམ་བྱོན་གྱི་སྐུའི་ལྷ་སྲུང་དང༌། འོད་ཟེར་དགོན་པའི་ལྷ་སྲུང་གཙོ་བོ་དེ་ཡིན། དགོན་པ་ཕྱག་འདེབས་པ་པོའི་ལོ་རྒྱུས། དགོན་པ་ཕྱག་འདེབས་པ་པོ་འོད་ཟེར་བླ་མ་སྐུ་ཕྲེང་བདུན་པ་སྤྲུལ་སྐུ་དཀོན་མཆོག་རྒྱལ་མཚན་མཆོག་ནི་དུས་རབས་བཅོ་བརྒྱད་པའི་སྤྱི་ལོ་༡༦༨༠་ཙམ་ལ་ཚ་བ་སྒང་དུ་སྐུ་འཁྲུངས། དམ་པ་ཁོང་བྱིས་དུས་ནས་སྐྱེས་ཕྲེང་དམ་པ་རྣམས་ཀྱི་བག་ཆགས་ཁྱད་པར་དུ་སད་དེ་རབ་ཏུ་བྱུང་བར་མཛད། དེ་ནས་རིམ་པར་ཡུལ་དབུས་ལ་ཕེབས་ཏེ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོའི་ཞབས་ལ་གཏུགས་ནས་གཞུང་ཆེན་པོད་ཏི་ལྔས་གཙོས་པའི་ཤེས་བྱ་རིག་པའི་གནས་ལ་སློབ་གཉེར་དཔྱིས་ཕྱིན་པར་མཛད། ལྷག་པར་མདོ་སྔགས་གཞུང་ལུགས་ཡོངས་ལ་གསན་བསམ་སྒོམ་སྒྲུབ་ཐོག། ཆོས་འཆད་སྤེལ་སོགས་ཀྱི་སྒོ་ནས་གདུལ་བྱ་གྲངས་ལས་འདས་པའི་བསམ་པ་ཆོས་ཕྱོགས་སུ་འགོད་པར་མཛད། དེ་ནས་རིམ་པར་མདོ་ཁམས་ཕྱོགས་སུ་ཕེབས་ནས་འོད་ཟེར་དགོན་པ་ཕྱག་བཏབ་ཅིང་སྐྱེས་ཕྲེང་གོང་མ་རྣམས་ཀྱིས་རྣམ་ཐར་ལེགས་པར་བསྐྱངས་ཏེ་ཆོས་ཀྱི་འཁོར་ལོ་རྒྱས་པར་བསྐོར། དམ་པ་དེའི་ལོ་རྒྱུས་ཞིབ་པ་ཡིག་ཆའི་དེབ་རིགས་མ་རྙེད་ཀྱང་སྔོན་ཆད་རྒན་རབས་རྣམས་ཀྱི་ངག་རྒྱུན་དུ་དམ་པ་ཁོང་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་ཡོད་པའི་སྐོར་བཤད་སྲོལ་མང་པོ་ཡོད། དེ་བཞིན་ལོ་རྒྱུས་དེབ་རིགས་ལ་མཚོན་ན། མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་ལས་ཟང་ཟིང་ནེ་རིང་པ་འཆི་མེད་རབ་རྒྱས། ལྷུ་ལ་བཀའ་བཅུ་པ། ཇོ་གདམ་བསོད་ནམས་ལྷུན་གྲུབ། ལེགས་བཟང་པ། གནས་རྙིང་ཀུན་དགའ་བདེ་ལེགས། ཀུ་ཅོར་རྟོགས་ལྡན་པ། མངའ་རིས་པ་ངག་དབང་འཇམ་དབྱངས་ཉི་མ་བསྟན་པའི་རྒྱལ་མཚན། སྨར་ཁམས་འོད་ཟེར་བླ་མ་དཀོན་མཆོག་རྒྱལ་མཚན། མཁས་པ་ཤེས་རབ་རིན་ཆེན། རྟ་ཚག་རྗེ་དྲུང་ངག་དབང་ཆོས་ཀྱི་དབང་ཕྱུག། གསེར་ཁང་ཆོས་རྗེ་གུ་ན་མ་ཏི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། འབྲུག་རྒྱལ་དབང་སྤྲུལ་སྐུ་རྣམས་ཀྱིས་མཛད་པའི་རྗེའི་རྣམ་ཐར་ཞེས་གསལ་པར་བརྟག་ན། དམ་པ་ཁོང་རྒན་རབས་རྣམས་ཀྱི་ངག་རྒྱུན་དུ་བཤད་སྲོལ་ཡོད་པ་བཞིན་འཆད་རྩོད་རྩོམ་གསུམ་གྱི་མཁས་པའི་དབང་པོའི་གོ་སར་ཕེབས་ཤིང༌། སེམས་ཅན་གྱི་འགྲོ་དོན་རྒྱ་ཆེན་པོ་མཛད་ཡོད་པར་རྟོགས་ཐུབ།

དགོན་པའི་འཛིན་སྐྱོང་གི་སྐོར། དགོན་པ་ནི་རྙོག་འཛིང་དང་འགྲན་རྩོད་ལྐོག་ཟས་རུལ་སོང་ཆེ་བའི་ཟང་ཟིང་གི་སྤྱི་ཚོགས་ཤིག་མིན་ནའང༌། མི་སྡེ་མང་པོ་འདུས་པའི་ཚོགས་པ་ཞིག་ཡིན་སྟབས། དེ་ལ་འཛིན་སྐྱོང་གི་གོ་རིམ་ངེས་ཅན་ཞིག་མེད་ན་དེ་ཉིད་ཚགས་ཚུད་ལྡན་པའི་ཐོག་ཡུན་གནས་དཀའ་བར་བརྟེན། དཔལ་ལྡན་ཀུན་མཁྱེན་འོད་ཟེར་གླིང་དགོན་པའི་འཛིན་སྐྱོང་གི་ལམ་ལུགས་ནི་ཁྲི་པའི་དབུས་བཞུགས་ཐོག་འཛིན་སྐྱོང་གི་སྡེ་ཚན་ལྔར་དབྱེ་པ་སྟེ། ཁྲི་པ། བྱང་འདྲེན། དགེ་སྐུལ། ཕྱག་མཛོད། སྤྱི་གསོ། དབུ་ཆོས་བཅས་ལྔ་ཡིན།

       དགོན་པའི་འཛིན་སྐྱོང་གི་དབང་ཚད་མཐོ་ཤོས་ནི་ཁྲི་པ་ཡིན་ཞིང༌། ཁྲི་པ་ནི་གྲྭ་སར་ཕེབས་ནས་སློབ་གཉེར་མཐིལ་ཕྱིན་པའི་དགེ་བཤེས་དང༌། དགོན་པ་རང་ཁོངས་ནས་མདོ་སྔགས་ལ་མཁྱེན་རྒྱ་ཡངས་པའི་དགེ་འདུན་པ་བགྲེས་རྣམས་ལ་གྲྭ་མང་ནས་འོས་འཕེན་བྱས་ཏེ་ཁྲི་པ་བསྐོ་བཞག་བྱེད་ཀྱི་ཡོད། ཁྲི་པས་དགོན་པའི་འཛིན་སྐྱོང་གི་དབུ་བཞུགས་ཐོག་དགོན་པའི་བྱེད་སྒོ་མཐའ་དག་ཐོག་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད། 

དེ་ཡང་འོད་ཟེར་དགོན་པའི་ཁྲི་པ་རིམ་བྱོན་རྣམས་འགོད་པ་ལ། ཁྲི་པ་དང་པོ་སྲོང་ཕུ་བླ་མ་ཡོན་ཏན་རྒྱ་མཚོ་མཆོག གཉིས་པ་མཁན་པོ་གཡུ་ཚེ་མཆོག གསུམ་པ་ཁྲི་ཆེན་བསྟན་པ་ཆོས་འཕེལ་མཆོག བཞི་པ་ཁྲི་ཆེན་བཀྲ་དབྱངས་མཆོག ལྔ་པ་ཁྲི་ཆེན་ཚེ་རིང་བཀྲ་ཤིས་མཆོག དྲུག་པ་ཁྲི་ཆེན་བསམ་གཏན་རྒྱ་མཚོ་མཆོག བདུན་པ་གོ་བོ་མཁན་ཟུར་རྗེ་བཙུན་ངག་དབང་ཤེས་རབ་མཆོག བརྒྱད་པ་ཁྲི་ཆེན་ཤེས་རབ་རྒྱ་མཚོ་མཆོག དགུ་པ་ཁྲི་ཆེན་བསྙེན་གནས་ཕུར་བུ་མཆོག བཅུ་པ་ཁྲི་ཆེན་མགོན་པོ་རྣམ་རྒྱལ་མཆོག བཅུ་གཅིག་པ་ཁྲི་ཆེན་བཀྲིས་མཆོག་ལྡན་མཆོག བཅུ་གཉིས་པ་ཁྲི་ཆེན་བསྙེན་འཚམས་པ་བུ་བཀྲ་ལུ་མཆོག བཅུ་གསུམ་པ་ཁྲི་ཆེན་གྲོང་མགོ་རྒན་རྡོ་རྗེ་མཆོག བཅུ་བཞི་པ་ཁྲི་ཆེན་བཀྲ་ཤིས་མགོན་པོ་མཆོག བཅོ་ལྔ་པ་ཁྲི་ཆེན་ངག་དབང་མཆོག་ལྡན་མཆོག་བཅས་ཡིན། ཁྲི་བ་བཅོ་ལྔ་པ་ཁྲི་ཆེན་ངག་དབང་མཆོག་ལྡན་མཆོག་ནི་སྤྱི་ལོ་༡༩༥༩་རྗེས་སུ་ཁྲི་པར་ཕེབས་པའི་ཁྲི་པ་ཡིན། ཁྲི་པ་རིམ་བྱོན་རྣམས་ཀྱིས་བསྟན་པ་སྤྱི་ལ་སྨན་པའི་མཛད་པ་འཕྲིན་ལས་བླ་མེད་དུ་བསྐྱངས་ཡོད། དེ་བཞིན་དགོན་པ་དེ་ཉིད་དང་། དགོན་པ་དེ་གནས་ཀྱི་མི་མང་རྣམས་ལ་ཡང་བཀྲིན་གཞལ་ཐབས་མེད་པའི་བྱམས་སེམས་ཐུགས་ཀྱི་སྙིང་རྗེའི་རྩེ་མོར་བཟུང་སྟེ་བཀྲིན་ཆེན་པོས་བསྐྱངས་ཡོད། ཁྲི་པའི་ལས་ཡུན་ལོ་གསུམ་ཡིན་ཡང་ཁྲི་རབས་གཉིས་གསུམ་སྦྲེལ་བཟུང་བྱས་ནའང་ཆོག་པ་ཡིན། འདོན་རྟ་སྣེ་འདྲེན་གྱི་བྱང་འདྲེན་ཆེན་མོའི་འགན་ཡུན་ཡང་ལོ་གསུམ་ཡིན། ཕྱག་མཛོད་ཀྱང་གཉིས་ནས་བཞི་བར་གྲངས་ཚད་ཐོག་གྲྭ་མང་ནས་འོས་ཤོག་བླུགས་ཏེ་བསྐོ་བཞག་བྱེད་ཀྱི་ཡོད། ཕྱག་མཛོད་ཀྱི་ཕྱག་ལས་གཙོ་བོ་ནི་དགོན་པའི་ཞིང་པ་དང་། འབྲོག་པ་རྣམས་ལ་ཁྲལ་བསྡུ་རྒྱུ་དང༌། དགོན་པའི་འཚོ་རྟེན་ཡར་རྒྱས་ཀྱི་ཆེད་དུ་འཚོང་རྒྱག་རྒྱུ་སོགས་ཕྱག་ལས་དེ་དག་ཐུར་ཤོར་མེད་པར་མཐུན་གཙང་གནང་དགོས། སྤྱི་གསོ་ཡང་གཉིས་ནས་བཞི་བར་གྲངས་ཚད་ཐོག་གྲྭ་མང་ནས་འོས་འཕེན་གྱིས་བསྐོ་བཞག་བྱས། སྤྱི་གསོ་ཡིས་དགོན་པའི་མ་དངུལ་ཇི་ཡོད་བདག་སྐྱོང་གནང་ཞིང། མ་དངུལ་དེ་དག་དགོན་པ་ལ་ངེས་དགོས་ཡོད་རིགས་མ་གཏོགས་གཞན་དངུལ་ལྷག་ཇི་ཡོད་སྐྱེད་ཀར་བཏང་སྟེ། སྐྱེད་བབས་བྱུང་བའི་དངུལ་འབོར་རྣམས་ཆོས་ཐོག་ཁག་ཏུ་དགེ་འདུན་པ་རྣམས་ལ་གཏོང་སྒོར་བཏང། དབུ་ཆོས་གཉིས་ཀྱང་དེ་བཞིན་གྲྭ་མང་ནས་བསྐོ་བཞག་བྱེད། དབུ་ཆོས་གཉིས་ཀྱི་ལས་འགན་གཙོ་བོ་ནི་དགེ་འདུན་པ་རྣམས་ལ་ནད་ན་དང་། འདས་གྲོངས་སོགས་ཀྱི་རྐྱེན་ངན་བྱུང་སྐབས་དབུ་ཆོས་ནས་ལྟ་རྟོགས་གནང་དགོས། དེ་ཡང་དགེ་འདུན་པ་རྣམས་ནད་མནར་གྱིས་རྐྱེན་པས་འདས་གྲོངས་སོགས་གྱུར་ཚེ། དགེ་འདུན་པ་དེ་ཉིད་ཀྱིས་ཞལ་ཆེམས་བཞག་ཏེ་ཅ་དངོས་སྤུན་མཆེད་ལ་སྤྲོད་རོགས་གསུངས་པ་དག་དང༌། གསོན་བཞུགས་སྐབས་སྤུན་མཆེད་དང་འབྲེལ་བ་ཡོད་པའི་དངོས་རྫས་ལས་གཞན་དགེ་འདུན་པ་དེའི་ཅ་དངོས་ཡོད་དོ་ཅོག་དབུ་ཆོས་ནས་བདག་སྐྱོང་བྱེད་འགྲོ་ཡི་ཡོད། དགོན་པའི་ལས་གཉེར་དེ་དག་ཚང་མའི་འགན་ཡུན་ལོ་གསུམ་ཡིན་པས་ལོ་གསུམ་གྱི་རྗེས་སུ་དགེ་འདུན་པ་ཡོངས་ནས་འོས་ཤོག་བླུགས་ཏེ་ལས་གཉེར་གསར་པ་བསྐོ་བཞག་བྱེད་དགོས། དགེ་སྐོས་ནི་ཁྲིམས་ཀྱི་བདག་པོ་ཡིན་ཞིང༌། དགེ་སྐོས་མཆོག་གིས་དགོན་པའི་ནང་གི་དགེ་འདུན་པ་ཡོངས་ཀྱི་ཤེས་ཡོན་སློབ་གཉེར་མཚོན་པའི་བསླབ་སྡོམ་གྱི་ཚུལ་ཁྲིམས་དང་འགལ་བའི་ངན་སྤྱོད་མཐའ་དག་ཐོག་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད། སྔོན་འོད་ཟེར་དགོན་པའི་དགེ་འདུན་པ་རྣམས་འདུལ་ཁྲིམས་གཙང་ཞིང༌། སྒྲུབ་པ་ཉམས་ལེན་དཔྱིས་ཕྱིན་པ་མཛད་པའི་སྐྱེས་བུ་དམ་པ་གྲངས་ཀྱིས་མི་ལངས་བ་བྱུངཡོད་པ་དེ་ནི་དགེ་སྐོས་རིམ་བྱོན་རྣམས་ཀྱིས་ལྷག་བསམ་བཟང་པོས་ཀུན་ནས་བསླངས་ཏེ་དགོན་པའི་སྒྲིག་ཁྲིམས་ནན་པོ་བསྐྱངས་བའི་བཀའ་དྲིན་ལས་བྱུང་བ་ཡིན་པར་ངོས་འཛིན་ཞུ་ཆོག། དགེ་སྐོས་ནི་དགོན་པའི་ནང་ཁྲིམས་འཛིན་གྱི་དབང་ཚད་མཐོ་ཤོས་དེ་ཡིན་སྟབས་དགེ་འདུན་པ་སུ་ཞིག་གིས་དགོན་པའི་ཁྲིམས་སྒྲིགས་དང་འགལ་རིགས་བྱུང་ཚེ་དགེ་འདུན་པ་དེ་ལ་ཉེས་པ་ཆེ་ཆུང་ཇི་གཏོང་དགེ་སྐོས་ཀྱི་ཕྱག་ཏུ་ཡོད་པ་ཡིན། དེར་སུ་གང་གིས་ཞུ་གཏུག་དང་དག་བསལ་དང་གཏོང་མི་ཆོག གལ་ཏེ་དེ་རིགས་བྱུང་ཚེ་དོ་བདག་རང་ཉིད་དགོན་པ་ནས་སྐྱིད་སྡུག་འགྲོ་རྒྱུ་ལས་གཞན་ཉེས་པ་སོགས་ཆག་ཡང་ཡོང་ཐབས་མེད་པ་ཡིན། དགེ་སྐོས་ཀྱི་ལས་ཡུན་ནི་ལོ་གཅིག་ཡིན། གཞན་ཡང་དགོན་པའི་ལས་གཉེར་དཀོར་གཉེར་དང༌། ཆོས་རྫས་འགོ་པ། ཨར་པོ་འགོ་པ་སོགས་དུ་མ་མཆིས། དེ་དག་གི་ལས་ཡུན་ནི་ལོ་གཉིས་དང་གསུམ་གང་རུང་དུ་ངེས། དགོན་པའི་ཤེས་ཡོན་སློབ་གཉེར་གྱི་སྐོར། དཔལ་ལྡན་ཀུན་མཁྱེན་འོད་ཟེར་གླིང་དགོན་པ་ནི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་སྔགས་གྲྭའི་ཁོངས་སུ་གཏོགས་པའི་དགོན་པ་ཞིག་ཡིན་སྟབས། དགོན་པ་དེའི་ནང་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་སྔགས་ཕྱོགས་ཆོ་ག་ཕྱག་ལེན་གྱིས་མཚོན་པའི་སློབ་གཉེར་བྱེད་ཕྱོགས་དང་གཅིག་མཚུངས་སློབ་གཉེར་བྱས། སྔགས་ཕྱོགས་ཀྱི་སྐོར་འོད་ཟེར་དགོན་པའི་སློབ་གཉེར་གནང་ཕྱོགས་གྱི་སྒྲིག་ཁྲིམས་བཙན་པོའི་ཐོག་སློབ་གཉེར་སྤུས་ལེགས་གནང་གི་ཡོད་སྟབས་འོད་ཟེར་དགོན་པའི་སློབ་གཉེར་མཐིལ་ཕྱིན་པའི་དགེ་འདུན་རྣམས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ལ་འཛུལ་ཞུགས་སྐབས་ཡིག་རྒྱུགས་འབུལ་བཞེས་མི་དགོས་པར་ཐད་ཀར་འཛུལ་ཞུགས་ཆོག་པ་ཡིན། སྤྱིར་འོད་ཟེར་དགོན་པ་དེ་བཞིན་རྒྱུད་སྨད་གྲྭ་ཚང་གི་སྔགས་གྲྭ་ཞིག་གྱུར་ཡོད་ཀྱང་གྲྭ་རིགས་རྣམས་སྨད་རྒྱུད་གྲྭ་ཚང་དང་གྲྭ་ས་གང་དུའང་འགྲོ་ཆོག་པ་ཡིན། དགོན་པ་དེའི་གྲྭ་རྒྱུན་གདན་ས་གསུམ་ལ་ཕེབས་ནས་དགེ་བཤེས་ལྷ་རམས་པའི་གོ་སར་འཛེགས་པ་ཡང་མང་པོ་བྱུང་ཡོད། དགོན་པའི་ལོ་འཁོར་གཅིག་གི་རིང་ཉིན་མཚན་དུས་དྲུག་ཏུ་སློབ་གཉེར་གནང་ཕྱོགས་ཞིབ་པར་དགོད་པ་ལ། དཔེ་མཚོན་གྱི་ཚབ་ཏུ་ཉིན་ཞག་གཅིག་གི་སློབ་གཉེར་གནང་ཕྱོགས་ཤིག་འགོད་ན། ཐོ་རེངས་སྐྱ་མདའ་དང་པོས་ནམ་གྱི་བུ་མོ་མགྲོན་དུ་བསུས་པའི་དུས་སུ་ཚོགས་བརྡ་ཏིང་ཏིང་ཞིག་བརྡུངས་ཡོང༌། དེའི་དུས་དགེ་སློང་མ་སྒྲུབ་མཁན་གྲྭ་རིགས་ཚང་མ་དགེ་སྐོས་ཀྱི་སྒོ་འགྲམ་རྡོ་གཅལ་ཐོག་ཏུ་བཅར་དགོས། རྡོ་གཅལ་ཐོག་ཏུ་བློ་འཛིན་རིམ་པའི་གོ་རིམ་བཞིན་སོ་སོར་གྲལ་འཛིན་རེ་ཡོད་པ་དེར་བསྡད་དེ། རིགས་གསུམ་མགོན་པོའི་བསྟོད་པ་དང༌། གང་བློ་མ་སོགས་འདོན་ཀློག་གིས་བློར་འཛིན་དགོས། བློ་འཛིན་དེར་བཅར་མ་ཐུབ་པའི་གྲྭ་རིགས་རྣམས་ཀྱི་གྲལ་འཛིན་སྟོང་པ་ལུས་ཡོད་སྟབས་དགེ་བསྐོས་ནས་ལམ་སེང་སུ་སླེབས་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་ཡོད། བློ་འཛིན་ལ་བཅར་མེད་པའི་གྲྭ་རིགས་རྣམས་ལ་དགེ་བསྐོས་ནས་ཉེས་པ་ཆེ་ཆུང་སྣ་ཚོགས་ཤིག་བཏང་སྟེ། སང་ནས་སྔར་རྒྱུན་བཞིན་མིན་པར་ཡར་རྒྱས་འགྲོ་བའི་ཐབས་ཤེས་བྱས། དེ་བཞིན་གྲྭ་རིགས་ཚོས་ཀྱང་དགེ་བསྐོས་མཆོག་གི་ལག་འོག་ཏུ་མི་ཚུད་པར་ཁྲིམས་རང་འཁུར་དང་སྡོམ་པ་རང་སྲུང་གིས་དགོན་པའི་སྒྲིག་ཁྲིམས་དང་རང་ཉིད་ཀྱི་འདུལ་ཁྲིམས་གཉིས་གཅེས་སྲུང་གནང་གང་ཐུབ་བྱེད་ཀྱི་ཡོད། སྔ་དྲོའི་བློ་འཛིན་གྱི་འཛིན་གྲྭ་གྲོལ་རྗེས་ཚོགས་བརྡ་ཏིང་ཏིང་ཞིག་བརྡུངས་ཡོང༌། དེའི་དུས་དགེ་སློང་རྣམས་བཞེངས་ཏེ་ཞོགས་ཚོགས་ལ་བཅར་རྒྱུའི་སྟ་གོན་བྱེད་དགོས། དེ་ནས་དུས་ཡུན་ཅུང་ཙམ་གྱི་རྗེས་དགོན་པའི་ཐོག་ཏུ་ཚོགས་དུང་ཞིག་བཏང་ཡོང༌། དུང་བརྡ་དང་པོའི་སྐབས་དགེ་འདུན་ཚང་མ་སྒོ་འཇུག་འོག་ཏུ་ཕེབས་ཚར་བ་གནང་དགོས། དུང་བརྡ་གཉིས་པའི་སྐབས་སུ་དགེ་འདུན་ཚང་མས་དམིགས་བརྩེ་མ་འདོན་བཞིན་འདུ་ཁང་ནང་དུ་ཕེབས་དགོས། དེ་བཞིན་དམིགས་བརྩེ་མ་ཚར་དང་པོའི་དུས་དགེ་འདུན་པ་བགྲེས་པ་རྣམས་གདོང་གྲལ་དུ་བཞུགས་ཚར་བ་གནང་དགོས། དམིགས་བརྩེ་མ་ཚར་གཉིས་པའི་དུས་དགེ་འདུན་པ་གཞན་བྱིངས་གྲལ་བསྟར་དུ་བཞུགས་ཚར་བ་གནང་དགོས། དེ་ཡང་བཞུགས་གྲལ་གྱི་གོ་རིམ་ནི་གདོང་གྲལ་དུ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་ཐོན་པའི་དགེ་འདུན་པ་རྣམས་དང། གཞན་ཡང་གྲྭ་ཚང་རང་ཉིད་ནས་ཐོན་པའི་དཔེ་ཆ་དྲག་གྲས་རྣམས་གདོང་གྲལ་དུ་བཞུགས། གཞན་གྲྭ་པ་བྱིངས་རྒན་གྲས་གོ་རིམབཞིན་གྲལ་བསྟར་དུ་བཞུགས། དེ་ནས་བྱང་འདྲེན་ཆེན་མོས་དབུ་བསྐོས་ཐོག སྐྱབས་འགྲོ་ལེགས་བསྐྱེད་དང༌། དགའ་ལྡན་ལྷ་བརྒྱ། བླ་མ་མཆོད་པ། སྲུང་མ་སྤྱིའི་འཕྲིན་བཅོལ། རྒྱལ་བ་མ་ལུས། རིན་པོ་ཆེའི་ཞབས་བརྟེན་སོགས་གཙོ་བོར་བཟུང་སྟེ་ཞོགས་ཚོགས་རྒྱས་པར་འཚོགས།

དགོན་པའི་ཞོགས་ཚོགས་དེ་ནི་ལོ་གསར་ཉིན་བཅུ་དང། ཆོས་ཞུགས་ཉིན་བཅུ་ཕུད་གཞན་ལོ་འཁོར་གཅིག་གི་རིང་ཉིན་རྟག་འཚོགས་དགོས། ཚོགས་ཀྱི་གྲས་རིམ་ཇི་འཇོག་ནི་དགེ་བསྐོས་ཀྱི་ཕྱག་ཏུ་ཡོད།  

ཞོགས་ཚོགས་གྲོལ་མཚམས་གྲྭ་པ་རྣམས་རང་ཤག་ཏུ་ལོག་ཏེ་རང་ཤག་གི་ལས་ཀ་རྣམས་བྱེད་པའི་དུས་ཡུན་ཕྲན་ཙམ་ཞིག་ཡོད་ཅིང༌། དུས་ཚོད་དེ་ལ་གྲྭ་པ་རྣམས་ནས་རང་ཤག་ཏུ་གད་འཕྱག་པ་དང་ཡོན་ཆབ་འབུལ་བ་སོགས་གྲ་ཤག་གི་རྒྱུན་ལྡན་བྱ་བཞག་དག་བྱེད་ཀྱི་ཡོད། དེ་ནས་ཞོགས་པའི་ཉི་འོད་དགོན་པའི་རྡོ་གཅལ་སྒང་བྲིས་པའི་གཡུང་དྲུང་རི་མོའི་ཐོག་ཏུ་འཕྲོ་ཉེ་བའི་དུས་ཚོགས་བརྡ་མཁར་རྔ་ཞིག་བརྡུངས་ཡོང། དགེ་སློང་སྒྲུབ་མ་ཟིན་པའི་གྲྭ་པ་བྱིངས་དགོན་པའི་རྡོ་གཅལ་ཐོག་ཏུ་བཅར་ཅིང་རྒན་གྲས་བཞིན་ཞལ་དགེ་སྐོས་ལ་ཕྱོགས་ཏེ་བཞུགས་ནས་བློ་འཛིན་བྱེད་དགོས། དགེ་སྐོས་དེའི་དུས་སྒོ་འབྱོར་འོག་ནས་ཞལ་མར་གཟིགས་ནས་བཞུགས་ཡོད་པས། གྲྭ་པ་རྣམས་རྣམ་གཡེང་བྱས་ཏེ་གཡོ་ཐབས་སོགས་བྱེད་རྒྱུའི་གོ་སྐབས་བྲལ་བ་ཡིན། གྲྭ་པ་སུ་ཞིག་གིས་དཔེ་ཁྲིད་ཟིན་པ་དག་བློས་འཛིན་ཚར་ན་དང་ཐོག་དགེ་བསྐོས་ཀྱི་མདུན་དུ་རྒྱུགས་འབུལ་ཞུ་དགོས། དེ་ནས་རང་ཉིད་ཀྱི་དགེ་རྒན་མདུན་དུ་རྒྱུགས་འབུལ་ཞུ་དགོས། རྒྱུགས་སྤྲོད་མ་ཟིན་བར་དཔེ་ཁྲིད་གསར་པ་བྱེད་མི་ཆོག་པ་ཡིན། བློ་འཛིན་དེའི་དུས་ཡུན་ཆུ་ཚོད་གསུམ་ཙམ་ཡིན་ཞིང༌། ཆུ་ཚོད་གསུམ་ཙམ་ཞིག་གི་རྗེས་སུ་གྲོལ་བརྡ་ཏིང་ཏིང་ཞིག་བརྡུངས་ཡོང༌། དེ་ནས་ཉིན་གུང་ཞལ་ལག་གི་བར་གསེང་ཡིན། ཉིན་གུང་ཞལ་ལག་གི་བར་གསེང་ཆུ་ཚོད་གཉིས་ཙམ་ཡོད་སྟབས་ནང་ཁྱིམ་ཐག་ཉེ་བའི་གྲྭ་རིགས་རྣམས་ནང་དུ་ཕྱིན་ནས་ལོག་ཡོང། ཉིན་གུང་ཞལ་ལག་གི་རྗེས་ཆུ་ཚོད་གཉིས་པ་ཙམ་ཞིག་ལ་སྔོན་བཞིན་དགོན་པའི་རྡོ་གཅལ་ཐོག་ཏུ་བཅར་ཏེ་བློ་འཛིན་བྱེད་དགོས། དེའི་སྐབས་བློ་འཛིན་རྒྱུགས་སྤྲོད་མ་འཕྲོད་པ་རིགས་ཆུ་ཚོད་གཉིས་ཙམ་བཀག་ནས་བློ་འཛིན་བྱེད་བཅུག་པ་ལས་རྒྱུགས་སྤྲོད་ཟིན་པ་རྣམས་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་ལོག་ཆོག་པ་ཡིན། དེ་ཡང་དགོང་དྲོའི་ཉི་མའི་གྲིབ་གསིལ་རྡོ་གཅལ་ཐོག་གི་གཡུང་དྲུང་རི་མོ་ཐོག་ཏུ་ཏག་ཏག་འཕྲོ་སྐབས་ཚོགས་བརྡ་མཁར་རྔ་ཞིག་བརྡུངས་ཡོང༌། དེ་དུས་ཀྱང་དགེ་འདུན་པ་རྣམས་སྔོན་བཞིན་རྡོ་གཅལ་ཐོག་ཏུ་རྒན་གྲས་བཞིན་བཞུགས་ཏེ་བློ་འཛིན་བྱེད་དགོས། དེའི་དུས་ཀྱང་གྲྭ་པ་ཚོས་གཡོ་འཁྲབ་བྱེད་ས་གང་ཡང་མི་རྙེད། གང་ཡིན་ཟེར་ན་དགེ་བསྐོས་མཆོག་སྒོ་འབྱོར་འོག་ཏུ་ཞལ་མར་གཟིགས་ནས་བཞུགས་ཡོད། དེ་ནས་ཆུ་ཚོད་ལྔ་པ་ཙམ་ཞིག་ལ་གྲོལ་བརྡ་མཁར་རྔ་བརྡུངས། ཆུ་ཚོད་གཅིག་ཙམ་རིང་བར་གསེང་ཡིན། ཆུ་ཚོད་དྲུག་པ་ཙམ་ལ་མཁར་རྔ་ཞིག་བརྡུངས་ཡོང༌། དེའི་དུས་མཁར་རྔ་རྡུང་མཁན་གྱིས་ལྕགས་རིའི་ཕྱོགས་ཚང་མའི་སྒོར་སྒོ་ལྕགས་བརྒྱབ་ཏེ་ལྡེ་མིག་དགེ་བསྐོས་མཆོག་གི་ཕྱག་ཏུ་ཕུལ། གྲྭ་པ་རྣམས་དགེ་བསྐོས་ཀྱི་ཤག་མདུན་དུ་གྲལ་བསྟར་བསྒྲིགས་ནས་གང་བློ་མ་དང། སྒྲོལ་མ་ཉི་ཤུ་རྩ་གཅིག་སོགས་བློ་འཛིན་བྱེད་དགོས། བློ་འཛིན་དེའི་དུས་ཡུན་དགེ་སྐོས་མཆོག་གིས་ཇི་ཙམ་བཀག་པར་དེ་ཙམ་དུ་བསྡད་དགོས། དཔལ་ལྡན་ཀུན་མཁྱེན་འོད་ཟེར་གླིང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ལོ་འཁོར་གཅིག་གི་རིང་སློབ་གཉེར་གནང་ཕྱོགས་དཔེ་མཚོན་ཙམ་དུ། གཞན་ཡང་དགེ་འདུན་པ་རྣམས་ནས་འཛིན་གྲྭ་རིམ་པར་ལས་རིགས་དང་། སྦྱོང་ཚན་གྱི་སྐོར། དགེ་སློང་སྒྲུབ་མ་ཟིན་པར་དགེ་ཚུལ་རྣམས་ཀྱིས་ཇ་ཐུག་འདྲེན་རྒྱུ་དང༌། གད་བདར་འཕྱག་རྒྱུ། སེར་དུང་འབུད་རྒྱུ་སོགས་གསར་ཁྲལ་གྱི་ཞབས་འདེབས་ཞུ་རྒྱུ། དགེ་སློང་གསར་པ་རྣམས་ཆོས་ཐོག་ཚོགས་ཞུགས་ཆད་མེད་ཐོག་ཟུར་དུ་སྒྱུ་རྩལ་སྡེ་ཚན་དུ་ཞུགས་ཏེ། རྡུལ་ཚོན་བཅུ་གཉིས་དང༌། དུང་རྒྱང་གླིང་ཉི་ཤུ་རྩ་བཞི་སོགས་སྦྱངས་ཏེ། བདེ་གསང་འཇིགས་གསུམ་ཆོས་ཐོག་གི་རྡུལ་ཚོན་དང༌། དཀྱིལ་འཁོར་ཆ་མཐུན་རྒྱས་པ་བཞེངས་རྒྱུ། དུང་གཏོང་རྒྱ་གླིང་སྙན་གསན་གཏང་རྒྱུ་སོགས་སྒྲུབ་དགོས། དགོན་པའི་ལོ་འཁོར་གཅིག་གི་དམིགས་བསལ་ཆོས་ཐོག་དང་ཚོགས། བོད་ཟླ་དང་པོའི་ནང་ཉིན་ལྔ་རིང་གསང་བ་འདུས་པའི་འཇིག་རྟེན་དབང་ཕྱུག་གི་མ་ནི་དུང་སྒྲུབ་འཚོགས། ཚོགས་མཇུག་ཏུ་དབང་བསྐུར། ཚོགས་དེའི་སྦྱིན་བདག་བླ་བྲང་ཡིན་ཞིང༌། བླ་བྲང་ནས་ཚོགས་ལ་གཏོང་སྒོ་བཏང། བོད་ཟླ་གཉིས་པའི་ནང་ཉིན་ལྔ་རིང་བསྐང་གསོ་ཆོས་ཐོག་དང༌། མགྲོན་ཆོས་གཙོ་བོ་བརྒྱད་ཀྱི་བསྐང་གསོ་གཏོང་བ། བཀའ་འགྱུར་ཆོས་ཐོག་ཚོགས། ཚོགས་དེ་གཉིས་ཀྱི་སྦྱིན་བདག་ཕྱག་མཛོད་ཁང་ཡིན་ཞིང༌། ཕྱག་མཛོད་ནས་ཚོགས་ལ་གཏོང་སྒོ་རྒྱས་པར་གཏོང༌ཞིང་མཇུག་ཏུ་གཏོང་འབུལ་ཞུ། བོད་ཟླ་གསུམ་པའི་ནང་ཉིན་ལྔ་རིང་རྡུལ་མཚོན་དང་འབྲེལ་བའི་དཀྱིལ་འཁོར་ཆོས་ཐོག་དང༌། བདེ་མཆོག་ཆོས་ཐོག་གཉིས་འཚོགས། བདག་བསྐྱེད་འདུན་བསྐྱེད་བུམ་པ་བཅས་བདེ་མཆོག་ཆོ་ག་ཆ་ཚང་གཏོང༌། ཚོགས་དེ་གཉིས་ཀྱི་སྦྱིན་བདག་ཀྱང་བླ་བྲང་ཡིན་ཞིང༌། བླ་བྲང་ནས་ཚོགས་ལ་གཏོང་སྒོ་རྒྱས་པར་གཏོང༌། བོད་ཟླ་བཞི་པའི་ནང་ཉིན་ལྔ་རིང་སྨྱུང་གནས་ཆོས་ཐོག་འཚོགས། མགྲོན་ཆོས་གཙོ་བོ་སྤྱན་རས་གཟིགས་ཀྱི་བདག་བསྐྱེད་གཏོང༌། སྨྱུང་གནས་ལ་དགེ་འདུན་པ་རྐྱང་པ་མིན་པར་མི་མང་ཡང་འབོར་ཆེན་སྨྱུང་གནས་ལ་སྡོད། སྨྱུང་གནས་ཀྱི་སྦྱིན་བདག་སྤྱི་གསོ་ཡིན་ཞིང༌། སྤྱི་གསོ་ནས་སྨྱུང་གནས་ཀྱི་གཏོང་སྒོ་ཁག་གཏོང༌། བོད་ཟླ་ལྔ་པའི་ནང་ཉིན་ལྔ་རིང་གསང་འདུས་སྒྲུབ་མཆོད་དང༌། རྡུལ་མཚོན་དང་འབྲེལ་བའི་གསང་འདུས་སྒྲུབ་མཆོད་འཚོགས། བདག་བསྐྱེད་འདུན་བསྐྱེད་བུམ་པ་བཅས་བདག་འཇུག་ལེན། ཆོས་ཐོག་དེའི་སྦྱིན་བདག་དབུ་ཆོས་ཡིན་ཞིང༌། དབུ་ཆོས་ནས་ཚོགས་ལ་གཏོང་སྒོ་གཏོང༌། བོད་ཟླ་དྲུག་པའི་ནང་ཉིན་ལྔའི་རིང་འཇིག་བྱེད་དང་འབྲེལ་བའི་རབ་གནས་ཆོས་ཐོག་འཚོགས། རབ་གནས་དགེ་ལེགས་ཆར་འབེབས་ལ་རྡུལ་མཚོན་ཆབ་འདྲེན་ཆོ་ག་ཕྱག་ལེན་མཛད། ཆོས་ཐོག་དེའི་གཏོང་སྒོ་ཡང་བླ་བྲང་ནས་གནང༌། བོད་ཟླ་བདུན་པའི་ནང་ཉིན་ལྔ་རིང་རྡུལ་མཚོན་དང་འབྲེལ་བའི་འཇིགས་བྱེད་ཆོས་ཐོག་འཚོགས། འཇིགས་བྱེད་ལྷ་བཅུ་གསུམ་གྱི་བདག་བསྐྱེད་གཏོང༌། ཚོགས་དེར་ཕྱག་མཛོད་ཁང་ནས་གཏོང་སྒོ་རྒྱག བོད་ཟླ་བརྒྱད་པའི་ནང་དགེ་འདུན་པ་བྱིངས་ལོ་རྟག་པར་འོད་ཟེར་རིན་པོ་ཆེའི་བླ་མཚོ་འབུམ་མཚོ་ལ་རྟ་བཞོན་ནས་མཚོ་འབུལ་དུ་ཕེབས། དགེ་འདུན་པ་རྣམས་མཚོ་འབུལ་ལ་ཕེབས་སྐབས་རྟ་དང་སྡོད་གུར་ཟས་རིགས་སོགས་འོད་ཟེར་དགོན་པའི་ནོར་མ་བླ་མ་རུ་བ་ནས་གྲ་སྒྲིག་ཞུ་སྲོལ་ཡོད། བོད་ཟླ་བརྒྱད་པའི་ནང་ཉིན་ལྔའི་རིང་སྨན་ལྷ་ཆོས་ཐོག་འཚོགས། དུས་འཁོར། ཀུན་རིག་ཕྱག་རྡོ། སྨན་ལྷ་བཅས་སྒྲུབ་མཆོད་ཕྱག་ལེན་མཛད། ཚོགས་དེའི་སྦྱིན་བདག་ཀྱང་དབུ་ཆོས་ཡིན་ཞིང༌། དབུ་ཆོས་ནས་ཚོགས་ཀྱི་གཏོང་སྒོ་ཁག་རྒྱག དབྱར་དུས་ཆབ་ཞུགས་ཀྱི་སྐབས་དབྱར་སྐྱིད་དུ་དཔོན་རིགས་ཁག་གདན་ཞུ་གནང་སྟེ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ལྷ་མོ་འཁྲབ་སྟོན་འབུལ་ལམ་ཞུས། ལྷ་མོ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ལྡན་པའི་འཁྲབ་སྟོན་ཞིག་ཡིན་ལ། ལྷག་པར་དུ་འོད་ཟེར་དགོན་པའི་ལྷ་མོ་འཁྲབ་སྟོན་ནི་སྨར་ཁམས་ཁུལ་དུ་སྙན་གྲགས་ཆེན་པོ་ཡིན་སྟབས་མི་ཚོགས་སྟོང་ཕྲག་མང་པོ་ལྟད་མོར་འཛོམས། འོད་ཟེར་དགོན་པའི་ལྷ་མོའི་སློབ་རྒྱུད་ནི་ལྷ་སའི་སྐྱོར་མོ་ལུང་གི་ལུགས་ཡིན་ཟེར་སྲོལ་ཡོད།། བོད་ཟླ་དགུ་པའི་ནང་ཉིན་ལྔའི་རིང་ལྷ་བབས་དུས་ཆེན་དང༌། ཚེ་དཔག་མེད་ཆོས་ཐོག་འཚོགས། རྡོ་རྗེ་ཚེ་དཔག་མེད་ཀྱི་བདག་འདུལ་ཚེ་རྫས་སྒྲུབ་པའི་ཆོ་ག་ཕྱག་ལེན་མཛད། ཚོགས་དེའི་སྦྱིན་བདག་ཀྱང་བླ་བྲང་ཡིན། བླ་བྲང་ནས་ཚོགས་ཀྱི་གཏོང་སྒོ་ཆ་ཚང་བཏང༌། བོད་ཟླ་བཅུ་པའི་ནང་ཉིན་ལྔའི་རིང་གསང་བདེ་འཇིགས་གསུམ་དང༌། སྨོན་ལམ་ཁག་རེས་མོས་བྱས་ནས་འཚོགས། ཚེསཉི་ཤུ་ལྔ་ཉིན་དགའ་ལྡན་ལྔ་མཆོད་ཚོགས་ཞིང༌། བླ་མ་མཆོད་པའི་ཚོགས་འབུལ་བདག་བསྐྱེད་གཏོང༌། དགོང་མོར་དགོན་པའི་སྟེང་འོག་ཕྱོགས་ཀུན་ཏུ་མར་མེ་སྐར་ཚོགས་ས་ལ་འཕོས་འདྲར་སྤར་ཞིང༌། དགེ་འདུན་པ་རྣམས་ཀྱིས་དགོན་པའི་ཡང་ཐོག་ཏུ་དམིགས་བརྩེ་མའི་དབྱངས་རྟ་འཐེན། སྐྱ་བོ་མི་མང་རྣམས་ནས་རྒྱན་གོས་གཟབ་རྒྱས་སྤྲས་ཏེ་དམིགས་བརྩེ་མ་དྲངས་ཏེ་དགོན་པ་ལ་སྐོར་བ་བྱེད། ཚེས་ཉི་ཤུ་དྲུག་གི་ཞོགས་པར་དགེ་སྐོས་གསར་པའི་ཁྲི་འདོན་མཛད་སྒོ་འཚོགས། ཚོགས་དེའི་སྦྱིན་བདག་ཀྱང་སྤྱི་གསོ་ཡིན་པས་སྤྱི་གསོ་ནས་ཚོགས་ལ་གཏོང་སྒོ་མི་ཆུང་བར་བརྒྱབ། བོད་ཟླ་བཅུ་གཅིག་ནང་ཉིན་ལྔའི་རིང་གདུགས་དཀར་གཏོར་ཆེན་དང༌། སེང་གདོང་མ་གཏོར་ཆེན་དང༌། སྦྱིན་བསྲེགས་ཆོས་ཐོག་ཚོགས། བདེ་གསང་འཇིགས་གསུམ་གྱི་རྡུལ་མཚོན་གྱི་དཀྱིལ་འཁོར་གཞུང་དང་མཐུན་པའི་དངོས་གཙང་བཞེངས། སྔོན་འགྲོར་འཁོར་ཚོགས་ཀྱི་སྦྱིན་བསྲེག་ལྡུག། ཆོས་ཐོག་དང་གཏོར་ཆེན་དེ་དག་གི་སྦྱིན་བདག་བླ་བྲང་ཡིན་པས༌། བླ་བྲང་ནས་གཏོར་ཆེན་དང་ཚོགས་ལ་གཏོང་སྒོ་མི་ཆུང་པར་གཏོང༌། བོད་ཟླ་བཅུ་གཉིས་ནང་མགོན་པོའི་གཏོར་ཆེན་ཡིན། གཏོར་ཆེན་དེའི་སྦྱིན་བདག་ཀྱང་བླ་བྲང་ཡིན།

དགོན་པས་དམིགས་བསལ་སྲུང་བརྩི་ཞུས་པའི་དུས་ཆེན་ཁག དགོན་པའི་དུས་ཆེན་ཆེ་ཤོས་ཤིག་ནི་དགུ་གཏོར་ཆེན་མོ་རེད། བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་བརྒྱད་ལ་སྐྱ་འཆམ་བརྒྱབ། སྐྱ་འཆམ་ནི་དགེ་འདུན་པ་རྣམས་ཀྱིས་བདེ་རྩལ་ངོམ་རྒྱུའི་འཆམ་ཞིག་ཡིན་སྟབས། འཆམ་པ་དགེ་འདུན་པ་ཚང་མས་ཐེར་གཟན་དང་ཐེར་ཤམ། རྒྱ་སེ་སྟོད་འགག གོས་ཆེན་ཚ་རྩག་ཤམ་མཇུག གོས་ཆེན་ལྷམ་ཟོན་པ་བཅས་མནབས་ཏེ་ཆུ་མོའི་ནང་དུ་ཉ་འཁྱུག་པ་ལྟར་བདེ་རྩལ་གྱིས་ལྟད་མོ་བའི་ཡིད་འཚིམ་པར་བྱེད། བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུ་ཉིན་གཏོར་རྒྱག་དང༌། དགུ་འཆམ་རྒྱག དགུ་འཆམ་ནི་ལྷ་སའི་བསྟན་རྒྱས་གླིང་གི་འཆམ་དང་མཐུན། དགུ་འཆམ་རྒྱག་སྟངས་ནི། སྔོན་དུ་དུང་དང་རྒྱང་གླིང་གིས་སྙན་གསན་བཏང་རྗེས། མཆོད་པའི་ལྷ་མོ་གཉིས་རྔ་སིལ་རོལ་མོ་དཀྲོལ་ནས་རྒྱལ་པོ་ཧ་ཤང་གདན་འདྲེན་ཞུ། དེ་ནས་ཧ་ཕྲུག་བཞིས་བཀྲིས་རྟགས་བརྒྱད་མཆོད་པའི་སྐོར་འཆམ་དང༌། དེ་ནས་ཞྭ་ནག་གསེར་སྐྱེམས་རིག་འཛིན་རྩ་བརྒྱད་སྐུ་འཆམ་རྒྱག དེའི་རྗེས་གཞི་བདག་མཛད་ཤད་འཆམ་པ་དྲུག དེ་ནས་དུད་ཁྲོད་བདག་པོ་གནང་བཞི་འཆམ། དེ་ནས་ཨ་ཙ་ར་སྐུ་འཆམ་འཆམ་པ་དྲུག དེའི་རྗེས་ཤན་རྗེ་དམ་ཅན་ཆོས་རྒྱལ་ཡབ་ཡུམ་འཁོར་དང་བཅས། འབག་ཆེན་འཆམ་པ་བཅོ་ལྔ༌། དེ་ནས་དྲེགས་པའི་ཆོས་སྐྱོང་བསེ་ཁྲབ་ཅན་གཙོ་འཁོར་བཅུ་གཉིས་བཅས་རིམ་བཞིན་འཆམ། ཉིན་དེ་གཉིས་ཀར་ཡུལ་མི་སྟོང་ཕྲག་མང་པོས་ལུས་ལ་རྒྱན་གོས་གཟབ་སྤྲས་ལེགས་པར་སྤྲས་ཏེ་འཚང་ཁ་ཤིག་ཤིག་འཆམ་གྱི་ལྟད་མོ་ལ་རོལ། བོད་ཟླ་དང་པོའི་ཚེས་གཅིག་ནི་བོད་ཀྱི་ལོ་གསར་ཡིན་སྟབས་ལོ་གསར་གྱི་མཛད་སྒོ་སྤེལ། དགོན་པའི་འདུ་ཁང་གི་སྐུ་གསུང་ཐུགས་རྟེན་སྤྱན་མངར་མཆོད་རྫས་ལེགས་པར་བཤམས་ཤིང༌། དགོན་པའི་ཤག་སྐོར་གྱི་ནང་དུ་སངས་རྒྱས་ཀྱི་སྐུ་ཐང་དགུ་བཀྲམས་ཤིང་དེའི་མདུན་གྱི་རྡོ་གཅལ་སྟེང་དུའང་མཆོད་གདན་བཏིང་ནས་མཆོད་པ་ཕུལ། ཉིན་དེར་ཡང་ཡུལ་མི་རྣམས་གཟབ་མཆོར་རྒྱས་པར་སྤྲས་ཏེ་ཆོས་མཇལ་དུ་ཡོང༌། བོད་ཟླ་དང་པོའི་ཚེས་ལྔ་ནི་ལོ་རྟག་དགོན་པའི་དགེ་འདུན་པ་ཚང་མས་ཟས་རིགས་བསྣམས་ཤིང༌། རྟ་བཞོན་ནས་སྟག་ལུང་བན་ཀེ་རི་རྩེར་བསང་གསོལ་དུ་ཕེབས་སྲོལ་ཡོད། དེ་ནི་དགེ་འདུན་པ་རྣམས་ཀྱི་དགའ་སྣང་ཆེ་བའི་དུས་ཤིག་ཡིན།

ཟླ་རྒྱུགས་དང་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ། སྤྱིར་དགེ་འདུན་པ་ཚང་མས་སོ་སོའི་དགེ་རྒན་གྱི་དྲུང་ནས་དཔེ་འཁྲིད་ཟིན་པ་རྣམས་ཉིན་རེ་བཞིན་རང་ཉིད་ཀྱི་དགེ་རྒན་དང་དགེ་སྐོས་གཉིས་ལ་བློ་རྒྱུགས་འབུལ་དགོས། ཟླ་རྒྱུགས་ནི་ཟླ་རེ་བཞིན་དགོན་པའི་ལས་སྣེ་ཆེན་མོ་གསུམ་དགེ་སྐོས་དང་བྱང་འདྲེན༌། ཁྲི་པ་གསུམ་ལ་འབུལ་དགོས། ལོ་རྒྱུགས་ཀྱི་སྐབས་སུ་དགོན་པའི་ཆོས་རྭའི་ནང་གུར་རྒྱག་ཅིང༌། ལས་སྣེ་ཆེན་མོ་གསུམ་ལ་གསོལ་ཚིགས་རྒྱས་པར་དྲངས་ཏེ༌། ཟིན་མཚམས་དང་པོ་ནས་རབ་གནས་ཇི་ལྟར་དམིགས་སྒོ་བར་ཆ་ཚང་ལས་སྣེ་ཆེན་མོ་གསུམ་ལ་རྒྱུགས་འབུལ་ཞུ་དགོས། རྒྱུགས་སྤྲོད་ཆེན་མོ་དེ་གཉིས་ཀྱི་སྦྱིན་བདག་བླ་བྲང་ཡིན་ཞིང༌། རྒྱུགས་སྤྲོད་གཉིས་ལ་འགྲོ་སོང་ཇི་སོང་བླ་བྲང་ནས་གནང༌། དེ་བཞིན་དགེ་འདུན་པ་རྣམས་ཀྱིས་བྱེད་བཅོལ་སྤྱི་དང༌། བསྐང་གསོལ། གསང་བདེ་འཇིགས་གསུམ་སོགས་རབ་གནས་ཇི་ལྟར་དམིགས་སྒོ་བར་ཆ་ཚང་ལས་སྣེ་གསུམ་ལ་བློ་རྒྱུགས་གཙང་འབུལ་ཟིན་རྗེས། རང་ཉིད་དགེ་སློང་རང་དགོན་དང་ལྷ་སའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གང་དུ་བསྒྲུབ་རྒྱུ་ཡིན། ལོ་གསར་ཚེས་ལྔ་ཉིན་དགོན་པའི་གྲྭ་པ་བྱིངས་སྟག་ལུང་རི་རྩེར་བསང་གསོལ་དུ་ཕེབས་སྐབས། འོད་ཟེར་བླ་བྲང་ནས་སྙན་གསན་པ་རྣམས་ལ་གསོལ་ཚིགས་ཤིག་འདྲེན། དེའི་དུས་སྙན་གསན་དང་པོ་དེ་འབུལ་དགོས། སྙན་གསན་གཉིས་པ་བོད་ཟླ་དང་པོའི་ཟླ་རྒྱུགས་སྐབས་སུ་དགོན་པའི་ལས་སྣེ་ཆེན་མོ་གསུམ་ལ་འབུལ་དགོས། སྙན་གསན་གསུམ་པ་དེ་བོད་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་འབུལ་དགོས། དེའི་སྐབས་རང་ཉིད་ནས་གཞིས་དགོན་དང་ལྷ་སའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གང་དུ་དགེ་སློང་བསྒྲུབ་རྒྱུ་མཚོན་པའི་སློབ་གཉེར་བྱེད་རྒྱུ་ཡིན་ཐག་གཅོད་གཙང་མ་གནང་དགོས། སྤྱིར་དབང་པོ་སྐྱོན་ཅན་རིགས་རྣམས་རང་དགོན་དུ་བསྡད་པ་ལས་གཞན་གྲྭ་པ་བྱིངས་ལྷ་སར་འགྲོ་རྒྱུ་གཙོ་འདོན་བྱེད། ལྷ་སར་འགྲོ་མཁན་རྣམས་ཀྱིས་སླར་ཡང་བྱང་འདྲེན་ཆེན་མོའི་མདུན་དུ་བསྐྱར་རྒྱུགས་འབུལ་དགོས། བསྐྱར་རྒྱུགས་ཕུལ་ཟིན་ནས་ལྷ་སར་འགྲོ་གཏན་འཁེལ་བའི་གྲྭ་རྣམས་ཀྱིས་རང་ཉིད་དགེ་བའི་བཤེས་གཉེན་གྱི་མདུན་དུ་མཇལ་བཅར་ཞུས་ཏེ་གདམས་ངག་ཞུས་པ་དང། དགོན་པའི་ནང་རྟེན་སྐུ་གསུངས་ཐུགས་རྟེན་རྣམས་ལ་མཇལ་དར་བསྒྲོན་ནས་མཇལ་བཅར་ཞུས་པ། དེ་བཞིན་ལྷ་སྲུང་རྣམས་ལ་ལམ་བར་བགེགས་བར་ཆད་མི་ཡོང་བའི་འཕྲིན་བཅོལ་རྒྱས་པར་བཏང་སྟེ་ལྷ་སར་ཐོན་འགྲོ། དེའི་དུས་སྡོད་མཁན་དང་འགྲོ་མཁན་གཉིས་བར་ཡིད་སྐྱོ་བའི་གནས་ཚུལ་མང་པོ་ཡོད། སྡོད་མཁན་དགེ་ཚུལ་བྱིངས་ཇ་དང་འོ་མ་འབྲས་བསིལ་སོགས་མསྣམས་ཏེ་འཕེབས་སྐྱེལ་ཚུལ་དུ་འགྲོ་མཁན་རྣམས་ཀྱི་སྔོན་ལ་ཐོན་ནས་རྒྱང་ཕྲག་གཅིག་གི་སར་བསྒུགས་བསྡད། དེར་ཐོན་མཁན་རྣམས་འབྱོར་འཕྲལ་གྲལ་དུ་བཞུགས་བཅུག་ཅིང། ཇ་དང་འོ་མ་འབྲས་བསིལ་སོགས་བཀྱགས། དེའི་སྐབས་ཚང་མ་ཡིད་སྐྱོ་པོའི་ངང་འགྲོ་མཁན་ཚོས་སྡོད་མཁན་རྣམས་ལ་བསླབ་པ་སློབ་གཉེར་དང་རྒན་གཞོན་གོ་རིམ་ལྡན་པའི་ཐོག་དགོན་པའི་ཁྲིམས་སྒྲིག་ལེགས་པར་བསྲུང་དགོས་པའི་སློབ་སྟོན་བྱས་པ་དང༌། སྡོད་མཁན་ཚོས་འགྲོ་མཁན་རྣམས་ལ་ལམ་བར་གཟབ་ནན་དང༌། ལྷ་སར་འབྱོར་འཕྲལ་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་སློབ་གཉེར་ལ་ཧུར་བརྩོན་བྱས་ཏེ་དགོན་པའི་མཚན་སྙན་གོང་དུ་འདེགས་དགོས་ཚུལ་སོགས་བསླབ་བྱ་བསྐྱོན་རེ་བྱས་ཏེ་ཚང་མ་ཤུམས་བཞིན་ཡིད་སྐྱོ་པོའི་ངང་ཞལ་བྱེས་ཏེ་རང་རང་གི་དམིགས་སྒོ་ཕྱོགས་སུ་མདུན་བསྐྱོད་བྱས།

དགེ་འདུན་པ་རྣམས་ཀྱི་འཚོ་རྟེན། དཔལ་ལྡན་འོད་ཟེར་དགོན་པའི་དགེ་འདུན་འདུས་མང་རྒྱ་མཚོའི་ལོ་འཁོར་གཅིག་གི་འཚོ་རྟེན་སྐོར་མདོར་ཙམ་ཞུས་ན། དེ་ཡང་དགོན་པ་གྲྭ་ཚང་ནས་དགེ་འདུན་པའི་འཚོ་བའི་དམིགས་རྟེན་དུ་ཟླ་རེར་དགེ་འདུན་པ་རེ་ལ་འབྲུ་ཁལ་རེ་དང༌། ལོ་གསར་དང་ཆབ་ཞུགས་གཉིས་ལ་འབྲུ་ཁལ་རེ་བཅས་ཁྱོན་ལོ་གཅིག་ལ་འབྲུ་ཁལ་བཅུ་གཉིས་གནང༌། དགེ་འདུན་པ་རྣམས་ཀྱི་ལོ་འཁོར་གཅིག་གི་འཚོ་བ་དམིགས་རྟེན་འབྲུ་ཁལ་བཅུ་གཉིས་དེ་ཡིན་ཞིང། དེས་ལོ་གཅིག་རིང་འདང་བ་བྱེད་དགོས། དགོན་པའི་དམིགས་བསལ་ཆོས་ཐོག་དང༌། གཏོང་སྒོའི་སྐབས་ཇ་དང་ཕུག་པ་ཡོད། འོན་ཀྱང་རྩམ་པ་རང་ཉིད་ནས་བསྣམས་འཕེབས་དགོས། དགེ་འདུན་པ་ལྷ་སའི་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་སློབ་གཉེར་འཕེབས་མཁན་རྣམས་ཀྱིས་སློབ་གཉེར་མཐར་ཕྱིན་ཏེ་རང་དགོན་དུ་ཕེབས་འཕྲལ་སྔོན་གྱི་སྐུ་སྐལ་རྣམས་ཟླ་རེར་འབྲུ་ཁལ་རེ་བཅས་ལོ་ཇི་བསྡད་ཀྱི་སྐུ་སྐལ་ཆ་ཚང་རིམ་བཞིན་གནང༌། དེ་ཡང་དགེ་འདུན་པ་བདུན་ཅུར་བླ་བྲང་ནས་གནང་སྲོལ་ཡོད་པ་དང༌། གཞན་རྣམས་ལ་དགོན་པ་ནས་གནང་དགོས།། དགོན་པའི་གྲྭ་རྒྱུན་ཡོངས་ཁུངས་དང་སློབ་གཉེར་འགྲོ་ཁུངས། དགོན་པའི་ནང་དུ་གྲྭ་རྒྱུན་རྒྱས་པའི་སྐབས་སུ་གྲྭ་རྒྱུན་དགེ་འདུན་པ་བགྲེས་གཞོན་ཚང་མ་བསྡོམས་སུམ་བརྒྱ་ཙམ་དང༌། གཞན་ཡང་དེའི་ཉེ་འཁྲིས་སུ་ཡོད་ཅིང། དགེ་འདུན་པ་དེ་དག་གི་ཡོང་ཁུངས་ནི་དགོན་པའི་ཞིང་པ་དང༌། འབྲོག་པ། ཁྲལ་པ་སོགས་དགོན་པའི་ཉེ་འཁོར་གྱི་ཡུལ་སྡེ་ཁག་ནས་ཡོང། དེ་ཡང་ཡོང་ཁུངས་གཙོ་གནས་ཁག་རགས་རིམ་ཙམ་ཞིག་ཞུས་ན། སྔོན་དམངས་ཁྲོད་ངག་རྒྱུན་དུ་སྒར་ཐོག་སྒོ་བཟུང་ལྔ་བརྒྱ་ཞེས་གྲགས་པའི་སྒར་ཐོག་སྒོ་བཟུང་ལྔ་བརྒྱ་དང༌། དགོན་པའི་ཤར་ངོས་སུ་མི་རིང་བར་ཆགས་པའི་ཕུ་ལུང་དང་བྱང་ར་ཡུལ་སྡེ་གཉིས་དང། དགོན་པའི་འབྲོག་པ་བླ་མ་རུ་བ་ཡུལ་སྡེ་དང། བུ་རྫོང་གྲོང་སྡེ་ནས་དུད་ཁྱིམ་རེ་གཉིས་དང། ཕུ་བརླག་ནས་དུད་ཁྱིམ་རེ་གཉིས། དགོན་པའི་ནུབ་ངོས་སུ་ཆགས་པའི་ར་གསར་ཤོད་ནས་དུད་ཁྱིམ་རེ་གཉིས་མ་གཏོགས་ཆ་ཚང་སོགས་ཡུལ་སྡེ་དེ་དག་གི་བུ་གྲྭ་པ་བྱེད་འདོད་ཡོད་རིགས་རིགས་རུས་དང་དབུལ་ཕྱུག་མཐོ་དམན་སོགས་ཀྱི་དབྱེ་བ་མེད་པར་དགོན་པའི་ནང་དུ་འཛུལ་ཞུགས་བྱེད་ཆོག་པ་ཡིན་ལ་དེ་བཞིན་མཛུལ་དགོས་པ་ཡང་ཡིན། གཞན་ཡང་སྨར་ཁམས་ཁུལ་དུ་གྲ་རིགས་སུ་ཞིག་རང་གི་ཡུལ་དགོན་ནས་འགག་བྱ་མེད་ཚེ་དགོན་པའི་ནང་དུ་འཛུལ་ཞུགས་ཆོག་པའི་ཐོབ་ཐང་ཆ་ཚང་ལ་གཅིག་མཚུངས་ཡོད། དགོན་པ་དེའི་གྲྭ་རྒྱུན་རྣམས་ཀྱིས་མདོ་སྔགས་གཞུང་ཆེན་དག་ལ་སྦྱངས་པ་དཔྱིས་ཕྱིན་པ་གནང་འདོད་མཆིས་རིགས་ཡུལ་དབུས་ལ་འཕེབས་དགོས་པ་ཡིན། དེ་ཡང་ཡུལ་དབུས་རྒྱུད་གྲྭ་སྟོད་སྨད་གཉིས་དང་གདན་ས་གསུམ་ལ་སློབ་གཉེར་འགྲོ་ཁུངས་ནི། སྔགས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་གྱིས་མཚོན་པའི་སྔགས་གཞུང་སློབ་གཉེར་བ་ཚོ་རྒྱུད་གྲྭ་སྟོད་སྨད་གཉིས་ལས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་འགྲོ་དགོས། མདོ་ཕྱོགས་གཞུང་ཆེན་པོད་ཏི་ལྔ་ལ་སློབ་གཉེར་བྱེད་མཁན་ཚོ་གདན་ས་གསུམ་ཚང་མ་ལ་འགྲོ་ཁོངས་པ་ཡོད་པ་ཡིན། དེ་ཡང་གདན་ས་གསུམ་ལས། སེ་ར་ལ་སེར་སྨད་ཚ་བ་ཁང་ཚན་དང༌། འབྲས་སྤུངས་ལ་བློ་གསལ་གླིང་ཚ་བ་ཁང་ཚན། དགའ་ལྡན་ལ་དགའ་ལྡན་བྱང་རྩེ་ཚ་བ་ཁང་ཚན་དུ་འགྲོ་དགོས་པ་བཅས། དགོན་པ་དེའི་དགེ་འདུན་པ་རྣམས་ཁང་ཚན་དེ་དག་གི་ཁུངས་སུ་ཞུགས་ཏེ་སློབ་གཉེར་གནང་དགོས། གཞན་ཡང་རྩེ་རྣམ་རྒྱལ་གྲྭ་ཚང་དང༌། གླིང་བཞི་ཁག་ལ་ཞུགས་ནས་སློབ་གཉེར་གནང་མཁན་ཡང་བྱུང་མྱོང་ཡོད།

དགོན་པའི་ཞིང་པ་དང་འབྲོག་པ་བསྔོ་ར་གསུམ་གྱི་སྐོར། དགོན་པའི་ཞིང་པ་ནི་དགོན་པའི་ས་ཆ་བོགས་མར་བླངས་སྟེ་ཕྱེད་ཐོག་དགོན་པ་ལ་འབུལ་པའི་རིགས་ལ་དགོན་པའི་ཞིང་པ་ཟེར། དེ་ཡང་ཞིང་པ་རྣམས་ཀྱིས་ལོ་གཅིག་ཞིང་ཁའི་ནང་ཐོབ་པའི་སྟོན་ཐོག་ཕྱེད་ཀ་རང་དགོན་པ་ལ་འབུལ་མི་དགོས། སྟོན་དུས་བཙས་མ་བརྔ་བའི་སྐབས་སུ་རྡོག་རྡོག་ལག་ཏུ་ཐོབ་པའི་ཞོངས་བ་གྲངས་རྩིས་ཏེ་ཕྱེད་ཐོག་འབུལ་བ་ལས་སའི་སྒང་དུ་སྙེ་མ་ཇི་ཟགས་པའི་སྙེ་མ་ལས་

འོད་ཟེར་བླ་མའི་སྐུ་ཕྲེང་རིམ་བྱོན་གྱི་སྒྲུབ་གནས་སྟག་ལུང་སྒྲུབ་ཕུག སྟག་ལུང་སྒྲུབ་ཕུག་ནི་སྒར་ཐོག་གྲོང་ཆེན་གྱི་ཤར་ངོས་ཀི་ལོ་མི་ཀྲར་གསུམ་ཙམ་གྱི་སར་སྟག་ལུང་ཞེས་པའི་གྲོང་སྡེ་དེའི་བྱང་ཕྱོགས་ཀྱི་རི་བོའི་ངོས་སུ་ཆགས་ཡོད། གྲོང་སྡེ་དང་སྒྲུབ་ཕུག་བར་འོར་རྒྱང་གང་གི་ས་ཡིན་ཞིང༌། སྒྲུབ་ཕུག་དེ་ནི་འོད་ཟེར་བླ་མ་སྐུ་ཕྲེང་རིམ་བྱོན་རྣམས་སྒྲུབ་པ་ཉམས་ལེན་མཛད་ཡུལ་གྱི་གནས་རྩ་ཆེན་ཞིག་ཡིན། བཀོད་པ་ཕུན་སུམ་ཚོགས་པའི་རི་བོའི་ངོས་སུ་བསྐྲུན་པའི་བྱིན་རླབས་ཆེ་བའི་སྒྲུབ་དེའི་ནང་དུ་རྡོ་ལས་བརྐོས་པའི་གཟིམ་ཁྲི་དང༌། མཆོད་གཤོམས་སོགས་རང་བྱོན་གྱི་ཚུལ་དུ་ཡོད་ལ་སྒྲུབ་ཕུག་དེའི་སྟེང་དུ་རྡོ་རྩིག་ལས་བསྐྲུན་པའི་གཟིམ་ཆུང་ཞིག་ཀྱང་ཡོད། དེ་ཡང་སྒྲུབ་པ་ཉམས་ལེན་གནང་ཡུལ་གྱི་སྒྲུབ་ཕུག་ཅིག་ཡིན། ངོ་མཚར་ཆེ་བའི་སྒྲུབ་ཕུག་དེའི་སྒོ་འགྲམ་གཡས་གཡོན་གཉིས་སུ་ཤུག་སྡོང་གཉིས་དང༌། དེ་ནས་ཏོག་ཙམ་སར་སྒྲོན་ཤིང་སྡོང་པོ་གཉིས༌། དེ་ནས་ཡར་ཙམ་དུ་གཡའ་པ་སྡོང་པོ་གཉིས། མདུན་ངོས་སུ་ཁམ་སྡོང་ཞིག ཚུར་རིའི་སྤང་ལྗོངས་ཐོག་ཏུ་སོམ་ཤིང་སྡོང་པོ་གཉིས་དང༌། དེའི་འོག་ཙམ་དུ་གཡའ་ཤིང་སྡོང་པོ་གཉིས་སོགས་ལུང་པར་ཐོན་ཁུངས་མེད་པའི་ཤིང་རིགས་སྣ་ཚོགས་ཀྱིས་ཕྱུག་ཅིང༌། ངོ་མཚར་བའི་རྟགས་མཚན་དུ་མ་ལྡན་ཡོད། ད་དུང་ངག་རྒྱུན་དུ་བཤད་སྲོལ་ཞིག་ལ་སྒྲུབ་ཕུག་གི་རི་རྒྱུད་ཀྱི་ཐོག་ཏུ་ཤིང་རིགས་མི་འདྲ་བ་ཚང་མ་ཡོད་ཅེས་བཤད་སྲོལ་ཡོད། དོན་དངོས་ཀྱང་ཤིང་རིགས་མང་པོ་ཞིག་ཡོད་ནའང༌། རྒྱ་ནག་དམར་པོས་བོད་ལ་བཙན་མཛུལ་གྱི་རྗེས་སུ་གཏོར་སྐྱོན་གྱིས་རྩ་མེད་དུ་ཕྱིན་ནས་ད་ཆར་ཧ་ལམ་ཤིང་རིགས་གཅིག་ཀྱང་མཐོང་རྒྱུ་མེད་པར་གྱུར། སྒྲུབ་གནས་ཀྱི་ལུང་པ་དེའི་འདབས་སུ་འོད་ཟེར་ལྕམ་རྭ་ཞེས་པའི་ལྕམ་ར་ཞིག་ཡོད། ལྕམ་རྭ་དེའི་ཟུར་བཞིར་ལྕམ་སྡོང་མི་འདྲ་བ་བཞི་དང༌། ལྕམ་རྭ་གྲུ་བཞི་དེའི་སྟོད་དུ་དམིགས་བསལ་གྱི་ལྕམ་རྭ་གྲུ་བཞི་ཆུང་ཆུང་ཞིག་ཡོད་པའི་ལྕམ་རྭ་གྲུ་བཞི་དེ་ནི་འོད་ཟེར་བླ་མ་སྐུ་ཕྲེང་རིམ་བྱོན་རྣམས་དབྱར་སྐྱིད་ཀྱི་བཞུགས་གནས་ཡིན། འོད་ཟེར་བླ་མའི་སྐུ་ཕྲེང་རིམ་བྱོན་གྱི་སྒྲུབ་གནས་སྟག་ལུང་སྒྲུབ་ཕུག་དེ་ཉིད་རི་བོ་དགེ་ལྡན་པའི་ལུགས་སུ་བརྩིས་པའི་འོད་ཟེར་བླ་མ་སྐུ་ཕྲེང་དང་པོ་ཀུན་མཁྱེན་བྱང་ཆུབ་འབུམ་པ་མཆོག་གིས་བཞེངས་པ་རེད་ཟེར་བ་དང༌། ཡང་སྐུ་ཕྲེང་བཅུ་གཉིས་པ་སྤྲུལ་སྐུ་བློ་བཟང་དགེ་ལེགས་ངག་དབང་ལྷུན་གྲུབ་ལེགས་བཤད་ཆོས་ཀྱི་ཉི་མ་ཆོག་གིས་བཏོད་གནང་བ་རེད་ཅེས་པ་ངག་རྒྱུན་དུ་བཤད་སྲོལ་མི་འདྲ་བ་དུ་མ་ཞིག་འདུག་ཀྱང༌། སྤུང་མཁན་ཆེན་འོད་ཟེར་བླ་མའི་རྣམ་ཐར་ལས། དེ་ནས་སྟག་ལུང་མདོ་ཆེན་པོ་ཁང་རིལ་ནས་ཞབས་སུ་བཞུགས། ཆོས་ཁྲི་ཐོག་ནས་ཉི་མ་འགའ་ཞིག་ཆོས་གསུངས། ཞེས་དང༌། ཡང་བླ་མ་སྟག་ལུང་ན་བྱོན་པའི་དུས། རི་ཤོད་ནས་འོང་བའི་མཁའ་འགྲོ་མ་ཞིག་གིས་བླ་མ་མཇལ་བར་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་དུ་མཇལ། ཞེས་གསལ་བ་སོགས་ལས་བརྟགས་ན་སྤུང་མཁན་ཆེན་འོད་ཟེར་བླ་མ་མཆོག་གིས་བཏོད་གནང་ཞིང་སྒྲུབ་པ་ཉམས་ལེན་མཛད་གནས་གཙོ་གྲལ་ཞིག་ཡིན་པར་རྟོགས་ཐུབ། དེ་ཡང་ངག་རྒྱུན་དུ་ཀུན་མཁྱེན་བྱང་ཆུབ་འབུམ་པ་མཆོག་གིས་བཏོད་པ་རེད་ཅེས་བཤད་སྲོལ་ཞིག་འདུག་ཀྱང༌། གོང་གི་ལོ་རྒྱུས་དང་གནས་སྟངས་སོགས་ཕྱོགས་ཡོངས་ལ་དཔྱད་ཞིབ་བྱས་ཚེ་ཁོང་གིས་སྒྲུབ་ཕུག་གསར་དུ་བསྐྲུན་པ་མ་ཡིན་ཞིང༌། ཁོང་གིས་སྤུང་མཁན་ཆེན་འོད་ཟེར་བླ་མ་མཆོག་གི་སྐྱེ་སྤྲུལ་ཡིན་པར་ཚུལ་བསྟན་ཞིང༌། སྒྲུབ་ཕུག་ཏུ་སྒྲུབ་གནས་མཛད་པ་དང་སྟག་ལུང་དུ་འོད་ཟེར་བླ་མའི་སྐུ་ཕྲེང་བྱོན་གྱི་རྟེན་གཞི་འོད་ཟེར་བླ་བྲང་དབུ་འཛུགས་གནང་བ་ཡིན་ངེས་ལགས། ངག་རྒྱུན་དུ་སྐུ་ཕྲེང་བཅུ་གཉིས་པ་སྤྲུལ་སྐུ་བློ་བཟང་དགེ་ལེགས་ངག་དབང་ལྷུན་གྲུབ་ལེགས་བཤད་ཆོས་ཀྱི་ཉི་མ་ཆོག་གིས་བཏོད་གནང་བ་རེད་ཟེར་བ་ནི་དུས་དང་དངོས་ཡོད་གནས་སྟངས་གང་གི་ཆ་ནས་མཐུན་ཐབས་བྲལ་བ་ཡིན། གང་ལགས་ཤེ་ན་ལོ་རྒྱུས་དང་ངག་རྒྱུན་གཉིས་ཕྱོགས་ནས་ཁ་གཅིག་གྲགས་ཀྱིས་འོད་ཟེར་དགོན་པའི་སྔོན་དུ་འོད་ཟེར་བླ་བྲང་དང་སྟག་ལུང་སྒྲུབ་ཕུག་བྱུང་བར་བཤད་སྲོལ་གཅིག་མཐུན་ཡིན། སྟག་ལུང་དུ་འོད་ཟེར་བླ་བྲང་གི་ནོར་མ་དེང་སང་གི་མི་ཐོག་གི་མིང་ནས་བོས་ན་དོན་འགྲུབ་ཚང་དང༌། ཞིང་པ་ངག་དབང་ཕུན་ཚོགས་ཚང་དང་། སྙན་གྲགས་ཚང་གཉིས་ཡིན། ཕྱིས་སུ་འོད་ཟེར་བླ་མའི་སྐུ་ཕྲེང་བདུན་པ་སྤྲུལ་སྐུ་དཀོན་མཆོག་རྒྱལ་མཚན་མཆོག་གིས་སྟག་ལུང་དང་མི་རིང་བར་སྒར་ཐོག་པད་མ་རིའི་ཉེ་འདེབས་སུ་འོད་ཟེར་དགོན་པ་ཕྱག་བཏབ་པ་དང༌། འོད་ཟེར་བླ་བྲང་ཡང་ཟླ་བསྒྲིལ་བཏང་སྟེ་སྒར་ཐོག་ཏུ་སྤོས་གནང་བ་རེད། འོན་ཀྱང་སྒྲུབ་ཕུག་ཏུ་སྐུ་ཕྲེང་རིམ་བྱོན་རྣམས་སྒྲུབ་པ་ཉམས་ལེན་མཛད་ནས་བཞུགས་པ་དང༌། བླ་བྲང་གི་ཡན་ལག་ཅིག་ཀྱང་སྟག་ལུང་དུ་གནས། འོད་ཟེར་དགོན་པ་ཕྱག་མ་བཏབ་པའི་སྔོན་དུ་སྟག་ལུང་དུ་ཡོད་པའི་འོད་ཟེར་བླ་བྲང་གིས་འོད་ཟེར་བླ་མའི་སྐུ་ཕྲེང་རིམ་བྱོན་རྣམས་བདག་སྐྱོང་མཛད། ལུང་པ་དེའི་མིང་དུ་སྟག་ལུང་ཞེས་པའི་དོན་ནི་སྔོན་ལུང་པ་དེའི་ནང་དུ་སྟག་གི་ཚང་ཡོད་ཅེས་མི་ཚོས་ལུང་པ་དེའི་མིང་ལ་སྟག་ལུང་ཞེས་འབོད།