Jump to content

Talk:ཀརྨ་པ་ཆོས་དབྱིངས་རྡོ་རྗེ་

Page contents not supported in other languages.
ཡོང་ཁུངས་Wikipedia


༄༅། །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་མདོ་སྡེ་རྒྱན་གྱི་ལུང་དང་སྦྱར་བ་བཞུགས་སོ།། རྗེ་མཁན་པོ་འཇམ་དབྱངས་དཔལ་ལྡན་རྒྱ་མཚོས་མཛད་པ། [བེ་རི་འཇིགས་མེད་ཀྱིས་མཚམས་སྦྱོར་ཞུས] རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་མ་ཡཱ་ཀ་ར་གུ་རུ་ལཾམྤ་ཀརྨ་ཤོ་རྩེ། ཞེས་པཎྜི་ཏ་ཆེན་པོ་དང༌། གྲུབ་པའི་དབང་ཕྱུག་རྣམས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་རབ་ཏུ་འདུད་པ་སྟོང་ཁུན་གྱི་རྒྱལ་པོ་དང༌། གཙུག་ལག་སྨྲ་བའི་གྱང་ཅུ་དྲེགས་པ་ཅན་རྣམས་ཀྱིས། གཞུའུ་ཏས་བོའི་ཧཱ་ཝང་ཟོ་ཐན་ཏའི་ཙི་ཚས་ཧོ། དེ་བཞིན་གཤེགས་པ་ནུབ་ཕྱོགས་ཀྱི་བྱམས་པ་ཆེན་པོ་སངས་རྒྱས་ཞི་བའི་དབང་ཕྱུག་ཅེས་མཚན་བཟང་པོས་བསྔགས་ཤིང་བསྟི་སྟང་ཆེར་བྱས་པ། ཁ་བ་ཅན་གྱི་ཞིང་དུ། རྗེ་དུས་གསུམ་མཁྱེན་པ་རྒྱལ་བ་རྒྱ་མཚོའི་འཕྲིན་ལས་པ་ཆེན་པོ། རང་བྱུང་ཡེ་ཤེས་ཀྱི་རོལ་པ་དེ་བཞིན་གཤེགས་པའི་སྐུར་སྟོན་པ་མཐོང་བ་དོན་དང་ལྡན་པ་ཆོས་ཀྱི་གྲགས་པས་ཞིང་ཁམས་ཁྱབ་ཅིང་བདུད་ཚོགས་ཀྱིས་མི་བསྐྱོད་པའི་དབང་ཕྱུག་དམ་པ་ཆོས་དབྱིངས་མཆོག་གི་རྡོ་རྗེ་ཞེས། བོད་ཡུལ་གྱི་ཤིང་རྟ་ཆེན་པོ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་པ་ཡིན་ན། བདག་ལྟ་བུས་ཅིའི་ཕྱིར་འདུད་པར་མི་རིགས། སངས་རྒྱས་བྱང་ཆུབ་སེམས་དཔའི་སར་བཞུགས་ཉན་ཐོས་ཆེན་པོའི་བརྟུལ་ཞུགས་ཀྱིས། ཐུབ་པའི་བསྟན་པ་ཕྱག་མཚན་དུ་བཞེས། སེམས་ཅན་ཀུན་ལ་བརྩེ་བ་ཅན། གང་གི་མཛད་འཕྲིན་མདོ་སྡེ་ཀུན་དང་རྗེས་མཐུན་པར། ཤེས་ཤིང་བརྟགས་ཤིང་རབ་ཏུ་དངས་བས་ཕྱག་འཚལ་ལོ།། གཞན་ཡང་སྐྱེས་བུ་དམ་པ་ལྷའི་སྤྱན་དང་ལྡན་ཞིང༌། གཞན་རྒྱུད་བྱིན་གྱིས་རློབས་པར་ནུས་པ་ཐམས་ཅད་ལ་སྐྱབས་སུ་མཆིའོ། །བདག་གི་རྒྱུད་དུས་མཐའི་མེ་ལྟ་བུ་འདི་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། དབེན་པའི་ངང་ཚུལ་ནགས་ཚལ་ཐིབས་པོའི་ཁྲོད།། སེམས་ཀྱི་རྣམ་འགྱུར་ཡལ་གའི་རི་དྭགས་བཞིན།། མཐོ་དམན་ངེས་མེད་གར་གྱི་རྣམ་པ་ཅན།། གཟིགས་ལ་དྲང་སྲོང་ཆེན་པོས་བརྩེ་བར་མཛོད།། ལྗོན་ཤིང་ཡལ་ག་འཁྱོགས་ལྡིང་གདུགས་ལྟ་བུ།། མེ་ཏོག་འཕྲེང་བས་མཛེས་པའི་གྲིབ་བསིལ་ལ།། ཏིང་འཛིན་བདེ་བའི་ཟོལ་གྱིས་དགེ་སློང་གང༌།། ཐུབ་པའི་མངོན་རྟོགས་ཕྲ་རྒྱས་རི་མོར་འགྱེད།། དབེན་པའི་གནས་སུ་ལུས་རྡོར་འཆིངས་མཉམ་གཞག་གི་ལུགས་སུ་གནས་ཀྱང༌། སེམས་ཝལ་འགྱུ་རླུང་ལྟར་འཁྲུག་ཅིང་ལྟ་བའི་མིག་ཡོད་ན། མཐོང་བའི་གཟུགས་མི་འགག་པ་བཞིན་དུ་མིག་ཏུ་སྒོག་སྐྱ་བཅུག་ཀྱང་མཆི་མ་མི་འཆོར་བ་ང་འདྲ་རང་སྣང་མ་དག་རགས་པས། དད་པ་སྐྱེ་བ་དཀའ་བར་འདུག་ནའང༌། མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར།། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་ཚད་མ་དག་ལས་ཤེས། །ཞེས་དང༌། བརྩེ་དང་སྙན་པར་སྨྲ་བ་དང༌། །བརྟན་པ་ཉིད་དང་ལག་བརྐྱང་ཉིད།། དགོངས་པ་ཟབ་མོ་ངེས་འགྲེལ་པ། །འདི་དག་བློ་ལྡན་རྣམས་ཀྱི་རྟགས།། མདོ་སྡེ་རྒྱན་ལེའུ་༢༡ ཞེས་གསུངས་པ་ལྟར། རྒྱལ་བའི་དབང་པོ་ཀརྨ་པ་ཡབ་སྲས་ཀྱི་མཛད་འཕྲིན་ལ། མདོ་སྡེ་རྒྱན་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་གཞུང་དང༌། སངས་རྒྱས་བྱང་སེམས་ཀྱི་རྣམ་པར་ཐར་པ་དག་དང་སྒོ་མཐུན་པའི་དད་པ་ཡང་ཡང་སྐྱེས་སོ།། དེ་ཡང་རྗེ་བཙུན་དམ་པ་འདི་དག་ལ། དེ་བཞིན་གཤེགས་པས་མདོ་སྡེ་ཆེན་པོ་དག་ཏུ་བསྔགས་པའི་ཡོན་ཏན་མངའ་བར་མ་ཟད། མཚན་ཡང་ལུང་གིས་ཟིན་པ་དང༌། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཀྱང༌། མ་འོངས་ལུང་བསྟན་ཆེད་བརྗོད་མང་པོ་བཀའ་སྩལ་ཞིང༌། ན་རིམ་གོང་མ་རྣམས་ཀྱི་རྣམ་ཐར་བསམ་གྱིས་མི་ཁྱབ། བདག་གི་དྲིན་ཆེན་རྩ་བའི་བླ་མ་ཆོས་ཀྱི་སྤྱན་ལྡན་དེས་ཀྱང༌། བསྔགས་རྗོད་ཡང་ཡང་གསུང་བ་ཐོས། སའི་སྟེང་ཐམས་ཅད་གྲགས་པས་ཁྱབ་པ་ཡིན་ཀྱང༌། དེ་ལྟ་བུའི་གྲགས་རྗེས་འབྲང་བའི་བླུན་དད་ཀྱང་མ་ཡིན། དཔལ་འབྱོར་ལོངས་སྤྱོད་མཐོང་བའི་ཡིད་སྨོན་ཡང་མ་ཡིན། ཆོས་ཀྱི་བཀའ་དྲིན་ཐོབ་པའི་ཕྱོགས་ཞེན་མོས་བློ་ཡང་མ་ཡིན། ཚེ་འདིའི་ལྟོ་གོས་རེ་དགོས་པའི་ཁ་འཇམ། དེ་ལྟར་གནང་བའི་ལྟོས་བཅས་ཀྱི་དད་པ་ཡང་མ་ཡིན་ཏེ། ཁོང་གི་མཛད་པ་ལ་བརྟགས་ཤིང་བརྟགས་ཤིང་དད་པར་སོང་ངོ༌། །ཕལ་ཆེན་ལས། བྱང་ཆུབ་སེམས་དཔའ་ནི་རྨི་ལམ་དུ་མཐོང་བས་ཀྱང་སེམས་ཅན་གྱི་དྲན་པ་རྣམས་དང་མི་འགྱུར་བའི་ཕྱིར་སངས་རྒྱས་ཀྱི་མཛད་པ་བྱེད་པ་ཡིན། ཞེས་པ་ལྟར་རང་གིས་དད་པ་བྱས་ན་བྱིན་གྱིས་རློབ་ནུས་པའི་མཚན་མ་ཡང་འདུག་གོ། དེ་ཡང་རང་རྗེ་འདི་པའི་སྐུ་ཞབས་སུ་ཡུན་རིང་མ་བསྡད་པས། རྒྱ་ཆེ་བའི་རྣམ་ཐར་མཐོང་ཐོས་མེད་ཀྱང༌། ཞལ་མཇལ་བྱིན་རླབས་ཐོབ་པའི་དད་པ་སྐྱེས་ཚུལ། སྔོན་བྱིས་པའི་དུས། དྲིན་ཆེན་རྩ་བའི་བླ་མའི་ཞབས་ཕྱིར། སྒར་མཇལ་ལ་སོང་བས། བླ་མ་དམ་པའི་བཀའ་ལས་རྗེ་རིན་པོ་ཆེ་ཡབ་སྲས་སུ་ལ་དད་པ་སྐྱེས་བྱུང་གསུང་བས། བདག་ནི་རྒྱལ་བའི་དབང་པོ་ཉིད་ལ་མོས་པར་བྱུང༌། ཞུས་པས། དེ་རང་ཁོང་གི་སྐུ་གཞོགས་སུ་སླེབ་པ་དང༌། གཞན་དང་མི་འདྲ་བའི་བྱིན་རླབས་ཀྱི་ཟིལ་སངས་རྒྱས་ཀྱི་རྣམ་པ་ཅིག་འདུག་གསུངས་ཤིང༌། སྐུ་མདུན་དུ་སླེབ་པ་དང༌། འདི་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་དང་ཐུགས་རྒྱུད་གཅིག་པ་ཡིན་སྙམ་བཅོས་མའི་དད་པ་དང༌། སྤྱན་ཏིང་ངེ་འཛིན་གྱི་ལྟ་སྟངས་ཀྱིས་གཟིགས་པས་ཟིལ་བུན་བྱེད་ཅིང༌། རྣམ་རྟོག་གི་འཕྲོ་འདུ་རགས་པ་འགགས་པའི་སེམས་ཞི་ཞིང་བདེ་བའི་རྣམ་པ་ཅིག་བྱུང༌། བྱིན་རླབས་ཀྱི་རྣམ་འགྱུར་ཟིལ་ཆགས་པའི་སེམས་ཉམས་དེ། ཡུན་རིང་པོ་སོང་ནས་ཀྱང་དྲན་ལམ་དུ་གསལ་ཞིང༌། ཀརྨ་པཀྴིའི་ཞལ་གདམས་ལས། གྲུབ་ཐོབ་ཆེན་པོ་རྣམས་ཀྱི་ཆོས་གསུངས་མི་དགོས། དགོངས་པ་གཏད་པ་དང༌། སྐུས་རེག་པ་དང༌། སྤྱན་གྱི་གཟིགས་པས་ཀྱང་སྒོམ་སྐྱེ་བར་གསུངས་པ་དང་ཕྱོགས་མཐུན་སྟེ། བདག་ལ་ཡང་ཐུགས་བརྩེ་བས་བྱིན་གྱིས་བརླབས་སོ་སྙམ། ཕྱིས་བསམ་ཞིང་དགའ་བ་དང་དད་པ་སྐྱེས་སོ།། གྲུབ་པའི་དངུལ་ཆུས་རེག་པ་ཡི། །ལྕགས་རྣམས་ཀྱང་ནི་གསེར་དུ་འགྱུར།། ཐུབ་པ་མཆོག་གིས་གང་རེག་པ། །མཆོད་རྟེན་དང་ནི་རིས་མཆོག་འགྱུར།། ཡང་སྐབས་དེ་དག་གི་ཚེ། ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར། གནྡྷོ་ལའི་རྟེན་མཇལ་སྐྱེ་བོའི་ཚོགས་ཆེན་ལ་ཡབ་སྲས་ཀྱི་ཕྱག་གིས་བསྣམས་ནས་གནང་ཞིང༌། རྟེན་བཤད་སྔོན་གྱི་བྱུང་བ་སོགས་ཞྭ་དམར་ཐམས་ཅད་མཁྱེན་པས་གསུངས། དེའི་ཚེ་རང་གི་སྡོད་གང་ནུས་གཟིམ་གུར་གྱི་ནང་སྐུ་དང་ཉེ་བའི་ཕྱོགས་རང་དུ་བསྡད་ཆོག་པ་བྱུང་བས། ཡུན་མི་ཚོར་བའི་དགའ་བདེ་བྱིན་རླབས་ཆེན་པོའི་རྣམ་པས་བག་བྲོ་བར་བྱུང༌། དེའི་ཚེ་ཞྭ་དམར་ཐམས་ཅད་མཁྱེན་པ་ཆེན་པོ། བྱམས་པ་དགེ་སློང་གི་ཆས་སུ་ཞུགས་པ་ལྟ་བུ། གནས་བརྟན་བགྲེས་པོའི་རྣམ་པ་ཅན་དེས་ཀྱང༌། རྒྱལ་བའི་སྐུ་གཞོགས་སུ་ཐུགས་དྲེགས་པ་བསྐྱུངས་ཏེ། ཞབས་འབྲིང་གནང་བའི་བར་དག་ཏུའང༌། ཕྱག་ཐལ་མོ་སྦྱར་ཏེ་རྒྱལ་བ་ཉིད་ལ་གུས་པའི་ཚུལ་གྱི་བཞུགས་པས་སྐྱེ་བོ་ཕལ་མོ་ཆེའི་དད་པའི་གསལ་འདེབས་སུ་གྱུར། ཆོས་རྒྱལ་སྟོབས་ཀྱི་འཁོར་ལོ་བསྒྱུར་དེས་ཀྱང༌། དྲེགས་རློམས་སྤངས་ཏེ་དབུ་སྐྲའི་དོ་ཀེར་ཡང་བཀྲོལ་ནས་ཞུམ་ཞུམ་འབའ་ཞིག་མཛད་མོད། རྒྱལ་བའི་དབང་པོ་ཉིད་ནི། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། བྱང་ཆུབ་སེམས་དཔས་སྦྱིན་པོ་མཐོང་བའི་ཚེ་ཇི་ལྟར་བགྱི་བའི་སྤྱོད་ལམ་གསུངས་པ་ལས་མ་གཡོས་པར། བཅོས་མའི་རྣམ་འགྱུར་གང་ཡང་མེད་པར། སྒྲོབ་བགྱིངས་ཀྱང་མི་གནང༌། ངོ་འཛིན་སྤྲས་སྤྲོས་ཡང་མི་གནང་སྟེ་རང་བཞིན་གྱི་མཛད་པ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་བསྲུང་བ་མི་མངའ་བ་དང་རྗེས་སུ་མཐུན་པར་འདུག །དུས་དེའི་ཚེ་བཞུགས་སྒར་ལ་འཇའ་དཀར་པོ་ཡང་ཡང་ཟུག་པས། སྐྱེ་བོ་དད་པ་མེད་པ་དག་འདི་འདྲའི་རིགས་ལྷག་ཏུ་དགའ་རྒྱུ་མེད་ཟེར་ཡང༌། ལྷས་མཆོད་པ་ཕུལ་བའི་རྟགས་ལོས་ཡིན། དེ་ནས་རྟེན་མཇལ་སྨོན་ལམ་ཆེན་མོ་གྲོལ་ནས། ཉིན་གཅིག་གནས་བརྟན་ཆེན་པོ་བཅུ་དྲུག་ཡུལ་འཁོར་དུ་བསོད་སྙོམས་ལ་སྤྱོད་ཅིང་ལྗོངས་རྒྱུ་བའི་རྣམ་འགྱུར་དང༌། དགེ་འདུན་སྟོང་ལྷག་ཙམ་གྱི་ཞབས་འབྲིང་དང་བཅས། རྒྱལ་པོ་ཆེན་པོ་སྡེ་བཞི། རྒྱལ་སྲིད་སྣ་བདུན། མཆོད་སྤྲིན་སྣ་བརྒྱད་ལ་སོགས་པ། ལྷ་དང་མིའི་མཆོད་པའི་བཀོད་པ་ཆེན་པོས་མདུན་ནས་བདར་སྟེ། མཆོད་ཡོན་ཐམས་ཅད་དག་སྣང་ཆེན་པོས། ཞབས་ཐང་ལ་ཆོས་སྡེ་རྫོང་དང་བཅས་པའི་ཕྱི་སྒོར་རྒྱང་རིང་དུ་ཕེབས། ལས་ཅན་མང་པོ་སྔོན་བསྐལ་པ་བཟང་པོའི་དུས། སངས་རྒྱས་ཡུལ་འཁོར་དུ་གཤེགས་པ་རྗེས་སུ་དྲན་པའི་དད་པ་ལ་བཀོད། ཡང་ཉིན་གཅིག་སྔོན་གྱི་རྒྱལ་བ་མང་པོས་གསོལ་ཞིང་བྱིན་གྱིས་བརླབས་པའི་དབུ་ཞྭ་མཁའ་འགྲོས་དབང་རྟགས་སུ་ཕུལ་བའི་ཅོད་པཎ་ཞྭ་ནག་གསེར་མདོངས་གསོལ། ཐུགས་བསྐྱེད་སྨོན་ལམ་གནང་བས་སྐྱེ་བོའི་ཚོགས་འབུམ་དུ་ཉེ་བ་དད་པའི་སྤུ་ལོང་གཡོས། ཐར་པ་དང་ཐམས་ཅད་མཁྱེན་པའི་ས་བོན་ཐེབས། མ་ཎི་དུང་ཕྱུར་དང༌། སྲོག་གཅོད་སྤོང་བ་དང༌། དགེ་འདུན་མང་པོའི་འཚོ་བ་སྦྱོར་བ་སོགས། དགེ་བ་རླབས་པོ་ཆེའི་དམ་བཅའ་དབུལ་མི་བསམ་གྱིས་མི་ཁྱབ། ཚུལ་དེ་ལྟ་བུ་ཕྱོགས་གར་ཕེབས་སུ་ཡང་ཡང་བྱུང་བས། བྱང་ཆུབ་སེམས་དཔའ་ས་ཐོབ་ནས་སྐད་ཅིག་རེ་རེ་ལ་སེམས་ཅན་བརྒྱ་ཕྲག་མང་པོ་སྨིན་གྲོལ་ལ་འགོད་ནུས་པར་གསུངས་པ་བཞིན་ནོ།། དེ་ལྟར་འཕགས་པ་ཆེན་པོའི་ཆོས་ནི་ཡངས་གྱུར་པ།། བློ་དང་ལྡན་པས་རྟག་ཏུ་མོས་པ་ཆེར་བསྐྱེད་ན།། བསོད་ནམས་རྒྱ་ཆེན་རྒྱུན་མི་འཆད་དང་དེ་འཕེལ་དང༌།། ཡོན་ཏན་དཔག་ཏུ་མེད་པས་བདག་ཉིད་ཆེན་པོར་འགྱུར།། མདོ་རྒྱན་ལེའུ་༡༡ དེ་ནས་སྟོད་ཕྱོགས་ལ་གནས་མཇལ་དང༌། སྒྲུབ་སྡེ་འཛུགས་པ་སོགས་ཀྱི་དགོངས་པས་བཞུགས་སྒར་བཏེག །ལམ་བར་དུ་གནས་གསར་རྒྱལ་ཁང་གི་ཡུམ་ཆེན་མོ་མཇལ་བ་གནང༌། སྙན་དར་ཕྱག་གིས་ཕུལ་བ་གནང་བ། ཐོག་སོ་གསུམ་ཙམ་གྱི་ལྷའི་སྙན་ལ་རེག་ལ་མ་འབྱར་བའི་ཚུལ་དུ་བཞེངས་ཤིང༌། མི་དྲུལ་བའི་རྫུ་འཕྲུལ་སྨྱོན་མེད། དེའི་སྐུ་གཉེར་པས་མཐོང་ནས་ངེད་ལ་བཤད་བྱུང་ཞིང༌། སྙན་དར་དེ་ཡང་ལོ་གསུམ་བཞི་སོང་ནས་ཀྱང་སྙན་ལས་མ་ལྷུང་བར་སྐྱ་ནར་རེ་འདུག །དེ་སྐབས་ལོ་གཞོན་པས་ཡ་མཚན་པའི་བསམ་པ་མ་སྐྱེས། ད་བསམ་ན་དེ་བཞིན་གཤེགས་པའི་འཕེལ་གདུང་ཡང་རྟེན་བྱིན་རླབས་ཅན་གྱིས་ལེན་པ་དང་ཁྱད་མི་འདུག་ཅིང༌། རྣམ་པ་གཅིག་ཏུ་སངས་རྒྱས་བྱང་སེམས་ཕན་ཚུན་ཐུགས་དགྱེས་པའི་རྣམ་འགྱུར་ཡིན་པ་གོར་མ་ཆག། དེ་ནས་དགའ་བ་གདོང་དུ་ཕེབས་སྐབས་རྡོ་ཆལ་ལ་ཞབས་རྗེས་གསལ་པོ་བྱུང་བ། དགེ་འདུན་དེར་བཞུགས་རྣམས་ཀྱི་དད་རྟེན་དུ་མཛད། རྗེ་ཉིད་རང་ནི་དེ་དག་རྫུ་འཕྲུལ་དང་གྲུབ་རྟགས་ཡིན་དགོངས་པའི་ཐུགས་ཀྱི་འགྱུར་བ་ཙམ་ཡང་མི་མངའ་ཞིང༌། སུ་ལ་ཡང་ཚུལ་དེ་འདྲ་གསུངས་པ་མ་ཚོར་ཏེ། ཇི་སྐད་བཤད་པ་འདི་དག་ཀུན། །རྟོག་པ་ཙམ་དུ་ལྟ་བ་ཡི།། བྱང་ཆུབ་སེམས་དཔའ་རྟོག་མེད་རྣམས། །བྱང་ཆུབ་ཐོབ་ཅེས་ངེས་པར་བརྗོད། །ཅེས་དང༌། མདོ་རྒྱན་ལེའུ་༡༠ གང་དག་གིས་ནི་ཆོས་མཐོང་བའི། །རྒྱལ་སྲས་དེ་དག་ང་རྒྱལ་མེད།། མདོ་རྒྱན་ལེའུ་༡༢ ཅེས་འབྱུང་བ་བཞིན་ནོ། །ཡང་རྗེ་འདི་པ་སངས་རྒྱས་ཀྱི་མ་འདྲེས་པའི་ཆོས་དང་རྗེས་སུ་མཐུན་པར། ཆོས་ལུགས་གང་ལའང༌། བཟང་ངན་དང་ཐ་དད་དུ་འཛིན་པའི་ཀུན་རྟོག་མི་མངའ་བའི་དག་སྣང་ཆེན་པོས། དཔལ་ལྡན་ས་སྐྱ། ཁྲོ་ཕུ། སྣར་ཐང་སོགས་ལམ་བར་གྱི་གནས་མཇལ་གནང་འོས་པ་ཐམས་ཅད་ལ། གནས་དེ་དག་གི་ཉེ་འཁོར་དུ་ཕེབས་པ་དང༌། ཕྱག་ཐུགས་ཀར་ཐལ་མོ་སྦྱོར་ཞིང༌། དྲེགས་རློམས་དང་སྒྲོབ་འགྱིངས་མེད་པར་ཞབས་ཐང་ལ་ཕེབས་ཏེ། དུལ་ཞིང་དག་སྣང་ཆེན་པོའི་ཀུན་སྤྱོད་ཀྱིས་གནས་མཇལ། མཆོད་འབུལ། བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་དགོངས་པའི་ཐུགས་བསྐྱེད་སྨོན་ལམ་ཆེན་པོ་གནང༌། ལས་སྣང་དག་པ་མང་པོས་དབུའི་གཙུག་ཏོར་མཐོང་བའི་རྣམ་པ་བྱུང་ཟེར་ཞིང༌། མང་པོ་དད་པ་ཐོབ་ཅིང་བྱང་ཆུབ་ཀྱི་སྐལ་བ་ཅན་དུ་མཛད་དོ།། སྐྱེ་བོ་དང་མཐུན་ཕྱིན་ཅི་ལོག་མི་འཆད། །མི་འགྱིང་བ་དང་བདག་གི་མེད་ལ་མཁས།། བཟོད་དུལ་ཤིན་ཏུ་རིང་སོང་མི་ཟད་པ། །རྒྱལ་སྲས་རྣམས་ཀྱི་སྒྲུབ་པ་མཆོག་ཡིན་ནོ།།མདོ་རྒྱན་ལེའུ་༦ དེ་ནས་རིམ་གྱིས་ལ་ཕྱི་ཆུ་བར་དུ་ཕེབས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ལུང་བསྟན་ལྟར་ཚངས་པར་སྤྱོད་པའི་སྒྲུབ་སྡེ་ཆེན་པོ་འཛུགས་པའི་ཞལ་བཀོད་མཛད། དེར་བྱང་ཆུབ་སེམས་དཔའ་ཆེན་པོ། མི་ཕམ་ཆོས་ཀྱི་དབང་ཕྱུག་གིས་གསོལ་བ་འདེབས་པར་མཛད་དེ། དགེ་སློང་སྒྲུབ་སྡེ་པ་རྣམས་ལ། མདོ་ཏིང་འཛིན་རྒྱལ་པོ་ལ་སོགས་པ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྩོལ་འདུག་པས། དགེ་སློང་དེ་དག་ཀྱང་འཁོར་ལོ་བཞི་ལྡན་གྱི་གདུལ་བྱ་ལས་འཕྲོ་ཅན་དུ་གདའ། ཡང་སྔོན་རྗེ་ཉིད་དགུང་ལོ་བཅུ་བདུན་བཅོ་བརྒྱད་ཀྱི་སྐབས་དག་ལ། རྗེ་བཙུན་མི་ལ་ཞལ་གཟིགས་པ་དང༌། མ་འོངས་པའི་ཚུལ་མང་པོ་མངོན་པར་མཁྱེན་པའི་ཞལ་གདམས་དགོངས་པ་ཅན་གབ་ཚིག་ལྟ་བུ་དག་གནང་བའི་ནང་ན། ལྷོ་གྲོ་བོ་ལུང་གི་དགོན་པ་རུ། །འབྲོག་ལ་ཕྱི་གངས་ཀྱི་རྭ་བ་མཇལ།། རྗེ་མི་ལ་ཁྱེད་རང་མི་བསམ་རེ། །གསུངས་བ་དང༌། ཡང༌། རྗེ་མི་ལའི་རྫོང་དྲུག་གཏན་ཡུལ་བྱེད།། བདག་གངས་དཀར་སྟོངས་སུ་རི་ཚུགས་འཛིན།། རྗེ་མི་ལ་ཁོང་རང་མི་བསམ་རེ།། ཞེས་ཡང་ཡང་གསུངས་པ་ལྟར། རྣལ་འབྱོར་གྱི་དབང་ཕྱུག་བཞད་པ་རྡོ་རྗེ་དེ་རྗེས་སུ་དྲན་པའི་ཐུགས་དད་པ་དང་དག་སྣང་ཆེན་པོས། མི་ལའི་སྒྲུབ་གནས་མཇལ་བར་ཕེབས་པས། ཆུ་བར་ནས་བྲག་དམར་འཕྱོང་ལུང་གི་བར་ལ། སྔོན་མི་འོང་བའི་སྤྲ་གཉིས་ཕེབས་བསུའི་རྣམ་པར་བྱུང་ནས། ཡབ་སྲས་མཇལ་ཏེ་ཡང་གར་སོང་མེད་པར་སོང་བས། གཞིས་བདག་གི་སྤྲུལ་པ་ཡིན་ནམ་ཡང་ཟེར་ཏེ་ཐམས་ཅད་ངོ་མཚར་དུ་གྱུར། དེ་ནས་ཏི་སེ་མཇལ་བར་འདོད་པ་ཆུང་ཞིང་ཆོག་ཤེས་པའི་རྣམ་ཐར་སྦྱངས་པའི་ཡོན་ཏན་ལ། ལྷག་པར་དགྱེས་པའི་རྣམ་འགྱུར་གྱིས། ཞབས་འབྲིང་པ་རྣམས་སྔ་འགྲོ་རྟིང་འགྲོར་བསྐྱོར་ནས་སྐུ་ཉིད་གཅིག་པུར་ཞབས་ཐང་ལ་ཕེབས། རི་དྭགས་མང་པོས་སྐུའི་དྲི་བཟང་སྣོམས་ཤིང་འདུག་པ་དང༌། དེ་དག་ལ་ཕྱག་གིས་ཉུལ་ཞིང་བྱིན་རླབས་གནང་བ་སོགས། བྱང་ཆུབ་སེམས་དཔའི་སྤྱོད་པ་སྙིང་རྗེ་ཆེན་པོ་མངའ་བའི་རྣམ་འགྱུར་ངོ་མཚར་བ་རྒྱང་རིང་པོ་ནས་གཞན་གྱིས་མཐོང་བ་ཡང་ཡང་བྱུང་འདུག། དེ་ནས་རྫུ་འཕྲུལ་ཕུག་ཏུ་ཕེབས། སོ་སོ་ཐར་པའི་མདོ་གསུངས་ཤིང་གསོ་སྦྱོང་གནང༌། དེར་བླ་མ་རིན་ཆེན་བློ་གྲོས་ནོར་ལྡན་གྱིས་ཞིབ་རྐྱལ་གསུམ། མར་ཏང་གསུམ། ཤ་ཁོག་གཉིས་ཙམ་གྱི་ཚོགས་འཁོར་ཞུས་པས། མི་སྟོང་ཕྲག་ལྷག་ཙམ་ལ་ཁྱེད་ཅིང༌། ལྷག་མ་ཞིབ་རྐྱལ་གཅིག་ལུས་པ་ཐམས་ཅད་ཀྱིས་གྲུབ་རྟགས་སུ་ཡིད་ཆེས། དེ་ནས་གངས་བསྐོར་ལེགས་པར་གནང་ཟིན་ཏེ། པྲེ་ཏ་པུ་རིའི་ཕྱོགས་ལ་ཕེབས་པར་བཞེད་པ་ལས། སྟོད་ཧོར་གྱི་དམག་ཞོགས་ཆེར་བྱུང་བས་ཐམས་ཅད་ཀྱིས་བཤོལ་འདེབས་ཞུས་ཀྱང༌། དེ་ནི་དབང་མཆོག་ཐོབ་པའི་བློ་དང་ལྡན།། འགྲོ་བ་དབང་མེད་རང་དབང་བཀོད་རྟག་ཏུ།། གཞན་ལ་ཕན་བྱ་གཅིག་ཏུ་མངོན་དགའ་སྟེ།། སེང་གེ་བཞིན་དུ་རབ་བརྟན་སྲིད་ན་སྤྱོད།།མདོ་རྒྱན་ལེའུ་༨ ཅེས་པ་ལྟར་མི་འཇིགས་པའི་གདེང་དང་བཅས་ཞབས་འབྲིང་པ་བྱིངས་བཞག་སྟེ། རིམ་གྲོ་པ་གཉིས་གསུམ་དང་བཅས་དེ་ཡང་ཕྱིར་བསྐྱོན་ནས། གཅིག་པུར་རྒྱུ་བའི་ཚུལ་གྱིས་རི་དྭགས་ཀྱི་ཁྱུ་ནང་ལ་བྱམས་པའི་ཏིང་ངེ་འཛིན་གྱི་རྣམ་རོལ་གྱིས་དལ་གྱི་གཤེགས་ནས་ཉམས་ཆུང་དུད་འགྲོའི་འགྲོ་བ་དག་ཀྱང་བྱང་ཆུབ་ཀྱི་སྐལ་བ་ཅན་དུ་མཛད་དེ། སངས་རྒྱས་མཚན་མི་གྲགས་པར་སངས་རྒྱས་མཚན།། ཡང་དག་བསྒྲགས་པས་དེ་དག་ཁམས་གཞན་འགྱེད།། འདབ་གཤོག་ཀུན་ཏུ་རྒྱས་པའི་བྱ་བཞིན་དུ།། སེམས་ཅན་སྨིན་པར་བྱེད་པར་ནུས་པ་ཉིད།།མདོ་རྒྱན་ལེའུ་༨ ཅེས་པ་ལྟར་རོ། །དེ་ནས་གནས་དེ་དག་ཀྱང་མྱུར་སྟབས་ཀྱིས་མཇལ་བ་གནང་ནས། འཁྱོས་མའི་རྣམ་པར་ཅུ་གང་མང་པོ་སྐུ་ཆོས་ཀྱི་ཐུ་བར་བསྣམས་ནས། འཁོར་རྣམས་ལ་འགྱེད་པར་མཛད། དེ་ནས་ཡང་སྐྱིད་གྲོང་ཕྱོགས་ལ་གནས་མཇལ་བར་ཕེབས། འཕགས་པ་ཝརྟི་བཟང་པོའི་ལྷ་ཁང་དུ་སྐུ་མཚམས་གནང་ཞིང་འཕགས་པའི་སྐུ་བརྙན་ཡང་ཕྱག་བྲིས་གནང༌། ས་སྐྱ་པཎྜི་ཏའི་བཞུགས་ཁྲིའི་སྟེང་དུ་ཕེབས་ནས། དབུ་ཞྭ་བཞེས་ཤིང་སྐྱེ་བོའི་ཚོགས་ལ་སེམས་བསྐྱེད་མ་ཎིའི་བཟླས་ལུང་གནང་ཞིང་བྱང་ཆུབ་ཀྱི་སྐལ་བ་ཅན་དུ་མཛད། དེ་ནས་གྲ་ལིང་རྩེར་ཕེབས་དུས་སྒར་པ་རྣམས་ལ་མེའི་ཟོན་གྱིས་ཞེས་བཀའ་གདམས་ཀྱང༌། རྩྭ་ཁྱིམ་ཚང་ཚིང་དག་ལས་མེའི་འཇིགས་པ་ཞིག་བྱུང་བས་ཐུགས་འབྲོགས་པའི་རྣམ་པས་ཕྱག་ཞབས་ཀྱི་རྗེས་གསལ་བར་བྱུང་བ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དད་རྟེན་དུ་བཞག་གོ །བྲག་དཀར་རྟ་སོར་ཕེབས་དུས། རྗེ་མི་ལ་ཞལ་གཟིགས་ནས་དེ་འཕྲལ་ཕྱག་བྲིས་བཞེངས་འདུག་ཟེར། གཞན་ཡང་སྐབས་དེ་དག་གི་ཚེ། ཡི་དམ་ལྷའི་ཞལ་གཟིགས་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་ལོས་ཡོད་ཀྱང༌། སུ་ལའང་འདི་ལྟ་བུ་བྱུང་ཞེས་མི་གསུངས། འོན་ཀྱང་སྒྲོལ་མ་མིའི་བུ་མོའི་རྣམ་པ་ཅན་འགྱུར་བག་ཤིན་ཏུ་ཆགས་པ་དང༌། སྤྱན་རས་གཟིགས་བ་མོའི་སྟེང་དུ་བཞུགས་པ་ཨུཏྤལའི་མྱུ་གུ་འཛིན་པ། སྔར་མ་གྲགས་པ་དག་གི་སྐུ་བརྙན་ཡང་ཞལ་བཀོད་གནང་འདུག་པས་ཞལ་གཟིགས་མ་ཡིན་པར་ཐམས་ཅད་ཀྱིས་སྒྲོག་གོ། སྐབས་དེ་དག་གི་ཚེ་དབེན་པ་བརྟེན་པའི་ཚུལ་འབའ་ཞིག་ལས་ལོངས་སྤྱོད་འདུ་འཛི་ལ་ཐུགས་དགྱེས་པ་གཏན་ནས་མེད་ཀྱང༌། སྦྱིན་པ་པོ་ནི་ལོངས་སྤྱོད་མི་འདོད་ཀྱང༌།། ལོངས་སྤྱོད་ཤིན་ཏུ་མང་བ་བཟང་དང་འཕྲད།། བདག་ནི་བདེ་བ་དེ་འདོད་མ་ཡིན་ཏེ།། འདི་ལྟར་བདག་ནི་སྦྱིན་པའི་རྒྱུ་དང་ལྡན།།མདོ་རྒྱན་ལེའུ་༡༨ ཞེས་པ་ལྟར་འབྲོག་དགོན་པ་དེ་དག་ཏུ་ཡང༌། པུ་རངས་རྒྱལ་པོ་ལ་སོགས་པ་སྐྱེ་བོ་མཆོག་དམན་མང་པོས། རང་རང་གི་འབྱོར་པ་དང་བསྟུན་པའི་རྒྱ་འབུལ་བྱས་ཤིང་དབུ་ཞྭ་བཞེས། སྨོན་ལམ་བྱང་ཆུབ་ཀྱི་ས་བོན་ཐེབས་པར་མཛད། ར་ལུག་སོགས་སེམས་ཅན་མང་པོ་འབུལ་མི་བྱུང་བ། ལས་འབྲེལ་གང་ཡོད་ཀྱི་བརྟགས་པ་ཕྱག་གིས་ཞགས་པ་འཕངས་པ་དང༌། རྡེའུ་བསྐྱུར་བ་སོགས་གང་བབས་ཀྱི་སེམས་ཅན་རྣམས་དགེ་སློང་བགྲེས་པོ་སྙིང་རྗེ་དང་ལྡན་པ་རྣམས་ལ་གཏད་ནས་ཆུ་བར་སྒྲུབ་སྡེར་སྤོས། ལྷག་མ་རྣམས་ལའང་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བཀའ་བསྒྲགས། སྨོན་ལམ་བྱང་ཆུབ་ཀྱི་ས་བོན་ཐེབས་པར་མཛད། དེ་དག་དུད་འགྲོར་སྐྱེ་བའི་ལས་བྱང་བ་ཡིན་ནམ། ཡུན་རིང་པོ་མི་ཐུབ་པ་ཚེའི་དུས་བྱས་ཚར་ལ། དགེ་འདུན་ལ་མང་བསྐོལ། རྗེ་གར་དབང་ཆོས་ཀྱི་དབང་ཕྱུག་གི་ཞབས་དྲུང་དུ་འབུལ་སྣ་རེ་དང་བཅས། རྗེ་ཉིད་རང་ཕྱག་ཐལ་མོ་སྦྱར་ནས་བདག་གི་མ་རྒན་སེམས་ཅན་འདི་ཤི་སོང་བས། ཐུགས་རྗེས་གཟིགས་པའི་བསྔོ་བ་གནང་དགོས་ཞེས་ཡབ་སྲས་ལྷན་ཅིག་ཏུ་བསྔོ་སྨོན་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱིས་རྒྱས་འདེབས་པར་མཛད་པས་ཉམས་མེད་དག་བྱིས་པའི་རྩེད་མོ་འདྲ་བར་མངོན་སྟེ། ངོ་མཚར་དུ་མི་རྩི། ཤེས་ལྡན་ཐམས་ཅད་ཀྱི་དད་པ་དང་ངེས་འབྱུང་གི་གསལ་འདེབས་སུ་གྱུར་ཏེ། རྒྱལ་སྲས་སེམས་ཅན་རྣམས་ལ་དགའ་བ་དང༌།། བྱམས་པ་གང་ཡིན་སྦྱོར་དང་མི་སྐྱོ་གང༌།། དེ་ནི་སྲིད་པ་དག་ན་ངོ་མཚར་ཆེ།།མདོ་རྒྱན་ལེའུ་༡༥ གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མི་ཕམ་ཆོས་ཀྱི་དབང་ཕྱུག་ཀྱང༌། འོད་སྲུང་ཆེན་པོ་བསོད་སྙོམས་ལ་རྒྱུ་བ་ལྟར། རས་རྡོ་ཚོས་མའི་ཆོས་གོས་རྣམ་པ་གསུམ་དང༌། ཕྲག་གཡུང་གསོལ་དྲྭ་བ་དང་གསོལ་ལྷུམ་སྐུ་རྒྱབ་ཏུ་བསྣམས། འཁར་གསིལ་ཙམ་ལ་བརྟེན་ནས་ཞབས་ཐང་དུ་ཚུལ་ཁྲིམས་ཀྱི་དྲི་བཟང་པོས་ཕྱོགས་ཁྱབ་པར་འཕྲོ་བཞིན་དུ། བལ་པོ་རྒྱ་གར་ཕམ་ཐང་གི་བར་གྱི་གནས་མཇལ་གནང༌། དེའི་ཚེ་གླང་པོ་ཆེ་ཅང་ཤེས་ཀྱི་དད་པ་དང་ངེས་འབྱུང་གིས་མིག་ནས་མཆི་མ་ཉིལ་ལེ་བྱེད་ཅིང་ཕྱག་བྱས། ཕྱག་དབང་མ་གནང་བས་མི་ལང་བ་སོགས་དད་པའི་རྣམ་འགྱུར་ཆེན་པོས་སྐྱེ་བོ་མཆོག་དམན་མང་པོ་ངོ་མཚར་དུ་གྱུར། བལ་པོའི་རྒྱལ་པོ་སོགས་སྐྱེ་འགྲོ་སེམས་ཅན་མང་པོ་བྱང་ཆུབ་ཀྱི་སྐལ་བ་ཅན་དུ་མཛད། ངོ་མཚར་བ་མང་པོ་གཟིགས་པ་སོགས་ཐུགས་སྤྲོ་ཞིང་དགྱེས་པར་བྱུང་བའི་ལམ་ཡིག་སྙན་ངག་མང་པོ་གནང་བ་ཡང་མཐོང༌། དེ་ནས་རྒྱ་གར་རྡོ་རྗེ་གདན་མཇལ་བར་ཕེབས་རྩིས་ལ། རྒྱལ་བའི་དབང་པོ་ཉིད་ཀྱིས་གསོལ་བ་འདེབས་པ་མཛད་དེ་ཆུ་བར་དུ་ཕེབས། ཡབ་སྲས་ཐུགས་ཡིད་གཅིག་ཏུ་འདྲེས་པས་ཕལ་ཆེར་གཟིམ་སྤྱིལ་ལྷན་ཅིག་ཏུ་གནང་ཞིང༌། གསོལ་ཇ་སྐོལ་བ་སོགས་ཀྱང་སྦྱོར་ལེགས་པོ་མི་འབྱུང་ཡང༌། ཡབ་སྲས་གང་བདེས་གནང་བ་མ་གཏོགས། གསོལ་ཇ་བ་གཞན་ཡང་ཆེར་མི་ཐར་བའི་དབེན་ས་འབའ་ཞིག་ཏུ་ཆོས་གསུངས་ཤིང་བཞུགས་པ་ལས། རིམ་གྱི་དེ་བཞིན་གཤེགས་པ་རྩྭ་ཅན་གྱི་གྲོང་ཁྱེར་དུ་གཤེགས་པ་དང་ཉེ་བ་ལྟར་སྤྲུལ་པའི་སྐུ་དེ་ཡང་བསྙུང་བའི་ཚུལ་ཆེར་བསྟན། རྗེ་ཉིད་ཀྱི་མཚན་བལྟས་ལ་ཡང་སྤྲུལ་པའི་སྐུ་དེ་ཉིད་ཆུ་བོ་ཆེན་པོ་ཞིག་གི་ཕ་རོལ་དུ་ཕེབས། ཚུར་རོལ་ནས་རྒྱལ་བའི་དབང་པོ་ཉིད་ཀྱི་དད་གུས་གསོལ་འདེབས་མཛད་པ་སོགས་གཟིགས་ཏེ། ཇི་ལྟར་ཡིན་སྤྲུལ་པའི་སྐུུ་ཉིད་ལ་གསོལ་བ་དང༌། ཞལ་གདམས་ལུང་བསྟན་མང་པོ་གསུངས་པའི་དཔེ་ཆ་མཐོང་བྱུང་ཀྱང༌། ཚིག་རི་ནི་བརྗེད་འདུག །དོན་བསྟན་པའི་འཕེལ་འགྲིབ་སོགས་ཇི་ལྟར་འབྱུང་བའི་ཚུལ་ཡིད་ཆེས་ངེས་འདུག། དེ་ནས་སྤྲུལ་པའི་སྐུ་དེ་སྐུའི་ལྟེ་བའི་རྩ་འཁོར་ཞིག་པ་སོགས་ཀྱི་མཚན་མ་ཡང་མཁྱེན་ནས། ཞིང་ཁམས་གཞན་དུ་གཤེགས་པར་ཉེ་བ་དང༌། རྒྱལ་བའི་དབང་པོས་ཆོས་ཀྱི་ཤུགས་ཀྱིས་སྤྱན་ཆབ་མང་པོ་བསིལ་ཞིང༌། ཁྱོད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ།། དེ་བཞིན་བདག་དང་སེམས་ཅན་ཀུན།། བརྩེ་བས་གཟིགས་ཤིང་བཞུགས་སུ་གསོལ།། ཞེས་གསོལ་བ་འདེབས་པར་མཛད་པས། ཅུང་ཟད་ཐུགས་ངལ་སྙིང་རྗེས། ཕྱོགས་བཅུའི་རྒྱལ་བ་ཀུན་དང་མཉམ་པ་ལས། །ལྷག་པའི་ཐུགས་རྗེ་ཆེན་པོ་མངའ་བརྙེས་པའི། །འཕགས་མཆོག་སྤྱན་རས་གཟིགས་དབང་དགེ་སློང་གཟུགས། །རྣམ་རོལ་ནམ་ཡང་འགྱུར་མེད་བཞུགས་སུ་གསོལ། །རྒྱལ་སྲས་གཞན་གྱི་བཟུང་བའི་ཞིང་ཁམས་དང༌། །འདུལ་བྱའི་སྙིགས་མ་ལས་ཀྱང་ཆེས་སྙིགས་མ། །འཕགས་མཆོག་ཁྱོད་ཀྱིས་ཡོངས་སུ་བཟུང་ལགས་ན། །ཐུགས་རྗེ་ཆེན་པོས་སྐྱོང་ཞིང་བཞུགས་སུ་གསོལ། །སེམས་ཅན་ཁམས་ལ་ཉིན་མཚན་དུས་དྲུག་ཏུ། །གཟིགས་ནས་བྱམས་པ་མཛད་པ་དེ་ལྟ་བུ། །ཕ་དང་མ་དང་གཉེན་བཤེས་སུས་ཀྱང་མིན། །བྱམས་ཆེན་བྱམས་པས་སྐྱོང་ཞིང་བཞུགས་སུ་གསོལ། །མཐོ་རིས་ཐར་པའི་བདེ་མཆོག་སྦྱིན་པ་དང༌། །སྲིད་ཞིའི་གདུང་སེལ་པད་མོ་མཆོག་འཆང་བའི། །ཐུགས་རྗེའི་ཕྱག་གིས་འགྲོ་རྣམས་མི་གཏོང་བར། །ཞབས་པད་བརྟན་ཞིང་འཕྲིན་ལས་རྒྱས་གྱུར་ཅིག །དུས་འདི་ནས་བཟུང་བསྐལ་པ་དུ་མའི་བར། །སྐུ་ཚེའི་འདུ་བྱེད་འདུན་པའི་ཏིང་འཛིན་གྱིས། །རྫུ་འཕྲུལ་རྐང་པས་བྱིན་གྱིས་བརླབས་ནས་ཀྱང༌། །བདག་སོགས་འདུལ་བྱ་རྗེས་སུ་འཛིན་མཛད་གསོལ།། ཞེས་བརྟན་བཞུགས་གསུངས་ཤིང་ཞལ་གདམས་གནང་ནས། རིམ་གྱིས་མྱ་ངན་ལས་འདས་པའི་འོད་གསལ་ཆེན་པོའི་དབྱིངས་སུ་བཞུགས་སོ། །དེ་ནས་ལྷའི་མཆོད་པའི་སྤྲིན་ཆེན་པོའི་བཀོད་པ་ཐོགས་པའི་བྱང་ཆུབ་སེམས་དཔའ་མང་པོ་བསུས་ཏེ། སངས་རྒྱས་ཀྱི་ཞིང་ཁམས་མང་པོ་གཟིགས་ཤིང༌། སྲིད་པ་བར་དོའི་འགྲོ་བ་མང་པོའི་དོན་མཛད་པ་སོགས་ལོས་ཡོད་མོད་ཀྱང༌། རང་ཅག་རྨོངས་པ་རྣམས་ཀྱིས་ཇི་ལྟར་ཤེས། མངོན་སུམ་དུ་གྲུབ་པ་རྒྱལ་བའི་དབང་པོ་ཉིད་ཁམས་ཕྱོགས་སུ་ཕེབས་དགོས་པ་མཁྱེན་ཏེ། སྐྱེ་བ་ལ་རང་དབང་ཐོབ་པའི་ཕྱིར། མདོ་ཁམས་ཀྱི་ཞིང་དུ་སྐྱེ་བའི་རྣམ་པར་འཕྲུལ་བར་བཞེད་དེ། བདེ་བར་གཤེགས་སོ།། རང་གི་ཡོན་ཏན་སེམས་ཅན་ཕན་ཐོགས་དགའ།། བསམས་བཞིན་སྐྱེ་བ་རྫུ་འཕྲུལ་རྣམ་པར་འཕྲུལ།། རྒྱན་དང་སྟོན་མོ་ས་མཆོག་བརྩེ་དགའ་བ།། སྙིང་རྗེའི་བདག་ཉིད་མིན་པ་རྣམས་ལ་མེད།།མདོ་རྒྱན་ལེའུ་༥ དེའི་ཚེ་རྒྱལ་བའི་དབང་པོ་ཉིད་ནི་སྲུང་བ་མེད་པའི་མཛད་པ་མངའ་བའི་དབང་ལས། གཞན་གྱི་འཕྱས་དོགས་པ་ལ་སོགས་པའི་མཛེས་ཆོས་མེད་པར། སངས་རྒྱས་མྱ་ངན་ལས་འདས་པའི་དུས། ཀུན་དགའ་བོས་གླང་པོའི་སྐད་ལྟ་བུས་བཤུམས་པ་ཇི་ལྟ་བར་བླ་མ་རྗེས་སུ་དྲན་པའི་དད་པའི་སྟོབས་ཤུགས་ཆེན་པོས་བཤུམས་པས། སྐུའི་ཉེ་འཁོར་ན་ཡོད་པ་ཐམས་ཅད་རང་དབང་མེད་པར་དད་པ་འུར་ལངས། ཉིན་མཚན་མང་པོའི་བར་དད་གུས་ཀྱིས་མཆི་མ་འབབ་ཅིང༌། བླ་མ་རྒྱང་འབོད་སོགས་གསོལ་འདེབས་རྒྱུན་མི་འཆད་པ་དང༌། ལྷ་དང་མི་ཐམས་ཅད་ཀྱི་མཆོད་པའི་སྤྲིན་ཆེན་པོ་འདུས་པར་གྱུར་ཏོ།། ཆོས་ཀྱི་ཤུགས་ལས་མཆི་མ་འབབས་པ་ཡི།། བདག་གི་དད་པས་གཞན་དག་དགེ་ལ་སྦྱོར།། རྐྱེན་གྱིས་མི་འཕྲོག་བཅོས་མ་མ་ཡིན་པ།། དེ་ནི་བྱང་ཆུབ་སེམས་དཔའི་དད་པའི་སྟོབས།། དེ་ནས་བླ་མ་རྗེས་སུ་དྲན་པའི་དད་པའི་གསུང་ཤུགས་ཀྱི་རྣམ་འགྱུར་འབའ་ཞིག་ལས། སྐུའི་ཉེ་འཁོར་བ་རྣམས་ལའང་གསུང་ཡང་ཆེར་མི་འབྱོན། སྣང་བ་གདོང་དེད་ཀྱི་རྣམ་པ་མ་གཏོགས། སྡེ་དཔོན་རིགས་སོགས་སུ་ལའང་ངོ་བསྲུང་མི་མཛད། འདུ་ལོང་གི་གཟི་བརྗིད་ཀྱི་ཚུལ་ལ་སྐྱུགས་ནད་ཅན་གྱིས་ཟས་མཐོང་བ་ལྟར་དགོངས་ནས། བཞུགས་སྒར་གྱི་བཀོད་བུམ་ཆོས་ཐམས་ཅད་ཀྱང༌། ལང་ངེ་ལོང་ངེར་འབོར་བ་མཛད་ནས། སྐུ་གདུང་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་མཚུར་ཕུར་ཕེབས། དགེ་འདུན་སྟོང་ཕྲག་མང་པོའི་སེར་ཚོགས་བསྡུས་ནས་མཆོད་འབུལ་མང་འགྱེད་བསམ་གྱིས་མི་ཁྱབ་པ་གནང་ཞིང༌། ང་རྒྱལ་དང༌། དྲེགས་པའི་ཀུན་ཏུ་སྤྱོད་པ་ཅུང་ཟད་ཀྱང་མི་མཛད། དཀོན་མཆོག་གི་མཆོད་པ་ལ་ཐུགས་ལྷག་པར་སྤྲོ་ཞིང༌། དད་པའི་དབང་ལས་ཉིན་རེ་བཞིན་དགེ་འདུན་གྱི་མང་ཇའི་ཆུ་ཡང་རྗེ་ཉིད་རང་གི་སྐུ་རྒྱབ་ཏུ་བུམ་པ་ཆེན་པོ་བསྣམས་ནས་ལེན་པ་མཛད། མང་ཇ་ཕལ་ཆེར་ལ་ཚོགས་ཕྱག་དང་སྤོས་འབུལ་ལ་ཕེབས་ཤིང༌། སྐབས་འགར་བླ་མ་རྗེས་སུ་དྲན་པའི་ཐུགས་དད་པ་ཆེན་པོ་གཡོས་ཏེ། སྤྱན་ཆབ་མང་པོ་བསིལ་ཕྱག་འཚལ་གནང་བས། དགེ་འདུན་རྣམས་ཀྱང་དད་པའི་སྤུ་ལོང་གཡོས་ཤིང༌། འགའ་ཞིག་ཉམས་དུང་ངེས་འབྱུང་སྐྱོ་ཤས་ཆེན་པོས་བསྐུལ་ཏེ། རྗེ་ཉིད་ཀྱི་མཛད་པ་ལ་རྗེས་སུ་ཡི་རང་པའི་སྨོན་ལམ་བྱང་ཆུབ་ཏུ་སེམས་བསྐྱེད་པ་མང་དུ་བྱུང་གདའ། གཞན་ཡང་དགེ་སློང་སུམ་ཅུ་སོ་ལྔས་ཕྱག་མཛུབ་རྣམས་མར་མེར་ཕུལ། ལྷག་པར་རྗེ་དེ་རང་གི་ཆིབས་ཆུང་བ་དགེ་སློང་ཡང་དག་ཟེར་བ་ཞིག་གིས། སྐུ་ལུས་ཧྲིལ་པོར་མར་མེར་ཕུལ་བའི་བརྩོན་པ་སྙིང་སྟོབས་ཆེན་པོ་ཟོལ་དང་རྫུན་མེད་རང་དུ་མཛད། མཆོད་པ་ཆུང་དང་ཆེན་པོ་སྟེ། །ང་རྒྱལ་བཅས་དང་ང་རྒྱལ་མེད།། སྦྱོར་དང་འགྲོ་བ་ཉིད་དང་ནི། །སྨོན་པའི་སྒོ་ནས་དེར་འདོད་དོ།། རང་གི་སེམས་ཀྱིས་སངས་རྒྱས་རྣམས་མཆོད་པ།། ཆོས་ལ་མོས་དང་བསམ་དང་དབང་འབྱོར་དང༌།། རྣམ་པར་མི་རྟོག་ཐབས་ཡོངས་བཟུང་བ་དང༌།། ཀུན་དང་དོན་གཅིག་ཉིད་ལ་འཇུག་པས་མཆོག།མདོ་རྒྱན་ལེའུ་༡༨ དེ་ནས་སྐུ་གདུང་གི་མཆོད་རྟེན་གསེར་དངུལ་ལས་གྲུབ་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཀོད་ཀྱིས་མཛེས་པ་ཐོག་སོ་བདུན་ཙམ་གྱི་ཚད་དུ་ཕྱིན་པ། དངུལ་གདུང་བཞུགས་པའི་གཙུག་ལག་ཁང་ཆེན་པོ་རྒྱ་ནག་ལུགས་ཀྱི་ཤིང་བརྩེགས་ལ་སོགས་པའི་བཀོད་པ་མཛེས་པ་སྟོབས་ཤིན་ཏུ་ཆེ་བའི་ས་རྡོ་རྗེ་ཉིད་རང་གིས་ཀྱང་སྐུ་རྒྱབ་ཏུ་བསྣམ་སྟེ། ཉིན་རེ་བཞིན་བསྐྱལ་བ་གནང་ནས། ལེགས་པར་གྲུབ་རབ་ཏུ་གནས་ཤིང༌། མཆོད་པའི་སྤྲིན་གྱི་ཕུང་པོ་ཆེན་པོས་བརྒྱན་པར་གྱུར་ཏོ།། དེ་ལྟར་བཅོམ་ལྡན་འདས་ལ་དངས་བ་རབ་སྐྱེས་ཤིང༌།། རྫས་དང་བཀུར་བསྟི་ཆེན་པོ་ཤིན་ཏུ་བརྒྱན་མཆོད་ལྡན།། ཡོན་ཏན་མང་ལྡན་ཕན་བྱེད་བཤེས་ལ་རྟག་བསྟེན་པ།། འགྲོ་ལ་རྗེས་སུ་བརྩེ་བ་གྲུབ་པ་ཀུན་ཐོབ་གྱུར།། མདོ་རྒྱན་ལེའུ་༡༨ ཡང་སྐབས་ཤིག་གི་ཚེ་སྒོམ་ཆེན་པ་མོས་གུས་ཅན་མང་པོས་དད་པའི་གདུང་ཤུགས་ཀྱིས་གསོལ་འདེབས་རྒྱང་འབོད་མཛད་པ་སོགས་གསན་པའི་རྐྱེན་ལས། དེ་དག་ལ་ཐུགས་རྗེས་སུ་ཡི་རང་བ་དང༌། དགྱེས་ཚོར་ཚད་མེད་པ་འཁྲུངས། བླ་མ་རྗེས་སུ་དྲན་པའི་ཐུགས་དད་པ་ཆེན་པོ་གཡོས་ནས་མང་དུ་བཤུམས་ཤིང་ཏིང་ངེ་འཛིན་ལ་ཡུན་རིང་འབྱམས། སླར་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཐུགས་དགོངས་ལ་སྤྱིར་འདུས་བྱས་ཐམས་ཅད་མི་རྟག་སྒྱུ་མ་དང་འདྲ། སྒོས་ཞག་རེ་སོང་ཞིང་འཆི་བ་ལ་ཐག་ཉེ་བས་འདུ་འཛི་ལོངས་སྤྱོད་ཀྱི་ནང་དུ་བག་ཕབ་ནས་ཅི་བྱེད། ད་ནི་དུས་དེ་རིང་ནས་གནས་མལ་ཀྱང་རི་སུལ་དང༌། ཤིང་དྲུང་སོགས་ངེས་མེད་བས་མཐའ་བརྟེན། ཟས་བསོད་སྙོམས་དང༌། གོས་ཕྱག་དར་ཁྲོད་ངན་ངོན་ཙམ་གྱི་ཆོག །ཆོས་བརྒྱད་ཀྱི་དྲི་མས་མ་གོས་པ་ཞིག་བྱ། གཞན་དད་མེད་ལོག་ལྟ་ཅན་སྨྱོན་པ་དང་འདྲ་བའི་སྐྱེ་བོ་མང་བ་དང༌། དུས་ཀྱི་དབང་ལས་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་འཕེལ་འགྲིབ་ཆེན་པོ་འབྱུང༌། རང་ཡང་སེམས་བསྐྱེད་ཀྱི་འཁོས་ཀ་ཞན་པར་ཤེས་ཀྱང་བྱ་ཐབས་ཡེ་མི་འདུག །བསྟན་པའི་རྩ་བ་ཡིན་པས་འདུལ་བའི་བསླབ་པ་ལ་གཅེས་སྤྲས་དང༌། བྱང་ཆུབ་ཀྱི་སེམས་ལ་འབད་རྩོལ་བྱ། གཞན་བྱིས་པ་སོ་སོ་སྐྱེ་བ་རྣམས་དང་སྣང་བ་བསྟུན་པའི་སྟོབས་གཟི་བརྗིད་ཀྱི་ཚུལ་རི་དྭགས་རྒྱ་ལ་ཐོགས་པའམ། གོ་རར་བཅུག་པ་དང་འདྲ་བ་འདུག་པས་ཅི་ཞིག་བྱེད། ད་ནི་ཡེ་ཤེས་རྡོ་རྗེ་ལ་སོགས་པར་སྐྱེ་བ་བརྒྱུད་ཀྱང་དགོས་པ་མི་འདུག་སྙམ་དུ་དགོངས་ཤིང༌། བླ་མ་རྗེས་སུ་དྲན་པའི་མགུར་འདི་སྐད་ཅེས། ༣༤༩ ན་མོ་གུ་རུ། འོད་དཔག་མེད་མགོན་ཞྭ་དམར་ཅོད་པཎ་འཛིན། །བྱང་ཆུབ་སེམས་དཔའ་རྒྱལ་བ་མ་ཕམ་པ། །ང་ཡི་སྐྱབས་གཅིག་ཆོས་ཀྱི་དབང་ཕྱུག་ལ། །མི་ཕྱེད་དད་པས་སྙིང་ནས་ཕྱག་བགྱིའོ། །ཁྱོད་ཀྱི་བརྩེ་བའི་ཐུགས་རྗེས་རྗེས་བཟུང་ནས། །ཅི་སླད་ང་ནི་ཡུན་རིང་བཏང་སྙོམས་སུ། །འབོར་བའི་གནས་སྐབས་འདི་འདྲ་ཇི་ལྟར་ཕོད། །ཐུགས་རྗེས་གཟིགས་དང་ཆོས་ཀྱི་དབང་ཕྱུག་ཀྱེ། །ཨ་ཡི་རིགས་ཅན་གསུམ་གྱི་གདུལ་བྱ་ཡི། །ནང་ནས་སྨོན་ལམ་འབྲེལ་པ་བཟང་ཚོགས་ཀྱི། །ཁོ་བོ་མ་གཏོགས་བསམ་རྒྱུ་མེད་པ་རྣམས། །ཚུར་ཤོག་ཚུར་ཤོག་དཔལ་ལྡན་བླ་མ་ཡི། །བརྩེ་བས་བསྐྱངས་པའི་བུ་རྣམས་ད་ཚུར་ཤོག །ད་ལྟ་དལ་འབྱོར་དང་ལྡན་རྙེད་དཀའ་བའི། །ངེས་དོན་ནོར་བུ་དགོས་འདོད་ཀུན་འབྱུང་བ། །འབད་པ་མེད་པར་བླ་མས་དུས་འདི་རུ། །ཡུ་བུའི་ལག་ཏུ་བྱིན་ན་དེ་ལས་ཅི། །ད་དུང་འཆིང་བུའི་དུམ་བུས་ཅི་ཞིག་བྱེད། །ད་དུང་འདུ་འཛིའི་ནང་དུ་བག་ཕབ་ནས། །གཏམ་དང་གྲགས་པ་འཁོར་འབངས་སྐྱོང་བ་ཡི། །ཚེ་འདི་ཡི་བྱ་བའི་འདུན་གྲོས་མཁན། །འཁོར་བ་རུ་ཡང་ཡང་རང་གཞན་ཀུན། །ཐོག་མེད་ཀྱི་དུས་ནས་དམྱལ་ཐག་བཅད། །དེ་བཅད་ཀྱང་སྦྲང་རྩི་ལ་སྦྲང་མ་བཞིན། །འཁྲུལ་པ་འདིས་ད་རུང་བསླུ་བ་འདྲ། །མི་རྟག་མི་རྟག་འདུས་བྱས་རྣམས་མི་རྟག། །སྒྱུ་མ་མཁན་གྱི་སྒྱུ་མ་ཇི་བཞིན་དུ། །སྒྱུ་ལུས་མི་རྟག་ངེས་པར་འཇིག་པ་ཉིད། །ཞག་རེ་སོང་བས་འཆི་ལ་ཉེ་བར་གདའ། །བཟང་ངན་གྱི་གདགས་གཞི་མང་བ་དང༌། །ཚུལ་འཆོས་ངོ་བསྲུངས་ཀྱི་བསླུ་བྲིད་དང༌། །རང་སྣང་མ་དག་པའི་ཀུན་སློང་དང༌། །རྣམ་རྟོག་གིས་ད་རུང་བསླུ་བ་འདྲ། །མ་ཡེངས་མ་ཡེངས་བྱ་ར་གྱིས། །དུས་དེ་རིང་ནས་རི་སུལ་ཤིང་དྲུང་དང༌། །ངེས་མེད་བས་མཐའི་གནས་མལ་བསྟེན། །དུས་དེ་རིང་ནས་ཁ་ཟས་བསོད་སྙོམས་དང༌། །གོས་ཕྱག་དར་ཁྲོད་ཀྱི་ངན་ངོན་ཙམ། །ཆོག་ཤེས་ཀྱི་འཚོ་ཆས་དེ་ཀས་ཆོག། རྒྱལ་ཁམས་ཕྱོགས་མེད་འགྲིམ་དུས་སུ། །ཆོས་བརྒྱད་རྣམ་གཡེང་བྱིས་པ་ཡི། །ཉེས་པའི་དྲི་མས་མ་གོས་པ། །རྡུལ་གྱི་ནང་དུ་དངུལ་ཆུ་བཞིན། །མ་རྒན་རྣམས་སྨྱོ་ཚབས་ཆེ་བ་དང༌། །དད་མེད་མཐར་སྐྱེལ་གྱི་གདེང་ཚན་ཅན། །རང་སེམས་བསྐྱེད་ཀྱི་མཁོས་ཀ་ཆུང་བ་དང༌། །དེ་མཐོང་ཀྱང་བྱ་ཐབས་ཤིག་ཡེ་མ་རྙེད། །སངས་རྒྱས་ཀྱི་བསྟན་པ་འདུལ་བ་ཡི། །བསླབ་པ་རྣམ་དག་ལ་གཅེས་སྤྲས་དགོས། །སྔོན་རོལ་གྱི་བསྐལ་པ་གྲངས་མེད་དུ། །འཁོར་བ་རུ་ལན་གཅིག་མ་ཡིན་པར། །ལས་ཉོན་གྱི་དབང་གིས་དེ་ཙམ་འཁོར། །ངན་འགྲོ་ཡི་སྡུག་བསྔལ་དེ་ཙམ་མྱོང༌། །དེ་དགེ་བ་ལ་ཅུང་ཟད་འབྲེལ་ཐོགས་པའི། །དུས་ད་ལྟ་ལྷ་ལས་ཆེས་ལྷག་པའི། །དལ་འབྱོར་འདི་ཐོབ་པའི་གནས་སྐབས་འདིར། །བྱང་ཆུབ་ཀྱི་ཆེད་དུ་འབད་རྩོལ་འགའ། །བྱེད་རྒྱུ་ཡང་ཡོད་ལ་བྱེད་རང་ཆོག །གཞན་ལབ་ལོབ་མང་པོ་ངས་མི་ཤེས། །མི་རྟག་རྨི་ལམ་ཙམ་འདིར་ཚེ་འདི་ཡི། །བྱ་བ་འགའ་ཡང་བྱེད་ལངས་ག་ལ་ཡོད། །བུ་བཅོས་མིན་གྱི་མོས་གུས་སྐྱེས་ཙམ་ན། །བླ་མ་ཡང་དེ་གས་མཉེས་པ་ཡིན། །དེ་མཉེས་པའི་ཐུགས་རྗེའི་སྤྲིན་ཆེན་ལས། །བྱིན་བརླབས་ཀྱི་ཆར་པ་རྒྱུན་དུ་བབས། །དེ་བབས་པས་མོས་གུས་ཀྱི་མྱུ་གུ་སྐྱེས། །དེ་སྐྱེས་པས་བྱང་ཆུབ་ཀྱི་ལོ་འབྲས་སྨིན། །དེ་སྨིན་པས་མ་རྒན་ཀུན་གྱིས་ཟོས། །དེ་ཟོས་པས་བདེ་ཆེན་གྱི་རོ་མཆོག་མྱངས། །དེ་ཡི་ནུས་བཅུད་ཀྱིས་རང་རིག་ལམ་གྱིས་མཐོང༌། །དེ་མཐོང་བ་འང་བླ་མའི་བཀའ་དྲིན་ཡིན།། འཆི་བས་འབྲལ་བར་མ་གྱུར་ན། །བུ་ད་རུང་ང་ཡི་གམ་དུ་ཤོག །ཨ་ལ་ལ་སྒྲུབ་བརྒྱུད་ཀྱི་བྱིན་བརླབས་ལ། །ཨ་ལ་ལ་བུ་ཡི་མོས་གུས་ལ། །འབྲལ་མེད་དུ་ཐུགས་ཡིད་གཅིག་འདྲེས་ཤོག །ཨ་ལ་ལ་བླ་མའི་ཐུགས་རྗེ་ལ། །ལར་ཐམས་ཅད་ཐམས་ཅད་བླ་མའི་དྲིན། །དུས་ད་ལྟ་བྱིས་པའི་སྣང་ངོ་རུ། །གོ་རར་བཅུག་པའི་རི་དྭགས་བཞིན། །འདི་རྒྱུན་དུ་རྩྭ་བཞིན་སྤོང་སྙམ་ཡང༌། །སྙིང་རྗེའི་དབང་གིས་སྤྱན་རས་གཟིགས། །ཞྭ་མཐོན་མཐིང་གི་ཅོད་པཎ་འཛིན་པ་བཅུའི། །གྲངས་སུ་བླ་མ་ཡི་འདྲེན་པ་ང༌། །ལར་སྐྱེ་བ་འདི་གས་ཐ་མ་ཡིན། །བུ་མོས་གུས་ཤིག་བྱེད་ན་བྱེད་རེ་རན། །གསོལ་བ་ཞིག་འདེབས་པའི་དུས་ལ་བབས། །ཟུར་བསྟན་པས་ད་ནི་ཆོག་ཚོད་ཡིན། །ལྡེབས་ཤིག་སྟོན་ན་རན་ནས་འདུག །དེ་གོ་འམ་མ་རྒན་སེམས་ཅན་རྣམས། །དེ་གོ་འམ་མ་རྒན་དྲེད་པོ་རྣམས། །ཁྱོད་ད་རུང་སེམས་ལ་སྐོར་ལྡབས་གྱིས།། ཀྭ་ཡེ་ནམ་མཁའ་ལ་ནི་ནམ་མཁའ་བཞིན། །ཟབ་ཞི་སྤྲོས་བྲལ་རྨད་བྱུང་བདུད་རྩིའི་གསང༌། །རང་གིས་རང་རིག་གསལ་བ་དེ་ཁོ་ན། །བདེ་ལྡན་ལྷན་སྐྱེས་ཕྱག་རྒྱ་ཆེ་བརྙེས་ཤོག །མངྒལཾ།། སུ་ལ་ཡང་འདི་ལྟ་བུ་མི་སྨྲ་སྙམ་ཡང༌། ད་དུང་སྒྲུབ་བརྒྱུད་གོང་མ་དང་ཁོ་བོ་ལ་ཞེ་ཐག་པ་ནས་མཉེས་ཚོར་ཆེ་བའི་སྒོམ་ཆེན་མོས་གུས་ཅན་འགའ་རེ་ཚོགས་པས། དེ་ལ་ཁོ་བོ་མོས་གུས་སྐྱེས། དགའ་བ་ཚད་མེད་པ་བྱུང༌། མང་པོ་ཞིག་ངུས། འདི་ཡིན་འདི་མིན་མེད་པར་དར་ཅིག་ལུས། རང་གི་གང་ཉམས་ཀྱི་གླུ་འདི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་དང་ཐུགས་ཡིད་གཅིག་ཏུ་འདྲེས་པ། ཤཱཀྱའི་དགེ་སློང་ནགས་མཐའ་ལ་དགའ་བ། ཆོས་དབྱིངས་རྡོ་རྗེ་འཕྲིན་ལས་མངོན་པར་མཐོ་བའི་དཔལ་གྱིས། རི་བོ་སྤོས་ངད་ལྡང་བ། བྱ་དང་རི་དྭགས་དུ་མ་བག་ཡངས་སུ་རྒྱུ་བ། མེ་ཏོག་རྒྱས་པའི་ནགས་ཚལ་དང་ཉེ་བའི་གྲུབ་པའི་གནས་མཆོག་འོག་མིན་མཚུར་ཕུའི་གཞལ་མེད་ཁང་ཆེན་པོར་བྲིས་པའོ། །ཞེས་གསུངས་སོ།། དེ་ལྟར་ཞལ་གདམས་གནང་བ་དང་རྗེས་སུ་མཐུན་པར། ཚེ་འདི་པའི་སྐྱེ་བོ་མཆོག་དམན་གང་དང་ཡང་ཐུགས་སྣ་མི་བསྟུན་གྱིས་ཤིག་ཅེས་པའི་བརྡའ་སྟེ། སྔོན་དགུང་ལོ་བཅུ་བདུན་ཙམ་གྱི་སྐབས། མ་འོངས་པའི་ཚུལ་མང་པོ་མངོན་པར་མཁྱེན་ཏེ། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་འདི།། དགུན་དུས་སུ་མྱུ་གུ་འཁྲུངས་པ་བཞིན།། མི་སྲིད་པ་སྲིད་པའི་དུས་ཤིག་འོང༌།། སྙིང་རུས་ལ་འབུངས་ཤིག་རྗེས་འཇུག་རྣམས། །ཞེས་དང༌། རྗེས་འཇུག་འཁོར་དང་ལོངས་སྤྱོད་རྣམས།། རྨི་ལམ་དུ་བྱུང་ཡང་བདུད་རྒྱལ་ཡིན།། མཆིལ་མའི་ཐལ་བ་བཞིན་དུ་གང་དགའ་གྱིས།། ཞེས་གསུངས་པ་ལྟར་རོ། །དེ་ནས་བཞུགས་སྒར་གྱི་བཀའ་འཁོར་བུ་སློབ་མང་ཚོགས་རྒྱ་ཆེན་པོ་ལ་སོགས་པ་ནི་ལྟ་ཅི་སྨོས། ཞབས་འབྲིང་པ་ཉུང་ཤས་རེ་ལ་ཡང༌། འདིར་འགྲོ་དང་འདི་བགྱིས་ཙམ་གྱིའང་བཀའ་མི་སྩལ་བར། གཅིག་པུར་ནགས་ཚལ་དང་རི་བྲག་བས་མཐའ་གང་དབེན་པའི་ས་རྣམས་སུ་གཤེགས་པ་དང༌། རིམ་འགྲོ་པ་རྣམས་ཀྱིས་ཞབས་རྗེས་བསྙགས་ནས་འགྲོ་མོད། དེ་དག་ཏུ་རི་དྭགས་འཁོར་བ་ལ་ཐུགས་དགྱེས་པའི་རྣམ་པས་སྐུ་འཁོར་རྣམས་ལ་གསུང་ཡང་ཆེར་མི་འབྱོན་པ་བསེ་རུ་ལྟ་བུའི་ངང་ཚུལ་གྱིས་བཞུགས་པ་མང་ཞིང༌། སྨད་ཁུང་རྫོང་ཞེས་བྱ་བའི་ཡང་དབེན་དུ། རི་དྭགས་ཞིག་ལ་ཞལ་གདམས་ཀྱི་ཚུལ་འདི་གསུངས་སོ།། ༣༥༦ མཐོན་མཐིང་པདྨ་སྔོན་པོ་འདྲ་བའི་མིག །ན་ཚོད་གཞོན་ནུའི་རི་དྭགས་ཁྱོད་ཚུར་ཉོན། །འབབ་ཆུའི་ངོགས་དང་རི་སུལ་གནས་པ་ན། །རྩྭ་འཇམ་ཚོགས་ལ་ཁ་ཟས་བྱེད་བཞིན་དུ། །ལང་ལོང་རྩེ་འཇོ་བྱེད་པའི་ལོང་མེད་དེ། །དུག་ཆུས་སྦགས་པའི་རྔོན་པས་འཕངས་པའི་མདའ། །ཁྱོད་ལུས་མཛེས་པའི་ཐོག་ཏུ་དུས་མིན་དུ། །ཕོག་ནས་ཟུག་རྔུ་དྲག་པོས་སྲོག་འགྲོ་ངེས། །མ་ཡེངས་བཙན་ས་བཟུང་བའི་དུས་ལ་བབ།། ཅེས་གསུངས་སོ། །གསོལ་ཇ་དང་གསོལ་བ་ཡང་ཞིམ་དད་དང༌། སྡིག་ཟས་འདྲེས་པའི་རིགས་གཏན་ནས་མི་བཞེས་པར། ང་ཁ་ལང་ལ་ཤོར་བ་མེད་གསུངས་ཤིང༌། གསོལ་ཇ་ལ་ཞིབ་བཏབ་ནས་ཅུང་ཟད་རེ་གསོལ། གཟིམ་མལ་སོགས་ཀྱང་དྲོ་དྲོ་མ་དང༌། སྐྱིད་སྐྱིད་མོ་མི་དགོས་པར། འདུལ་བ་ལས་ཇི་ལྟར་གསུངས་པ་ལྟར་འཕགས་པའི་རིགས་བཞི་ལ་གནས་པར་མཛད་ཅིང༌། ཉལ་བ། སྙེས་པ་དང༌། འདུ་འཛི་ལོངས་སྤྱོད་ཀྱི་བདེ་བ་ལ་མི་ཞེན་ཅིང༌། ལྟར་སྣང་གི་བདེ་བས་ཐུགས་ནམ་ཡང་མི་འཕྲོག །དེ་ལྟ་བུའི་རོ་མྱོང་བར་མི་མཛད་དོ། །མདོ་སྡེ་རྒྱན་ལས། འདོད་པའི་ཉེས་དམིགས་ཤེས་པ་དང༌། །འཁྲུལ་པ་དག་ལ་རྟོག་པ་དང༌།། སྡུག་བསྔལ་དང་དུ་ལེན་ཉིད་དང༌། །དགེ་བ་དག་ནི་གོམས་པ་དང༌།། བདེ་ལ་རོ་མྱང་མེད་ཉིད་དང༌། །མཚན་མ་རྣམ་པར་མི་རྟོག་པ།། ས་རྣམས་ཀུན་ལ་བརྟན་པ་ཡིས། །རྟག་ཏུ་བྱ་བ་ཉིད་ཡིན་ནོ།།མདོ་རྒྱན་ལེའུ་༢༠ ཞེས་པ་ལྟར་རོ། །ཡང་གཞན་གྱི་སྣང་ངོར་ཆོས་རྫུ་ལྟ་བུ་དང༌། མཐའ་གཅིག་ཏུ་གདན་ཁོ་ན་ལ་ཆགས་ཤིང༌། ཨ་འཐས་ཅན་སྡུག་རྩིར་གྱི་སྒོམ་ལུགས་ལྟ་བུ་ཡང་མིན་པར་ཉིན་ཕལ་ཆེར་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟར་གཟིགས་པའི་རྣམ་འགྱུར་ངེས་མེད་ཀྱི་སྐུའི་ཆ་ལུགས་སྣ་ཚོགས་སྟོན་ཅིང༌། ཞབས་འཆགས་དང༌། ཕྱག་བྲིས་སོགས་གནང་ཡང༌། ཐུགས་ཀྱི་སྟེང་ཏིང་ངེ་འཛིན་ལས་མི་གཡོ་བ་མེད་པའི་རྟགས། སྤྱན་གྱི་གཟིགས་སྟངས་ཅུང་ཟད་ཀྱང་མི་འགྱུར་ཞིང་སྤྱོད་ལམ་འཁྲུལ་པ་མི་མངའ་བ། ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང༌། །གནས་པ་ཀུན་ལ་རྟག་པར་ནི།། ཀུན་མཁྱེན་མིན་སྤྱོད་མི་མངའ་སྟེ། །ཡང་དག་དོན་ལྡན་་་་་་་་༌།།མདོ་རྒྱན་ལེའུ་༢༡ ཞེས་པ་ལྟར་རོ། །མཚན་མོ་ཕལ་ཆེར་གཟིམ་པའི་ཚུལ་ཙམ་ཡང་མེད་པར་གཏན་དུ་ཁྲོང་ངེར་བཞུགས། མ་ཎི་དང་སྒྲོལ་དཀར་གྱི་བཟླས་བརྗོད་རེ་གནང་གི་ཡོད་པ་འདྲ་ཟེར། གཞན་ཐུགས་མི་གཡོ་ཞིང་གཏིང་དཔག་དཀའ་བས་ཐུགས་དམ་གྱི་རིམ་པ་ཇི་ལྟར་མཛད་སུས་ཀྱང་མི་ཤེས། གཏོར་མ་གཞེངས་པ་དང༌། རྔ་བརྡུང་བ། དུང་འབུད་པ་སོགས་སྤྲོས་བཅས་མཚན་མའི་གཡེང་བ་འདྲེས་པ་ནི་ཅུང་ཟད་ཀྱང་མི་གནང་བས། ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཆེན་པོའི་རང་མདངས་མཁའ་ཁྱབ་སེམས་ཅན་ལ་བརྩེ་བས་གཟིགས་ཤིང༌། རྟག་ཏུ་ཡང་དག་པའི་དྲན་པ་དང་ལྡན་པར་བཞུགས་པའོ།། བྱང་ཆུབ་སེམས་དཔའ་ལྟ་བ་རྣམ་དག་པ། །ཚུལ་ཁྲིམས་ཤིན་ཏུ་རྣམ་དག་མཉམ་པར་བཞག། ཆོས་ལ་ང་སྤངས་རྒྱུད་དང་ཀུན་ཉོན་མོངས། །རྣམ་པར་དག་པ་ཐ་དད་ང་རྒྱལ་མེད།།མདོ་རྒྱན་ལེའུ་༢༡ གཞན་ཡང་འཇིག་རྟེན་གྱི་རྣམ་གཡེངས་དང་མ་འདྲེས་པར། དབེན་པ་ལས་བྱུང་བའི་བདེ་བ་དང་དགའ་བ་ཁོ་ན་ལ་ཐུགས་དགེས་པའི་རྣམ་འགྱུར། སྔོན་གྱི་དྲང་སྲོང་དང༌། གྲུབ་པའི་དབང་ཕྱུག་དག་གི་ཀུན་ཏུ་སྤྱོད་པའི་ཟློས་གར་གྱི་ཚུལ་དུ། རྩྭ་རི་དང༌། དེ་ཝི་ཀོ་ཊ་དང༌། དུར་ཁྲོད་ཀྱི་གནས་གཞན་དག་དང༌། བྱང་གི་ལུང་སྟོང་རི་བྲག་སྣ་ཚོགས་སུ་ཕེབས་ཤིང༌། ས་ཕུག་དང༌། བྲག་ཕུག་དང༌། གད་སྐྱིབས་དང༌། རྩྭའི་སྤྱིལ་པོ་ལ་སོགས་པའི་གནས་མལ་དང༌། ཤིང་ཤུན་གྱི་ན་བཟའ་དང༌། ཀུ་ཤ་དང༌། ཀྲི་ཎ་ས་ལའི་པགས་པའི་གདན་དང༌། རྨ་བྱའི་མདོངས་ཞྭ་སོགས་དྲང་སྲོང་ཆེན་པོའི་ཆ་ལུགས་སུ་མཛད་ཅིང༌། དྲང་སྲོང་གདུང་བུ་རི་ལ་སོགས་པའི་བསྟི་གནས་སུ་གྲུབ་པ་རིག་འཛིན་མང་པོ་ཏམྦུ་རའི་སྒྲ་ལ་བརྟེན་ནས། ཨོཾ་ཡིག་དང༌། སྭ་ར་སྭ་སྟི་གླུ་དབྱངས་ལེན་ཅིང་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བ་ལྟར། སྐབས་དག་ཏུ་མཆོད་པའི་བྱེ་བྲག་དང་ཐུགས་ཡིད་འབྱུང་བསྐུལ་བའི་ཕྱིར། རོལ་མོ་མཁན་རེ་རེ་ཙམ་རྒྱུད་མངས་སྒྲ་སྙན་གྱི་རིགས་ལེན་དུ་འཇུག་པ་མཛད། གཞན་ལོང་གཏམ་སྨྲ་བརྗོད་ཀྱི་རིགས་ནི་ལྟ་ཅི། ཐ་སྙད་ཀྱི་ཆོས་སྐད་ཡང་ངག་འཆལ་ལྟ་བུར་དགོངས་ནས་ངེས་དོན་ཟབ་མོ་ཁོ་ན་ལ་ཆོག་ཤེས་སུ་གནང་ངོ༌།། དགེ་བ་བསགས་དང་བརྟན་དང་རྩོན་པ་རུ། །དབེན་དང་དགེ་བ་མཆོག་ལ་མངོན་དགའ་བ།། རྒྱལ་བའི་སྲས་ཀྱི་ཡན་ལག་ལྡན་པ་ཡི། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་དོ།།མདོ་རྒྱན་ལེའུ་༩ ཡང་རེས་འགའ་སེམས་ཅན་གྱི་རིས་སྣ་ཚོགས་ལ་དགྱེས་པའི་ཚུལ་སྟོན་མོད། འཇིག་རྟེན་པའི་ནོར་སྲེད་ལྟ་བུ་ནི་མ་ཡིན་ཏེ། སེམས་ཅན་དེ་རྣམས་ཀྱང་སྐྱེ་བ་དཔག་ཏུ་མེད་པ་ནས་ལས་འབྲེལ་ཡོད་པ་དང༌། ཐུགས་བརྩེ་བའི་སྨོན་ལམ་གྱི་དབང་སྟེ། སེམས་ཅན་དེ་འདྲ་དག་ནམ་ཤི་བའི་ཚེ་ཡང་ཐུགས་བརྩེ་ཤས་ཆེན་པོས། དགེ་འདུན་ལ་མང་བསྐོལ་དང༌། སྨོན་ལམ་རྒྱ་ཆེན་པོ་མཛད་དོ།། རྒྱལ་སྲས་སྤྱོད་ཚེ་ཇི་ལྟ་ཇི་ལྟ་བུར།། དབང་པོའི་སྤྱོད་ཡུལ་སྣ་ཚོགས་འཇུག་འགྱུར་བ།། དེ་ལྟ་དེ་ལྟར་རིགས་ཤིང་མཐུན་ཚིག་གིས།། སེམས་ཅན་ཕན་ཕྱིར་དེ་མངོན་འདུ་བྱེད་དོ།། མདོ་རྒྱན་ལེའུ་༦ ཞེས་པ་ལྟར་རོ། །གཞན་ཡང་ལྟོས་བཅས་འབྲེལ་པ་ཅན་རྣམས་བརྩེ་བས་མི་འདོར་བའི་བྱིན་རླབས་བསླུ་མེད་དུ་ཡོད་པའི་རྣམ་པ་ནི། ཚོང་དཔོན་འབྲུག་རྒྱལ་པོ་ཟེར་བ་ཞིག་ལ། ཇུ་ཐིག་མཁན་སོགས་མོ་མ་མང་པོས་ཁྱོད་ལ་སྟིབ་འོག་ཏུ་འཆི་བ་འམ། མེའི་འཇིགས་པ་ཆེན་ཡོང་བ་འདུག་པས། བླ་མ་བཟང་པོ་ཞིག་ལ་སྐྱབས་ཞུས་ན་བཟང་ཟེར་བས། ཀརྨ་པ་ལ་ལྟོས་བཅས་ཀྱི་དད་པས་དེ་ལྟ་བུའི་འཇིགས་པ་ལས་སྐྱོབས་པའི་ཞུ་འབུལ་བྱས་པས་ཞལ་གྱིས་བཞེས་ནས་ཕྱག་མདུད་ཞིག་གནང་བ་ལས། དེ་ལོ་དར་རྩི་མདོར་ས་གཡོས་ཀྱི་འཇིགས་པ་ཆེན་པོ་བྱུང་སྐབས། མ་གཅིག་དང་ཚོང་ཕྲུག་རྣམས་ཉེར་སྐོར་གྱི་ཕྱོགས་གཞན་ཞིག་ཏུ་གནས། ཚོང་དཔོན་གནས་པོའི་སར་ཆང་འཐུང་ལ་ལུས་པའི་ནུབ། ནམ་ཕྱེད་ཙམ་ན་ས་ཆེར་གཡོས་ཏེ། ཁྱིམ་ཐམས་ཅད་འགྱེལ་ཞིང་སྟེང་འོག་ཀྱང་འཁྲུལ། ཚོང་འདུས་དེའི་སྐྱེས་འགྲོ་ཐམས་ཅད་རླག་པ་ཙམ་དུ་གྱུར་ཀྱང༌། ཚོང་དཔོན་ཁྱིམ་ཞིག་པའི་ཤིང་གི་ཟོམ་དུ་ལུས། ནང་པར་བུ་ཚ་རྣམས་ཀྱི་ཐམས་ཅད་སྒྲིམ་ནས་བཙལ་བས་ཉེས་མེད་དུ་ཐོན། རྗེ་འདི་ཉིད་ཀྱི་ཐུགས་རྗེ་བྱིན་རླབས་ལ་ཡིད་ཆེས་པའི་ལོ་རྒྱུས་རྫུན་མེད་ཁོ་རང་གིས་བཤད་བྱུང༌། གཞན་ཡང་བཙོ་སྲེག་བྱེད་པའི་རྫའི་ནང་ན་སྡུག་བསྔལ་ལ་སྤྱོད་པའི་སེམས་ཅན་ཡོད་པ་གཟིགས་ཏེ། བླུ་མ་བཟང་པོ་གནང་སྟེ་རྫ་བཅག་པའི་ཤུན་བར་ནས་སྲོག་ཆགས་ཐོན་པ་མཐོང་ངེས་ཀྱི་གཏམ་ཡོངས་སུ་གྲགས་ཏེ། སེམས་ཅན་ཉི་ཚེ་བ་རེ་ལའང་བྱམས་བརྩེས་སྐྱོབས་ཚུལ་དེ་འདྲ་ན། མཐའ་མེད་ཀྱི་སེམས་ཅན་ལ་དཔག་ན་ཐུགས་རྗེ་འཇུག་ཚུལ་ཇི་ལྟར་ཡོད་སུ་ཞིག་གིས་རྟོགས་པར་ནུས་ཏེ། བསམ་གྱིས་མི་ཁྱབ་བོ། །ཇི་སྐད་དུ། མདོ་སྡེ་རྒྱན་ལས། སེམས་ཅན་ཀུན་དོན་གྲུབ་བྱེད་དོ། །སངས་རྒྱས་སྤྲུལ་པ་དེ་རྟག་ཏུ།། མཛད་པ་སྒྲུབ་པའི་བྱེ་བྲག་དང༌། །གྲངས་དང་ཞིང་གི་རྣམ་ཀུན་དུ།། བསམ་མི་ཁྱབ་པར་ཤེས་པར་བྱ། །མདོ་རྒྱན་ལེའུ་༡༠ ཞེས་གསུངས་པ་བཞིན་ནོ།། སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས།། མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ།། མདོ་རྒྱན་ལེའུ་༢༡ ཡང་རྗེ་འདི་པ་བཤེས་གཉེན་ཆེན་པོ་པོ་ཏོ་བའི་སྐྱེ་མཐའ་ཡིན་ལ། དེ་ཡང་གནས་བརྟན་ཆེན་པོ་ཡན་ལག་འབྱུང་གི་རྣམ་སྤྲུལ་ཡིན་པར་ཡིད་ཆེས་པའི་ལུང་གིས་གྲུབ་ཅིང༌། རེ་འགའ་གནས་བརྟན་ཆེན་པོའི་སྐུའི་ཆ་ལུགས་སུ་ཡང་མཛད། ཐུབ་པའི་བསྟན་པ་རྒྱས་ཤིང་གནས་པའི་རྟེན་འབྲེལ་དུ་དགོངས་ནས། གནས་བཅུའི་སྐུ་བརྙན་ཡང་ཡང་བཞེངས་བ་གནང་སྟེ་རབ་ཏུ་གནས་ཤིང༌། མཆོད་སྤྲིན་གྱིས་བརྒྱན་པར་མཛད། དེ་དག་རིག་བྱེད་མཁན་གང་གི་མཐོང་ཡང་ཐམས་ཅད་མཁྱེན་པར་ངེས་ཤེས་འདྲེན་ནུས་ཤིང༌། ཏིང་འཛིན་རྒྱལ་པོའི་མདོ་ལས། འཇིག་རྟེན་བཟོ་གནས་མང་པོ་གང་ཡོད་པ།། ཐམས་ཅད་བྱང་ཆུབ་སེམས་དཔའ་དེས་བསླབས་ཏེ།། བདག་ལས་ལྷག་པ་སུ་ཡང་མི་མཐོང་བ།། འདི་དག་བཟོད་པ་དང་པོའི་ཁྱད་པར་རོ།། ཞེས་གསུངས་པ་དང་ཡང་མཐུན་ནོ། །ཡང་གནས་བརྟན་ཆེན་པོ་འདི་དག་ལ་ཐུགས་མོས་པའི་དབང་ལས། དགེ་འདུན་ཕྱོགས་མེད་ལ་དག་སྣང༌། བཙུན་པ་བཞི་སྡེ་མན་ཆད་ལ་ཚོགས་ཕྱག་དང༌། ཆོས་བྱེད་གང་གཟིགས་ཀྱང་ཕྱག་ཐུགས་ཁར་ཐལ་མོ་སྦྱར་ཞིང་མོས་པའི་རྣམ་འགྱུར་མཛད་པ་ནི། རང་གཞན་རིས་མེད་ཀྱི་ཆོས་པ་ཐམས་ཅད་དག་སྣང་བསྟན་པའི་མིག་རྐྱེན་བཟང་པོའོ།། མཆོག་གི་བསྟན་ལ་གཞན་དག་འདུན་བྱེད་ཅིང༌། །དེ་དག་དགེ་བ་ཡང་དག་འཕེལ་བར་བྱེད།། དེ་ཉིད་དགོངས་དོན་ཚུལ་ལ་རབ་ངེས་ཏེ། །སེམས་ཅན་ཐེ་ཚོམ་ཤིན་ཏུ་སེལ་བར་བྱེད།། དེ་ཕྱིར་རྒྱལ་བའི་བསྟན་ལ་དེ་གུས་པས། །རང་གཞན་དགེ་བའི་ཡོན་ཏན་རྣམས་འཕེལ་བྱེད།། མདོ་རྒྱན་ལེའུ་༩ ཡང་སྐབས་ཤིག་ཉན་ཐོས་ཆེན་པོ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སློབ་པའི་བརྟུལ་ཞུགས་ཀྱིས། སྐྱེ་བོའི་ཚོགས་ཆེན་པོ་བསོད་ནམས་ཀྱི་སྟོབས་རླབས་པོ་ཆེ་ལ་འགོད་པའི་ལས་འབྲེལ་བཟང་པོ་འཇོག་པར་ཐུགས་བསྐྱེད་ནས། སྟོད་ལུང་གཞུང་སོགས་ལ་བསོད་སྙོམས་ལ་ཕེབས་ནས། འབྲུ་མང་ཉུང་གང་འབུལ་མི་བྱུང་ཡང་ཐུགས་དགྱེས་ཤིང་བརྩེ་བའི་རྣམ་པས་རྗེ་ཉིད་རང་གི་གསོལ་ལྷུམ་དུ་མཛེས་པར་མཛད། གཞན་ཡང་ཆེ་འབུལ་ཆུང་འབུལ་གང་བྱུང་ཡང་ཕྱག་གིས་བཞེས་ནས་སྨོན་ལམ་གནང༌། ཚུལ་འདི་ལ་བརྟེན་པའི་འབྲུ་ལ་སོགས་པ་ཐམས་ཅད་ལོག་འཚོར་ཅུང་ཟད་ཀྱང་མི་འགྱུར་བ། དགེ་སློང་བསམ་གཏན་པ་མང་པོའི་གདུགས་ཚོད་ཀྱི་ཐེབས་སུ་གནང་སྟེ། ཉིན་རེ་བཞིན་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེར་མཛད། ཡང་སྐབས་ཤིག་སྟོད་ལུང་གཞུང་སོགས་ཀྱི་སྐྱེ་བོ་དབུལ་ཕོངས་མང་པོ་ལ། རྗེ་ཉིད་རང་གི་ཕྱག་གིས་སྟར་ཏེ་སྦྱིན་སྟོང་རྒྱ་ཆེར་མཛད་དོ།། དེ་ལྟར་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཡིས། །འགྲོ་ཀུན་བདེ་འགྲོའི་འགྲོ་བའང་དགེ་གསུམ་ལ།། རྣམ་པ་ཆུང་དང་འབྲིང་དང་མཆོག་དག་གིས། །འཇིག་རྟེན་ཡོད་དང་མཉམ་པར་འཇུག་པས་འདུལ།། མདོ་རྒྱན་ལེའུ་༩ གཞན་ཡང་རྗེ་བཙུན་འདི་ནི། བྱང་ཆུབ་སེམས་དཔའ་དང༌། དེ་བཞིན་གཤེགས་པའི་འབྱོར་བ་དམ་པ་མངའ་ཞིང༌། ཟིལ་གནོན་གྱི་མཐུ་དང་ལྡན་པས། མ་བསྡུས་པར་རྒྱ་དཀར་ནག་དང༌། ལྗང་དང༌། སོག་པོ་དང༌། བོད་དང༌། བོད་ཆེན་པོའི་ཡུལ་གྲུ་ཐམས་ཅད་ནས་འབུལ་སྟོབས་རྣམ་པ་སྣ་ཚོགས་འབྱུང་ཡང༌། གདུལ་བྱའི་ཁམས་བསམ་པ་དང༌། འདུལ་བའི་རིམ་པ་མཁྱེན་ཅིང་གཟིགས་པའི་ཕྱིར། གྲགས་འདོད་ང་རྒྱལ་དང༌། འཇིག་རྟེན་རེ་བ་ཅི་རིགས་པའི་དབང་གི་འབུལ་སྟོབས་ཇི་ལྟར་ཆེ་ཡང༌། རི་དྭགས་ཀྱི་མདུན་དུ་ནོར་བཞག་པ་ལྟར་སྤྱན་གྱིས་གཟིགས་པ་ཙམ་ལས། སྲེད་ཚུལ་ངོ་བསྲུང་ཡང་མི་མཛད། དད་པས་ཀུན་ནས་བླངས་ཤིང༌། ངེས་འབྱུང་གི་བསམ་པས་ཟིན་པའི་རིགས་ཀྱི་འབུལ་བ་ནི་ངན་ངོན་ཆུང་ཆུང་ལས་མེད་ཀྱང་ཐུགས་བརྩེ་ཞིང་དགྱེས་པའི་རྣམ་འགྱུར་ཆེན་པོ། དེ་ཡང་རང་བཞིན་ཤུགས་འབྱུང་ཡིན་གྱིས་བཅོས་མ་ནི་མ་ཡིན་ནོ།། གཞན་ཡང་དུས་གསུམ་སྒྲིབས་མེད་གཟིགས་པའི་མངོན་མཁྱེན་མངའ་བའི་ཚུལ་ནི། སྔོན་དགུང་ལོ་བཅུ་བདུན་བཅོ་བརྒྱད་སྐབས་ཀྱི་ཞལ་གདམས་ལ་བལྟས་ན་གསལ་བར་ཤེས་ཏེ། རྨོངས་པ་ཕྱོགས་འཛིན་ཅན་གྱི་མི་རྟོགས་ཀྱི་ཆོས་ཀྱི་མིག་ཅན་གཟུ་བོར་གནས་པ་རྣམས་གསོན་ཅིག། ༤༢༩ རྗེ་རྡོ་རྗེ་འཆང་ཆེན་མན་ཆད་ནས། །ཕ་དབང་ཕྱུག་རྡོ་རྗེ་ཡན་ཆད་ཀྱི། །སངས་རྒྱས་ཀྱི་བརྒྱུད་པ་མ་འཆད་པ། །འགྲོ་དོན་གྱི་རྫུ་འཕྲུལ་སྟོན་པ་རྣམས། །དུས་དེང་སང་སེམས་ཅན་བསོད་ཟད་ལ། །ཐུགས་རྗེ་མི་བཟོད་འཕྲིན་ལས་སྐྱོབ་ཏུུ་གསོལ། །མི་ཁོ་བོ་ཡང་ལྷོ་མོན་མཚམས་སུ་འགྲོ། །རྟེན་ཁྱད་པར་ཅན་མཚན་ལྡན་རྣམ་གཉིས་མཇལ། །ཁྱད་པར་སྤྲུལ་པའི་སྲས་མཁར་བསྐོར། །འབྲོག་ལ་ཕྱི་གངས་ཀྱི་རྭ་བར་འགྲོ། །ལྷོ་གྲོ་བོ་ལུང་གི་གཙུག་ལག་མཇལ། །བྲག་རྒོད་ཚང་ཅན་ལ་གནས་མལ་བཅའ། །རྗེ་མི་ལའི་རྫོང་དྲུག་གཏན་ཡུལ་བྱེད། །བདག་གངས་དཀར་སྟོངས་སུ་རི་ཚུགས་འཛིན། །རྗེ་མི་ལ་ཁོ་རང་མི་བསམ་རེ། །ཉི་མ་དེ་རིང་ཡང་སྙིང་ནས་གསོལ་བ་འདེབས། །སྐྱོ་ཤས་ཀྱི་དགོས་མེད་ཞེ་ནས་བསྐུལ། །ཁ་སང་དེ་རིང་ཡང་ན་ཚས་དམྱལ་ཐག་བཅད། །སྙིང་ནས་གསོལ་འདེབས་ཀྱང་བློ་སྣ་དྲེད་པར་བྱུང༌། །འབྲལ་མེད་དུ་རྗེ་ལ་གསོལ་བཏབ་པས། །ན་ཚ་ཡང་གཞི་མེད་བུན་ནེར་སོང༌། །སྐུ་དྲིན་ཡང་འཁོར་ཐབས་མེད་པར་གོ །དུས་དེང་སང་འགྱུར་སྤྱོད་ཅི་འདྲ་ན། །སྡེ་ཕྱོགས་རིས་བྱེད་པའི་ཆགས་སྡང་ཅན། །བསམ་ཆུང་ཁ་དཀར་གྱི་བཀོད་པ་ཅན། །དྲན་རྒྱ་བྲེལ་བ་ཆེ་བ་ཀུན། །དོན་མེད་དུ་བྱ་བཞག་མང་བ་རྣམས། །སྐྱབས་དམ་པར་རློམ་ནས་བདེ་སྐྱིད་འཕྲོག །ཚེ་ཐུང་གི་སྐྱིད་ཐབས་ག་ལ་འཚོལ། །ཕུན་ཚོགས་ཀྱང་རྟག་པར་མི་འདུག་པས། །དུས་ད་ལྟ་ཉིད་དུ་ཨེ་འཆི་ན། །མི་བཟོད་སྐྱོ་བ་གཏིང་ནས་སྐྱེ་བར་བྱུང༌། །དུས་ན་ནིང་ད་ལོའི་བསམ་པ་ལ། །ཡིད་བདེ་བ་སྐད་ཅིག་མ་ཤར་བས། །མཆི་མས་གདོང་བརླན་ངུ་འབོད་འདིར་ལྟར་ཤོར།། ཀྱེ་མ་འདི་ནས་སངས་རྒྱས་མ་ཐོབ་བར། །རྗེས་འཇུག་དར་རྒྱས་འཁོར་འབངས་ལོངས་སྤྱོད་རྣམས། །རྨི་ལམ་དུ་བྱུང་ཡང་བདུད་རྒྱལ་ཡིན། །མཆིལ་མའི་ཐལ་བ་བཞིན་དུ་གང་དགའ་གྱིས། །ནམ་ཞག་གཏན་གྱི་འདུན་མ་སྒྲུབ་པ་སོགས། །ཁོ་བོ་བདག་ལ་ལྟོས་པའི་རྗེས་འཇུག་ཀུན། །གཉེན་མཛའ་གྲོགས་སོགས་སེམས་ལ་མ་འཁྲིས་ན། །དགྲ་སྟོབས་ལྡན་གྱི་ཟིལ་གནོན་མི་ཡོང་བས། །ཡུལ་གང་དུ་ཕྱིན་ཡང་ཕ་ཁྱིམ་ཡིན། །མི་དགེ་བཅུ་སོགས་ཕྱོགས་བཅུར་སྤེལ་བ་རྣམས། །བདུད་ཀྱི་བར་ཆད་ཡིན་པར་ངོ་ཤེས་ནས། །ཐལ་མོ་བརྡབས་ནས་ངུ་འབོད་བྱེད་པ་འདི། །སྤྱིར་དྭགས་པོ་བཀའ་བརྒྱུད་མཚན་ལྡན་དང༌། ཁྱད་པར་མི་མཆོག་དུས་གསུམ་མཁྱེན་པ་ཞེས། །སྒྲུབ་བརྒྱུད་ཉིན་སྐར་ཙམ་ལས་དཀོན་པ་ཡིན། །སྦ་ཐག་མ་ཆད་ཙམ་ནི་མཛད་པ་ཡིན། །ད་ཀརྨ་བཀའ་བརྒྱུད་ཀྱི་སྒྲུབ་བརྒྱུད་འདི། །དགུན་དུས་སུ་མྱུ་གུ་འཁྲུངས་པ་འདྲ། །མི་སྲིད་པ་སྲིད་པའི་དུས་ཞིག་བྱུང༌། །སྙིང་རུས་ལ་ཞེ་གཅིག་ད་རེས་དགོས། །དུས་དེང་སང་སྙིགས་མའི་སྤྱོད་ཚུལ་མཐོང༌།། ལྷ་འདྲེ་རུ་མཆོད་པས་བདུད་དུ་བབ། །དེ་བབ་པས་མི་དགེ་སྣ་ཚོགས་བྱུང༌། །བཀའ་བསྲུང་ཡི་དམ་ཆོས་སྐྱོང་ལ། །ལོག་ལྟ་སྒོམ་ཞིང་ཡི་ཆད་བྱེད། །ཁོང་ཐུགས་རྗེ་ཆུང་བ་མ་ཡིན་ཏེ། །རང་ལ་མོས་གུས་མ་སྐྱེས་པས། །དེ་ལན་རང་ལ་འཁོར་བ་ཡིན། །དེ་འདྲའི་བསྐལ་པ་ཤར་བའི་ཚེ། །མ་རབས་རྣམས་ཀྱིས་ཡ་རབས་རྗེ་རྣམས་འབུད། །རྗེ་རྒྱལ་པོ་རྣམས་འབངས་ཀྱི་ཁྲོད་དུ་འཁྱམས། །མ་རབས་ཚིག་སུན་གྱིས་ནང་མི་མཐུན། །སྙིང་དམར་པོར་ཟོས་ཀྱང་མི་ཚིམ་པའི། །ཞེ་སྡང་གིས་འཐབ་རྩོད་ཅི་ཡང་བྱེད། །དེ་བྱེད་ཞོར་ལ་ཉེས་མེད་སེམས་ཅན་རྣམས། །ལྟག་ཆུ་ཆད་པ་བཞིན་མར་ལ་འགྲོ་ཉེན་གདའ། །དེ་ལྷག་པར་བསམ་ནས་སྤྱན་རས་གཟིགས། །སྐུ་ཟླ་བ་ལྟ་བུའི་བདུད་བརྩི་ལས། །གསུང་བསིལ་ཟེར་ལྟ་བུས་ཉོན་མོངས་ཞི། །ཐུགས་ནམ་མཁའ་ལྟ་བུར་དམིགས་པ་མེད། །དུས་དེ་ཙམ་ན་དགྲ་གཉེན་གྱི་དབྱེ་བ་མེད། །མི་བདག་གིས་ལས་འབྲས་བསླུ་མེད་དྲན། །བདེན་མི་བདེན་མངོན་སུམ་འདི་ལ་གཟིགས། །སྐྱབས་དཀོན་མཆོག་དྲན་ཞིང་ཁ་ནས་ཤོར། །དེ་ཤོར་བ་ཤོག་བུའི་ངོས་སུ་བྲིས། །དེ་བྲིས་པ་རྗེས་འཇུག་གི་ལྟད་མོ་མཛོད།། ཅེས་པ་རང་ལོ་བཅོ་བརྒྱད་པ་ལ་ཡར་ལྷ་ཤམ་པོའི་ཞབས་སུ་བྲིས་པའོ། །ཞེས་གསུངས། ༣༨༤ ཡང༌། རིམ་གྲོ་པར་སློབ་པའི་སྤྲིངས་ཡིག་རྒྱུད་མངས་དཀར་པོ་ཞེས་བྱ་བའི་སྙན་ངག་གནང་བ་ལས་ཀྱང༌། རི་བོ་བྱ་རྐང་ཚང་ཚིང་ནགས་ཀྱི་ནང༌། །རྡོ་ཡི་བྱ་སྐྱིབས་ཉེ་བར་ཆུ་མིག་ཡོད། །མཚན་མོའི་ཐོ་རངས་གཉིད་སད་དུས་ལ་ཡང༌། །འུ་བུས་དབེན་པ་བསྟེན་སྙམ་ཡིད་ལ་བཟུང༌། །དགེ་བ་མ་མཆིས་བྱིས་པའི་རང་བཞིན་ལ། །བདེ་མེད་ལས་ཀྱི་སྡུག་བསྔལ་སྐལ་བ་བླངས། །བྱ་བ་ཟིན་མེད་སྡུག་བསྔལ་སླར་འཁོར་བ། །འདི་ལ་ནམ་ཡང་ཡིད་ནི་མི་བརྟན་ཏོ།། ཞེས་གསུངས་པ་ཡང་ཡུལ་དུས་མངོན་པར་མཁྱེན་པའོ། །འོ་ན་སྔ་མོ་ནས་ཟློག་ཐབས་དང༌། ཟོན་རེ་གནང་ཐང་བ་ལ་ཞེས་ལོག་པར་སྨྲ་ན། དེ་བཞིན་གཤེགས་པས་ཀྱང་བསྟན་པ་འཇིག་པ་མངོན་པར་མཁྱེན་མོད། སློབ་དཔོན་ཆེན་པོ་པདྨས་ཀྱང་ཚུལ་འདི་དག་མཁྱེན་ཅིང་ལུང་བསྟན་སེམས་ཅན་སྤྱིའི་ལས་སྣང་ཐུགས་རྗེ་དང༌། རྫུ་འཕྲུལ་གྱིས་ཟློག་མ་ཐུབ། ཆགས་སྡང་ཕྱོགས་འཛིན་གྱིས་སངས་རྒྱས་ཀྱི་བསྟན་པ་ལ་མི་ཕན། ཕྱོགས་མེད་ཀྱི་དག་སྣང་མཛད་པ་ཡང་སྐྱོན་དུ་གྱུར་པ་ལྟ་བུ་སྟེ། རང་སེམས་བསྐྱེད་ཀྱི་མཁོས་ཀ་ཆུང་བ་འདི། །ལར་ཤེས་ཀྱང་བྱ་ཐབས་ཤིག་ཡེ་མ་རྙེད། །ཅེས་གསུངས་པ་བཞིན་ནོ།། གཞན་ཡང་མངོན་པར་ཤེས་པ་མངའ་བའི་ཚུལ། དངོས་སུ་གསལ་པོ་མི་གསུང་ཡང༌། བརྡའ་དང་ཟུར་གྱིས་མཚོན་པ་མང་པོ་ཕྱིས་ཐོག་ཏུ་བབས་པ་དང༌། ངེས་ཤེས་སྐྱེས་པ་མང་སྟེ། སྐབས་ཤིག་སི་ཏུ་རིན་པོ་ཆེ་ནས་དར་རྟེན་ཕྱག་བྲིས་ཞིག་ཞུས་པར་ཡུལ་ལྗོངས་ཀྱི་བཀོད་པ་ཤིན་ཏུ་དངོས་ཉམས་དོད་པ་ཞིག་ན་ཁོ་རང་སྐུ་གཤེགས་པའི་ཚུལ་ཞིག་བྲིས་ནས་གནང་བ་ལས། ཕྱིས་ལོ་མང་པོ་སོང་ནས། ཡར་འབྲོག་ཏུ་ཕེབས་པ་ན་སྐུ་གྲོངས་ཚལ་བར་གྱུར་ཏེ། དོགས་པ་སྐྱེས་ནས་སྔར་གྱི་ཕྱག་བྲིས་དེ་ལ་གཟིགས་པས། ཚུལ་ཇི་ལྟ་བར་འདུག་པས་ཐུགས་དད་པ་ཆེན་པོ་འཁྲུངས་ཤིང་བདེ་བར་གཤེགས་སོ།། ཡང་དྲུང་རམ་པ་དཀོན་མཆོག་དཔལ་འབར་ལ་དགོན་པ་ཅིག་ན་ཁོང་རང་ཆང་བཞེས་པ་ཞིག་བྲིས་ནས་གནང་བ་ཕྱིས་ཤངས་འབར་དུ་སླེབས་དུས་ཡུལ་བཀོད་སོགས་ཚུལ་ཇི་ལྟ་བར་འདུག་པ་ཐུགས་མཁྱེན་མངའ་བའི་ངེས་ཤེས་སྐྱེས། ཕྱག་བྲིས་དེ་བདག་གི་བླ་མས་ཀྱང་གཟིགས་ནས་ཐུགས་ཡིད་ཆེས་ཤིང་ངོ་མཚར་བར་དགོངས། གཞན་ཡང་མྱུར་དུ་འཇིག་འགྱུར་གྱི་རྟེན་གྱི་རིས་ལ་རབ་གནས་ཞུ་བ་ཤིན་ཏུ་དཀའ་ཞིང༌། མི་གནང་བ་དང༌། རང་གཞན་གྱི་བསྟན་པའི་ཕེལ་འགྲིབ་སོགས་མཁྱེན་ནས་ཟུར་བསྟན་པས་ད་ནི་ཆོག་ཚོད་ཡིན། ལྡེབས་ཤིག་སྟོན་ན་རན་ནས་འདུག །ཅེས་གསུངས་པ་བཞིན་ནོ།། གཞན་ཡང་དད་པ་ལ་ཁུ་ཁྲིས་ཡོད་པ་དང༌། དེ་དང་འབྲེལ་མཛད་ན་རང་གཞན་གྱི་དོན་དུ་མི་འགྱུར་བའི་རིས་སྐུའི་ཉེ་འཁོར་དུ་བྱུང་ན། ཕ་རོལ་པོའི་སེམས་དུག་ཅན་དེའི་མདངས་མཁྱེན་པའི་རྣམ་འགྱུར་འཕྲལ་དུ་འབྱུང་བ་ཞབས་དྲུང་དུ་གནས་པ་རྣམས་ཀྱིས་མྱོངས་བས་གྲུབ་པའོ།། སྐྱེ་དང་ངག་སེམས་དགེ་དང་མི་དགེ་བསྐྱེད། །དེ་ཡི་གནས་དང་འབྱུང་བ་མངོན་སུམ་གང༌།། ཤེས་པ་ཀུན་འགྲོ་རབ་ཏུ་དབྱེ་བཅས་ལ། །ཐོགས་མེད་བརྟན་པ་ཐོབ་པའི་མཐུ་ཡིན་ནོ།།མདོ་རྒྱན་ལེའུ་༨ དེ་ལྟར་སྙིགས་དུས་ཀྱི་སྐྱེ་བོའི་ངང་ཚུལ་མངོན་པར་མཁྱེན་པས། ཐུགས་ཡིད་འབྱུང་ཞིང༌། ཕན་པ་ཐུགས་སྣ་བསྟུང་པའི་རྣམ་འགྱུར་གྱིས། ཚེ་འདི་པའི་སྐྱེ་བོ་སུ་དང་ཡང་སྣང་བ་མི་བསྟུན་ཅིང་ངོ་བསྲུང་མི་མཛད་པས། གཙང་པ་སོགས་སྡེ་དཔོན་གྱིས་གདན་འདྲེན་བྱུང་ཡང༌། འཇིག་རྟེན་གྱི་སྒྲོབ་འགྱིངས་རྣམ་གཡེངས་ལ་དགོས་མེད་དུ་དགོངས་ནས། དབེན་པ་ཁོ་ན་ལ་ཐུགས་ཕྱོགས་ཏེ། འདོད་ཡོན་ཆེད་དུ་སྐྱབས་གནས་སྦྱིན་བདག་ལ། །ལྟོས་པ་མི་བྱ་སེམས་ཅན་སུ་ལ་ཡང༌།། ཚེ་འདི་རེ་བའི་འབྲེལ་ཐག་ཀུན་བཅད་ནས། །ཕན་པ་ཅི་ཐོགས་བྱང་ཆུབ་ཆེན་པོར་བསྔོ།། ཞེས་མི་བསྐྱོད་རྡོ་རྗེའི་དགོངས་པ་ཇི་ལྟ་བར་སྒྲུབ་པ་ཁོ་ན་ལ་ཕྱོགས་ཤིང་རང་དབང་ཐོབ་པས། སྐྱེ་བོ་དམན་པ་རྣམས་ཀྱི་བློར་མི་ཤོང་བའི་ལྟོས་མེད་ཀྱི་མཛད་པ་ས་ཏཡ་གྲགས་པ་གང་ལ་འང་མི་གཟིགས་ཤིང༌། ཆོས་བརྒྱད་མགོ་སྙོམས་པའི་རྣམ་ཐར་བཟོ་མེད་ཤུགས་འབྱུང་གི་ངང་ནས། གདུལ་བྱ་རྣམས་ཆོས་ལ་བསྐུལ་བའི་ཞལ་གདམས་གནང་བ། ༣༥༤ བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཀྭ་ཡེ་བསམ་མནོ་ཐོངས་དང་རང་རེ་ཀུན། །ས་ཆེན་རྡུལ་གྱི་གྲངས་ལས་འདས་པ་ཡི། །སྐྱེ་འཆི་འཁོར་བའི་འཁོར་ལོ་དེ་ཙམ་འཁོར། །ད་ལན་རྨི་ལམ་ཙམ་འདིར་མི་ལུས་ཐོབ། །འདི་ཡང་མི་རྟག་ཆུ་ཡི་ཟིལ་པ་འདྲ། །གཏན་གྱི་བདེ་བ་འཚོལ་བའི་དུས་ལ་བབ། །སྡུག་བསྔལ་ཡུན་རིང་སླར་ཡང་འཁོར་འགྱུར་བས། །དེ་ཚེ་ཁྱོད་ལ་གཏམ་དང་གྲགས་པས་ཅི། །གལ་ཏེ་ཆོས་བརྒྱད་དངོས་ཚོགས་བདེན་གྱུར་ཅིང༌། །བྱིས་པས་བདག་ཏུ་བཟུང་རྣམས་རྟག་གྱུར་ན། །འཁོར་ལོས་བསྒྱུར་བའི་དཔལ་ཡང་ཡོངས་བཏང་ནས། །རྐང་གཉིས་གཙོ་བོས་སློང་མོ་ཅི་སྟེ་སྤྱོད། །ནོར་བུའི་གཞལ་མེད་ཁང་པ་ཡོད་བཞིན་དུ། །བས་མཐའ་ནགས་ཀྱི་ས་གཞི་ཅི་སྟེ་བསྟེན། །སྙོམ་ལས་སྡོད་པའི་གོ་སྐབས་ག་ལ་ཡོད། །མདངས་སུམ་མ་ཤི་ད་ནང་སྒྱུ་ལུས་འདི། །སེམས་ཅན་ཀུན་གྱི་ངལ་བའི་གོ་བཅད་ནས། །སེམས་ཅན་ཀུན་གྱི་ངལ་གསོ་བྱང་ཆུབ་ཀྱི། །བདེ་བ་དཔེ་ཟླ་བྲལ་བ་དེ་ཁོ་ན། །ཨ་ཨཱ་བླ་མས་འདི་ན་བདག་ལ་བྱིན། །བླ་མ་མཉེས་པ་བསྒྲུབ་པའི་དུས་འདི་ཡིན།། ཞེས་ཁོ་བོ་གཟུགས་མཛེས་པས་སངས་རྒྱས་ཀྱི་བསྟན་པ་ཕྱག་ཏུ་གནས་པའི་སྒྲུབ་བརྒྱུད་རིན་པོ་ཆེའི་དགེ་འདུན་རྣམས་ཀྱིས་ཐུགས་ལ་བཏགས་པ། བལྟ་ན་སྡུག་པའི་རི་དྭགས་རྫི་ཐེབས་པ་འདྲ་བ། བས་མཐའ་ལ་དགའ་བ་ཤཱཀྱའི་དགེ་སློང་དཔལ་ལྡན་ཆོས་དབྱིངས་རྡོ་རྗེ་འཕྲིན་ལས་མངོན་པར་མཐོ་བའི་དཔལ་གྱིས། གཏམ་འདི་སྨྲས་པའི་དགེ་བས་སེམས་ཅན་ཀུན་གྱི་དམྱལ་བའི་གོ་བཅད་ནས་སེམས་ཅན་ཐམས་ཅད་མྱུར་དུ་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་གསུངས་ཤིང༌། རི་དྭགས་རྣམས་ལྟར་སྐྱེ་བོའི་འདུ་འཛི་ལ་འཛེམས་ཤིང་འཇིག་རྟེན་གྱི་དཔལ་འབྱོར་ལ་མི་གཟིགས་པར། དབེན་པ་ཁོ་ན་ལ་ཐུགས་ཕྱོགས་ཤིང༌། སྒྲུབ་བརྒྱུད་ཕྱོགས་མེད་ཀྱི་དགེ་འདུན་ལ་དག་སྣང་དང༌། བླ་མ་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ལ་བཞུགས་པའི་སྐབས་ཅིག། ཐུགས་འོད་གསལ་གྱི་ཉམས་ལ། རྗེ་གར་དབང་ཆོས་ཀྱི་དབང་ཕྱུག་དེ་དགྲ་བཅོམ་དུལ་ཞིང་ཞི་བའི་སྐུའི་རྣམ་པར་བསྟན་ནས་ཆོས་ཀྱི་གསུང་གླེང་མཛད་ཅིང་ཐུགས་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བསམ་གཏན་གྱི་ལྟ་སྟངས་ཀྱིས་རྗེ་ཉིད་ལ་གཟིགས་པའི་མོད། ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་བྲལ་གདོད་མའི་ཡེ་ཤེས་མངོན་དུ་གྱུར་པའི་ཏིང་ངེ་འཛིན་གཡོ་བ་མེད་པ་ལ་ཡུན་རིང་པོའི་བར་འབྱམས་སོ།། ལེགས་པ་ཤེས་ཤིང་སེམས་དགེ་བ། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར།། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལས་ཞི་གནས་དང༌།། ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར།།མདོ་རྒྱན་ལེའུ་༡༥ དེ་ལྟར་ཆོས་རྒྱུན་གྱི་ཏིང་ངེ་འཛིན་རྙེད་པའི་ཕྱིར། སངས་རྒྱས་བྱང་སེམས་གཞན་གྱིས་ཡང་བྱིན་གྱིས་རླབས་ཤིང་ཆོས་གསུངས་པའི་ཚུལ་ལོས་ཡོད་མོད་ཀྱང༌། བཀའ་གསལ་པོ་སུ་ལ་ཡང་མི་གནང༌། སླར་ཏིང་འཛིན་དེ་ལས་བཞེངས་ཏེ། བླ་མ་རྗེས་སུ་དྲན་པའི་ཐུགས་ཡིད་འབྱུང་དགའ་སྐྱོ་འདྲེས་མའི་ཉམས་ཀྱི་སྤྱན་ཆབ་མང་པོ་བསིལ་ཞིང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྩལ་འགགས་མེད་ཙམ་ལས། བྱ་བྱེད་གཟུང་འཛིན་གྱི་རྣམ་རྟོག་དབྱིངས་སུ་ནུབ། སྙན་ངག་ལ་སོགས་པ་ཕྱི་རོལ་གྱི་རིག་གནས་ཐམས་ཅད་ཀྱང་བྱིས་པའི་རྩེད་མོ་ལྟ་བུར་དགོངས་ནས། རྡོ་རྗེའི་མགུར་འདི་སྐད་ཅེས་གསུངས་སོ།། ༣༥༦ རྗེ་བྱིན་རླབས་ཀྱི་ཆུ་རྒྱུན་རྟག་འབེབས་པ། །ཕ་སྙིང་རྗེ་འགྲན་གྱི་ཟླ་བྲལ་བ། ། སྒྲུབ་བརྒྱུད་གཙུག་གི་ནོར་བུ་དེ། །བསམ་བཞིན་བཅོས་མིན་གྱི་མོས་གུས་སྐྱེས། །རྨི་ལམ་དང་འདྲེས་པའི་འོད་གསལ་དུ། །རྗེ་དགྲ་བཅོམ་དུལ་བའི་སྐུར་བསྟན་ཏེ། །ཚིག་ཐ་སྙད་སྙན་ངག་བཀའ་མཆིད་ལ། །ཅུང་ཟད་དགྱེས་པའི་ཚུལ་བསྟན་ནས། །ཐུགས་སྙིང་རྗེ་ཆེན་པོར་སྙོམས་འཇུག་པ། །སྤྲོས་བྲལ་གྱི་ལྟ་སྟངས་མཛད་པའི་རྗེས། །ཁོ་བོ་ལ་སྤྱན་གྱིས་གཟིགས་པ་མཐོང༌། །དེ་མཐོང་བས་གདུང་ཤུགས་ཀྱིས་མ་བཟོད་ནས། །ཞབས་གཡས་གཡོན་སྤྱི་བོར་བླངས་ནས་ཀྱང༌། །བདག་འདི་ནས་བཟུང་སྟེ་རྗེ་ཁྱོད་དང༌། །དུས་རྣམ་ཀུན་འབྲལ་བ་མེད་པ་དང༌། །སྨྲ་བསམ་བརྗོད་པ་བྲལ་བ་ཡང༌། །རྗེ་ཁྱོད་ཀྱིས་བརྡ་ཡིས་བསྟན་པ་ན། །མཛུབ་མོས་ཟླ་བ་མཚོན་པ་བཞིན། །སྤྲོས་བྲལ་གཉུག་མའི་སེམས་ཉིད་དུ། །རྗེ་ཁྱོད་ཀྱི་ཐུགས་རྗེ་ཁོ་ན་ཡིས། །ད་ཁོ་བོས་ངེས་པ་གཏིང་ནས་རྙེད། །ཅི་བྱས་ཀྱང་ཡིད་ཁ་མ་ཚིམ་པས། །ཐུགས་རྗེས་གཟིགས་ཞེས་སྨྲེགས་སྔགས་བཏོན། །ཉམས་འབར་བས་དྲན་མེད་དུ་ཡུན་རིང་སོང༌། །གཉིད་སད་ཀྱང་མཆི་མས་མིག་གང་བས། །དགའ་སྡུག་གཉིས་དུས་གཅིག་བྱུང་བ་ཡི། །ཡིད་སྐྱོ་ཤས་ཀྱི་བློ་གཅིག་གསར་དུ་སྐྱེས། །སྔོན་བྱིས་པའི་ནང་དུ་བག་ཕབ་པའི། །ཚུལ་འཆོས་དང་འདུ་འཛིས་མིག་བྲིད་དེ། །དུས་ཡུན་རིང་སོང་བ་མ་ཚོར་བ། །བདག་ད་ལན་བླ་མའི་ཐུགས་རྗེས་བསྐུལ།། ད་བསམ་བློ་རྙེད་པའི་དུས་འདི་ན། །གནས་ངེས་མེད་ནགས་མཐའ་སྙེགས་པ་འདི། །སྒྲུབ་བརྒྱུད་ཀྱི་ཐུགས་རྗེ་ཡིན་པར་གོ། །སྡེ་དཔོན་གྱི་བླ་མར་མ་སླེབས་པ། །སྒྲུབ་བརྒྱུད་ཀྱི་ཐུགས་རྗེ་ཡིན་པར་གོ །སྒྱུ་མ་ལ་སྒྱུ་མར་ཤེས་པ་འདི། །སྒྲུབ་བརྒྱུད་ཀྱི་ཐུགས་རྗེ་ཡིན་པར་གོ །འདི་བྱེད་ཀྱི་གཏད་སོ་མེད་པ་འདི། །སྒྲུབ་བརྒྱུད་ཀྱི་ཐུགས་རྗེ་ཡིན་པར་གོ །འདི་འབད་རྩོལ་གྱི་བྱུང་བ་མ་ཡིན་ཏེ། །བློ་འདས་ཀྱི་ཐུགས་རྗེ་ཡིན་པར་གོ། །སྔོན་སྙན་ངག་གི་ཚིག་མཐའ་སྦྱངས་པ་དེ། །ཁུག་རྟ་ཡིས་ནམ་མཁའི་མཐའ་འཚོལ་བཞིན། །དེ་དོན་མེད་བྱིས་པའི་རྩེད་མོར་སོང༌། །སྔོན་རི་མོ་སྦྱངས་པ་རྣམས་བསམ་ཙ་ན། །འདུས་བྱས་ཀུན་སྒྱུ་མ་ཡིན་པ་ལ། །སྒྱུ་མ་ཉིད་སྤྲུལ་གྱིས་ཅི་ཞིག་བྱེད། །དེ་དོན་མེད་བྱིས་པའི་རྩེད་མོར་སོང༌།། སྙིགས་མ་ལས་ཀྱང་སྙིགས་མ་འདི་འདྲ་ན། །དེ་རིང་ཙམ་མི་འཆི་གདེང་མེད་པས། །ཆོས་སྒོར་ཞུགས་པ་ཚོ་ཅི་འདྲ་བསམ། །སྒྲུབ་བརྒྱུད་ཀྱི་བརྒྱུད་པ་འཛིན་པ་ཡིས། །གནས་རི་སུལ་འགྲིམ་པའི་སྒོམ་ཆེན་ཀུན། །ལར་རི་དྭགས་རྨས་མའི་སྤྱོད་ཚུལ་བཞིན། །རི་ན་བུན་ཅན་གྱི་པང་པ་རུ། །དགོས་མེད་ཀྱི་བློ་སྣ་ཟིན་པ་ནས། །མོས་གུས་ཀྱི་ཉམས་རྩལ་འབར་བཞིན་དུ། །རྗེ་བླ་མའི་མཚན་ནས་འབོད་པ་ན། །དུས་རྣམ་ཀུན་ཐུགས་རྗེས་གཟིགས་སུ་གསོལ། །ཐུགས་ཡིད་དབྱེར་མེད་དུ་བྱིན་གྱིས་རློབས།། དེ་ལྟར་ཐུགས་རྩོམ་གནང་ནས་བཀྲ་ཤིས་ཁ་རྟགས་བཟང་པོ་ཞིག་ལ་ཡི་གེར་བཀོད་དེ་བསྣམས་ནས་སྒྲུབ་པའི་དགེ་འདུན་གྱི་ཚོགས་བཞུགས་པའི་གྲལ་གཤམས་ནས་ཚོགས་ཕྱག་གནང་ཞིང་ཁོ་བོས་འདི་ལྟ་བུ་ཞིག་བརྩམས་ཡོད་ཅེས། བཞེངས་ནས་ལྗགས་ཀློག་མཛད་ཅིང་གནང་བས། དགེ་འདུན་རྣམས་ཀྱིས་བཞུགས་གདན་གྱི་སྟེང་ནས་བཀའ་ཆོས་ཀྱི་ཚུལ་དུ་གནང་དགོས་ཚུལ་ཞུས་ནས། བཞུགས་ཁྲི་ལ་ཕེབས་ཏེ། བླ་མ་རྗེས་སུ་དྲན་པའི་སྤྱན་ཆབ་བསིལ་ཞིང་གསུངས་པས། དགེ་འདུན་ཐམས་ཅད་དད་པའི་སྤུ་ལོང་ཆེར་གཡོས་ཏེ། ཕལ་ཆེར་སྤྱན་ཆབ་ཉིལ་ལེ་ཐལ་མོ་སྦྱར་ཞིང་གསོལ་བ་འདེབས། ཚུལ་དེ་ལྟ་བུ་མཐོང་བས་ཀྱང་ལས་མཐུན་མང་པོ་བྱང་ཆུབ་ཀྱི་སྐལ་པ་ཅན་དུ་གྱུར་ཏོ།། དེ་ལྟར་ཞལ་གདམས་གནང་བ་དག་དང་རྗེས་སུ་མཐུན་པར་ཐུགས་དད་པ་དང༌། ངེས་འབྱུང་ཆེན་པོས་ནི་བསྐུལ། སྙིགས་མའི་དུས་བསྟན་འགྲོའི་ངང་ཚུལ་མངོན་པར་མཁྱེན་པའི་དབང་ལས། དམ་པའི་ཆོས་ཁོ་ན་ལྷུར་མཛད་པ་མ་གཏོགས། ཆགས་སྡང་གི་སྣང་བ་ཅུང་ཟད་ཀྱང་མི་མངའ་བས། རང་གཞན་གྲུབ་མཐའི་ཕྱོགས་འཛིན་ཞིག་སུ་ལའང་རྣམ་པར་འཚེ་བའི་ཀུན་རྟགས་ཅུང་ཟད་ཀྱང་མི་མངའ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསེར་ལྟ་བུ་དང་ཟླ་བ་ལྟ་བུ་ནས་སྤྲིན་ལྟ་བུའི་སེམས་སྐྱེད་ཀྱི་བར། སྐྱེ་བ་དཔག་ཏུ་མེད་པ་ནས་མངོན་དུ་མཛད་ཟིན་ཡང༌། ད་དུང་དེ་དག་གི་བསླབ་བྱ་ལ་རྗེས་སུ་སློབ་པའི་གོ་ཆ་ཆེན་པོ་དང་ལྡན་པའོ། །དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་ལ་ནི་བརྒྱ་བྱིན་ལ་སོགས་པས་ཚོད་བགམ་པ་དང༌། བདུད་རིས་ཀྱིས་གནོད་ཅིང་འཚེ་བ་ཆོས་ཉིད་ལྟ་བུ་ཡིན་ཡང་བྱང་ཆུབ་སེམས་དཔའི་བཟོད་པའི་སྟོབས་ལ་སོགས་པ་ནི་ཉམས་པར་མི་ནུས་སོ།། གཞན་གནོད་བྱེད་ལ་ཕན་བྱེད་བློ་ལྡན་པ། །གནོད་བྱེད་དྲག་པོ་དག་ཀྱང་རབ་ཏུ་བཟོད། །ཐབས་རིག་གནོད་བྱེད་བཟོད་པ་དེ་དག་གིས། །གནོད་བྱེད་དགེ་བ་ཡང་དག་ལེན་དུ་འཇུག །རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བསྟེན་པ་དེ། །སེམས་ཅན་ཚོགས་རབ་སྨིན་པར་བྱེད་པ་ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་ཡང་ནི། །བསྐལ་པ་བྱེ་བ་སྟོང་དུའང་སྐྱོ་མི་འགྱུར།།མདོ་རྒྱན་ལེའུ་༩ དེ་ཡང་རྗེ་འདི་ཆོས་འབའ་ཞིག་ལས་འཇིག་རྟེན་གྱི་སྣང་བ་མི་མངའ་བ་དང༌། འཇིག་རྟེན་དང་རྗེས་སུ་འབྲེལ་བའི་བསྟན་པའི་འཁུར་ཆེན་པོ་འདེགས་པར་ནུས་པ་དབེན་ནོ། །བྱང་ཆུབ་སེམས་དཔའ་སྙིང་རྗེ་སྟོབས་ཅན་དེ་ཡིན་པ་རིག་ནས། ནག་པོའི་ཕྱོགས་ཀྱི་བསམ་སྦྱོར་ངན་པ་ཐལ་བར་གྱུར་ཏེ། ནམ་མཁའི་མིང་ཅན་དུག་གིས་འཆི་བའི་དུས། །ཞེས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོས་ལུང་བསྟན་པ་ཐོག་ཏུ་བབས་པའོ།། དེ་ལྟ་ནའང་དེ་བཞིན་གཤེགས་པས་ལྷ་སྦྱིན་དང་སྒྲ་གཅན་ཟིན་མཚུངས་པར་དགོངས་པ་བཞིན། རྗེ་ཉིད་བཟོད་པའི་རྒྱ་མཚོ་མ་འཁྲུགས་པར་བཞུགས་ཀྱང༌། ཞབས་འབྲིང་པ་དག་གིས་ངན་པ་དེ་མཚོན་ལམ་དུ་གཏང༌། དེ་དག་ཀྱང་བཏང་སྙོམས་སུ་བཞག་ན་འདུལ་བ་ལས་ཉམས་པ་གནས་དབྱུང་བར་གསུངས་པ་ཡང་འགལ། མ་འོངས་པ་ན་སྐྱེ་བོ་ཕལ་གྱིས་ཐེ་ཚོམ་པའི་གནས། དད་པ་ཉམས་པའི་རྒྱུར་འགྱུར་བ་གཟིགས་ཤིང༌། བྱང་ཆུབ་སེམས་དཔའ་ནི་སྐྱེ་བོ་དད་པ་ཉམས་པའི་ རྐྱེན་ངེས་པར་བསྲུངས་དགོས་པའི་ཕྱིར་དེ་དག་གནས་ནས་སྐྲོད་པར་མཛད་པས། ཆོས་ཕྱོགས་ལས་གཞལ་ན་དེ་ལྟར་ཡིན་ཡང༌། འཇིག་རྟེན་གྱི་ཞེན་རྒྱུས་ཆེ་བ་དག་གིས་སྙན་གྱིས་གསན་སར་ཡང་སྐུར་པ་སྣ་ཚོགས་བཏབ་མོད། ཐམས་ཅད་སྙིང་རྗེ་བའི་གནས་སུ་དགོངས་པ་མ་གཏོགས། ཐུགས་འཁྲུགས་པའི་ཚིག་ཟུར་ཙམ་ཡང་གསུངས་པ་མི་གནང་སྟེ། རྟག་ཏུ་ཉེས་པས་རང་དབང་མེད་པར་བྱང་སེམས་ཀྱི།། སྐྱེ་བོ་ལ་ནི་བློ་ལྡན་ཉེས་པར་མི་འཛིན་ཏེ།། མི་འདོད་བཞིན་དུ་ལོག་པར་སྒྲུབ་པར་འགྱུར་རོ་ཞེས།། སྐྱེ་བོ་དག་ལ་སྙིང་རྗེ་ལྷག་པར་འཕེལ་ཕྱིར་རོ། །མདོ་རྒྱན་ལེའུ་༦ ཞེས་པ་ལྟར་རོ། །དེ་ནས་མི་རིང་བར་ཨོ་རོད་ཀྱི་དམག་ཐོན། གཙང་གི་རྒྱལ་སྲིད་ལ་གནོད་པ་ཆེ་བ་དང༌། རྒྱལ་བའི་སྙན་དུ་ཀོང་དམག་དགོས་ཚུལ་ཞུས་པས། ཆོས་དབྱིངས་རྡོ་རྗེས་སེ་ར་འབྲས་སྤུངས་བཅོམ་ཟེར་བ་བསྟན་པ་ལ་མི་མཛེས་གསུངས་ནས་དང་དུ་མ་བཞེས་པས། རང་འདོད་ཕྱོགས་འཛིན་གྱི་སྐུར་པ་འདེབས་པ་མང་སྟེ། ཆོས་དབྱིངས་རྡོ་རྗེས་ལྷ་སར་འཕེབས་པས། མ་ཉེས་པའི་ཁ་གཡོགས་ཆེན་པོ་འཕོག་ཅེས་རྗེ་མི་བསྐྱོད་རྡོ་རྗེས་ལུང་བསྟན་མང་པོ་མཛད་འདུག་པའི་ཕྱིར་དང༌། བྱང་ཆུབ་སེམས་དཔའ་དགྲ་ལ་བྱམས་པ། གཉེན་ལ་བཏང་སྙོམས། བར་མ་ལ་སྙིང་རྗེ་སྒོམ་དགོས་པར་གསུངས་པའི་ཕྱིར། ཆོས་ཕྱོགས་ལས་གཞལ་ན་འདི་ཡང་དད་པ་སྐྱེ་བའི་གནས་སོ།། འཕགས་པ་མི་ལྟ་སེམས་སྙོམས་ཤིང༌། །མི་འཇིགས་བརྩེ་ཕྱིར་ཀུན་སྟེར་བ།། གཞན་ལ་གནོད་པར་བྱེད་པ་ཡིས། །ལོག་པའི་ཚིག་ནི་ཇི་ལྟར་སྨྲ།། སྙོམས་པར་ཕན་འདོགས་བརྩེ་བ་ཅན།། གཞན་གྱི་སྡུག་བསྔལ་སྐྱེ་བས་ཤིན་ཏུ་འཇིགས།། སེམས་ཅན་འདུལ་བ་ལ་ནི་སེམས་བརྩོན་པ།། ངག་གི་ཉེས་རྣམ་གསུམ་ལས་ཤིན་ཏུ་རིང༌།།མདོ་རྒྱན་ལེའུ་༡༧ ཞེས་འབྱུང་བ་བཞིན་ནོ། །དེའི་ཚེ་སོག་པོའི་དམག་ཐོར་གྱིས་རི་ཀླུངས་མེད་པར་རྒྱུ་བས། བང་ཕྱིན་སྤྲང་རྫུས་སྟབ་པ་དག་ཀྱང་ལ་མི་ཤོར་བའི་འཇིགས་སྐྲག་ཡོད་ཀྱང་ཁྲིས་ལ་སྤྱན་འདྲེན་ཐུབ་ན་ནི་ལེགས། མ་ཐུབ་ཀྱང་སྐྱེས་བུ་དམ་པ་མཇལ་བ་རང་སྐལ་པ་བཟང་བར་བསམ་སྐུ་གཞོགས་སུ་བསྙགས་ཏེ་སོང༌། སྐུའི་ཉེ་འཁོར་དུ་སླེབས་པ་ཙམ་ནས་སེམས་བདེ་ཞིང་བག་བྲོ་བར་བྱུང༌། དེ་ནས་ཐོག་མར་མཇལ་སྐབས། རྡོ་རྗེ་འཛིན་པ་དྲི་མ་མེད་པའི་སྐུའི་ཆ་ལུགས་སུ་ཞི་ཞིང་དུལ་བའི་ཀུན་ཏུ་སྤྱོད་པས་ཕྱག་ཐུགས་ཀར་ཐལ་མོ་སྦྱོར་ཞིང་སེང་གེའི་ཁྲི་ལས་བསྐྱོད་དེ། སྤྱན་ཐུགས་རྗེ་ཆེན་པོའི་ལྟ་སྟངས་ཀྱིས་གཟིགས་པས། ལུས་ཀྱི་བ་སྤུ་གཡོས་ཤིང་བརྗོད་དུ་མེད་པའི་བདེ་བ་དད་པའི་ཉམས་ཟིལ་ཆེ་བར་སྐྱེས་ཤིང༌། ཕྱག་གུས་པར་སྩལ་ནས་ཞལ་གྱི་དཀྱིལ་འཁོར་ལ་བལྟས་པས། སྔོན་མཇལ་བ་ལས་ཀྱང་བྱིན་རླབས་ཆེ་ལྡོག་ཁ་བ་སྐུ་ཅུང་ཟད་བགྲེས་ཤ་ཆགས་པའི་ཞལ་རྒྱ་ཐོ་རེ་བ་དགྱེས་པའི་རྣམ་པ་ཅན་ལ་ཧ་ཅང་འཛུམ་དྲགས་པ་ཡང་མ་ཡིན་པ་སྤྱན་ཟིམ་མེར་ཡུན་རིང་བར་གཟིགས་ཐུགས་བརྩེ་བས་བྱིན་གྱིས་བརླབས་པས། རྗེ་དུས་གསུམ་མཁྱེན་པ་ཁམས་པ་དབུ་སེ་ཟེར་རུང་འདི་རང་ཡིན། ངའི་སེམས་ཀྱང་མཁྱེན་གྱི་ཡོད་དམ་སྙམ་དད་པའི་རྣམ་རྟོག་འཕྲོ་རྒོད་དང༌། བརྗོད་དུ་མེད་པའི་སེམས་དགའ་ཚོར་བདེ་སྣང་བླ་མ་སུའི་དྲུང་དུ་ཕྱིན་པ་དང་མི་འདྲ་བ་ཞིག་ཤར་བྱུང༌། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ།། མཐོང་བ་ཙམ་གྱི་རབ་དང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ།།མདོ་རྒྱན་ལེའུ་༢༡ དེ་ནས་བཀའ་ལས་ཁྲིས་ཀྱི་སྐོར། དཔོན་སློབ་དྲུང་པ་ལ་ཞུས། མཁན་པོ་རང་གི་སྐུ་དོན་ཡོད་ན་ངས་གང་དྲག་བྱེད་ཅེས་བཀའ་བཞེས་བཟང་པོ་དང་བཅས་ཐུགས་བརྩེ་བས་བསྐྱངས་པས་དུས་ངན་དེ་འདྲའི་སྐབས་ལའང་སྐྱིད་དུ་ཚོར་བ་བྱུང༌། དེའི་དུས་ཉིན་ཕལ་ཆེར། གཟིམ་ཁང་གི་རྒྱབ་ཕྱོགས་ལ་ཤིང་ནི་ཙུ་ལ་དང་སྦྱར་བའི་ཚལ་ནང་ལ་གཟིམ་གུར་ཆུང་ཞིག་ཕུབ་ནས་བཞུགས། མདོ་ཏིང་ངེ་འཛིན་རྒྱལ་པོའི་དགོངས་དོན་ཕ་རོལ་ཏུ་ཕྱིན་པ་དྲུག་གི་བཤད་པ་ཞིག་ཐུགས་རྩོམ་གནང་གི་ཡོད་ཟེར། ཆོས་འབྲེལ་ཞིག་ཞུ་སྙིང་འདོད་ཀྱང་སྐུ་ཟིལ་ཆེ་བས་ཚད་ཚད་ཀྱི་ངང་ལ་ཞུ་མ་ནུས། འོན་ཀྱང་རྨི་ལམ་ལ་ཆོས་གསུངས་བའི་གནང་བ་རེ་བྱུང༌། སྔ་ཐོག་ཞིག་ཐུགས་རྩོམ་གསང་བའི་སྤྲིན་བཞོན་རྟོགས་བརྗོད་ཤོག་བུ་སུམ་ཅུ་ཙམ་ཡོད་པ་ཞིག་མཐོང༌། སྙན་ངག་ཕུལ་དུ་ཕྱིན་པ་སྐྱེས་རབས་སོ་བཞི་པ་དང༌། དཔག་བསམ་འཁྲི་ཤིང༌། ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལ་སོགས་པས་ཀྱང་འགྲན་མི་བཟོད་པ་འདུག །དེ་བཞིན་དུ་རིག་པའི་གནས་གང་ལ་དགོངས་པ་གཏད་ཀྱང་མཁྱེན་རབ་བསམ་གྱིས་མི་ཁྱབ་པ་ཡོད་འདུག་ཀྱང༌། ངས་ལབ་ལོབ་མང་པོ་མི་ཤེས་གསུངས། ཁེངས་པ་དང་ང་རྒྱལ་སྤངས་ནས་བཞུགས་པ་ཡང་ས་ཆེན་པོ་ལ་གནས་པའི་ཡོན་ཏན་དང་ཁྱད་མི་འདུག་པས། ཡོངས་སྨིན་གྱི་མཚན་ཉིད་དང་ལྡན་པར་ཤེས་སོ།། རྣམ་སྨིན་དག་ཅིང་ཐོས་སོགས་དྲན་མི་བརྗེད། །དེ་བཞིན་ལེགས་བཤད་ཉེས་པར་སྨྲ་བ་དག། ཤེས་རབ་བློ་ཆེན་སྐྱེ་བར་རུང་བ་ཉིད། །ཤིན་ཏུ་ཡིད་གཞུངས་ཡོངས་སུ་སྨིན་པའི་མཚན།།མདོ་རྒྱན་ལེའུ་༩ ཡང་སྐབས་ཤིག་གོས་ཆེན་ཁྱད་གོས་དམར་སེར་ཡུག་རིངས་གཉིས་དང༌། སྤུ་ཇ་བར་ཁག་ཞིག་གི་གནང་སྦྱིན་དང་བཅས། ཕུ་ཊ་ལ་ཕྱག་བྲིས་གནང་སྟེ། མཁན་རིན་པོ་ཆེའི་སྙན་དུ་གསོལ་པ། དིང་ནས་གཟུང་ཐུགས་རྗེས་གཟིགས་པའི་རྒྱུན་དབྱར་གྱི་ཆུ་བོ་ལྟར་ཞུ་བའི་སླད་དུ། རྟེན་དར་ཟབ་ཡུག་འདི་གཉིས་འབུལ་ལགས་ན། གང་བདེ་ཞིག་ན་བཟའ་གནང་བ་ཞུ། སྤུ་ཇ་འདི་ལྗགས་ཐོག་ཏུ་སྨིན་པ་ཞུ། འདིར་ལན་ཅིག་ཀྱང་དགོས་ཞེས་ངག་མ་དང་བཅས་སྐུ་གཞོགས་པ་ཞིག་གཏོང་བ་གནང་བྱུང་བས་ཚིག་དོན་དེ་ལ་བརྟགས་པས། གབ་ཚིག་གི་རྣམ་པ་དུས་དེ་ནས་བཟུང་རང་ལ་ཐུགས་རྗེས་འཛིན་པའི། ཞལ་བཞེས་ཁེངས་བསྐྱུངས་པའི་ཚུལ་འདུག་ཅིང༌། ཞུ་ལན་ཚིག་མང་པོ་ནི་བྲི་ལོང་མ་བྱུང༌། ༧རྒྱལ་བ་ཐུབ་པ་མཆོག་གི་ཞབས་དྲུང་ནས། །བརྩེ་བས་སྦྱིན་པའི་དངོས་པོ་བྱིན་རླབས་ཀྱིས།། མཚན་མ་དད་པའི་སྤྱི་བོར་ལེགས་ཕེབས་པས། །རབ་དགའི་ས་ལ་འཁོད་བཞིན་དེང་ནས་བདག། རྒྱུན་དུ་ཐུགས་རྗེས་འཛིན་པའི་སྐལ་བཟང་འགྱུར། །ཞེས་དང༌། རང་གིས་བྲིས་པའི་གནས་བཅུའི་སི་ཐང་ཞིག་རྟེན་དུ་ཕུལ། དེ་ནས་ཞག་འགར་ཅིག་ནས་མཁན་པོ་རང་མྱུར་ཁྱད་ཡོད་ན་དཔོན་སློབ་དྲུང་པ་དང་སྡེབས་ནས་བྱོན། མེད་ན་ང་དང་སྡེབས་ནས་འབྱོན་གསུངས་བྱུང་བས། ངེད་དཔོན་སློབ་རྣམས་སྔོན་ལ་བྱོན། དེ་ནས་རྒྱལ་ཚབ་རིན་པོ་ཆེ་གཙོང་ལ་ཤད་ནས་ཕེབས་སོང༌། ངེད་ཀྱིས་འོག་མིན་གླིང་དུ་བསྡད་ནས་ཡང་རྒྱལ་བའི་ཕེབས་བསུ་ལ་སོང༌། ཉི་མ་ཕྱེད་ཙམ་ལ་རོང་ངུར་སྨྲིག་ཏུ་ཕེབས་བྱུང༌། དེ་དུས་དགེ་འདུན་གུས་པ་མང་པོའི་ཁྲོད་ནས་ངེད་ཀྱི་ཐད་དུ་ཕེབས་པ་དང༌། ཆིབས་ཁ་ཕྱིར་བསྒྱིངས་ནས་ཕྱག་ཐལ་མོ་སྦྱར། ཞལ་འཛུམ་པ་དང་བཅས་བརྩེ་བའི་སྤྱན་གྱིས་གཟིགས་པས། དགེ་འདུན་རྣམས་མཁན་པོ་ལ་ཐུགས་དགྱེས་པོ་རང་གནང་སོང་ཞེས་ངོ་མཚར་བ་མཛད། རང་ཡང་སེམས་དགའ་ཞིང་སྤྲོ་བ་བྱུང༌། དེའི་ཉིན་སྐྱེ་བོའི་ཚོགས་ཆེན་པོ་འདུས་བོད་འབྲོག་ཧོར་ལ་སོགས་པའི་མཇལ་མི་རིམ་ཚོ་མང་པོ་ལ་གང་ལ་གང་འདུལ་གྱི་སྐུའི་རྣམ་འགྱུར་ཆ་ལུགས་མི་འདྲ་བ་ལན་གྲངས་མང་པོ་བཅུ་ཙམ་གྱི་མཇལ་ཁ་གནང་སྟེ་ཐུགས་བརྩེ་བ་ཆེན་པོས་གཟིགས། ར་ལུག་མང་པོ་འབུལ་མི་བྱུང་བ་ལས་འབྲེལ་གང་ཡོད་ཀྱི་རྡེའུ་འབེབས་པ་མཛད་ཅིང་རྗེས་སུ་བཟུངས་རྗེས་འོག་མིན་གླིང་པའི་དགེ་འདུན་རྣམས་ལ་མང་ཇ་སྦྱོར་སྦྲེལ་གྱི་ཐོག་རྗེ་ཉིད་དགེ་སློང་ཟླ་འོད་གཞོན་ནུའི་སྐུའི་རྣམ་པ་ལྟ་བུར་མཛད་པས་ཚོགས་ཕྱག་དང་སྤོས་སྐོར་ལ་ཕེབས། དེ་ལྟར་སྐུའི་ཆ་ལུགས་གང་མཛད་ཀྱང་བྱང་ཆུབ་ཀྱི་སེམས་དང༌། ཟིལ་གནོན་གྱི་མཐུ་དང༌། ཚུལ་ཁྲིམས་ཀྱི་རྒྱན་བཟང་པོ་རང་བཞིན་གྱི་ལྡན་པའི་ཕྱིར། ཅི་དང་མི་འདྲ་བའི་གཟི་བརྗིད་དང༌། བྱིན་རླབས་ཀྱི་བག་ཆགས་པས་ཐམས་ཅད་ཀྱི་ནམ་མཐོང་ཡང་དད་པའི་སྤུ་ལོང་གཡོས། བྱང་ཆུབ་ཀྱི་ས་བོན་ཐེབས་ཤིང་དོན་ཆེན་པོར་གྱུར། དེ་ལྟར་མཐོང་དཀའི་ཐུབ་པ་རྟག་མཐོང་བ། །ཐོས་པ་མཉམ་མེད་ལས་བྱུང་རབ་དང་བའི།། ཤུགས་ཀྱིས་རྟག་པར་ཤིན་ཏུ་སེམས་ཚིམ་ལ། །ཇི་ལྟ་བུར་ན་དོན་ཆེན་འགྱུར་མ་ཡིན།།མདོ་རྒྱན་ལེའུ་༡༥ དུས་སྐབས་དེ་དག་གི་ཚེ་ཉི་མ་ཐལ་བུར་དང་ཚུབ་མ་ནག་པོས་སྒྲིབས་ཏེ། དྲོད་མདངས་གང་ཡང་མེད་ཀྱང༌། དེའི་ཉིན་ཕྱོགས་གཞན་ཚུབ་མས་བསྒྲིབས་ཀྱང༌། རྗེ་ཉིད་གང་དུ་ཕེབས་པའི་ཕྱོགས་དེ་སྤྲིན་བར་གྱི་ཉི་མ་ཤར་བ་ལྟར་ཉི་མ་གསལ་ཞིང་ཆེས་རིང་རིང་འདྲ་བ་བྱུང་སྟེ། ཐུགས་རིངས་སྟབས་མེད་པར་གདུལ་བྱ་དེ་ཙམ་ཞིག་གི་རེ་བ་སྐོང་བར་མཛད། རང་ལ་ཡང་བལྟད་མོ་ལྟ་རྒྱུ་བྱེད་རྒྱུ་སྡོད་རྒྱུ་འགྲོ་རྒྱུ་སྐྱེ་བོའི་ངོ་འཛིན་སྣ་ཚོགས་བྱས་རྗེས་ད་ཕྱིས་སམ་སྙམ་པ་ལ་དགེ་འདུན་ཐམས་ཅད་ཀྱིས་ལོག་ཕེབས་པས། གཡུང་དུ་ཉི་མ་སྟོག་ཙམ་ལ་འབྱོར། ཐམས་ཅད་དེ་རིང་ཉི་མ་དྲོ་ཞིང་བྱེད་ཚད་བྱུང་ཟེར་བ་ལ་གང་གིས་ཀྱང་རྟོག་དཔྱོད་མེད་མོད། ད་བསམ་ན་གཞན་གྱི་བློར་མི་ཤོང་ཡང༌། ཉི་མ་བཟུང་བའི་རྫུ་འཕྲུལ་གྱི་རྣམ་པ་ལྟ་བུ་ཡིན་བྱས་ཀྱང་ཆོག་པ་ངོ་མཚར་ཆེ་བའི་གནས་སོ།། དེ་ཕྱིན་རང་ལ་རྒྱུས་མེད་ཀྱང་གཙང་གི་རྒྱལ་སྲིད་ནི་ཀརྨ་པ་དགུགས་ལོང་མེད་པར་ཁ་འཇམ་གྲོས་ཉེས་ཀྱི་དབང་དུ་ཐལ་འདུག་སྟེ། ལར་མྱོང་ངེས་ཀྱི་ལས་ལ་སངས་རྒྱས་ཀྱིས་ཀྱང་གནང་ཐབས་མེད་པ་རྒྱལ་པོ་འཕགས་སྐྱེས་ཀྱིས་ཤཱཀྱ་རྣམས་བཅོམ་པའི་གཏམ་རྒྱུད་བཞིན་ནོ།། དེ་ནས་ཀརྨ་པ་ཡང་རིམ་གྱིས་ལྷོ་བྲག་ཕྱོགས་སུ་ཕེབས། ཁོང་རང་གི་དགོངས་པ་ལྟར་ཆོས་རང་གཙོ་བོར་སྟོན་པ་ཞིག་བསྟན་པ་ལ་རླབས་ཆེ་རྒྱུ་ཡིན་འདུག་ནའང༌། གྲྭ་རིས་ཕོ་རྒྱུས་ཆེ་བའི་སྐྱོན་འབྱུང་བ་རྗེ་དུས་གསུམ་མཁྱེན་པ་དང༌། མི་བསྐྱོད་རྡོ་རྗེས་ལུང་བསྟན་གསུངས་པ་ཇི་ལྟ་བ་བཞིན་ནོ།། དེ་ཡང་སྔོན་རྒྱལ་པོ་ཞིག་གི་བཙུན་མོ་བདུད་མོ་གསུམ་དང༌། ཉེ་གནས་དགེ་སློང་གཅིག་སྨོན་ལམ་ལོག་པའི་མཐུ་དང༌། དབུས་གཙང་གི་གདུལ་བྱ་རྣམས་གྱི་ལས་འབྲེལ་ཞན་པ་དང༌། ལྗང་ཆོས་ཀྱི་རྒྱལ་པོས་སྔོན་དད་གུས་ཆེན་པོས་ཁོང་རང་གི་ཕྱོགས་སུ་ཡབ་སྲས་རྣམས་ཕེབས་པའི་སྨོན་ལམ་གསོལ་འདེབས་ཡང་ཡང་བྱས་པའི་རྟེན་འབྲེལ་ལས། རྗེ་ཉིད་ཀྱང་མདོ་ཁམས་ལྗང་ཞབས་ཀྱི་ཕྱོགས་ལ་ཞབས་ཀྱི་འཁོར་ལོ་བསྐྱོད་དེ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོའི་ལུང་བསྟན་ལས། ཁམས་ཀྱི་ཕྱོགས་སུ་ཉི་མ་གཉིས་འཆར་བའི་དུས། །ཞེས་གསུངས་པ་གཅིག་ནམ་མཁའི་ཉི་མ། ཅིག་ཤོས་རྗེ་འདི་ཉིད་ཉི་མ་དང་མཚུངས་པ་ལ་དགོངས་སོ། །དེའི་དུས་དགེ་སོག་གི་མི་སྣ་ལྷ་ས་ནས་ཐོན་པ་ནས་བཟུང་ཕྱོགས་ཕེབས་ཀྱི་དགོངས་པ་གཏད། ཁོང་རྣམས་ཀྱིས་སྒར་ཚུགས་སྤོས་རེས་ཀྱི་བཞུགས་ཡུལ་སྤོ་བ་སོགས་དུས་ངེས་པར་མཚུངས་པས། མངོན་མཁྱེན་མངའ་བའི་ངེས་ཤེས་སྐྱེས་པ་མང་པོ་བྱུང་འདུག་ཅིང༌། རེས་འགའ་དྲུང་དུ་གནས་པ་རྣམས་ཀྱིས་ཀྱང༌། སྐུ་ཉིད་གང་དུ་བཞུགས་དང༌། གང་དུ་ཕེབས་མི་ཤེས་པས་མི་སྣང་བའི་རྫུ་འཕྲུལ་མངའ་བ་ཡིན་ནམ་སྙམ། ཚུལ་དེ་ལྟ་བུས་ཀྱང་ལས་ཅན་དད་པའི་རྐྱེན་དུ་གྱུར་ཏོ།། དེ་ནས་ལྷོ་བྲག་གི་མི་སྡེ་སོགས་ཀྱིས་ཁྲིས་གནང་དགོས་ཚུལ་ཞུས་པར་སྔ་སོར་སྟག་ལུང་བླ་མ་རིན་པོ་ཆེ་སངས་རྒྱས་ཀྱི་སྲོལ་བཟང་པོ་མཛད་དགོས་པའི་ཚུལ་ཞུས་ཡོད་ཀྱང༌། འོན་ཀྱང་སྐྱེ་དགུའི་ལས་དབང་གཙོ་ཆེ་བས་ཁོ་བོ་མ་ཟད། སུས་ཀྱང་བྱ་ཐབས་ཟད་གསུངས་བའི་ཕྱག་བྲིས་གནང༌། དེ་ནས་ཁྲིས་ལ་སྙད་པའི་དམག་འོངས་ཤིང༌། སྟག་ལུང་ཞབས་དྲུང་དང་མཇལ་ཙམ་གནང་ཟེར་བ་དང༌། དེ་མི་བདེན་ཟེར་བ་དང༌། སོག་པོའི་མི་བཟང་དག་སྐུའི་དྲུང་དུ་ཉེ་བར་ཙམ་པ་དང༌། དམུགས་པས་སྒྲིབས་ཏེ་མ་མཐོང་ཟེར་བ་དང༌། ཡང་འགའ་ཞིག་གིས་མཐོང་ནས་རྗེས་སྙེགས་པས་ཤ་བ་ཞིག་མིན་པ་མ་མཐོང་ཟེར་བ་དང༌། ཡང་བྱ་རྒོད་ཕོ་ཞིག་ཕུར་སོང་བ་མཐོང་ཞེས་པ་དང༌། ཆིབས་པ་དཀར་པོ་ཞིག་ལ་ཆིབས་ནས་གཅིག་པུར་ཕེབས་སོང་ཟེར་བ་དང༌། ཡང་དེ་ཉིན་ཉི་མ་དང་ལྷན་ཅིག་ཀརྨ་པ་འོད་ཆེན་པོ་ཉི་མས་ཀྱང་མི་ནོན་པ་ཞིག་ཀྱང་མཐོང་བས། དེ་ཡང་རྗེ་ཉིད་ཀྱི་རྣམ་སྤྲུལ་ལྟ་བུ་ཡིན་ཤས་ཡོད་སྙམ་མང་པོ་དད་པ་ཆེར་སྐྱེ་བ་ཡང་བྱུང་འདུག །ཡང་དེ་སྐབས་ཁྱིམ་པ་ཡིན་གྱི་རྣམ་པ་མཛད་ནས་མོན་རྒྱུད་དེ་ཕེབས་ཟེར་བ་དང༌། ཡང་བྲག་ཕུག་མིན་པ་ཁྱིམ་གཞན་ལ་ཕེབས་པ་སོགས་ཡེ་མེད་ཟེར་བ་དང༌། ཡང་ལྷ་ས་བསམ་ཡས་ཀྱང་མཇལ་བ་གནང་སྟེ་ཕེབས་ཤིང༌། བསམ་ཡས་ཀྱི་ལྷ་ཆེན་ཞིག་གིས་སྤྱན་ཆབ་སིལ་བ་སོགས་རྟགས་ཆེན་པོ་བྱུང་འདུག་ཟེར་བ་སོགས་ངེས་ངེས་མོའི་གཏམ་མི་གཅིག་པ་སྣ་ཚོགས་འདུག་པས་གང་ཡིན་མ་ཤེས་སྤྲུལ་སྒྱུར་གྱི་རྣམ་པ་ལྟ་བུ་ཡིན་པར་ངེས་སོ།། དེ་ནས་ཡང་ལྷོ་བྲག་ནས་ཕེབས་པའི་ལ་ཞིག་ན་ཞབས་རྗེས་གསལ་པོ་བྱུང་བ་ནི་ཕྱིས་གཞན་གྱིས་ཀྱང་མཐོང་ངེས་འདུག་ཅིང༌། རྗེ་ཉིད་གང་དུ་ཕེབས་པའི་ཕྱོགས་ལ་བཀའ་བརྒྱུད་བསྟན་པའི་འབྱུང་གནས་གྲོ་བོ་ལུང་སྲས་མཁར་ཡང་ཕྱག་འཚལ་བ་ལྟར་གུག་ཅིང་གཡོ་བ་ཡུན་རིང་པོའི་བར་དུ་སྐྱེ་འགྲོ་མཆོག་དམན་ཐམས་ཅད་ཀྱི་མཐུན་སྣང་གྲུབ་པར་མཐོང་བའང་འདི་འདྲ་འགྱེལ་བ་ཡང་སྲིད་ཅེས་འཇིགས་ཤིང་སྐྱོ་བའི་ཚུལ་བྱེད་གང་ཡིན་སྨྲ་བ་མེད་ཀྱང༌། མཁའ་འགྲོ་ཆོས་སྐྱོང་དང་གཞིས་བདག་དཀར་ཕྱོགས་ལ་དགའ་བའི་མི་མ་ཡིན་སྟོབས་ཆེན་པོ་དག་བསྟན་པའི་གཙོ་བོ་འདི་ལྟ་བུ་ཕྱོགས་གཞན་དུ་གཤེགས་པ་དང༌། ཡིད་ཕྲེང་ཞིང་གུས་པའི་ཕྱག་བྱེད་པ་ལ་སོགས་པའི་རྣམ་འགྱུར་མང་པོ་ཡོང་བའི་རྟགས་དང༌། རྗེ་ཉིད་གང་དུ་བཞུགས་པའི་ཕྱོགས་དེར་སངས་རྒྱས་ཀྱི་བསྟན་པ་གནས་པའི་རྟགས་སོ།། ཡང་རྗེ་མི་བསྐྱོད་རྡོ་རྗེའི་ལུང་བསྟན་ལས། དུས་སྐབས་དེ་དག་གི་ཚེ་གདན་ས་བར་པ་ཀརྨ་ལྷ་ལྡིང་ནས་སོག་ཟམ་ཡན་ལ་གསོལ་བ་ན་མི་གཅིག་ཀྱང་ཞུ་མི་མི་ཡོངས་བར་གསུངས་ཤིང༌། བློ་དམན་པས་གཞལ་ན་བྱང་ཆུབ་སེམས་དཔའ་སུ་ཤ་དེ་བའི་སྐྱེས་རབས་དང་མཚུངས་པ་མི་བཟོད་པ་ཙམ་ཡིན་ཀྱང༌། རྗེ་ཉིད་རང་ནི་ཐུགས་བཟོད་པའི་རྒྱ་མཚོ་གང་གིས་ཀྱང་མི་གཡོ་བས་བྱོལ་བ་དང༌། ཞུམ་པ་དང༌། ངལ་བའི་རྣམ་འགྱུར་དགྲ་གཉེན་སུས་ཀྱང་མཐོང་ཐོས་མི་འདུག་སྟེ། དེ་ཡི་ཆོས་ཀྱང་སྒྱུ་མ་ལྟར་མཐོང་ལ།། སྐྱེ་བ་སྐྱེད་མོའི་ཚལ་འགྲོ་ལྟར་རྟོགས་པས།། འབྱོར་བའི་དུས་དང་རྒུད་པའི་དུས་ནའང་འདི།། ཉོན་མོངས་སྡུག་བསྔལ་དག་གིས་འཇིགས་པ་མེད།།མདོ་རྒྱན་ལེའུ་༥ ཅེས་གསུངས་པ་བཞིན་ནོ། །ཡང་རྗེ་འདི་ཉིད་ནི་བཟོད་པ་རྣམ་པ་གསུམ་ཡོངས་སུ་སྨིན་པའི་མཚན་དང་ལྡན་ཞིང༌། ཇི་སྐད་དུ། རང་གི་ལུས་དང་སྡོམ་པའི་ཕྱིར། །ཕུན་སུམ་ཚོགས་པ་ཡོངས་གཏོང་དང༌། །ཉམ་ཆུང་རྣམས་ལ་བཟོད་པ་དང༌། །ལུས་དང་སྲོག་ལ་མི་ལྟ་བར། །བརྩོན་འགྲུས་རྩོམ་དང་བསམ་གཏན་གྱི། །བདེ་ལ་རོ་མྱང་མེད་ཉིད་དང༌། །ཤེས་རབ་ལ་ནི་མི་རྟོག་པ། །བློ་ལྡན་རྣམས་ཀྱི་ངོ་མཚར་འདོད། །དེ་བཞིན་གཤེགས་རིགས་སྐྱེ་བ་དང༌། །ལུང་བསྟན་པ་དང་དབང་བསྐུར་དང༌། །བྱང་ཆུབ་རབ་ཏུ་ཐོབ་པ་ཡང༌། །ངོ་མཚར་ཆེ་བ་ཡིན་པར་འདོད།།མདོ་རྒྱན་ལེའུ་༢༠ ཅེས་པ་ལྟར། དམན་པ་རྣམས་ཀྱི་བློས་གཞལ་བར་དཀའ་བའི་ངོ་མཚར་གྱི་ཁྱད་ཆོས་མང་པོ་དང་ལྡན་པས། ཚངས་པར་སྤྱོད་པའི་རྟེན་དང་བསླབ་པ་གསུམ་ཡོངས་སུ་བསྲུང་བའི་ཕྱིར། འཇིག་རྟེན་འདི་ཡི་ཕུན་སུམ་ཚོགས་པ་གང་ལའང༌། ཐུགས་སྲེད་པ་དང་བྲལ་ཞིང་ཞེན་པར་མི་མཛད་པས་དེ་དག་ལ་ཕ་རོལ་གྱིས་གནོད་ཚབས་ཇི་ལྟར་ཆེ་ཡང༌། ཙན་དན་སྟེའུ་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། །ཞེས་པ་ལྟར། བདག་གཞན་མགོ་སྙོམས་ཏེ་བཞུགས་པ་ལ་བསྟན་པའི་ཕྱོགས་འཛིན་པ་གནང་དགོས་ཚུལ་ཞུས་ཀྱང་ཁྱེད་རང་རྣམས་ཆོས་གྱིས། བསྟན་པ་དེ་རང་ཡིན་གསུངས་པ་དང༌། ཡང་ངེད་རང་རྣམས་ལ་དཀོན་མཆོག་གིས་ཐུགས་རྗེས་ཅིག་གཟིགས་ལས་ཆེ། དེ་མིན་དབུས་གཙང་གི་སེམས་ཅན་སྡུག་ཏུ་འཇུག་མི་དགོས་གསུངས་པ་ཙམ་མ་གཏོགས། ཕ་རོལ་ལ་ཚིག་རྩུབ་དང༌། སྐྱོན་བརྗོད། ངག་འཆལ། ཀྱལ་ཁ་ཙམ་ཡང་གསུངས་པར་དགྲ་གཉེན་སུས་ཀྱང་ཚོར་བའི་རིས་མི་འདུག་ཅིང༌། གཞན་གྱིས་ཞུ་ནན་ཆེས་ན་ཐུགས་སུན་པ་འམ། འབྲོགས་པའི་རྣམ་པས་སྐུ་ཉིད་གཅིག་པུར་མི་མེད་ཀྱི་རི་བྲག་ནགས་ཚལ་དག་ལ་གཤེགས་པས། འཇིག་རྟེན་གྱི་ཞེན་རྒྱུས་ཆེ་བ་རྣམས་འཇིག་རྟེན་ཕྱོགས་ནས་བློ་ཁ་མི་རྫོགས་ཀྱང༌། ཆོས་ཕྱོགས་ནས་དགྲ་གཉེན་བར་མ་ཐམས་ཅད་དད་པ་ཇེ་ཆེར་འགྱུར་ཞིང་རིམ་གྱིས་བྱང་ཆུབ་ཀྱི་སྐལ་པ་ཅན་དུ་མཛད་དོ།། སངས་རྒྱས་སྲས་རྣམས་ཤིན་ཏུ་བྱ་དཀའ་དེ་བཞིན་མི་ཡི་གནོད་ཀུན་བཟོད། །མཐོ་རིས་གཉེར་དང་མི་ནུས་པས་མིན་འཇིགས་པས་མ་ཡིན་ཕན་ལྟས་མིན། །བཟོད་པ་བླ་ན་མེད་པས་སྐྱེ་བོ་བྱང་ཆུབ་གསུམ་ལ་བཀོད། །བཟོད་པ་ཡེ་ཤེས་ཀྱིས་ཡོངས་ཟིན་པས་འཇིག་རྟེན་དག་ན་མི་ཟད་བཞག།མདོ་རྒྱན་ལེའུ་༡༧ ཡང་རྗེ་འདི་ཉིད་ནི་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། ལྔ་བརྒྱ་མཐའ་མའི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སྤངས་ཤིང་བསླབ་པར་བྱ་བའི་ཆོས་གསུངས་པ་ལས་མ་གཡོས་པར་འཁོར་དང་འདུ་ལོངས་བསྡུ་བ་སོགས་ཅི་ཡང་མི་མཛད་པས། འཁོར་གྱི་ཚོགས་དྲག་ཞན་སུ་ལ་ཡང་འགུག་འདྲེན་ཞལ་བརྡའ་ཙམ་ཡང་མི་གསུངས་ཀྱང༌། སྐུའི་སྐྱེས་རབས་དཔག་ཏུ་མེད་པ་ནས་སྨོན་ལམ་དམ་ཚིག་གི་རྟེན་འབྲེལ་མ་ཆུགས་པ་དང༌། སྐྱེ་བ་ལ་རང་དབང་ཐོབ་པའི་ཕྱིར། རྒྱལ་བ་ཀུན་གྱི་ཡབ་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་རྣམ་པར་སྤྲུལ་པ་ཞྭ་དམར་ཅོད་པཎ་འཛིན་པ་དང༌། དཔའ་བོ་རིན་པོ་ཆེ། སི་ཏུ་རིན་པོ་ཆེ། རྒྱལ་ཚབ་རིན་པོ་ཆེ་ལ་སོགས་པ་སྐྱེ་བ་ལ་རང་དབང་འབྱོར་བས། རིམ་པ་བཞིན་རྗེ་ཉིད་ཀྱི་ཞབས་འབྲིངས་སུ་སྐྱེ་བ་བཞེས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་ཚོམ་བུ་གྲངས་མེད་པ་དང་བཅས་ནམ་ཡང་ཉམས་པ་མེད་པར་ཞིང་ཁམས་གཅིག་ཏུ་ཚོགས་པ་འདི་ལྟ་བུ་ནི། ས་ཆེན་པོ་ལ་གནས་པའི་གྲབ་རྟགས་དཔག་ཏུ་མེད་པ་སྟེ། ཤེས་ལྡན་ཐམས་ཅད་ཀྱིས་ཡིད་རབ་ཏུ་ཆེས་ཤིང་དད་པའི་གནས་སོ།། མངོན་ཤེས་ཙམ་དང་ནམ་མཁར་ཕུར་བ་སོགས།། བསམ་གཏན་ཐོབ་པ་ཕྱི་རོལ་པའང་ཡོད།། སྐྱེ་བའི་ཚུལ་ལ་རང་དབང་ཐོབ་པ་ནི།། ཉན་རང་འཕགས་པ་ལའང་དཀའ་བ་ཡིན།། དེ་ཕྱིར་རྒྱལ་བའི་དབང་པོ་ཀརྨ་པ།། ཡབ་སྲས་རྣམས་ཀྱི་མཛད་པའི་སྟོབས་འདི་ལ།། གུས་པ་མེད་གང་ལོག་ལྟའི་གདོན་གྱིས་ཟིན།། བདག་ནི་བསྐལ་བཟང་སྙིང་ནས་དད་པ་སྐྱེས།། དེ་ཡང་མདོ་སྡེ་རྒྱན་ལས། དེ་ནི་ཚོགས་མཆོག་ནང་དུ་ཏིང་ངེ་འཛིན། །དཔག་མེད་རྣམ་པར་རོལ་པ་ཀུན་སྟོན་ཅིང༌། །བཟོ་དང་སྐྱེ་དང་མཆོག་གི་སྤྲུལ་པ་ཡིས། །སེམས་ཅན་རྣམས་ཀྱི་དོན་དུ་དུས་ཀུན་གནས། །ཡེ་ཤེས་དག་ལ་དབང་ཕྱིར་ཞིང་རྣམས་ནི། །ཇི་ལྟར་འདོད་བཞིན་བསྟན་ཕྱིར་དག་པ་འཐོབ། །མདོ་རྒྱན་ལེའུ་༨ ཅེས་གསུངས་སོ། །དེ་ལྟར་སེམས་དཔའ་ཆེན་པོ་སྨོན་ལམ་དང༌། བསོད་ནམས་ཀྱི་སྟོབས་དཔག་ཏུ་མེད་པ་དེ་དག་ཀྱང་རྒྱལ་བའི་ཞབས་འབྲིང་དུ་ཕེབས་པ་དང༌། དེ་ལ་དེ་བརྟེན་གྱིས་བཞུགས་སྒར་གྱི་ཚོགས་ཀྱང་འདུས། རྒྱ་ནག་དང༌། ལྗང་དང༌། བོད་ཆེན་པོ་རྣམས་ནས་ཀྱང༌། དད་ཅན་གྱི་འབུལ་སྟོབས་སྣ་ཚོགས་རང་ཤུགས་ཀྱིས་འབྱུང་བས། ཕ་རོལ་རྣམས་པར་གནོན་པའི་དཔུང་དང༌། ནོར་སོགས་གང་ཡང་མི་དགོས་པར་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་འབྱོར་བའི་སྟོབས་ལྷུན་གྱིས་གྲུབ་པས་འཇིག་རྟེན་སྐྱོང་བ་དག་གི་དཔལ་འབྱོར་ཡང་ཟིལ་གྱིས་གནོན་པར་ནུས་ཏེ། ཉན་ཐོས་རྣམས་ཀྱི་འབྱོར་པས་ནི། །འཇིག་རྟེན་པ་དག་ཟིལ་གྱིས་གནོན། །རང་སངས་རྒྱས་ཀྱི་འབྱོར་པ་ཡིས། །ཉན་ཐོས་ཀྱི་ཡང་ཟིལ་གྱིས་གནོན། །དེ་ཡིས་བྱང་ཆུབ་སེམས་དཔའ་ཡི། །འབྱོར་པའི་ཆར་ཡང་མི་ཕོད་དོ། །དེ་ཡིས་དེ་བཞིན་གཤེགས་པ་ཡི། །འབྱོར་པའི་ཆར་ཡང་མི་ཕོད་དོ། །སངས་རྒྱས་རྣམས་ཀྱི་འབྱོར་པ་ནི། །གང་གི་གང་དུ་ཇི་ལྟར་དང༌། །ཇི་ཙམ་དུས་གང་འཇུག་པ་ནི། །བསམ་ཡས་དཔག་ཏུ་མེད་པར་འདོད།།མདོ་རྒྱན་ལེའུ་༡༠ དེ་ལྟར་འཁོར་ལོངས་སྤྱོད་སྟོབས་ཆེན་པོ་འདུས་ཀྱང་འཇིག་རྟེན་གྱི་ཐུགས་སྣང་ཡེ་མེད་པར་སྐུ་འཁོར་རྣམས་ལ་ཡང་གསུང་ཆེར་མི་འབྱོན། བརྒྱ་ལམ་ན་ཁྱེད་རྣམས་ཆོས་བགྱིས་གཞན་ལ་གནོད་འཚེ་ཡེ་མ་བྱེད་ཅིག །དབུས་གཙང་དུ་ཡང་ཁྱེད་རྣམས་ལ་བརྟེན་ནས་མ་ཆགས་པ་མིན་པ། ང་ལ་བརྟེན་ནས་མ་ཆགས་པ་མིན་གསུངས་ཤིང༌། འཇིག་རྟེན་ཕྱོགས་འཛིན་དང་ངོ་བསྲུངས་ཆོས་བརྒྱད་ཆེ་རྫུའི་རིགས་གཏན་ནས་མི་མཛད་ཅིང༌། དེ་འདྲ་ལ་ཐུགས་མི་དགྱེས་པའི་རྣམ་འགྱུར་དང༌། འཇིག་རྟེན་རེ་བ་རྣམས་ཀྱི་སེམས་མགོ་གནོན་པའི་ཕྱིར། ན་བཟའ་ཡང་ཕྱགས་དར་ཁྲོད་ངེས་མེད་མཛད། གསོལ་ཇ་སྡོར་བཅས་མཚོན་ཙམ་རེ་དང༌། སྣོད་ཆས་ཆུང་ངུ་རེ་རྗེ་ཉིད་རང་གི་སྐུ་ཞབས་སུ་བསྣམས། གཞན་ཞབས་འབྲིང་ཡང་ཆེར་མི་དགོས། བཀྲེས་སྐོམ་ཚ་གྲང་སྐྱོ་ངལ་གྱི་སྣང་བ་གང་ཡང་མེད་པ། གླང་པོའི་དབང་པོ་འམ་བསེ་རུ་ལྟ་བུ་རི་དྭགས་ཅང་ཤེས་ལྟར། སྡིག་ཅན་གྱི་བརྫི་ཕྱོགས་ཙམ་ལ་ཡང་བག་ཡོད་པས་འཛེམ་ཞིང་བརྩོན་འགྲུས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། སྙིང་སྟོབས་སྲན་ཐུབ་པས་སྦྲུལ་དང༌། གཅན་གཟན་གྱིས་གང་བའི་འབྲོག་དགོན་འཇིགས་སུ་རུང་བ་དག་ཏུ་ཡང་གཅིག་པུར་ཕེབས་ཤིང༌། དེ་དག་ཏུ་བཞུགས་པ་ལ་སྐྱོ་བའི་སྣང་བ་ཙམ་ཡང་མེད་པར་གདའ། བརྩོན་འགྲུས་ཆེ་དང་སྡུག་བསྔལ་དང༌། །ཁྲེལ་དང་བརྟན་ལ་བསྟེན་པ་སྟེ། །བྱང་ཆུབ་ཆེ་ལ་འདུན་པ་དག། །བློ་ལྡན་གཞན་གྱིས་མི་སྐྱོ་བ། །ས་རྣམས་ལ་ནི་མ་རྫོགས་དང༌། །རྫོགས་དང་ཤིན་ཏུ་རྫོགས་པར་འདོད།། མདོ་རྒྱན་ལེའུ་༡༩ ཡང་དེ་བཞིན་གཤེགས་པས་གདུལ་བྱ་རྨུ་རྒོད་དག་འདུལ་བའི་ཕྱིར། དབང་པོའི་བྲག་ཕུག་བརྟེན་ཅིང༌། འཇུག་སྲེད་ཀྱི་རྒྱལ་པོའི་ཞིང་དུ་གཤེགས་པ་ལྟར། རི་བོ་རྩེ་ལྔ་ལ་ཡང་ཕེབས་ཡོད་པ་འདྲ་ཟེར་ཞིང༌། རི་བོ་བྱ་རྐང་དུ་གྲགས་པ་ལ་ནི་ངེས་པར་ཕེབས་འདུག །གཞན་ཡང་གནས་རི་མང་པོ་ལ་གསང་སྟབས་ཀྱིས་ཕེབས་ནས་དེ་དག་གི་ནགས་ཁྲོད་སྨན་ལྗོངས་བྲག་ཕུག་སྣ་ཚོགས་སུ་ཡང་གཅིག་པུར་བཞུགས་ནས། ཏིང་ངེ་འཛིན་གྱི་རྩལ་སྦྱོངས་ཏམ་པུ་རའི་སྒྲ་ཙམ་ལ་བརྟེན་ནས་བྱ་དང་རི་དྭགས་དང༌། མི་མིན་དག་ལ་ཆོས་ཀྱི་འབྲེལ་བ་ཙམ་རེ་གསུངས་ཀྱིས་ཡོད་པ་འདྲ་ཟེར། གཞན་གང་དུ་བཞུད་དང༌། ཇི་ལྟར་མཛད་སུས་ཀྱང་མི་ཤེས་པར་ནགས་ཚལ་ནས་ནགས་ཚལ་བས་མཐའ་ནས་བས་མཐའི་གནས་ངེས་པ་མེད་པར་སྐྱེས་བུ་ཁྱུ་མཆོག་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ་བྱ་བ་བྱས་ཤིང༌། བྱེད་པ་བྱས་པ། འཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། དྲང་སྲོང་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་ཆེན་པོ་དཀའ་ཐུབ་ཀྱི་ནགས་སུ་བཞུགས་པ་རྣམས་དང་ཁྱད་པར་ཅུང་ཟད་ཀྱང་མ་མཆིས་པར་ཕལ་ཆེར་ཏིང་ངེ་འཛིན་གྱི་འཚོ་ཞིང་བཞུགས་པ་ལ། བར་འགར་སྲས་ཀྱི་ཐུ་བོ་སེམས་དཔའ་ཆེན་པོ་རྣམས་དང༌། སྐལ་ལྡན་དག་ལ་བཀའ་ཆོས་ཀྱང་གསུང་གི་ཡོད་ཟེར་བའི་ཐག་རིང་རྒྱང་གི་གཏམ་རྣ་བར་ཐོས་པས་རང་ཡང་ཞབས་དྲུང་དེར་ཡོད་ན་སྙམ། དད་པ་དང་ངེས་འབྱུང་རླུང་སྙིང་གི་ཁོངས་རུས་པའི་གཏིང་ནས་ལངས། ལུས་ཀྱི་བ་སྤུ་གཡོས་ཤིང་མཆི་མ་འཁྲུག་པའི་དད་པ་ཆེན་པོ་སྐྱེས་ཏེ། རྗེ་ཉིད་བཞུགས་པའི་ཡུལ་གྱི་ཕྱོགས་དང་བཀོད་པ་ཡིད་ཡུལ་དོན་སྤྱི་ཙམ་དུ་ཡང་ཡང་དམིགས་ཤིང་གསོལ་བ་བཏབ་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་ཡེ་ཤེས་ཀྱི་སྤྱན་གྱིས་སྒྲིབ་མེད་དུ་གཟིགས་ཤིང་མཁྱེན་པས། དགེ་སློང་ཀརྨ་སྙིང་རྗེ་ཞེས་བྱ་བ་གནས་གསུམ་སྐོར་བ་ལ་བསྔགས་པ་དང་བསྟུན་གཙང་གི་མཁན་པོ་དེ་ཡང་ཁམས་བཟང་ངན་ལྟོས་ཤིག་ཅེས་སྒྲིབས་མེད་དུ་གཟིགས་པའི་བརྡར་བརྩེ་དུང་བསྙུན་དྲིའི་ཚུལ་དུ་གནང་བ་ནི། སེམས་ཅན་ཁམས་ལ་ཉིན་མཚན་དུས་དྲུག་ཏུ།། གཟིགས་ནས་བྱམས་པ་མཛད་པ་དེ་ལྟ་བུ།། ཕ་དང་མ་དང་གཉེན་བཤེས་སུས་ཀྱང་མིན།། ཞེས་པའི་བསྔགས་བརྗོད་དོན་དང་མཐུན་པ་སྟེ། སྐལ་ལྡན་སུ་ཞིག་གིས་གསོལ་བ་བཏབ་ཀྱང༌། ཐག་ཉེ་རིང་མེད་པར་ཐུགས་རྗེས་བསླུ་མེད་དུ་གཟིགས་པ་ཚུལ་འདིས་མཚོན་ཅིང༌། དགྲ་གཉེན་བར་མའི་སེམས་ཅན་ཐམས་ཅད་ལ་ཉེ་རིང་མི་མངའ་བའི་བཏང་སྙོམས་ཆེན་པོའི་ཏིང་ངེ་འཛིན་གྱི་རང་ཕྱོགས་འཛིན་གྱི་བློའི་སྤྱོད་ཡུལ་ལས་འདས་པ་རིས་མེད་ཀྱི་རྣམ་འགྱུར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྣ་ཚོགས་ཀྱིས་འཚོ་ཞིང་བཞུགས་པའི་གཏམ་ཐོས་པས་དད་པའི་ཤུགས་ཆེན་པོ་གཡོས་ལ་ཕྱོགས་དེར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པའི་གཏམ་འདི་དག་བཤད་དོ།། དེ་ཡང་རྗེ་ཉིད་ཀྱིས་ལྗོངས་ཞབས་པའི་ཕྱོགས་འདི་དག་གི་གནས་རི་བྲག་ནགས་ལྗོངས་ཕལ་མོ་ཆེ་ཞབས་ཀྱིས་བཅགས་ཤིང་གཟིགས་པས་རྒྱ་ལྗང་གི་མཚམས་ཀྱི་བས་མཐའ་ཆེན་པོ་རྒྱ་ཐང་པ་ཞེས་པ་འམ་མིང་གཞན་ལྗངས་ཀྱི་སྐད་དུ་ཁོ་ཚེ་ཞེས་བྱ་བའི་ས་ཕྱོགས་དབེན་ཞིང་དུག་ཚད་ཆུང་ལ་སྤྱན་ཞོད་འཇགས་པར་བྱུང་སྟེ་བསྟི་གནས་སུ་མཛད་དོ།། ལྗོངས་དེ་ཡང་སྔོན་བྱང་ཆུབ་སེམས་དཔའ་བཞུགས་བཞུགས་པའི་གནས་ཤིག་རྗེ་ཉིད་བཞུགས་པའི་གནས་སུ་ལྷ་རྣམས་ཀྱི་དམིགས་པ་ལྟ་བུ་སྟེ། ཡུལ་དེའི་སའི་དབྱིབས་སྤྱད་ནི། རིན་པོ་ཆེའི་མཎྜལ་མན་ཇིའི་སྟེང་དུ་བཞག་པ་དང་འདྲ་ཟེར་སྟེ། རྒྱ་དང་ལྗང་གི་ཡུལ་གཞན་བས་ཅུང་ཟད་མཐོ་བ། མཐའ་རི་ལྗོངས་ཡིད་དུ་འོང་བས་མུ་ཁྱུད་ཀྱི་ཚུལ་དུ་སྐོར་བའི་ཐང་ཆེན་པོ་སྨན་དང་མེ་ཏོག་གི་རིས་མང་པོ་ཚང་བའི་ནེའུ་སིང་གི་ལྗོངས་རྒྱ་ཆེ་ཞིང་མཛེས་པའི་དབུས་རི་དེའུ་ཆུང་ཆུ་དང་ལྗོན་ཤིང་ཕུན་སུམ་ཚོགས་པར་ཡོད་པ་ལ། རྒྱ་ཐང་པོ་ཏ་ལ་ཞེས་མིང་འདོགས་པར་མཛད་ཅིང༌། དེར་རྒྱལ་བ་ཉིད་ཀྱི་ཕོ་བྲང་དག་པའི་ཞིང་གི་བཀོད་པ། སྔོན་གྱི་དྲང་སྲོང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟི་གནས་ལྟ་བུར་ཆགས་ཤིང་དད་པ་ཅན་མང་པོས་སྐོར་རྡོ་བསགས་ཤིང་སྤུངས་བ། ཨཻ་ཊའི་ཁྱུ་འཁོད་པ་ལྟ་བུ་རྒྱང་རིང་པོ་ནས་ཀྱང་མཐོང་ངོ་ཟེར། རི་དེའི་ཞབས་ན་སྐུ་འཁོར་དག་ཅིག་གི་ཤག་སྤྱིལ་དང༌། དེ་ནས་ཀྱང་ཅུང་ཟད་རྒྱང་རིང་བ་ན་ཕྱག་མཛོད་དང་སྒར་པ་བྱིངས་བདེ་བཞུགས་གནས། དགེ་འདུན་གྱི་སྡེ་དང་བཅས་པ། དེ་ནས་ཡང་ཕྱོགས་སུ་རྒྱང་གྲགས་དང་ཉིན་ལམ་ཙམ་བགྲོད་པའི་རིའི་སུལ་དག་ལ་སྐུ་སྐྱེ་སྤྲུལ་པའི་སྐུ་སོ་སོའི་བཞུགས་གནས་གྲྭ་ཚང་དང་བཅས་པ། དེ་དག་ལས་ཀྱང་རིང་དུ་བགྲོད་པའི་ཡུལ་གྲུ་སོ་སོ་ལ་ལྗང་ཆོས་ཀྱི་རྒྱལ་པོས་སྔ་གོང་ནས་བཙུགས་པའི་ཆོས་སྡེ་གྲྭ་ཚང་མང་པོ་ཡོད་པ་ནི་འདི་ལྟར་ཐོག་མར་རྩེ་ཞག་དགོན་པ་ཞེས་བྱ་བ། བཀའ་འགྱུར་རོ་ཅོག་གི་སྤར་དང༌། ཐུབ་ཆེན་ལ་སོགས་པ་རྟེན་གསུང་རྒྱ་ཆེར་བཞུགས་པའི་གཙུག་ལག་ཁང་དགེ་འདུན་གྱི་སྡེ་དང་བཅས་པ། གཞན་ཡང་རྒྱ་བྱ་དགོན་པ་ཟེར་བ་དང༌། ཁང་གསར་དགོན་པ་དང༌། ཨ་བོང་དགོན་པ་དང༌། རྩ་གི་དགོན་པ་དང༌། ཇུས་དགོན་པ་དང༌། བྲོ་ཤོང་དགོན་པ་དང༌། ཁྲུང་ཁྲུང་རྩེ་གང་ཞེས་བྱ་བའི་ཆོས་སྡེ་དང༌། ཨ་ཀོང་ཆོས་སྡེ་དང༌། ལྡེབ་སྤང་ཕུག་དགོན་པ་དང༌། ཆོས་སྡེ་ཀརྨ་ལྷ་ལྡིངས་དང༌། སྒ་ཏུ་ཆོས་སྡེ་དང༌། དགའ་སྣང་ཆོས་སྡེ་ཞེས་གྲགས་པ་དག་སྟེ། དགོན་སྡེ་ཆེ་བ་རྣམས་ལ་དྲུག་བརྒྱ་བདུན་བརྒྱ་ཙམ་དང༌། སུམ་བརྒྱ་ཉིས་བརྒྱ་ཚོགས་པ་སོགས་དགེ་འདུན་ཁྲི་ཁྲག་ལོངས་པ་ཡོད་འདུག་ཅིང༌། རྗེ་ཉིད་བཞུགས་པའི་གནས་དེར་ཡང༌། གཙུག་ལག་ཁང་གྲྭ་ཚང་དང་བཅས་པ་ཞིག་དགོས་ཞེས་ལྗང་ཆོས་ཀྱི་རྒྱལ་པོས་གསོལ་བ་བཏབ་ཀྱང༌། ཞལ་གྱིས་མ་བཞེས་ཏེ། མི་སྡེ་སེམས་ཅན་ལ་གནོད་པའི་གཞིར་འགྱུར་གྱིས་དོགས་དགོངས་པ་ལོས་ཡིན། གཞན་དགོངས་པའི་དབྱིངས་སུས་ཀྱང་རྟོགས་དཀའ་ཞིང༌། འདོད་པ་ཆུང་བ་དང༌། ཆོག་ཤེས་པ་ལ་ཐུགས་དགྱེས་པའི་རྣམ་འགྱུར་གྱིས་བཞུགས་གནས་དེ་ཡང༌། གྲོང་གི་བསྟི་གནས་མེ་ཏོག་ཟླུམ་ར་ལྟ་བུ་མ་གཏོགས། རྒྱ་ཆེར་མ་གནང་ཞིང༌། ནགས་ལྗོངས་དབེན་གནས་སྣ་ཚོགས་ལ་ཕེབས་པ་ལས། སྐབས་ཤིག་གནག་རྫི་ཞིག་གིས་ལམ་རྒྱུས་ཞུས་ཏེ། རྒྱ་ཐང་ཞོ་སྟོད་སྒང་ཞེས་བྱ་བའི་བྲག་ཕུག་ཞིག་ཏུ་ཕེབས་པས་བྲག་ལ་དབུའི་རྗེས་གསལ་བར་བྱུང་སྟེ། སྐྱེ་བོ་མང་པོས་ཡང་ཡང་མཇལ་ཞིང༌། དད་པ་དང་ངོ་མཚར་དུ་བྱེད་དོ།། རྗེ་ཉིད་ནི་ཚུལ་དེ་ལྟ་བུ་དག་མཆོག་ཏུ་འཛིན་པ་མི་མངའ་ཞིང་གང་ཤར་བཟོ་མེད་སྣང་བ་གདོང་དེད་གང་བྱུང་ལམ་ཁྱེར་མ་གཏོགས། འཇིག་རྟེན་གྲགས་འདོད་རྣམ་གཡེང་ཅི་ཡང་མི་བཞེད་ཀྱང་རྒྱལ་བ་ཀརྨ་པ་ལྗང་ཕྱོགས་ན་ཕེབས་སོང་ཞེས་པའི་སྙན་གྲགས་ཀྱིས་ཕྱོགས་ཀུན་ཏུ་ཁྱབ་ཅིང༌། རི་བྱ་རྐང་དང༌། ཨུ་ར་ཤན་དང༌། འོག་མིན་ཤན་ལ་སོགས་པའི་གནས་རི་སྣ་ཚོགས་ལ་བཞུགས་པའི་དྲང་སྲོང་དང༌། གྱང་ཅུ་དང༌། ཧ་ཤང་དད་པའི་རྣམ་རིག་ཅན་ཐམས་ཅད་ཉིད་ཀྱི་ཞལ་བལྟ་བར་འདོད་ཅིང་ལྗང་གི་ཕྱོགས་སུ་དད་པའི་ཐལ་མོ་སྦྱོར། ལྗང་དང་རྒྱའི་མི་ཕལ་ཆེར་ལ་ཡང་ཐུགས་རྗེའི་མདངས་ཕོག་ཅིང་དད་པའི་སྣང་བ་རང་ཤུགས་ཀྱིས་སྐྱེས་ཏེ། ཏཱ་བཱ་རྦང་ཀོ་ཡན་ཕུ་ས་ཞེས། བོད་སྐད་ལྟར་ན་ཀརྨ་པ་མཁྱེན་ཅེས་ཡང་ཡང་བརྗོད། རྒྱ་ནག་ཁྲི་སྒོའི་རྒྱལ་པོས་ཀྱང་ཕྱོགས་དེར་སྤྱན་འདྲེན་པ་འདོད་ཅིང༌། ཕུད་དུད་ཀྱི་སྐྱེས་ཆེན་པོ་འབུལ་བར་བློན་པོའི་གཙོ་བོ་ཞིག་རྟ་པ་སུམ་སྟོང་ཙམ་དང་བཅས། རྒྱལ་པོའི་ཐམ་ཀ་ལ་ཡང་མི་ས་ཀྱི་རྒྱན་ལ་སོགས་པའི་ཆེ་བ་དང་བཅས་ལན་གསུམ་ཙམ་འོངས་ཤིང༌། འབུལ་སྐྱེལ་དཔག་ཏུ་མེད་པ་བྱས་ཀྱང༌། འཇིག་རྟེན་གྱི་ནོར་ཟང་ཟིང་ལ་སྲེད་པ་དང་ངོ་འཛིན་ཅི་ཡང་མི་མཛད་བར་དུ་རུ་ཀའི་གྲིབ་ཡོང་ཅེས་ཕྱོགས་གཡོལ་བར་དགོངས་ལ། ལྗང་གི་རྒྱལ་པོ་དང༌། ཕག་མོ་ཞབས་དྲུང་ལ་སོགས་པས་སྣ་ལེན་རྒྱ་ཆེར་སྩལ་ཞིང༌། རྗེ་ཉིད་ཀྱི་སྐུ་ཚབ་སྒྲུབ་ཆེན་བགྲེས་པོ་ཞིག་ཞྭ་གསོལ་ཞིང་རྒྱུད་མངས་ལ་སོགས་པ་མཆོད་པའི་བྱེ་བྲག་དང་བཅས་མཇལ་ཁ་བཏང༌། ཡང་རྗེ་ཉིད་ཟང་ཟིང་གི་ནོར་གཞན་ལ་དགྱེས་ཚོར་མི་སྣང་བར། གནས་རི་སྣ་ཚོགས་ལ་དགྱེས་པར་རིགས་ཏེ། སླར་རྒྱ་ནག་རི་བོ་རྩེ་ལྔའི་བཀོད་པ་རི་སོ་སོ་ཐོག་སོ་གང་ཙམ་ཡོད་པ། ཙན་དན་ལས་གྲུབ་ཅིང་འཕྲུལ་ཁ་སྒྲིགས་པའི་བཟོ་བཀོད་ངོ་མཚར་ཆེ་བ་སོགས་འབུལ་ཞིང༌། བཀྲ་ཤིས་ཁྲི་སྒོའི་ཕྱོགས་རྒྱ་ནག་ཕོ་བྲང་དུ་ཕེབས་པའི་གསོལ་བ་ཡང་ཡང་འདེབས་སོ།། ཡང་སྐབས་ཤིག་ལྗང་ཆོས་ཀྱི་རྒྱལ་པོས་ཀྱང༌། རང་གི་ཕོ་བྲང་དུ་ཕེབས་དགོས་པའི་གསོལ་བ་ནན་གྱིས་བཏབ་ཅིང༌། རྗེ་ཉིད་འཇིག་རྟེན་གྱི་གཟི་བརྗིད་རྣམ་གཡེངས་ལ་མི་དགྱེས་ཀྱང༌། གདུལ་བྱའི་དང་བ་འདྲེན་པ་དང་རྟེན་འབྲེལ་བཟང་པོའི་ཕྱིར། སྔོན་དབུས་གཙང་དུ་བཞུགས་པའི་སྐབས་ཀྱི་ཆིབས་རགས་དང་བཞུགས་སྒར་གྱི་བཀོད་པ་ལུགས་གནང་དགོས་ཞེས་ཞུས་ཤིང་ཞལ་གྱིས་བཞེས་ནས། རྒྱལ་པོས་ཀྱང་ལམ་ཐམས་ཅད་བྱི་དོར་བྱས་ཤིང༌། རྗེ་ཉིད་བཞུགས་པའི་གནས་ནས་རྒྱལ་པོའི་ཁབ་ཀྱི་བར་ལམ་གསུམ་བྱས་ཏེ་དབུས་མ་ལ་རྗེ་ཉིད་ཕེབས་པ་སྒྲོན་ཤིང་གི་འདབ་མ་སྔོན་པོ་ཡིད་དུ་འོང་བ་ཅལ་དུ་བཏིང་བ་ལ། མེ་ཏོག་སྣ་ཚོགས་ཀྱིས་རྒྱན་པའི་ཕན་ཚུན་ཐམས་ཅད་ལ་མཆོད་པའི་བཀོད་པ་དང༌། བར་བར་དུ་སྐུ་ངལ་གསོ་བའི་གནས་དང་གདུགས་ཚོད་དང༌། ཞག་ས་དག་ཏུ་ཡང་མེ་ཏོག་གི་བཟོད་རྩེད་སྣ་ཚོགས་ཀྱིས་བརྒྱན་པའི་ལྡིང་ཁང་ར་བ་ཕྱི་ནང་དང་བཅས་པ་བྱས་སོ། །ཕན་ཚུན་ལམ་ཡང་རྡུལ་མི་གཙང་བ་མེད་ཅིང་བདེ་བར་བྱས་སོ།། དེ་ནས་རྒྱལ་པོ་རང་ཉིད་ཀྱང་བློན་པོའི་ཚོགས་སུམ་བརྒྱ་དང་བཅས་ཐམས་ཅད་ཀྱང་དར་གྱི་ལ་ཐོད་དང༌། ཟ་འོག་གི་གོས་བརྩེགས་མ་ཡིད་དུ་འོང་བ་གྱོན་ཅིང་ལག་པ་གཡས་སུ་རིན་པོ་ཆེ་ལ་སོགས་པའི་མེ་ཏོག་གི་ཆུན་པོ་དང༌། གཡོན་དུ་རིན་པོ་ཆེའི་སྤོས་ཕོར་དྲི་བཟང་པོའི་དུད་སྤྲིན་གཡོ་བཞིན་དུ། རྒྱང་གྲགས་ཙམ་གྱི་བར་དུ་ཕེབས་བསུ་ལ་རྐང་ཐང་གིས་འོངས་སོ། །ཕན་ཚུན་རིང་པོ་ནས་སྐྱེ་བོའི་ཚོགས་ཆེན་པོ་ངོ་མཚར་གྱི་བལྟད་མོ་བལྟ་ཞིང་དད་པའི་གསོལ་བ་འདེབས་པར་བྱེད་དོ།། རྗེ་ཉིད་ཚངས་པར་སྤྱོད་པ་དྲི་མ་མེད་པའི་བརྟུལ་ཞུགས་ངུར་སྨྲིག་གི་རྒྱལ་མཚན་ཚུལ་ཁྲིམས་ཀྱི་དྲི་བཟང་ཐུལ་བཞིན་པའི་ཀུན་ཏུ་སྤྱོད་པ་ཞི་ཞིང་དུལ་ལ་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་ལྟ་སྟངས་འགྲོ་བ་ཐམས་ཅད་ལ་གཟིགས་ཤིང༌། དགེ་འདུན་སྟོང་ཕྲག་མང་པོའི་ཞབས་འབྲིང་དང་བཅས་རྟ་དར་གདུགས་རྒྱ་གླིང་ལ་སོགས་པ་གཟི་བརྗིད་ཀྱི་བཀོད་པ་ཆེན་པོས་ཕེབས་སོ།། དེའི་ཚེ་བཞུགས་ཡུལ་རྒྱལ་པོའི་ཕོ་བྲང་དང་ཉེ་བའི་ཕྱོགས་ཞིག་ཏུ་ཆེད་དུ་བཟོས་ཏེ། མེ་ཏོག་དང་ལྗོན་ཤིང་ཡིད་དུ་འོང་བ་མང་པོས་བརྒྱན་པའི་རྭ་བ་ཕྱི་ནང་མང་པོ་ཡོད་པ་འདོད་ལྷའི་སྐྱེད་མོའི་ཚལ་ལྟ་བུར་བྱས་སོ། །དེར་ཅུང་ཟད་བཞུགས་ཤིང༌། སྐྱེ་བོ་མང་པོའི་འདུ་ཚོགས་ཀྱིས་ཐུགས་སུན་པས་མཚན་གཟིམས་དབེན་པ་གཞན་ཞིག་ཏུ་གནང་ངོ༌།། དེ་ནས་རྒྱ་འབུལ་ཆེན་མོ་རྒྱལ་པོ་རང་གི་བསམ་པར། ཕོ་བྲང་གི་ཕྱིར་སྐྱེ་བོ་མང་པོས་མཐོང་སར་བྱེད་འདོད་པ་ཡོད་འདུག་ཀྱང༌། རྟེན་འབྲེལ་གྱི་ཆེ་བ་ལ་དགོངས་ནས་ཕོ་བྲང་གི་ནང་དུ་ཕེབས་ནས་བཞེས་སོ།། ཡང་ཉིན་གཅིག་རྒྱལ་བུས་གསེར་གར་བུའི་རྡོ་རྗེའི་རྒྱའི་ཕྲེང་བ་ལ་སོགས་པ་འབུལ་བའི་སྟོབས་ཆེན་པོ་བྱས་ཤིང༌། རྗེ་ཉིད་ཀྱི་བརྟན་བཞུགས་ཕྱོགས་བཅུའི་རྒྱལ་བ་མ་དུང་ཕྱུར་དང༌། མ་ཎི་དུང་ཕྱུར། སྨོན་ལམ་རྣམ་གསུམ་དུང་ཕྱུར་དང༌། སེམས་ཅན་དུང་ཕྱུར་གྱི་སྲོག་བླུ་བ་དང༌། རང་ལ་དམིགས་པའི་སེམས་ཅན་མང་པོ་གསོད་པ་རྣམས་སྤོང་བ་དམ་བཅའ་བྱས་ཤིང༌། སྟོབས་ཆེན་པོས་མྱུར་དུ་འགྲུབ་པར་བྱས་སོ།། དེ་ནས་སློབ་དཔོན་ཆེན་པོ་རྣམས་དང་ཡུལ་གྱི་གཙོ་བོ་དག་གིས་ཀྱང་རང་རང་གི་སྦྱོར་བས་འབུལ་བ་རྒྱ་ཆེར་བྱས་ཤིང༌། རྒྱལ་བློན་འབངས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་བྱང་ཆུབ་ཀྱི་སྐལ་བ་ཅན་དུ་གྱུར་ཏོ།། ཚུལ་དེ་དག་ཀྱང་ ༼འདིར་མ་དཔེར་ལྡེབ་གྲངས་སོ་དགུ་པ་མ་ཚང༌།༽ བའི་སེམས་སྐྱེས་ཏེ། དག་སྣང་གིས་སྤྱན་འདྲེན་པར་གཏང་བས་དེར་ཕེབས་དྲི་བ་ཞུས་པས། གསང་སྟབས་སུ་དྲང་པོར་གསུངས་པས། བྱང་ཆུབ་སེམས་དཔའི་མཛད་པ་ངོ་མཚར་ཅན་དུ་མཐོང་ཞིང༌། ཀརྨ་པ་ཡིན་པར་གོ་ནས་དད་པ་ཆེན་པོ་སྐྱེས། ཕྱག་དང་བཀུར་སྟི་གུས་པར་བྱས། འདི་སྐོར་གྱི་ཕྱག་གཡོག་ཐམས་ཅད་བདག་རང་གིས་སྒྲུབ་དགོས་ཞེས་ཞུས་ནས། སླར་ཡང་གསང་བ་དམ་པོས་སྐུ་མཚམས་ཀྱི་ཚུལ་དུ་བཞུགས། ཕྱག་གཡོག་འཐོར་བ་རྣམས་ཀྱང་ཐབས་སྣ་ཚོགས་ཀྱིས་བཀུག་ནས། རིམ་གྱི་མགོ་ལོག་རྒྱལ་པོའི་སར་ཕེབས། ཡུལ་ཕྱོགས་དེ་ན་དཔའ་བོ་རིན་པོ་ཆེའི་སྐུ་སྐྱེ་ཡང་འབྲོག་མོ་ཞིག་ལ་ཡོད་པས། རྗེ་ཉིད་རྒྱང་ནས་མཐོང་བ་ཙམ་གྱི་ངོ་ཤེས་ནས། མའི་རྒྱབ་ནས་བབས་ཏེ་ཆུ་ཆུང་ངུ་ཞིག་ཡོད་པ་རྒལ་ནས་རྗེ་ཉིད་ཀྱི་ན་བཟའི་སྣ་ལ་འཇུས་པས་ངོ་མཚར་གྱི་གནས་སུ་གྱུར་ཞིང་ངོས་འཛིན་མཛད་དོ།། ཞྭ་དམར་སྤྲུལ་པའི་སྐུ་ནི། ཡུལ་དེའི་རྒྱལ་པོའི་སྲས་ཏེ་མཚན་ཟླ་བ་འོད་དཔག་མེད་དུ་བཏགས། གཟི་བརྗིད་ཆེན་པོ་དང་ལྡན་ཞིང་བློན་པོ་མང་པོས་བཀལ་ནས་ཡུལ་གཞན་ལ་གཏོང་མི་ཕོད་པ་ཞིག་ཡིན་པ་འདུག་ཀྱང༌། རྗེ་ཡབ་སྲས་ཞལ་མཐོང་ནས་འབྲལ་མི་ཕོད་པའི་དད་པ་ཆེན་པོས་གསང་སྟབས་སུ་ཕེབས་པའི་བཀའ་ཕྲོས་གནང་ངོ༌།། དེ་ནས་ལྗང་རྒྱལ་པོས་ཀྱང་ཀརྨ་པ་མགོ་ལོག་ཡུལ་དུ་ཕེབས་པར་ཤེས་ཏེ། ཞབས་འབྲིང་སྒར་པ་མང་པོ་བཏང་བ་དང༌། མགོ་ལོག་གི་ཡུལ་སྒར་པའི་གུར་ལ་སོགས་པས་ཁྱབ་ཅིང༌། ཚུལ་དེ་དག་ཕ་རོལ་གྱི་བསམ་པ་ངན་པ་དག་གིས་ཐོས་ཏེ། ལམ་འཕྲང་ཐམས་ཅད་དམག་གིས་བསྡམས་པས། སྐུ་སྐྱེ་གཉིས་སླར་ཕེབས་པར་བྱས་རྗེ་ཉིད་བྲེལ་བའི་སེབ་ཏུ་རྫུས་སྟབས་མཛད། སྒར་པ་བྱིངས་ཀྱིས་ཟེ་ཐབ་ལེན་ཞིང་ཕེབས་སོ། །དེའི་ཚེ་རྟ་རོ་དག་གཟིགས་ནས་སྤྱན་ཆབ་བསིལ་ཞིང་འཐབ་གྲོས་བྱེད་པ་ལ་མི་དགྱེས་ཤིང་བཀའ་སྐྱོན་གནང༌། ཐུགས་ངེས་འབྱུང་དང༌། སྙིང་རྗེ་ཆེན་པོའི་རྣམ་འགྱུར་གསལ་པོར་སྟོན་ནོ།། སྐབས་འདི་ཡང་མདོ་སྡེ་མྱང་འདས་ལས། བསྟན་པ་ལྔ་བརྒྱ་མཐའ་མ་ལ་བབ་པ་ན། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་སྲུང་བའི་ཕྱིར། དགེ་བསྙེན་མཚོན་ཆ་ཐོགས་པ་འགྲོ་བར་བྱའོ། །ཞེས་འབྱུང་བ་ལྟ་བུའོ། །དེའི་ཚེ་སྤྲུལ་པའི་དམག་སྐྱེད་པ་ཡིན་ཞེས་བསྔགས་བརྗོད་བྱས། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལག་ན་རྡོ་རྗེ་ཕྱི་བཞིན་དུ་འབྲེང་བས་བར་ཆད་སྟོབས་ཆེན་པོ་རྣམས་ངེས་པར་བསྲུང་བའི་རྟགས་ཀྱི་འཕྲེང་ལྡེམས་ཀྱི་དམག་རྣམས་དོན་མེད་དུ་ཞོགས་སྟབས་ཆེན་ལོངས་ཏེ་བྲོས་ནས་ཉེས་སྐྱོན་མེད་པར་ལྗང་དུ་ཕེབས་སོ།། དེ་ནས་སྐུ་སྐྱེ་གཉིས་ཀྱང་དབང་བསོད་སྙོམས་མཛད་པའི་ཁ་ཁྲིད་ཀྱིས་གསང་སྟེ་བྲོས་སྟབས་སུ་སྐུ་ཞབས་ཆེན་པོར་ཕེབས་སོ། །སི་ཏུ་རིན་པོ་ཆེའི་སྐུ་སྐྱེ་ཡང་མདོ་ཁམས་ཆབ་རོའི་ཕྱོགས་སུ་འཁྲུངས་ནས་བར་ཆད་གེགས་དབང་དུ་མ་གྱུར་པར་རྩོལ་བ་ཆེན་པོས་ཞབས་དྲུང་དུ་ཕེབས་སོ། །སྐུ་སྐྱེ་དེ་དག་དད་བརྩོན་སྨོན་ལམ་གྱི་སྟོབས་ཀྱིས་རྒྱལ་བའི་ཞབས་འབྲིང་དུ་འབྱོར་བ་གསན་ཏེ། རྒྱལ་ཚབ་གྲགས་པ་མཆོག་དབྱངས་ཀྱི་བཀའ་ལས། ཁོང་རྣམས་ཡིན་ན་དགའ་སྟེ་ང་ཡང་སྐུ་ཞབས་སུ་སླེབ་ན་ཞེས་ཡང་ཡང་སྨོན་པ་མཛད་ཅིང༌། ངེས་འབྱུང་ཆེན་པོས་བསྐུལ་ནས་བདེ་བར་གཤེགས་པ་རྗེ་ཉིད་ཀྱིས་ཀྱང་མངོན་པར་མཁྱེན་ཅིང་གཟིགས་ནས་བསུ་སྦྲེང་གི་ཚུལ་མཛད། ཡབ་ཡུམ་ཡང་བསྔགས་ཤིང་ལུང་བསྟན་ནས་སྐུ་སྐྱེ་འཁྲུངས་མ་ཐག་ནས་ངོས་འཛིན་མཛད་ཅིང་ཤིན་ཏུ་གསལ་བའི་ལོ་རྒྱུས་རྒྱས་པར་བརྗོད་ཀྱིས་མི་ལངས་སོ།། དེ་ནས་སྤྲུལ་པའི་སྐུ་བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་དེ་དག་ལ་སོགས་པ་ཚེ་དང་ལྡན་པ་སྟོང་ཕྲག་གསུམ་ཙམ་ཞིག་དུས་བཟང་པོ་ཞིག་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་དེ། ལུང་ཞུ་བ་ལས་འབྱུང་བ་འདུལ་བ་འཛིན་པ་མཚོ་སྣ་པའི་ཕྱག་ལེན་ཐག་རྒྱ་མའི་ལུགས་ཤིན་ཏུ་སྟོབས་ཆེ་བའི་བསྟན་པའི་བྱ་བ་སྟེ། དུས་གཅིག་ལ་རབ་བྱུང་བསྙེན་རྫོགས་སྟོབས་དེ་ལྟ་བུ་བོད་གངས་ཅན་གྱི་སའི་ཕྱོགས་གཞན་གང་དུ་ཡང་སྔོན་ཆད་མ་བྱུང་ཞིང༌། དེ་བཞིན་གཤེགས་པའི་འཕྲིན་ལས་ཀྱི་སྟོབས་ཆེན་པོ་ངོ་མཚར་རྨད་དུ་བྱུང་བའི་ཆོས་དང་ལྡན་པའོ།། དེ་ནས་ཡང་སྐབས་ཤིག་སྤྲུལ་པའི་སྐུ་རྣམས་དང༌། ལྗང་ཕྱོགས་ཀྱི་དགེ་འདུན་རྣམས་དང༌། རྒྱལ་པོ་བྱང་ཆུབ་སེམས་དཔས་ཆོས་ཀྱི་འཁོར་ལོ་སྐོར་བར་གསོལ་བ་བཏབ་སྟེ། སའི་ཕྱོགས་ཡངས་པ་ཅིག་ཏུ་སེང་གེའི་ཁྲི་ཆེན་པོ་རྩིགས། མཆོད་པའི་བཀོད་པ་ཆེན་པོ་བཤམས། ཆོས་ཀྱི་གཎྜི་བརྡུང༌། ཆོས་ཀྱི་དུང་དཀར་པོ་བུས་ཏེ། ས་གསུམ་ན་འགྲན་ཟླ་དང་བྲལ་བའི་སྟོན་པ་རྒྱལ་བའི་དབང་པོ་ཀརྨ་པས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ལུང་གི་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བ་གནང་རྒྱུ་ཡིན་ནོ་ཞེས་འོག་མིན་གྱི་ལྷའི་གནས་ཀྱི་བར་དུ་གྲགས་པ་དོན་དམ་པའི་ཆོས་དུང་དཀར་པོ་བཀྲ་ཤིས་གཡས་སུ་འཁྱིལ་བའི་སྒྲས་མདོ་ཁམས་པའི་ཕྱོགས་ཐམས་ཅད་དུ་ཁྱབ་པས་དད་ལྡན་དཔག་ཏུ་མེད་པ་འདུས་ཏེ། ཆོས་ཞུ་ཚོགས་ཆེ་བའི་ཚེ་ཁྲི་ཚོ་གསུམ་ཙམ་དང༌། འབྲིང་དུ་གཉིས་ཙམ་དང༌། ཉུང་མཐའ་ཡང་ཁྲི་ཙམ་རེ་རྟག་པར་ཚོགས་ཤིང༌། ལོ་གཉིས་ལྷག་ཙམ་གྱི་བར་དུ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང་ལྡན་པའི་བཀའ་ཟབ་པ་དང་རྒྱ་ཆེ་བའི་ལུང་གི་ཚོགས་སྐུ་གསུང་ཐུགས་ངལ་བ་མེད་པར་གནང་ཞིང༌། བར་བར་དུ་ཆོས་ཁྲིའི་སྟེང་ནས་བཞེངས་ཏེ། གསུང་གཟེངས་བསྟོད་ནས་གྲལ་ཐར་འཁོད་པ་རྣམས་ཀྱིས་ཐོས་པར་མཛད་དེ། ཁྱེད་རྣམས་ཚིག་མ་གོ་བསམ་བྱེད་མི་དགོས། ཆོས་གྲལ་འདིར་འཁོད་པ་ཐམས་ཅད་འཁོར་བ་མཐའ་ཅན་དུ་བྱེད་པ་ཡིན་པས། མི་ངལ་བར་འདུག་ཅིག་གསུངས། ཡང་བར་བར་དུ་ཆོས་གྲལ་བརྗེ་ནས། མཐའི་སྤྲང་པོ་ངན་ལོང་ཐམས་ཅད་སྐུའི་མདུན་དུ་འཇོག་པར་མཛད་ཅིང༌། སྐྱུགས་བྲོ་དང་བརྙས་བཅོས་མི་གནང་བར། བཀའ་ལྷུག་པར་སྩོལ་ཞིང་སྤྲང་པོ་རྣམས་ལ་མེ་ལྕགས་དང་སྙུང་བུ་དང་ཁབ་ལ་སོགས་པ་དག་ཕུལ་ཞིག་གསུངས་བརྩེ་བས་བཞེས་ཏེ། དེ་དག་ལ་ཇ་གོས་དར་ལ་སོགས་པ་གནང་སྦྱིན་རྒྱ་ཆེར་སྩོལ་བ་ཡང་ཡང་མཛད། གཞན་ཡང་ཆོས་ཞུ་བ་ཐམས་ཅད་ལ་མཁྱེན་པ་དང་བརྩེ་བའི་སྤྱན་ཡངས་པོས་ཡང་ཡང་གཟིགས་པ་མཛད་དེ། ཐུགས་རྗེའི་ཟིལ་གྱིས་ཉལ་བ་དང༌། སྙེས་པ་དང༌། ཁྲེས་པ་དང༌། གཏམ་སྨྲ་བ་སོགས་ཅི་ཡང་མི་ནུས་པར། ཐལ་མོ་སྦྱར་ནས་རྩེ་གཅིག་ཏུ་དད་པ་ཆེན་པོས་ཉན་པར་བྱེད་ཅིང༌། སངས་རྒྱས་ཀྱི་མཛད་པ་དང༌། བྱང་ཆུབ་སེམས་དཔའི་རྣམ་ཐར་ངེས་པར་འབྱུང་བ་མང་པོའི་སྐབས་དག་ཏུ་རྗེ་ཉིད་སྤྱན་ཆབ་བསིལ་ནས་ཡུན་རིང་པོའི་བར་ཏིང་ངེ་འཛིན་དུ་བཞུགས། སྐུའི་ཉེ་འཁོར་ན་ཡོད་པ་ཕལ་ཆེར་ཡང་དད་པའི་མཆི་མ་འཁྲུག་ཅིང་ལུས་ཀྱི་བ་སྤུ་གཡོས་པའི་དད་པའི་ཉམས་ཆེན་པོ་བསྐྱེད་དོ།། དེ་ལྟ་བུའི་གདུལ་བྱ་ཐམས་ཅད་ཀྱིས་བྱང་ཆུབ་ཏུ་ལུང་བསྟན་ངེས་པར་ཐོབ་པ་མདོ་སྡེ་རེ་རེའི་ཆེ་བའི་ཡོན་ཏན་བསྟན་པ་ལས་ཤེས་ཤིང༌། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། བློ་གྲོས་བརྟན་པ་བཞི་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུང་བསྟན་པའོ། །ཞེས་བྱང་ཆུབ་ཏུ་སེམས་མ་སྐྱེད་པར་ལུང་བསྟན་པ་དང༌། སེམས་སྐྱེད་མ་ཐག་ཏུ་ལུང་བསྟན་པ་དང༌། གསང་སྟེ་ལུང་བསྟན་པ་དང༌། མངོན་སུམ་དུ་ལུང་བསྟན་པ་ཐབས་ཇི་ལྟར་གསུངས་པ་བཞིན་ནོ།། དེ་ལྟར་བཀའ་འགྱུར་རོ་ཅོག་གི་ལུང་ལེགས་པར་གྲུབ་ནས། བླ་སྒྲུབ་ཕྱི་ནང་གསང་གསུམ། ཕྱག་ཆེན་ཆོས་དྲུག་སོགས་ཀྱང་སྨིན་རྒྱས་སྩལ། འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་གནང་སྒོམ་ལུང་གནང་ཞིང༌། བཟླས་ལུང་གི་སྐབས་ངས་མདོ་སྡེ་པདྨ་དཀར་པོ་ནས་འབྱུང་བའི་མ་ཎི་ཅིག་བསྐུལ་གྱིས་གསུངས་ནས་བཞུགས་ཁྲི་ལས་བཞེངས་ཏེ། སྐུའི་མདུན་དུ་སྤོས་ཕོར་བ་དང༌། སྐུའི་གཡས་གཡོན་དུ་རྒྱུད་མངས་ལེན་མི་གཉིས་དང་བཅས་ཆོས་ཞུ་བ་ཁྲི་ཚོད་ཙམ་ཚོགས་པའི་གྲལ་ལ་རིམ་བཞིན་བསྐོར་བ་མཛད་དེ། མ་ཎི་བསྐུལ་བ་གནང་ནས། ཡང་བཞུགས་ཁྲི་ལ་བཞུགས་ཏེ་སྤྱན་རས་གཟིགས་ཀྱི་ཆེ་བའི་ཡོན་ཏན་མ་ཎིའི་ཕན་ཡོན་རྒྱ་ཆེར་གསུངས་ནས། ངས་ཀྱང་མ་ཎི་དུང་ཕྱུར་གཅིག་སོང༌། ཁྱེད་རྣམས་ཀྱིས་ཀྱང་མ་ཎི་དུང་ཕྱུར་ལ་སོགས་པའི་དམ་བཅའ་རེ་གྱིས་ཤིག་ཅེས་བཀའ་སྩལ་པ་དང༌། རྒྱལ་པོ་བྱང་ཆུབ་སེམས་དཔས་མ་ཎི་དུང་ཕྱུར་མང་པོ་དང༌། སེམས་ཅན་དུང་ཕྱུར་མང་པོ་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བྱེད་པ་སོགས་དམ་བཅས། དེ་བཞིན་དུ་མ་ཎི་དུང་ཕྱུར་སོགས་དགེ་བ་རླབས་པོ་ཆེའི་དམ་བཅའ་ལེན་མི་ཆེས་མང་བར་འབྱུང་གདའ། གང་གི་ཚེ་བརྟན་བཞུགས་གསོལ་འདེབས་ཕྱོགས་བཅུའི་རྒྱལ་བ་མའི་དམ་བཅའ་འབུལ་མི་མང་པོ་བྱུང་བ་ལ་ཐུགས་དགྱེས་པར་མཛད་ནས་རྗེ་དུས་མཁྱེན་པའི་སྐུ་ཚེ་དང་མཉམ་པ་བཞུགས་པའི་ཞལ་བཞེས་གནང་ཞིང༌། ཕྱིན་ཆད་སྐུའི་སྐྱེ་བ་མི་བཞེས་ཤིང༌། ཕྱག་མཛོད་པ་སོགས་ཀྱིས་བསྟན་པ་སྐྱོངས་དགོས་ཚུལ་ཕྱི་རབས་ཀྱི་ལུང་བསྟན་ཀྱང་གསུངས་སོ།། ཞྭ་མཐོན་མཐིང་གི་ཅོད་པཎ་འཛིན་པ་བཅུའི།། གྲངས་སུ་བླ་མ་ཡི་འདྲེན་པ་ང༌།། ལར་སྐྱེ་བ་འདི་ཀས་མཐའ་མ་ཡིན། །ཞེས་དང༌། ཡེ་ཤེས་རྡོ་རྗེ་ཡང་ང་རང་ཡིན་ཞེས་གསུངས་བ་སོགས། དཔལ་འབྲུག་པ་རིན་པོ་ཆེ་རྒྱལ་བའི་སྲས་ངག་དབང་བདུད་འཇོམས་རྣམ་རྒྱལ་གྱིས་གསན་ཏེ། སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྐུ་ཕན་ཚུན་ཐུགས་དངས་ཤིང་གུས་པའི་རྣམ་འགྱུར་དང༌། སངས་རྒྱས་ཀྱི་བསྟན་པ་སྤྱི་དང༌། ཁྱད་པར་བཀའ་བརྒྱུད་ཀྱི་བསྟན་པ་ལ་དགོངས་ཏེ། སྤྲུལ་པའི་སྐུ་རྒྱུན་མི་གཅོད་ཅིང་རིམ་པར་ཕེབས་དགོས་པའི་ཞུ་འཕྲིན་རྗེ་ཉིད་ཀྱིས་ཕྱག་བཟོ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུའི་སྤར་གཅིག་ལས་དུ་མར་འཕེལ་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་བཅས་གསོལ་བ་འདེབས་པར་མཛད་དོ།། ཡང་སྐབས་ཤིག་ཚོགས་གཏམ་གནང་སྟེ། ང་ཧོར་རྒན་མ་ཎི་འདྲེན་པ་བཞིན་དུ་ཐོ་རངས་མ་ཎི་རེ་འདྲེན་པ་ཡིན་པས། དུས་ཚོད་འཛིན་པའི་བྱ་ཕོ་ཞིག་ཕུལ་ཞིག་གསུངས་པས། ཀརྨ་པ་བྱ་ལ་དགྱེས་པ་འདུག་ཟེར་བྱ་འབུལ་མི་ཤིན་ཏུ་མང་བར་བྱུང་ནས་བཞུགས་ས་དེའི་ཉེ་འཁོར་ཐམས་ཅད་དུ་བྱའི་ཁྱུས་གང་བར་གྱུར་ཅིང༌། དེ་དག་ལ་ཐུགས་བརྩེ་བས་ཉིན་རེ་བཞིན་ནས་ཁལ་གཉིས་གསུམ་ལྟོ་ལ་ཐོར་བར་མཛད། ཡང་ཁྱི་རྒན་དག་བརྩེ་བས་གསོ་བར་མཛད་པས། ཀརྨ་པ་དགྱེས་པ་འདུག་ཟེར་གཞན་གྱིས་ཀྱང་འབུལ་ལ། སྙིང་རྗེའི་དབང་ལས་ལ་ཕར་རྒྱབ་དང༌། ཡུལ་གཞན་ན་ཁྱི་རྒན་དང་རྟ་རྒན་དག་ཡོད་པ་ཡང་མངོན་པར་མཁྱེན་ནས་ལེན་མི་གཏོང་བར་མཛད་ནས་ཐུགས་སྙིང་རྗེ་ཆེན་པོས་གསོ་བར་མཛད་དོ།། དེ་བཞིན་དུ་སེམས་ཅན་སྡུག་བསྔལ་ཅན་གང་གཟིགས་ཀྱང་བརྩེ་ཤས་ཆེན་པོ་གནང་ཞིང༌། སྤྲང་པོ་གནས་སྐོར་བ་དག་ལའང་བཀའ་ལྷུག་པར་སྩོལ་ཞིང་གནང་སྦྱིན་མཛད། ཆོས་ཀྱང་གསུངས། སྒར་པ་ཆོས་མཐུན་སྙོམ་ཆུང་གི་རིས་ལའང་ཐུགས་ལྷག་པར་བརྩེ་ཞིང༌། སྐུ་ཞོགས་དབུས་གཙང་དུ་བཞུགས་པའི་དུས་འདི་འདྲ་མིན་གསུངས། གབ་འགྱིང་མི་མངའ། འཕགས་པ་སྤྱན་རས་གཟིགས་ལ་དགེ་སློང་རབ་གསལ་གཞོན་ནུས་བསྟོད་པ་བཞིན་ནོ།། སྐུ་སྐྱེ་སྤྲུལ་པའི་སྐུ་རྣམས་ཀྱི་སྐུ་ཞོགས་སུ་ཕྱག་རྗེ་མཛད་པ་དང༌། ནོར་བུ་བཟང་པོ་གསུངས་དགྱེས་པའི་ཚུལ་དང༌། ཆེ་འགྱིང་གི་རྣམ་པ་བྱུང་བ་ན་ངས་ནི་བླ་མ་ཆོས་ཀྱི་དབང་ཕྱུག་དེའི་ན་བཟའ་ཞུ་བ་དང༌། གཟིམ་ཆུང་གི་སྒོར་སྡོད་པ་སོགས་བྱས། ཁྱེད་རྣམས་ལྟ་བུ་མིན་གསུངས། ཆོས་ཀྱི་གཏམ་ཞུས་ན་ལྷག་པར་ཡང་དགྱེས་ཤིང་སློབ་གཉེར་བྱེད་དགོས་ཚུལ་གསུངས། འཇིག་རྟེན་གྱི་གཏམ་ཞུས་ན་མི་མཉེས་པ་མཛད། གཞན་ཕྱོགས་ལ་ཚིག་མི་ལེགས་པ་ཙམ་ཞུས་ཀྱང༌། དེ་ལྟར་མི་རུང་ཁོ་བོ་ཚོ་བསོད་ནམས་ཅན་ཡིན་པས་སྐུར་པ་བཏབ་ན་རང་ལ་གནོད་གསུངས། གཞན་ཕྱོགས་ནས་དམག་གཤོམས་པ་སོགས་བྱས་ཀྱང་མངོན་པར་མཁྱེན་ནས་རི་དྭགས་ཅང་ཤེས་ལྟར། དབེན་པ་དག་ལ་ཕེབས་ཤིང་སེམས་ཅན་གྱི་ལས་ངན་དུ་དགོངས་པ་མ་གཏོགས། ཁྲོ་བ་དང༌། འཁོན་དུ་འཛིན་པ་དང༌། ཞེ་རུ་སྡང་བའི་ཚུལ་སྐད་ཅིག་ཀྱང་མི་མཛད། ཕ་རོལ་པོ་དེ་དག་གི་སྡིག་པ་སྦྱོང་བའི་ཕྱིར་ཡང་མཆོད་རྟེན་མང་པོ་བཞེངས་པ་དང༌། རྒྱལ་བའི་བཀའ་འགྱུར་སྒྲོགས་པ་དང༌། ངན་སོང་སྦྱོང་བའི་ཆོ་ག་མང་པོ་མཛད་པས། གཞན་སྡེ་དག་ཀྱང་ལྷག་པར་དད་ཅིང་རྗེ་ཉིད་ཀྱི་སྐུས་རེག་པའི་ས་དང་རྡོ་ཕྱིན་ཆད་ལ་བྱིན་བརླབས་ཞུ་བར་བྱེད་དོ། །མཐའི་རྒྱལ་པོ་དག་གིས་ཕྱག་རྗེ་གྲུབ་ཚུལ་བྱུང་ཡང༌། དུ་རུ་ཀ་དང་འབྲེལ་མི་བྱེད་གསུངས། དམག་ཤོམས་ལ་སོགས་པ་ལྟ་ཅི་སྨོས། ཆོས་སྐྱོང་བ་ལ་སོགས་མཐུ་དྲག་སྔགས་ཀྱི་རིགས་ཅིག་ཀྱང་མི་བྱེད། ཐུགས་དམ་གྱི་གཙོ་བོ་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་ངང་ནས་མ་ཎིའི་བཟླས་བརྗོད་དང༌། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་དང༌། ལེའུ་བདུན་མ་དང༌། ཡན་ལག་བརྒྱད་པ་སོགས་རྒྱུད་མངས་ཀྱི་སྒྲ་ལ་བརྟེན་ནས་མཛད་པས་རྨོངས་པ་ཨ་འཐས་དག་གི་བློ་ལ་ཤོང་བ་དཀའ་ཡང༌། སངས་རྒྱས་ཕལ་པོ་ཆེའི་མདོ་ལས། བྱང་ཆུབ་སེམས་དཔའི་རྣམ་ཐར་མང་པོ་འབྱུང་བ་དག་དང་མཐུན་ཞིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། མདོ་སྡུད་པ། མཐུ་ཆེ་བ་དག་ཇི་ལྟར་ཕྱིར་མི་ལྡོག་འགྱུར་བ། །དེ་ལྟར་ཡོན་ཏན་ཕྱོགས་ཙམ་རྒྱལ་བས་ལུང་བསྟན་གསོལ། །ཐ་དད་འདུ་ཤེས་བྲལ་ཞིང་ཚིག་དང་ལྡན་པར་སྨྲ། །དགེ་སྦྱོང་དག་དང་བྲམ་ཟེ་གཞན་ལ་བརྟེན་མི་བྱེད། །མཁས་པ་དུས་གསུམ་རྟག་ཏུ་ངན་སོང་གསུམ་པོ་སྤོངས། །དེ་དག་དགེ་བ་བཅུ་ཡི་ལས་ལམ་མངོན་པར་བརྩོན། །ཟང་ཟིང་མེད་པར་འགྲོ་ལ་ཆོས་ནི་རྗེས་སུ་སྟོན། །ཆོས་ལ་གཅིག་ཏུ་དགའ་ཞིང་འཇམ་པའི་ཚིག་དང་ལྡན། །འགྲོ་འཆག་ཉལ་དང་འདུག་པར་ཤེས་བཞིན་རབ་ཏུ་ལྡན། །གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད།། གཙང་བྱས་གཙང་མའི་གོས་འཆང་གསུམ་པོ་དབེན་ཞིང་དག །ཁྱུ་མཆོག་རྟག་ཏུ་ཆོས་འདོད་རྙེད་པ་འདོད་མ་ཡིན། །བདུད་ཀྱི་གཡུལ་ལས་འདས་ཤེས་གཞན་གྱི་དྲིང་མི་འཇོག །བསམ་གཏན་བཞི་ལ་བསམ་མེད་བསམ་གཏན་དེར་མི་གནས། །གྲགས་པ་འདོད་པ་མ་ཡིན་ཁྲོ་བས་སེམས་དཀྲིས་མེད། །ཁྱིམ་པར་གྱུར་ན་རྟག་ཏུ་དངོས་པོ་ཀུན་མི་ཆགས། །འཚོ་བའི་ལོངས་སྤྱོད་མི་མཐུན་འཚོ་བའི་བསམ་པ་མེད། །དྲག་ཤུལ་སྤྱོད་སྔགས་མི་བྱེད་བུད་མེད་སྦྱོར་སྔགས་མིན། །འདོད་པའི་ལས་ཅན་ཕོ་མོར་འགྱུར་ཞེས་སྟོན་མི་བྱེད། །རབ་ཏུ་དབེན་པ་ཤེས་རབ་ཕ་རོལ་ཕྱིན་མཆོག་སྩོལ། །འཐབ་དང་རྩོད་དང་བྲལ་ཞིང་བྱམས་པའི་སེམས་ཀྱང་བརྟན། །ཀུན་མཁྱེན་འདོད་ཅིང་བརྟན་ལ་རྟག་ཏུ་གཞོལ་སེམས་ལྡན། །མཐའ་འཁོབ་ཀླ་ཀློ་དང་ནི་ཡུལ་མཐའ་རྣམ་པར་སྤངས། །རང་གི་ས་ལ་དོགས་མེད་རྟག་ཏུ་རི་རབ་འདྲ། །ཆོས་ཕྱིར་སྲོག་ཀྱང་འདོར་ཞིང་རྣལ་འབྱོར་རབ་ཏུ་བརྩོན། །མི་ལྡོག་རྟགས་ནི་འདི་དག་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པའི་ཡོན་ཏན་དག་དང་ལྡན་ངེས་ཤེས་སོ།། ཡང་ཕལ་པོ་ཆེའི་མདོ་ལས། རྒྱལ་བའི་དབང་པོ་ཐོབ་པས་རྟག་ཏུ་དབང་པོ་ཏིང་འཛིན་དབང་ལ་རབ་ཏུ་གནས། །བསམ་པ་དག་ཅིང་གཡོ་སྒྱུ་རྣམས་དང་བྲལ་ཏེ་ལྷག་པའི་བསམ་པ་མངོན་སུམ་བཞུགས། །མོས་པའི་བསམ་པ་རྣམ་པ་སྣ་ཚོགས་ཐ་དད་འགྲོ་བ་དག་ལ་རབ་ཏུ་སྟོན། །བག་ཆགས་ཐམས་ཅད་སྤང་ནས་སྤྱོད་པ་དམ་པ་རབ་ཏུ་འཛིན། །ནན་ཏན་བྱ་བ་གྲུབ་པའི་ཡེ་ཤེས་མཁས་པ་ཐམས་ཅད་མཁྱེན་པ་འཚང་ཡང་རྒྱ། །ཞེས་དང༌། རྒྱལ་བ་རྣམས་ཀྱི་འཕྲིན་ལས་གང་ཡིན་ཡེ་ཤེས་སྤྱོད་པ་ལྷག་པའི་བསམ་པས་འཛིན། །ང་རྒྱལ་ལས་རྣམ་རྣམས་པར་སྤངས་ཏེ་རྟག་ཏུ་ཡེ་ཤེས་ཀྱིས་ཀྱང་བྱ་བ་བྱེད། །བདུད་རྣསས་བྱིན་གྱིས་རླབས་བཅོམ་མཁས་པ་དེ་དག་སངས་རྒྱས་བྱིན་གྱིས་བརླབས་ཀྱི་འཕགས།། ཞེས་པའི་ཚིགས་སུ་བཅད་པ་འདི་དག་ཀྱང་རྒྱལ་བའི་དབང་པོ་ཀརྨ་པ་འདིའི་མཚན་དང་མཛད་པ་དོན་དང་མཐུན་པར་བསྟན་ཞིང༌། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ་འདི་ལྟ་བུུ་ལ་འཇིག་རྟེན་དང་འགལ་བའི་སྐྱོན་ཡོད་ཟེར་ན་མ་གཏོགས། ཆོས་དང་འགལ་བའི་སྐྱོན་དགྲ་གཉེན་སུས་ཀྱང་གདགས་པར་མི་ནུས་ཏེ། ནང་དོན་ཕྱོགས་ཀྱི་ཡོན་ཏན་ནི་ཆེར་མི་གསུངས་བས་ཤེས་དཀའ། ཕྱིའི་རྟགས་ཀྱིས་རྗེས་སུ་དཔག་པས། སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་མཛད་སྤྱོད་ཐམས་ཅད་ཀྱི་མཐུན་སྣང་གྲུབ་པ་མཐོང་ཞིང་ཐོས་ལ། ཡོངས་སུ་གྲགས་པ་ཐམས་ཅད་ཀྱི་མགོན་པོ་བྱམས་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་གསུངས་པ་ས་དང་ཡོངས་སུ་མཐུན་ཞིང་ཕྱི་རོལ་དུ་གྱུར་པ་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར་རོ།། འདོད་ལ་མ་ཆགས་ལས་གསུམ་རྣམ་པར་དག། །ཁྲོ་བ་ཟིལ་གནོན་ཡོན་ཏན་མཆོག་ལྷུར་ལེན། །ཆོས་ལས་མི་གཡོ་དེ་ཉིད་ཟབ་མོ་མཐོང༌། །བྱང་ཆུབ་དགའ་ལྡན་བྱང་ཆུབ་སེམས་དཔའ་ཡིན། །ཕན་འདོགས་འདོད་དང་གནོད་པ་མེད་ལྟ་དང༌། །གཞན་གྱི་གནོད་པ་དང་དུ་ལེན་པ་དང༌། །བརྟན་པ་བག་ཡོད་མང་དུ་ཐོས་པ་དང༌། །གཞན་གྱི་དོན་བརྩོན་བྱང་ཆུབ་སེམས་དཔའ་ཡིན། །རང་གིས་ཡོངས་སུ་བཟུང་བའི་ཉེས་དམིགས་ཤེས། །ལོངས་སྤྱོད་མ་ཆགས་ཞེ་ལ་ཁོན་མི་འཛིན། །རྣལ་འབྱོར་རྒྱུ་མཚན་ལ་མཁས་ལྟ་ངན་མེད། །ནང་དུ་རབ་གནས་བྱང་ཆུབ་སེམས་དཔའ་ཡིན། །བརྩེ་དང་ལྡན་པ་ངོ་ཚ་ཡོན་ཏན་གནས། །སྡུག་བསྔལ་དང་ལེན་རང་གི་བདེར་མ་ཆགས། །དྲན་གཙོ་ཤིན་ཏུ་མཉམ་པར་བཞག་པའི་བདག། །ཐེག་པ་མི་འཁྲུགས་བྱང་ཆུབ་སེམས་དཔའ་ཡིན།།མདོ་རྒྱན་ལེའུ་༢༠ ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་ནོ། །དེའི་ཕྱིར་རྣམ་པར་ཐར་པ་འདི་ཡང༌། མངོན་གྱུར་གྱི་གནས་རྣམས་ནི་རང་གཞན་ཕལ་གྱི་སྣང་བ་མཐུན་པར། མངོན་སུམ་གྱིས་མི་གནོད་ཅིང་གྲུབ། ཅུང་ཟད་ལྐོག་ཏུ་གྱུར་པ་རྣམས་ཀྱང་ཡོངས་སུ་གྲགས་པའི་གཏམ་དང༌། དངོས་སྟོབས་ཀྱི་རིགས་པས་དཔྱད་ནས་གྲགས་པའི་རྗེས་དཔག་དང༌། དངོས་སྟོབས་རྗེས་དཔག་གིས་མི་གནོད་ཅིང་གྲུབ་པར་བྱས། ཤིན་ཏུ་ལྐོག་ཏུ་གྱུར་པ་དག་ཡིད་ཆེས་པའི་ལུང་ལ་བརྟེན་ནས་ངེས་ཤེས་སྐྱེ་བར་བྱས་ཏེ། ཡིད་ཆེས་རྗེས་དཔག་གིས་མི་གནོད་ཅིང་གྲུབ་བོ། །དེ་སྐད་དུ་ཡང༌། ཡོངས་དག་ཡོངས་སུ་ལེན་པའི་ཕྱིར། །ཞེས་དང༌། གནས་གསུམ་པར་ནི་འཕོ་བ་ན། །བསྟན་བཅོས་ལེན་པར་རིགས་ལྡན་ཡིན། །ཞེས་རིགས་པ་མཁྱེན་པས་གསུངས་པ་བཞིན་ནོ། །དེ་ལྟར་དཔྱད་གསུམ་གྱིས་རྣམ་པར་དག་སྟེ། བརྒལ་བརྟག་དང་ཐེ་ཚོམ་གྱི་གནས་འདུག་པར་སེམས་ན་རྣམ་པར་ཐར་པ་བཞིའི་ལན་བཏབ་པར་བྱའོ།། གཞན་ཡང་རྗེ་འདི་ཉིད་ནི་ཐུགས་བྲེལ་ཇི་ལྟར་ཆེ་ཡང༌། སྤྱན་གྱི་གཟིགས་སྟངས་སྐད་ཅིག་ཀྱང་མི་འགྱུར་བ་ནི་ཡང་དག་པའི་དྲན་པ་མི་ཉམས་པའི་རྟགས་སོ། །གསུང་གང་འབྱོན་པ་ཐམས་ཅད་ཚིག་མི་མང་ཞིང་བཟུང་བར་འོས་པ་དང༌། ངེས་དོན་གྱི་གནད་ཁོ་ན་འབྱུང་བས་ཡང་དག་པའི་ཤེས་རབ་ཀྱི་རྟགས་སོ། །གཏམ་སྣ་ཚོགས་ཡང་བྱ་བ་ངན་པ་ལ་སྐད་ཅིག་ཀྱང་མི་འཇུག་ཅིང་མི་གཡེངས་བ་བརྩོན་འགྲུས་ཡང་དག་པའོ། །དབེན་པ་ཁོ་ན་ལ་ཐུགས་ཕྱོགས་པ་ནི་ཏིང་ངེ་འཛིན་ལ་སོགས་པའི་ཆོས་ཀྱི་དགའ་བ་ཡོད་པའོ། །ཤིན་ཏུ་སྦྱངས་པས་སྐྱོ་ངལ་གྱི་སྣང་བ་མི་མཛད། མཚན་མོ་གཟིམས་པའི་ཚུལ་ཡང་ཆེར་མི་སྟོན། དགྲ་གཉེན་གང་ལའང་ཕྱོགས་འཛིན་ཨ་འཐས་མེད་ཅིང༌། ཉོན་མོངས་པའི་ཀུན་ཏུ་སྤྱོད་པ་ཅུང་ཟད་ཀྱང་མི་མངའ་བ་མངོན་སུམ་དུ་གྲུབ་པའི་ཕྱིར་བཏང་སྙོམས་ཡང་དག་པ་དང་ལྡན་པའོ།། ཡོན་ཏན་དེ་ལྟའི་སེམས་དཔའ་ནི། །འཁོར་ལོས་སྒྱུར་དང་འདྲ་བར་འཇོག།། རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར།།མདོ་རྒྱན་ལེའུ་༡༩ རེ་ཞིག་དེ་ཙམ་སྟེ། རྣམ་པར་ཐར་པའི་གཏམ་གྱི་འཕྲོས་རྒྱ་ཆེར་སླར་ཡང་འབྱུང་བར་འགྱུར་རོ།། གཞན་ཡང་གསང་བའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་ཚུར་རོལ་མཐོང་བའི་བློའི་སྤྱོད་ཡུལ་མ་ཡིན་ཀྱང༌། རྗེ་ཉིད་རང་གི་སྐུ་བསྟོད་བརྟན་བཞུགས་གསུངས་པ་འདི་དག་གི་ཚིག་དོན་ལ་བརྟགས་ཤིང་དཔྱད་པས་ཀྱང་དད་ལྡན་བློ་མིག་དང་ལྡན་པས་ཕྱོགས་ཙམ་རྟོགས་ནུས་སོ།། རྒྱལ་བའི་ཞིང་རྣམས་སྣང་བས་ཁྱབ་བྱས་པས། །འགྲོ་མང་མཐའ་ཡས་ཇི་སྙེད་སྐྱབས་སོང་བ། །རྣམ་པར་གྲོལ་བའི་ཐུགས་རྗེ་ཆེ་མངའ་བའི། །རིགས་ཀྱི་བདག་པོ་བསྐལ་པར་འཚོ་གཞེས་གསོལ། །མ་འདྲེས་དམ་པའི་ཆོས་ཚུལ་ཇི་སྙེད་ཀུན། །གསུང་ཅིག་སྒྲ་དབྱངས་ཀུན་གྱི་རྗེས་འཇུག་ཆོས། །སྟོན་བཞིན་གདུལ་བྱ་སྨིན་པའི་བཀའ་དྲིན་གྱིས། །ཟབ་མོའི་ལྟ་བའི་ངེས་དོན་བསྟན་དུ་གསོལ། །ཏིང་འཛིན་བྱེ་བ་བརྒྱ་ཡི་མཛོད་འཛིན་ཅིང༌། །སྤྲུལ་པ་བྱེ་བ་བརྒྱ་ཡང་ཅིག་ཅར་སྟོན། །སེམས་ཅན་ཁམས་དབང་མོས་པ་བག་ལ་ཉལ། །མཁྱེན་པའི་ཡེ་ཤེས་མངའ་བའི་ཐུགས་རྗེ་ཅན། །སྲོག་ཆགས་ཚོགས་རྣམས་སྲིད་ལས་བསྒྲལ་དུ་གསོལ།། གང་ཞིག་ཕར་ཕྱིན་དྲུག་པོ་མངོན་བགྱིས་ཏེ། །གོ་འཕང་བླ་མེད་མཆོག་ལ་རེག་གི་བར། །སྦྱིན་པའི་སྟོབས་ནི་ཡང་དག་རྫོགས་བགྱིས་ཏེ། །སྦྱིན་པའི་གྲོང་ཁྱེར་འཇུག་པའི་འགྲོ་བ་ལ། །སྦྱིན་པའི་བསྔགས་པ་བརྗོད་པར་བདག་གིས་བསྐུལ། །བསྐལ་པ་གངྒའི་བྱེ་སྙེད་བཞུགས་པར་གསོལ། །གང་ཞིག་ཚུལ་ཁྲིམས་སྟོབས་ནི་རྫོགས་བགྱིས་ཏེ། །ཚུལ་ཁྲིམས་གྲོང་ཁྱེར་འཇུག་པའི་འགྲོ་བ་ལ། །ཚུལ་ཁྲིམས་བསྔགས་པ་བརྗོད་པ་བདག་གིས་བསྐུལ། །བསྐལ་པ་གངྒའི་བྱེ་སྙེད་བཞུགས་པར་གསོལ། །གང་ཞིག་བཟོད་པོའི་སྟོབས་ནི་རྫོགས་བགྱིས་ཏེ། །བཟོད་པའི་གྲོང་ཁྱེར་འཇུག་པའི་འགྲོ་བ་ལ། །བཟོད་པའི་བསྔགས་པ་བརྗོད་པར་བདག་གིས་བསྐུལ། །བསྐལ་པ་གངྒའི་བྱེ་སྙེད་བཞུགས་སུ་གསོལ། །གང་ཞིག་བརྩོན་འགྲུས་སྟོབས་ནི་རྫོགས་བགྱིས་ཏེ། །བརྩོན་འགྲུས་གྲོང་ཁྱེར་འཇུག་པའི་འགྲོ་བ་ལ། །བརྩོན་འགྲུས་བསྔགས་པ་བརྗོད་པར་བདག་གིས་བསྐུལ། །གངྒའི་བྱེ་སྙེད་བསྐལ་པར་བཞུགས་གསོལ་འདེབས། །གང་ཞིག་བསམ་གཏན་སྟོབས་ནི་རྫོགས་བགྱིས་ཏེ། །བསམ་གཏན་གྲོང་ཁྱེར་འཇུག་པའི་འགྲོ་བ་ལ། །ཤེས་རབ་བསྔགས་པ་བརྗོད་པར་བདག་གིས་བསྐུལ། །བསྐལ་པ་གངྒའི་བྱེ་སྙེད་བཞུགས་པར་གསོལ།། དེ་ལྟར་མི་ཕྱེད་དད་པས་གསོལ་འདེབས་ན། །ཐུགས་རྗེ་བརྩེ་བའི་མཁའ་མཉམ་སེམས་ཅན་ཀུན། །ཀུན་ཏུ་བཟང་པོའི་རྗེས་སུ་རབ་སྒྲུབ་ཤོག །མ་ཕམ་མགོན་པོས་ཇི་ལྟར་དགའ་ལྡན་དུ། །བདུད་རྩིའི་སྦྱིན་པ་སྦྱིན་པ་དེ་ལྟ་བུར། །འཛམ་བུའི་གླིང་འདིར་བདུད་རྩིའི་བསྐལ་བ་ཡིས། །སྣོད་ལྡན་འདི་དག་ཁྱོད་ཀྱི་མདུན་ས་འདིར། །ཉན་པར་འདོད་པ་འདི་དག་ཁྱོད་ལ་བསྟོད། །འཁོར་ལོའི་ཚུལ་རྣམས་ཇི་སྙེད་བསྟན་དུ་གསོལ། །གསོལ་བ་བཞིན་དུ་ཆོས་ཀྱང་བསྟན་དུ་གསོལ། །གསོལ་བ་བཞིན་དུ་བསྐལ་བརྒྱར་བཞུགས་སུ་གསོལ། །དེ་ལྟར་ཕར་ཕྱིན་དྲུག་ལྡན་ཚེ་ཡང་འཕེལ་བར་ཤོག །ཅེས་པ་རྗེ་ཉིད་རང་གིས་བརྟན་བཞུགས་གསོལ་འདེབས་གསུངས་སོ།། རྗེ་རྒྱལ་བའི་དབང་པོ་སེང་གེའི་སྒྲ། །ཞིང་ཀུན་ཏུ་ཁྱབ་པའི་ཀརྨ་པ། །སྐུ་གྲངས་མེད་སྤྲུལ་པ་འགྱེད་ནུས་པའི། །མགོན་ཆོས་དབྱིངས་རྡོ་རྗེའི་ཞབས་ལ་འདུད། །རྗེ་ཆོས་རྫུ་དང་ཆེ་འགྱིང་མི་མཛད་པར། །སྐུ་རྣམ་འགྱུར་མ་ངེས་ཅིར་སྟོན་ཡང༌། །ལར་མཐོང་བ་ཙམ་གྱིས་དད་པ་སྐྱེས། །བྱིན་རླབས་ཀྱི་གཟི་འོད་འཕྲོ་དེར་འདུད། །གསུངས་ཅ་ཅོ་མི་མངའ་ལོང་གཏམ་སྤངས། །ཆོས་ཐ་སྙད་སྨྲ་བའང་ངག་ཆལ་དགོངས། །དོན་གནད་དུ་ཕྱིན་པའི་ངེས་དོན་དང༌། །སྔགས་ཡིག་དྲུག་གི་བཟླས་བརྗོད་བརྩོན་དེར་འདུད། །ཐུགས་ཤེས་བྱ་མ་ལུས་མཁྱེན་ན་ཡང༌། །འཕྲལ་མཁས་ཚུལ་མི་སྟོན་ཁེངས་སྐྱུངས་ལ། །དབྱིངས་གཏིང་དཔག་དཀའ་ཞིང་ཟབ་པའི་ཐུགས། །མ་འདྲེས་པའི་དྲན་པ་ཅན་དེར་འདུད། །རྗེ་ཁྱོད་ཀྱི་རྣམ་པར་ཐར་པ་ནི། །སྤྱིར་ཆོས་མཛད་ཡོངས་ལ་མིག་ལྟོས་བཟང༌། །སྒོས་དད་པ་ཅན་གྱི་སེམས་ལ་ཕན། །འདི་བསམ་ཞིང་བསམ་ཞིང་མོས་གུས་འབར། །རྗེ་གནས་བརྟན་ཆེན་པོ་ཡན་ལག་འབྱུང༌། །ས་གར་བཞུགས་སུ་བསྟན་པའི་གཡང་ཆགས་པ། །ལོ་བརྒྱ་ཕྲག་འཚོ་ཞིང་ཞབས་བརྟན་ལ། །ཞལ་མཇལ་གསུངས་ཐོས་ཀྱི་བཀྲ་ཤིས་ཤོག །མངྒ་ལཾ། ཅེས་པ་འདི་ནི་བསྐལ་བཟང་གི་སངས་རྒྱས་དྲུག་པ་བྱང་ཆུབ་སེམས་དཔའ་ཚངས་པར་སྤྱོད་པའི་བརྟུལ་ཤུགས་ཅན་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེའི་ཞལ་མཐོང་བ་ཙམ་གྱིས་དད་པ་ཐོབ་ཅིང༌། ཉིད་ཀྱི་ཐུགས་བརྩེ་བས་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བ། ཡོད་སྨྲའི་མཁན་བརྒྱུད་ཀྱི་འཕྲེང་བར་གཏོགས་པའི་དགེ་སློང་འཇམ་དབྱངས་དཔལ་ལྡན་རྒྱ་མཚོས། སྤ་སྤྲོ་ཐུགས་རྗེ་ཆེན་པོའི་བྲག་སྐྱིབས་ཀྱི་ནགས་ཚལ་ཆེན་པོར་སྦྱར་བའོ། །རྣམ་ཐར་བཟང་པོ་འདི་ལྟ་བུ་སྙན་ངག་གིས་སྒྲིབས་པ་བས་ཀུན་གྱིས་གོ་བ་ཕན་ཡོན་ཆེ་བའི་བསམ་པ་དང་སྦྱར་ཏེ་མཁས་རྨོངས་ཐམས་ཅད་ཀྱི་དད་པའི་རྐྱེན་དུ་གྱུར་ཅིག། མངྒ་ལཾ།

Start a discussion about ཀརྨ་པ་ཆོས་དབྱིངས་རྡོ་རྗེ་

Start a discussion