User:Sysywjel
ཡང་རྩེའི་སྒང་ལ་ཡས་སྒྲོན། ། མཁས་པའི་ནང་གི་གཙུག་རྒྱན། །
དཀྱིལ་དུ་བཞག་ན་ཕྲ་འདྲ། ། ཟུར་དུ་བཞག་ན་རྒྱན་འདྲ། །
བྱུ་རུ་དམར་པོ་འཐོར་ཤུལ། ། ཙན་ཏན་དམར་པོ་སྐྱེས་ཤུལ། །
གོང་དཔོན་པོའི་དབུ་འཕངས་དགུང་ལས་མཐོ། ། གཡོག་ཨ་སྡུག་ཕུ་དུང་ས་ལ་དྲུད། །
གླང་རོག་ནག་རྒྱུད་ལ་ཁྱུང་དཀར་མཛོ། ། བོང་བུ་མགྲིན་བཟང་རྒྱུད་ལ་སྨུག་ཆུང་དྲེལ། །
བྱུ་རུ་དམར་པོ་ཏོག་ཅན་ཞིག ། གསེར་ནག་གྲུབ་བཞིའི་ཐམ་ཀ་ཅན་ཞིག །
མགོ་འདྲེན་གྱི་དཔོན་པོ་དང་། ། ཡར་འདྲེན་གྱི་བླ་མ། །
ཕ་བཟང་བོ་ཞིག་གི་རྒྱུད། ། གཡག་བཟང་བོ་ཞིག་གི་གོ །
མགོ་ཐོག་གི་བུམ་པ་དང་། ། ལྕེ་ཐོག་གི་བདུད་རྩི། །
རྒྱལ་པོ་ཁྲི་ལ་བཞུགས་ཀྱང་། ། སྤྱན་མིག་སྡེ་ལ་གཟིགས། །
རྒྱལ་པོས་ཡུལ་འཁོར་སྲུང་། ། སེང་གེས་ས་མཐའ་སྲུང་། །
རྒྱལ་སྲིད་རྒྱལ་པོའི་སྐུ་བསོད་དང་། ། བདེ་སྐྱིད་བློན་པོའི་ལག་རྩ་ཡིན། །
རྒྱལ་པོའི་བཀའ་དང་རི་གཟར་རྦབ། ། གྱེན་དུ་ལྡོག་པ་དཔེར་མི་སྲིད། །
རྒྱལ་པོའི་སྨྲ་བ་ལན་གཅིག་ཡིན། ། བློན་པོའི་འདུ་ར་ཐེངས་གཅིག་ཡིན། །
རྒྱལ་སྲིད་རྒྱལ་པོའི་ཕྱག་རྩ། ། རྒྱལ་ཁ་བློན་པོའི་སྒྱུར་ཕྱོགས། །
འདི་ཕྱི་གསེར་ནག་གི་ཐག་པ། ། བླ་མའི་ལག་ནས་ཆད་མ་མྱོང་། །
དམ་ཚིག་ཤེལ་དཀར་གྱི་སྒོ་ང་། ། སློབ་མའི་ལག་ནས་ཆག་མ་མྱོང་། །
ཨ་ཡོད་ནང་གི་ད་ཡོད། ། སྒོ་ངའི་ནང་གི་སེར་རིལ། །
རྗེ་དྲིན་ཅན་འབངས་ཀྱིས་མ་བསླུས་ན། ། འབངས་གུས་ལྡན་རྗེ་ཡིས་ག་ལ་དོར། །
བློ་རེ་བའི་གཏོད་ས་དང་། ། ཕྱག་མཆོད་པའི་འབུལ་ས། །
གཏམ་ཡིག་རྩིས་དཔོན་གྱི་བསོད་ནམས་ཡིན། ། བཟོ་ལག་ཤེས་གཡོག་གི་བསོད་ནམས་ཡིན། །
གསེར་ས་འོག་ཏུ་ཡོད་ཀྱང་། ། འོད་ནམ་མཁར་ཁྱབ། །
རྟེན་འབྲེལ་འགོ་ནས་འགྲིག་ན། ། བྱ་བ་རྗེས་སུ་འགྲུབ་ཡོང་། །
ཕྱིའི་ལྕགས་རི་དང་། ། ནང་གི་ནོར་བུ། །
རྟགས་བསྒྲིལ་མ་རེད་དངུལ་བསྒྲིལ་རེད། ། ཇོ་བོ་མ་རེད་བྱམས་པ་རེད། །
སྟག་ལྤགས་དུ་བས་འཚོས་ཀྱང་། ། དགུ་ཚན་དགུ་ཡི་གྲལ་འགོ །
སྟག་གི་རི་མོ་ཕྱི། ། མི་ཡི་རི་མོ་ནང་། །
སྟག་ཤི་ཡང་སྡེར་མི་སྐམ། ། ཝ་ཤི་ཡང་གྲ་མི་ཉམས། །
ཕོ་དཔའ་བོའི་དཔའ་ས་འཛིན་འདོད་ན། ། སྡང་དགྲ་བོའི་དཔུང་སྒར་གཤོག་ཐུབ་དགོས། །
དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་། ། མ་འབོད་བུང་བ་ལས་ཀྱིས་འཁོར། །
བུ་བཟང་ན་དཔའ་བོ་གཅིག་གིས་ཆོག ། ཆང་བཟང་ན་དཀར་ཡོལ་གང་གིས་ཆོག །
བྱ་ལུགས་བྱེད་ལུགས་ལྡན་པའི་ཕ་རྒན་ཚོ། ། འདོད་པ་ཅན་གྱི་ཆོས་པ་བརྒྱ་ལས་ལྷག །
དཔོན་ཆེན་པོའི་བཀའ་ཁྲིམས་དེ། ། སེར་པོ་གསེར་གཡི་ཚངས་པའི་ཐིག་ཡིན། །
ཕ་སྡུག་པའི་བུ་ལ་སྡུག་རྒྱུ་མེད། ། མཛོ་ཁྱུང་དཀར་པ་ཕ་གླང་གོག་རེད། །
ཡར་དཔེ་ཞྭ་ལ་བལྟས་ས། ། ཞྭ་མགོ་དར་གྱི་རྒྱན་ས། །
ཕོ་གྲགས་པ་ཅན་ལ་སྡེ་བ་འཁོར། ། མོ་ཤོང་ཡངས་ཅན་ལ་བཟའ་མགྲོན་འཁོར། །
ཕ་མའི་བྱམས་བརྩེ་དེ། ། མར་གྱི་རིལ་བུ་ཡིན། །
ཕ་བཟང་ལ་བུ་བཟང་། ། མ་བཟང་ལ་རྒྱུད་བཟང་། །
མི་མང་པོའི་ནང་ན་མཁས་པ་ཡོད། ། ས་བྱེ་མའི་ནང་དུ་གསེར་ཕྱེ་ཡོད། །
མི་བསོད་ནམས་ཅན་དེ་དབུས་ལ་སྐྱེས། ། ཕྱུགས་བསོད་ནམས་ཅན་དེ་བྱང་ལ་སྐྱེས། །
མི་བཟང་པོའི་སེམས་པ་གསེར་དང་འདྲ། ། གསེར་བཟང་པོའི་ཁ་དོག་འགྱུར་བ་མེད། །
མི་དྲང་ན་དཔོན་དང་། ། ཤིང་དྲང་ན་རྒྱ་མ། །
མི་ཆེན་མགོ་ལ་སྤུ་དང་། ། རི་ཆེན་གྱི་མགོ་ལ་རྩྭ། །