Category talk:མཚོ་སྔོན་ཞིང་ཆེན།

Page contents not supported in other languages.
ཡོང་ཁུངས་Wikipedia

དམངས་སྲོལ་རིག་གནས་ལས་རེབ་གོང་ཀླུ་རོལ་སྐོར་རགས་ཙམ་གླེང་བ།

དང་པོ། རེབ་གོང་ཀླུ་རོལ་བྱུང་ཚུལ་དང་དེའི་མིང་འདོགས་ཚུལ་སྐོར་རགས་ཙམ་གླེང་བ།

དེ་ཡང་། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ནས་རལ་བ་ཅན་བར་ལ་ཐང་བོད་དམག་འཁྲུག་གི་རྦ་རླབས་ཆེན་པོ་དྲག་ཏུ་འཕྱུར་ནས་མི་ཤི་རྟ་འགྱེལ་གྱི་དོན་རྐྱེན་རབ་དང་རིམ་པ་བྱུང་བ【དེབ་དཀར】དུ“རྒྱ་དང་དམག་འཐབ་པའི་གཡུལ་གྱི་ཞིང་ཕལ་མོ་ཆེ་ནི་ཨ་མདོའི་ཡུལ་ཆ་འདི་དག་ཡིན་ལ། རྨ་ཀླུང་བྱང་རྒྱུད་ཀྱི་ཕྱོགས་རྣམས་ན་རྒྱ་ཁྲག་ཐང་དང་རྒྱ་དུར་ཐང〔དེང་གི་ཀན་སུའུ་ཀླུ་ཆུ་ཐང་གི་བྱང་ཕྱོགས་སུ་ཡོད〕ལ་སོགས་པའི་མིང་ཆགས་པའི་ས་མིང་མང་པོ་ཡོད་ཅིང་། དེ་དག་ཏུ་རྒྱ་དང་འཐབ་མོ་བཀྱེས་པའི་གཏམ་རྒྱུད་ཀྱང་གནས་སོ། དེར་མ་ཟད་ཨ་མདོའི་རིགས་དེ་ཕལ་ཆེར་ནི་སྔོན་གྱི་དམག་མི་ཕྱོགས་དེར་སླེབས་པ་ལས་མཆེད་པར་མངོན”ཞེས་བཀོད་པ་ལ་བལྟས་ན། དེ་ཀླུ་རོལ་གྱི་བྱུང་བ་དང་འབྲེལ་བ་དམ་ཟབ་ཡོད་སྙམ། རྒྱུ་མཚན་ནི་དེང་གི་ཀླུ་རོལ་རྩེད་སྟངས་ཀྱི་རྣམ་པ་མང་པོ་ཞིག་ལས་དམག་ཆས་མདའ་གྲི་མདུང་གསུམ་དང་བྲལ་མེད་པས། གནས་འདི་བོད་ཀྱི་དམག་དཔུང་འདུས་སྡོད་ཀྱི་དམག་སྒར་གཙོ་བོ་ཞིག་ཡིན་པ་དེབ་ཐེར་དག་ལས་ཤེས་ཐུབ་པར་མ་ཟད། བོད་འདུམ་འགྲིག་གི་དགའ་སྟོན་བགྱིས་པ་ལ་འབྲེལ་བ་ཡོད་པའང་ཤེས་ཐུབ། དེ་ཡང་། ཁྲི་སྲོང་ལྡེ་བཙན་གྱིས་སྲིད་སྐྱོང་བའི་སྐབས་སུ། རྒྱ་བོད་གཉིས་ཀྱི་བར་ལ་མི་མཐུན་པའི་འཁྲུག་པ་ཆེན་པོ་བྱུང་ཡོད་པ་དེ་ཕྱོགས་ཀྱི་རྒྱལ་པོ་དང་ནང་བསྟན་ཆོས་ལུགས་ཀྱི་བླ་མ་སོགས་བཙུན་པ་ཆེ་ཁག་གིས་དཔང་བོ་བྱས་ཏེ། སྤྱི་ལོ821ལོར་དབོན་ཞང་འདུམ་པའི་བཀའ་གཙིགས་རྡོ་རིང་བཙུགས་པར་མ་ཟད། མདོ་སྨད་ས་ཆ་ཁ་ཤས་སུའང་མཆོད་རྟེན་སོགས་བཞེངས་ནས་རྒྱ་བོད་ཕན་ཚུན་འགྲིག་མཐུན་བཟོས། དེ་ཕྱོགས་གཉིས་ཀའི་བློན་འབངས་ཚང་མས་དགའ་བསུ་ཐོབ་ཡོད་ལ་ས་གནས་དེའི་ས་སྲུང་གཙོ་བོ་དམག་དཔོན་རེབ་ཚས་སྤྱི་ལོ821གི་ཟླ6པའི་ཚེས11ནས25ཉིན་བར་བོད་ཀྱི་ཡུལ་སྲོལ་གོམས་འདྲིས་ལྟར་དཀར་མཆོད་དང་དམར་མཆོད་ཀྱི་མཆོད་པ་རྒྱ་ཆེན་པོ་བཤམས་པ་དང་། བོད་རྒྱ་འགྲིག་མཐུན་བྱུང་བར་སེམས་སྟེང་ནས་དགའ་སྤྲོ་ཆེན་པོ་སྐྱེས་ཏེ་ས་སྲུང་དམག་མི་རྣམས་ལ་སྟོན་མོ་རྒྱ་ཆེན་པོ་བྱས་ནས། གླུ་དང་གར་སོགས་རྩེད་རིགས་སྣ་ཚོགས་རྩེས་པ་ནི་ཀླུ་རོལ་གྱི་ཆེས་ཐོག་མའི་རྣམ་པ་ཡིན་ལ། དེ་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། ད་ལྟའི་ཀླུ་རོལ་འདི་བྱུང་བ་རེད། རེབ་གོང་ཀླུ་རོལ་གྱི་རྩེད་མོའི་རྣམ་གྲངས།

གཉིས་པ། རེབ་གོང་ས་ཁུལ་གྱི་ཀླུ་རོལ་རྩེད་སྟངས་ལ་དབྱེ་ན། ལྷ་རྩེད་དང་དམག་རྩེད། ཀླུ་རྩེད་བཅས་རིགས་ཆེ་བ་གསུམ་ཡོད་པ་ལས། བྱེ་བྲག་ཏུ་རྐང་ཤིང་། ཨ་ཙ་ར། སྐྱེས་མའི་གར། ཐུགས་རྗེ་ཆེན་པོ། ཁ་ཕུག་པ། དམར་མཆོད་སོགས་ཡོད་ལ་དེ་རེ་རེའི་རྩེད་ཚུལ་གཤམ་གསལ་ལྟར།

(1)ལྷ་རྩེད་ནི་ལྷའམ་གཞི་བདག་གང་རུང་བ་ཞིག་ལྷ་རྟེན་གྱི་ལུས་སུ་ཞུགས་ཏེ་ལག་གཉིས་ལ་ཞོ་དང་འོ་མའི་བཀང་བའི་དཀར་ཡོལ་འབྲུག་རིས་མ་བཟུང་སྟེ། དེས་རྗེས་སུ་སྐྱེས་པ་དར་མ་ཚོའི་ལག་ཏུ་ལྷ་རྔ་འབྲུག་རིས་ཅན་དང་ནོར་བུ་མེ་འབར་ཅན་བཟུང་བ་བཅུ་ལྷག་ཁྲིད་དེ་མཁར་རྔའི་སྒྲ་དང་བསྟུན་ནས་ལྷ་བའི་ལག་གི་ཞོ་དང་འོ་མ་སྟེང་ཕྱོགས་ལྷ་ལ་མཆོད་པ་དང་། རྗེས་སུ་འབྲངས་པའི་རྩེད་མཁན་རྣམས་ཀྱིས་ཀྱང་ལྷ་རྔ་མཉམ་པོར་བརྡུངས་ཤིང་གོམ་འགྲོས་ལྷན་ཅིག་ཏུ་གཡས་གཡོན་ལ་བསྒྱུར་བ་དང་།ལྷ་རྔ་མཐོན་པོར་བསྒྲེངས་ནས་རྩེ་བ་འདི་ལ་ལྷ་རྩེད་ཟེར།

(2)ཀླུ་རྩེད་ནི་གཙོ་བོ་ཆུ་ཁ་དང་ལུང་གཞུང་སོགས་ལ་སོང་ནས་བསང་ཕུད་པ་དང་ཆུ་ལ་དྲི་བཟང་གཏོར་བ་སོགས་བསང་མཆོད་རྒྱ་ཆེན་པོ་བྱེད་པ་དང་།རྩེད་མཁན་དག་གིས་ལུས་ལ་འཁྲུས་གསོལ་ནས་ཀླུ་རོལ་གྱི་ཡོ་བྱད་དག་ལ་གཙང་མའི་ཆབ་བརྒྱབ་སྟེ་མི་གཙང་བའི་དྲི་མ་ཐམས་ཅད་སེལ་བར་བྱེད་པ་དེ་ལ་ཟེར།

(3)དམག་རྩེད་ནི་རང་སྡེ་བའི་དམག་དཔོན་ཁང་གི་ལྷས་ར་ནས་སྐྱེས་པ་དག་གི་ལག་ཏུ་དར་མདུང་དང་། གྲི་སོགས་བཟུང་ནས་ཕྱི་ནང་ལ་བསྒུར་ཏེ་འཁར་རྔའི་སྒྲ་དང་བསྟུན་ནས་རྩེ་བ་དང་། ངག་ནས་ཨེ་ཧ་ཨེ་ཨེ་ཨེ་ཞེས་དགའ་སྤྲོའི་སྒྲ་སྒྲོག་པ་དང་། འདི་དགའ་སྤྲོའི་སྒྲ་ཡིན་ཟེར་དོན་ནི། མི་ཞིག་གིས་མི་གཞན་ཞིག་འབོད་པའི་ཚེ་ཨ་རོག་ཅེས་པ་ལ་སྟབས་བདེའི་ཨེ་ཞེས་འབོད་པ་དང་། ཧ་ནི་དགའ་སྤྲོའི་བརྡ་ཞིག་ཡིན་ལ།དུས་རྒྱུན་མི་ཞིག་ཤིན་ཏུ་དགའ་བའི་ཚེ། ངག་ནས་ཧ་ཧ་ཞེས་ཐོན་པས། ཨེ་ཧ་ཞེས་པ་དོན་དངོས་སུ“ང་ཚོ་མཐུན་སོང”ཞེས་ཐང་བོད་འདུམ་འགྲིག་གི་སྤྲོ་བ་ཆེན་པོ་ཕྱིར་མངོན་པ་ཡིན་པར་སྣང་། རྩེད་མཁན་རྣམས་ཀྱིས་དམག་རྩེད་ཨེ་ཧ་ལ་འགྲོ་དུས་ལུས་པོ་ལྷེམ་ལྷེམ་བྱེད་ཅིང་མགོ་བོ་སྒུར་སྒུར་བྱེད་པ། རྒན་དར་གཞོན་གསུམ་རིམ་བཞིན་དུ་གྲལ་དག་པར་བསྒྲིགས་ཏེ་རྩེ་བ་ལས། ང་ཚོ་བོད་ཀྱི་དམག་མིས་རྗེ་འབངས་ལ་གུས་བཀུར་བྱེད་པ་མཚོན་པ་དང་། བོད་བཙན་པོའི་སྒྲིག་ཁྲིམས་དམ་པ། ལྷག་པར་བོད་རིགས་མི་དམངས་ཀྱི་རྣམ་དག་གི་ལྷག་བསམ་དང་ཉག་ཕྲན་མདའ་ལས་དྲང་བའི་གཤིས་རྒྱུད་ཀྱང་རྟོགས་ཐུབ།

(4)རྐང་ཤིང་ནི་ང་ཚོའི་ཆ་བྱད་རྫོགས་པའི་གསར་བུ་གཉིས་རིང་ཚད་ལ་འདོམ་གང་ཙམ་ཡོད་ཅིང་། སྟག་དང་གཟིག་གི་རི་མོ་ཕབ་པའི་རྐང་ཤིང་སྟེང་བུད་དེ་རྩེ་བ་ཞིག་ཡིན་ལ། རྩེད་དུས་ལག་ཏུ་དབྱུག་པ་མཚོན་རིང་ཅན་དང་མདུང་རྩེ་གསུམ་ཅན། ལྷ་རྔ་འབྲུག་རིང་ཅན། ཅ་ལ(རལ་བ་རྫུན་མ)རེ་བཟུང་ནས་དམག་དཔོན་ཁང་གི་གྲུ་བཞི་བོར་ཕག་སྒུར་བ་ཡིན། ངག་རྒྱུན་དུ་རྒྱ་བོད་འདུམ་འགྲིག་གི་སྟོན་མོ་རྒྱ་ཆེན་བཤམས་ཏེ་གླུ་གར་ལ་རོལ་བའི་སྐབས། དར་རྒྱལ་གཡུ་མཚོ་ལས་སྟག་མགོ་ཅན་དང་གཟིག་མགོ་ཅན་གཉིས་བྱོན་ཏེ། དེ་གཉིས་རྐང་ཤིང་ལ་བུད་དེ་གླུ་གར་ལ་རོལ་བས། རྗེས་སོར་མང་ཚོགས་དང་འཁོར་འབངས་ཐམས་ཅད་ཀྱིས་དེ་དྲན་གསོ་ཡི་ཚུལ་དུ་རྐང་ཤིང་ཞེས་པ་འདི་བྱུང་བ་རེད།

(5)ཨ་ཙ་ར། འདི་ནི་བྱིས་པ་ཆུང་ཆུང་ལྡེམ་མྱུར་ལྡན་པ་གཉིས་རྩེད་དགོས་ལ། དེ་གཉིས་ཀྱིས་དེང་སྐབས་ཞལ་ཐང་སོགས་ན་མཐོང་རྒྱུ་ཡོད་པའི་མིག་གཉིས་འབུར་ཚུགས་སུ་མངོན་ཞིང་། ཐོད་པ་འབུར་བ། རལ་བ་དཀར་པོ་ཡིན་པའི་ཆ་བྱད་ཅན། རྐང་བ་དང་ལག་པར་སིལ་སྙན་གྱི་གདུ་བུ་འདོགས་པ། ལུས་ལ་འཕུར་ལྭ་གྱོན་པ། ལག་ཏུ་དབྱུ་གུ་མཚོན་རིས་ཅན་ཐོགས་པའི་ཆ་བྱད་སྟོན་ལ། ལག་ནས་དབྱུ་གུ་བསྐོར་བ་དང་། དབྱུ་གུ་ལག་ཏུ་བཟུང་སྟེ་དེའི་ཐོག་ནས་ལྡིང་བ་སོགས་གཙོ་བོ་ལུས་ཀྱི་ལྡེམ་མྱུར་གྱི་ཆ་སྟོན་པའི་རྩེད་མོ་ཞིག་ཡིན། ཨ་ཙ་ར་ཞེས་དེབ་ཐེར་དག་ལས་རྒྱ་གར་བའི་མི་རིགས་ཤིག་ཡིན་ལ། དེར་མ་ཟད་རིགས་འདི་ཚེ་ལོ་རིང་ཞིང་དཔལ་འབྱོར་རྒྱས་པ་ཞིག་ཀྱང་ཡིན་པར་བཞེད། དེ་བས་ཀླུ་རོལ་གྱི་མཛད་སྒོ་འདི་བཀྲ་ཤིས་པ་མཚོན་པའི་དགའ་སྟོན་ཞིག་ཡིན་པས། ཨ་ཙ་རའི་རྩེད་མོ་འདི་ཡང་ཡུལ་ཕྱོགས་ཐམས་ཅད་ལ་ཚེ་རིང་ནད་མེད། དཔལ་དང་ལོངས་སྤྱོད་རྒྱས་ཤིང་བཀྲ་ཤིས་བདེ་ལེགས་འབྱུང་བའི་མཚོན་བྱེད་ཅིག་ཡིན་པར་འདོད།

(6)སྐྱེས་མའི་གར། འདི་ནི་བུ་མོ་ཚོས་སྐྲ་ལྷོད་སླས་བྱས་ནས་མ་གདན་བཏགས་ཡོད་པ་དང་། མ་གདན་སྟེང་གོས་སྣ་ཚོགས་ཀྱི་འཇའ་དྲུག་འཐེན་ཡོད་ལ། མ་གདན་གྱི་མགོ་དཀྱིལ་ལ་བྱུ་རུའི་ཕྲ་བརྒྱབ་པའི་དངུལ་སྡོང་ཉིས་སྒྲིག་གིས་ཐུར་དུ་དཔྱངས་ཡོད། རྣ་འགྲམ་གཡས་གཡོན་དུ་བྱུ་རུའི་ཕྲེང་རྒྱན་བཏགས་ནས། ལག་པ་གཉིས་ཀ་སྔོན་ལ་བསྲིངས་ཏེ་མཐོ་དམའ་རན་པར་དོད་ཅིང་། ལག་ཏུ་ཁ་བཏགས་དང་མེ་ཏོག་བཟུང་སྟེ། མཁར་རྔའི་སྒྲ་དང་བསྟུན་ནས་རྩེ། རྩེད་སྟངས་ལས་ཐང་བོད་དམག་འཁྲུག་གི་སྐབས་སུ་དམག་མི་རྣམས་དམག་འཁྲུག་ལ་སོང་ནས་ཕྱིར་ལོག་ཚེ། ཁོ་མོ་ཚོས་གཡུལ་ལས་རྒྱལ་བའི་དམག་མི་རྣམས་ལ་དགའ་བསུ་དང་སྔོན་ལ་བུད་དེ་བསུ་མ་བྱེད་པ་ཡིན་པར་སྣང་།

(7)ཐུགས་རྗེ་ཆེན་པོ་ནི་ཕོ་མོ་མཉམ་དུ་བསྲེས་ནས་རྩེ་བ་ཞིག་ཡིན་ལ། དེའི་རྩེད་སྟངས་ནི་རྩེད་མཁན་རྣམས་ཀྱིས་འཁར་རྔ་བརྡུངས་མཁན་གྱི་སྒྲ་དང་བསྟུན་ནས་ལག་པ་གཡས་གཡོན་བརྗེ་རེས་བྱས་ཏེ་ཡར་བཀྱགས་ནས་རྩེ་བ་དང་། ལག་པ་གཉིས་ཀ་ཡར་བཀྱགས་ནས་རྩེ་བ་དང་། ལག་པ་གཉིས་ཀ་གཡས་གཡོན་དུ་གཡུགས་ནས་རྩེ་ལ། དམག་དཔོན་ཁང་གི་གྲུ་རེ་ནས་ལུས་པོ་ལྷེམ་ཅིང་ལག་པ་མདུན་དུ་བསྲིངས་ནས་བསུ་མ་བྱེད་པའི་རྣམ་པ། མཚམས་རེར་སྐྱེས་པ་དག་གིས་དུང་འབུད་པ་བཅས་བྱེད་པའི་རྩེད་སྟངས་ཞིག་ཡིན། རྩེད་སྟངས་འདིའི་མིང་འདོགས་ཚུལ་དང་རྩེད་སྟངས་ཀྱི་ཉམས་དོད་སྟངས་ལས་དོན་བཟང་པོ་ཞིག་ལ་བསུ་མ་མཛད་པའི་རྣམ་པ་ཞིག་དང་ཐུགས་རྗེ་ཆེ་ཞུ་བའི་ཚུལ་ཞིག་རེད། དེ་བས་ཐུགས་རྗེ་ཆེན་པོའི་གར་འདི་རྒྱ་བོད་འདུམ་འགྲིག་བྱུང་བ་ལ་ཞིང་པ་རྣམས་ཀྱིས་ཐུགས་རྗེ་ཆེ་ཞུ་བའི་ངང་ཚུལ་ཅིག་ཏུ་ངེས་པས་མིང་ལའང་ཐུགས་རྗེ་ཆེན་པོ་བཏགས་པར་འདོད།

(8)ཁ་ཕུག་པ་དང་ཚོན་རྒྱག་པ། རྒྱབ་ཕུག་པ་བཅས་ནི་སྡེ་བའི་ནང་གི་ཕོ་ལོ་ཉེར་ལྔ་ནས་སོ་ལྔའི་བར་གྱི་སྐྱེས་པ་དར་མ་རྣམས་ལ་ལྕགས་ཁབ་རྣོན་པོའི་སྣེ་མོར་གོས་སྐུད་དམར་སེར་གྱིས་བརྒྱན་པ་དག་གིས་ཁའི་གཡས་གཡོན་གྱི་འགྲམ་པ་དང་རྒྱབ་ཕུག་པ་དང་མགོ་ལ་ཕྱིང་ཞྭ་གྱོན་པ། ལག་ཏུ་ལྷ་རྔ་བཟུང་ནས་ལྷ་རྔའི་སྒྲ་དང་བསྟུན་ནས་རྩེད་པ་ཞིག་ཡིན། ངག་རྒྱུན་དུ་ཆོ་ག་འདི་ནི་སྐྱེས་ལྷ་ཨ་མྱེས་སྟག་ལུང་གི་ཆོ་ག་ཡིན་པར་བཤད། ཁ་ཕུག་ན་ཉེས་པ་ཐམས་ཅད་ཁ་ནས་འབྱུང་བའི་སྒོ་གཅོད་བྱེད་ལྟ་བུ་ཡིན་པར་བཤད་ལ། རྒྱབ་ལ་འཛེར་ནའང་རང་ལུས་ལ་ན་ཚ་སོགས་མི་འདོད་པའི་རྐྱེན་ངན་མི་འབྱུང་བར་བཤད།

(9)དམར་མཆོད་ནི་ཚེས་ཉེར་ལྔའི་ཉིན་གྱི་ཁྱད་པར་བའི་རྩེད་སྟངས་ཤིག་ཡིན་ལ། རྩེད་རིགས་པ་འགའི་ལག་ཏུ་གྲི་དང་ཐག་པ་བཟུང་ཏེ་འཁར་རྔ་དང་ལྷ་རྔའི་སྒྲ་དང་བསྟུན་ནས་འཇིཊ་རུང་གི་ཉམས་སྟོན་ཅིང་། ལག་གི་རལ་གྲིས་ར་མའི་སྐེ་བཅད་ནས།ནང་ཁྲོལ་དེ་ཁྲག་དམར་ཙར་ཙར་ཏུ་བསང་མགོར་ཕུད།དེའི་ཁྲག་རྩེད་རིགས་པ་ཚོའི་ཐོད་པ་དང་གདོང་ལ་བྱུགས་ནས་ལྷ་རྩེད་བྱེད། འདི་ནི་ང་ཚོ་བོད་ཀྱི་བུ་རབས་ཚ་རྒྱུད་ཡིན་པ་མཚོན་ཞིང་། བོད་རང་ལ་གདོང་དམར་བ་ཞེས་ཐོགས་དོན་ཡང་བོད་བཙན་པོ་རིམ་བྱོན་གྱི་དུས་ནས་བོད་འདི་དམར་ལས་ལ་དགའ་བས་དེ་ལྟར་བཏགས་པ་ཡིན་པར་འདོད། ། རྩོམ་པ་པོ་ནི་རྡོ་རྗེ་འཚོ་དང་མོ་ནི་ལྷོ་ནུབ་མི་རིགས་སློབ་ཆེན་བོད་ཀྱི་རྩོམ་རིག་ལོ་ཙཱའི་སློབ་མ་ཡིན། རྩོམ་འདི་མཚོ་སྔོན་བོད་ཡིག་གསར་འགྱུར།2015·01·16།པར་ངོས19པའི་སྟེང་ནས་བཤུས།