Category:བཀའ་གདམས་པ་
༄༅།།བཀའ་གདམས་པ། རྩོམ་པ་པོ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།
༄༅། ། སེམས་མཆོག་ཡིད་བཞིན་ནོར་བུའི་སྙིང་པོ་ཅན། ། དཔག་ཡས་རྒྱལ་སྲས་སྤྱོད་པའི་རྒྱ་མཚོ་ཆེར། ། མཁས་གྲུབ་གདེངས་ཅན་སྟོང་གིས་རྩེན་པ་ལ། ། བཀའ་གདམས་པར་གྲགས་གྲུབ་མཐའི་བྱུང་བ་གླེང་། ། བཀའ་གདམས་པའི་གྲུབ་མཐའ་བྱུང་ཚུལ་མདོ་ཙམ་ཞིག་བཤད་པ་ལ་གསུམ། ཇོ་བོ་ཆེན་པོའི་བཀའ་དྲིན་ལས་བཀའ་གདམས་ཀྱི་ལུགས་སྲོལ་བྱུང་ཚུལ། དེ་ལ་བརྟེན་ནས་བསྟན་པ་དང་བསྟན་འཛིན་གཞན་བྱུང་ཚུལ། བཀའ་གདམས་ཀྱི་བསྟན་པའི་སྤྱི་བཤད་པའོ། ། (༡) ཇོ་བོའི་བཀའ་དྲིན་ལས་བཀའ་གདམས་ཀྱི་ལུགས་སྲོལ་བྱུང་ཚུལ། དེ་ཡང་བླ་མ་གོང་མ་རྣམས་བཀའ་གདམས་པ་ཞེས་པའི་སྒྲ་བཤད་ལ་མི་འདྲ་བ་འགའ་གསུངས་ཀྱང་། རྗེ་རིན་པོ་ཆེས་སྤྱན་སྔ་རིན་ཆེན་འཕེལ་ལ་བཀའ་གདམས་ཞེས་བྱ་བའི་དོན་དེ་ཅི་ཡིན་ཞེས་གསུངས་པས། སྤྱན་སྔས་རྒྱལ་བའི་བཀའ་ལས་ཡི་གེ་ན་གཅིག་ཀྱང་བཞག་ཏུ་མེད་པར་གདམས་ངག་ཏུ་གོ་བ་ལ་ཟེར་བ་ཡིན་ཞུས་པས། དེ་ཡིན་དེ་ཡིན་ཞེས་མཉེས་པ་ཆེ་བ་མཛད། ཆོས་གྲྭར་ཕེབས་ནས་དགེ་བའི་བཤེས་གཉེན་རིན་ཆེན་འཕེལ་གྱིས་ཁོ་བོ་ལ་དམ་ཆོས་ཀྱི་སྐྱེས་ཆེན་པོ་ཁྱེར་བྱུང་། ཁོང་དེ་སྐད་ཟེར་ཏེ། དེ་ཤིན་ཏུ་ཡིན་པ་འདུག་ཅེས་གསུངས། དེས་ན་སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་གྱི་དོན་ཐམས་ཅད་མ་ལུས་པ་ཨ་ཏི་ཤའི་གདམས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་བསྡུས་ནས་ཉམས་སུ་ལེན་པས་ན་བཀའ་གདམས་པ་ཞེས་བྱ་སྟེ། འབྲོམ་གྱི་ཞལ་ནས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ། ། གདམས་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི། །བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་ལ། ། འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར། ། ཞེས་སོགས་གསུངས་པ་ལྟར་རོ། །
བཀའ་གདམས་ཀྱི་ལུགས་སྲོལ་ཁྱད་པར་ཅན་དེ་ཇི་ལྟར་བྱུང་བའི་ཚུལ་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་དབུ་བརྙེས། སྟོན་པ་རིན་པོ་ཆེས་སྲོལ་ཕྱེས། སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད། གླང་ཤར་གཉིས་དང་བྱ་ཡུལ་བ་སོགས་ཀྱིས་དེ་ལས་ཀྱང་རྒྱས་པར་མཛད་པའོ། །
ཇོ་བོ་རྗེའི་རྣམ་པར་ཐར་པ་རྒྱས་པར་གཞན་ནས་འབྱུང་བ་ལྟར་ལ། ཆེ་བའི་ཡོན་ཏན་མདོ་ཙམ་ནི། ཆོས་འབྱུང་གསལ་བའི་སྒྲོན་མེ་ལས།
ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་སུ་བལྟམས། ། ཕྱི་ནང་རིག་པའི་གནས་རྣམས་ཀུན་ལ་མཁས། ། བསླབ་གསུམ་རྣམ་དག་གནས་བརྟན་འདུལ་བ་འཛིན། ། རྩ་བའི་སྡེ་བཞི་གྱེས་པ་བཅོ་བརྒྱད་ཀྱི། ། ལུགས་རྣམས་སོ་སོར་མ་འདྲེས་ཐུགས་ཆུད་པས། ། ཀུན་གྱིས་བཀུར་ཅིང་ཁྱོད་གསུམ་ཚད་མར་ལེན། ། རྣམ་གནོན་ངང་ཚུལ་ལ་སོགས་མ་ག་དྷཱའི། ། གཙུག་ལག་གནས་ཆེན་ཀུན་གྱི་བདག་པོ་མཛད། ། ཡིད་དམ་དཔག་ཏུ་མེད་པའི་ཞལ་གཟིགས་ཤིང་། ། སྡེ་སྣོད་རྒྱུད་སྡེའི་ཆོས་ལ་མི་མཁྱེན་མེད།། གསེར་གླིང་ཞལ་གྱི་བུམ་བཟང་ལས་འོངས་པའི། ། བྱང་ཆུབ་སེམས་ཀྱི་བདུད་རྩི་རྫོགས་པར་གསོལ། ། སྒྲུབ་དང་སུན་འབྱིན་རིགས་པའི་ང་རོ་ཡིས། ། རྒོལ་བ་ངན་པའི་གླང་ཆེན་མྱོས་མཛད་ཅིང་། ། སྐལ་བར་ལྡན་རྣམས་རང་རང་བསམ་པ་དང་། ། མཐུན་པར་དམ་པའི་ཆོས་ཀྱིས་ཚིམ་པར་མཛད། ། བསྐལ་བ་བཟང་པོའི་བྱང་ཆུབ་སེམས་དཔའ་ཞེས། ། ཇོ་མོས་ལུང་བསྟན་ཇོ་བོ་ནཱ་རོ་བས། ། བསྟན་པའི་བདག་པོ་ཉིད་དུ་མངའ་གསོལ་བ། ། དེ་ནི་དཔལ་ལྡན་མར་མེ་མཛད་དཔལ་ལོ། ། ཞེས་པ་ལྟར་རོ། །
ཇོ་བོ་རྗེ་དེ་ཉིད་བོད་དུ་བྱོན་ཚུལ་ནི། དེ་ཡང་གངས་ཅན་གྱི་ལྗོངས་སུ་བསྟན་པ་འཕེལ་འགྲིབ་མང་དུ་སྣང་སྟེ། མཁན་སློབ་ཆོས་གསུམ་གྱིས་བསྟན་པའི་སྲོལ་བཙུགས་པ་ཧྭ་ཤང་གིས་བསླད་པར་བྱས། དེ་ཀ་མ་ལ་ཤཱི་ལས་ཚར་བཅད་ནས་ལྟ་སྤྱོད་རྣམ་པར་དག་པ་དར་རྒྱས་སུ་ཡོད་པ་རྒྱལ་ངན་གླང་དར་མས་བསྣུབས་ནས་ལ་བདུན་ཅུ་ཙམ་གྱི་རིང་ལ་བོད་མུན་གླིང་དུ་གྱུར། དེ་ནས་བླ་ཆེན་དགོངས་པ་རབ་གསལ་གྱིས་མདོ་ཁམས་སྨད་ནས་བསྟན་པའི་མེ་རོ་བསླངས། ལོ་ཆེན་རིན་བཟང་གིས་མངའ་རིས་སྟོད་ནས་གསོས་པས་དབུས་གཙང་གི་ལྗོངས་སུ་དགེ་འདུན་གྱི་སྡེ་འཕེལ་བར་གྱུར་མོད་ཀྱང་། འགའ་ཞིག་འདུལ་བ་ལ་མོས་བློས་སྔགས་ཁྱད་དུ་གསོད། འགའ་ཞིག་སྔགས་ལ་མོས་བློས་འདུལ་བ་ཁྱད་དུ་གསོད་པས་བསྟན་པ་ཕྱོགས་རེ་བར་སོང་། ཕལ་མོ་ཆེ་གྲུབ་མཐའི་ཁ་འཛིན་གྱི་བཤད་པ་ཙམ་ལས་ཐུབ་བསྟན་ཡོངས་སུ་རྫོགས་པ་ཉམས་ལེན་དུ་ཁྱེར་ཤེས་པ་ལྟ་ཞོག ཕྱོགས་མཐོང་གི་གོ་བ་ཆགས་པའང་དཀོན་པར་གྱུར། ལྷག་པར་གླང་དར་གྱིས་བསྟན་པ་བསྣུབས་པའི་བར་དེར། སྔགས་པ་འགའ་ཞིག་གིས་རྒྱུད་ཚིག་བློ་ལ་ཡོད་པ་རྣམས་ཡི་གེར་བྲིས་པར། བར་སྐབས་ཀྱི་ཚིག་བརྗེད་ནས་མ་ཐོན་པ་རྣམས་ལ་བློ་བཟོའི་བསླད་བཅུག བརྡ་ཁྱད་གང་བྱུང་སྦྱར། ཡང་ལ་ལས་རྒྱུད་ཀྱི་མིང་བཏགས་པའི་རྟོག་བཟོའི་ཡི་གེ་གྲོང་ཚིག་འབའ་ཞིག་གིས་གང་འདོད་དུ་བྲིས། སྔགས་པ་འགའ་ཞིག་གིས་རང་གི་ཆུང་མ་ལ་དེ་རིང་ཆང་ཞིམ་པ་བཟོས་དང་། ངས་རྒྱུད་པོ་ཏི་ལོངས་པ་ཞིག་རྩོམ་པ་ཡིན་ཟེར་བའང་བྱུང་། རྒྱ་གར་ནས་ཨ་ཙརྱ་དམར་པོ་ཞེས་བྱ་བ་དང་། པཎྜི་ཏ་ཤམ་ཐབས་སྔོན་པོ་ཅན་བྱ་བ་ལ་སོགས་པ་འགའ་ཞིག་བྱུང་ནས་བུད་མེད་སྤྱོད་པ་ལ་སྦྱོར་བ་དང་། དགྲ་ལ་སོགས་པའི་སེམས་ཅན་གསོད་པ་ལ་སྒྲོལ་བ་ཞེས་སྦྱོར་སྒྲོལ་དུ་གྲགས་པའི་ཆོས་ལོག་དང་། གཞན་ཡང་སྔགས་ལ་སྙད་བཏགས་པའི་རྩིང་སྤྱོད་མང་པོ་ཞིག་དར་བར་བྱས། དེ་དག་གི་དབང་གིས་ལྟ་སྤྱོད་རྣམ་དག་འཛིན་པ་ཉུང་ཞིང་ཆོས་ལོག་སྤྱོད་པ་མང་དུ་གྱུར་པ་ལ། ལྷ་བླ་མ་ཡེ་ཤེས་འོད་དང་། ཕོ་བྲང་ཞི་བ་འོད་དང་། ལོ་ཆེན་རིན་བཟང་སོགས་ཀྱིས་ཆོས་ལོག་སུན་འབྱིན་གྱི་ཡི་གེ་བྲིས་ནས་བཀྲམ་པས་ཀྱང་ཕན་པ་མ་བྱུང་། དུས་དེར་མངའ་རིས་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས། བོད་ཀྱི་བསྟན་པ་གནས་ཚུལ་དེ་ལྟར་གྱུར་པ་ཐུགས་ཀྱིས་མ་བཟོད་པས་རྒྱ་གར་ནས་པཎྜི་ཏ་ཆེན་པོ་བསྟན་པ་ལ་ཚད་མར་གྱུར་པ་ཞིག་གདན་དྲངས་ནས་དག་ཐེར་མཛད་པ་ལས་ཕན་ཐབས་གཞན་མེད་པར་དགོངས་ནས། རྒྱ་བརྩོན་འགྲུས་སེང་གེ་ལ་གསེར་མང་པོ་བསྐུར་ནས་ཨ་ཏི་ཤ་གདན་འདྲེན་པར་བཏང་ཡང་སྤྱན་མ་འདྲོངས། ད་དུང་གསེར་མང་པོ་བཙལ་ནས་སྤྱན་འདྲེན་པར་མངགས་དགོངས་ནས་གསེར་ཚོལ་དུ་ཕེབས་པ་གར་ལོག་གི་རྒྱལ་པོས་བཟུང་ནས་མ་བཏང་། ཡེ་ཤེས་འོད་ཀྱི་དབོན་པོ་བྱང་ཆུབ་འོད་ཀྱིས་གསེར་མང་པོ་བཙལ་ནས་ཁུ་བོ་བླུ་བར་ཕྱིན་ཀྱང་གཏོང་མ་ཉན། དེ་ནས་ཡེ་ཤེས་འོད་གར་ལོག་གིས་བཀྲོངས། ཁོང་གི་ཞལ་ཏ་བཞིན་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་གསེར་མང་པོ་དང་བཅས་པཎྜི་ཏ་སྤྱན་འདྲེན་པར་རྒྱ་གར་དུ་མངགས། ནག་ཚོ་དང་རྒྱ་བརྩོན་སེང་གཉིས་འཛོམས་ནས་ཨ་ཏི་ཤ་ལ་བོད་ཀྱི་བསྟན་པ་གནས་ཚུལ་དང་། ཡེ་ཤེས་འོད་ཀྱིས་དཀའ་སྤྱད་བྱས་ཚུལ་རྣམས་ཞིབ་ཏུ་ཞུས་ཏེ་བོད་དུ་འབྱོན་པར་གསོལ་བ་བཏབ། སྔ་མོ་ནས་ཇོ་བོ་ལ་བོད་དུ་བྱོན་པའི་ལུང་བསྟན་མང་པོ་ཡོད་ཀྱང་། དེ་ནུབ་ཡང་བསྐྱར་གྱིས་རྗེ་བཙུན་མ་སྒྲོལ་མ་ལ་གསོལ་བ་བཏབ་ནས་བརྟག་པ་མཛད་པར་མཁའ་འགྲོ་མ་ཞིག་ཡོད་པ་ལ་དྲིས་གསུངས་བཞིན་དྲིས་པར། བོད་དུ་བྱོན་ན་བསྟན་པ་ལ་ཕན་ཐོགས་ཤིང་ཁྱད་པར་ཨུ་བ་སི་ཀ་ཅིག་ལ་བརྟེན་ནས་ཕན་ཐོགས་པའི་ལུང་བསྟན་བྱུང་སྟེ་བོད་དུ་འབྱོན་པའི་ཞལ་བཞེས་མཛད་དོ། ། བསྟན་པ་ལ་འཕེལ་འགྲིབ་དང་བསྲེ་སླད་ཞུགས་ཚུལ་དང་། དེའི་དོན་དུ་ལྷ་བླ་མ་ཁུ་དབོན་ལོ་ཙཱ་བ་རྣམས་ཀྱིས་དཀའ་སྤྱད་ཆེན་པོ་བྱས་ཚུལ་གྱི་ཞིབ་ཆ་ཤེས་ན་དེ་དག་གི་བཀའ་དྲིན་དྲན་པ་དང་། རྣམ་པར་དག་པའི་ཆོས་རྙེད་དཀའ་བར་ཤེས་པ་དང་། གྱ་ཚོམ་དུ་མི་འཇུག་པར་རྣམ་དབྱེ་ཤེས་ནས་འཇུག་པ་སོགས་ཀྱི་དགོས་པ་ཆེ་བས་ཞིབ་ཏུ་འབྲི་བར་འོས་ཀྱང་། ཡི་གེ་ལྕི་བས་འཇིགས་ནས་འདིར་ཕྱོགས་ཙམ་ལས་མ་སྤྲོས་པས་གཞན་དུ་ཤེས་པར་བྱའོ། །
བོད་དུ་ཕེབས་ནས་བསྟན་པ་ལ་བྱ་བ་མཛད་ཚུལ་ནི། ལམ་རིམ་ཆེན་མོར་ཇོ་བོ་རྗེའི་ཆེ་བ་གསུངས་པའི་སྐབས་སུ། མངའ་རིས་སྟོད་དུ་ཕྱག་ཕེབས་པ་ན། སངས་རྒྱས་ཀྱི་བསྟན་པའི་དག་ཐེར་མཛད་པར་གསོལ་བ་བཏབ་པ་ལ་བརྟེན་ནས་མདོ་སྔགས་ཀྱི་གནད་ཐམས་ཅད་བསྡུས་ནས་ཉམས་སུ་ལེན་པའི་རིམ་པར་དྲིལ་བ་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད་པ་ལ་སོགས་པའི་སྒོ་ནས་བསྟན་པ་རྒྱས་པར་མཛད་དེ། དེ་ཡང་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལོ་ལྔའི་བར་དུ་སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་བསྟན་ནས་བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་བཙུགས། སྲོལ་ཅུང་ཟད་ཡོད་པ་རྣམས་འཕེལ་བར་མཛད། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ་བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་བར་མཛད་དོ།། ཞེས་གསུངས་པ་ལྟར་ཏེ་གསུང་འདི་ལ་ཞིབ་ཏུ་བསམས་ན་ཤིན་ཏུ་གནད་ཆེ་བའི་གོ་རྒྱུ་མང་པོ་ཞིག་ཡོད་པར་སྣང་ངོ་། ། བོད་དུ་ལོ་བཅུ་བདུན་བཞུགས་ནས། དགུང་ལོ་བདུན་ཅུ་རྩ་གསུམ་པ་ཆུ་ཕོ་རྟའི་ལོ་དབྱུ་གུ་ཟླ་བའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་དུ་མྱ་ངན་ལས་འདས་པའི་ཚུལ་མཛད་ནས་དགའ་ལྡན་དུ་རྗེ་བཙུན་བྱམས་པའི་དྲུང་དུ་བྱང་ཆུབ་སེམས་དཔའ་ནམ་མཁའ་དྲི་མ་མེད་པ་ཞེས་བྱ་བར་གྱུར་ཏོ། །
ཇོ་བོ་ཆེན་པོ་ལ་རྒྱ་བོད་གཉིས་ཆར་དུ་སློབ་མ་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱོན་ནའང་། གདམས་ངག་བུན་པ་གང་བྱོའི་ཚུལ་གྱིས་གནང་ཞིང་བསྟན་པའི་བདག་པོར་བྱིན་གྱིས་བརླབས་པ་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ། ཨི་ཏི་ཤ་རང་ཉིད་ལ་སྒྲོལ་མས་ལུང་བསྟན་ཅིང་། སངས་རྒྱས་ཕལ་པོ་ཆེ་དང་། སྙིང་རྗེ་པད་མ་དཀར་པོའི་མདོ་ལས་དགེ་བསྙེན་ཆོས་འཕེལ་ཞེས་ལུང་བསྟན་པ། འབྲོམ་རིན་པོ་ཆེ་རྒྱལ་བའི་འབྱུང་གནས་ཡིན་ལ། སྟོན་པ་རིན་པོ་ཆེས་བཀའ་གདམས་ཀྱི་སྲོལ་ཕྱེ་བ་དང་། སྐུ་མཆེད་གསུམ་སོགས་ཀྱིས་དར་ཞིང་རྒྱས་པར་མཛད་ཚུལ་རྣམས་འདིར་ཞིབ་ཏུ་བརྗོད་ན་ཧ་ཅང་མང་བར་འགྱུར་བས་བཀའ་གདམས་ཆོས་འབྱུང་སོགས་ལས་ཤེས་པར་བྱ་ཞིང་། མདོ་ཙམ་ནི་ཆོས་འབྱུང་གསལ་བའི་སྒྲོན་མེ་ལས། དེ་ནས་ལོ་ངོ་བཅུ་ཡི་བར་དག་ཏུ། ། དགེ་བཤེས་སྟོན་པས་ཚོགས་ཀྱི་དཔོན་མཛད་དེ། ། ཇོ་བོའི་གདན་ས་དཔལ་གྱི་རྭ་སྒྲེང་བཏབ། ། ཡོངས་སུ་དག་པའི་སློབ་འཁོར་སྨིན་པར་མཛད། ། དེ་ནས་ལོ་གྲངས་ཉི་ཤུ་ལྷག་ཙམ་ན། སྐུ་མཆེད་གསུམ་གྱི་འཕྲིན་ལས་ཀློང་རྡོལ་ཏེ། ། དབུ་རུ་བྱང་དུ་བཀའ་གདམས་ཉི་མ་ཤར། ། གངས་ཅན་མ་ལུས་འོད་ཀྱིས་གང་བར་མཛད། ། དྲང་སྲོང་ཆེན་པོ་པོ་ཏོ་བ་ལ་ནི། ། ལྟ་སྤྱོད་ཡོངས་སུ་དག་པའི་སློབ་མ་ནི། །དུས་རེ་ལ་ཡང་ཉིས་སྟོང་ལྷག་ཙམ་དང་། ། སྤྱན་སྔ་བ་ལ་བརྒྱད་བརྒྱ་དགུ་བརྒྱ་འདུས། ། ཕུ་ཆུང་བ་ཡིས་ཚོགས་པ་མང་བསྐྱངས་ཀྱང་། ། སྦས་པའི་ཚུལ་དུ་དཔག་མེད་སྨིན་པར་མཛད། ། ཁམས་པ་ལུང་བའི་ཐུན་བརྒྱད་མ་ལ་ཡང་། ། རྣམ་གྲོལ་དོན་གཉེར་བརྒྱད་བརྒྱ་འདུས་པར་གྲགས། ། སྐུ་མཆེད་གསུམ་གྱིས་ལེགས་པར་བསྐྱངས་པའི་སྲས། ། གླང་ཐང་བ་ལ་སྟོང་ཕྲག་རེ་ཙམ་དང་། ། དགེ་བཤེས་ཆེན་པོ་ཤ་ར་བ་ལ་ནི། ། རྣམ་ཐར་གཙང་བ་སུམ་སྟོང་ལྷག་རེ་འདུས། ། དགེ་བཤེས་ཡ་གད་པ་ལ་སྟོང་ལྷག་དང་། ། བྱ་ཡུལ་བ་ལ་ཉིས་སྟོང་བདུན་བརྒྱ་སོགས། ། འཕྲིན་ལས་བསྐྱངས་པའི་བཤེས་གཉེན་མཐའ་ཡས་ཏེ། ། དེ་དུས་ཁོ་ན་བསྟན་པའི་གདལ་ཆེའོ། ། ཞེས་གསུངས་པ་ལྟར་རོ། །
དེ་ལྟར་མངའ་རིས་ཀྱི་རྒྱལ་པོ་ལྷ་བླ་མ་ཁུ་དབོན་གྱིས་བསྟན་པ་འབའ་ཞིག་ཐུགས་ལ་བརྣགས་ཏེ་ལུས་སྲོག་ལོངས་སྤྱོད་གང་ལའང་མ་ལྟོས་པར་དཀའ་བ་ཆེན་པོས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་དྲངས་པ་ལ་བརྟེན་ནས། སྔགས་ལ་སྙད་བཏགས་པའི་རྩིང་སྤྱོད་སོགས་ལོག་པར་སྤྱོད་པ་རྣམས་དང་། མདོ་སྔགས་གཉིས་ཚ་གྲང་ལྟར་འགལ་བར་འཛིན་པའི་ལོག་རྟོག་རྣམས་ཉི་མ་ཤར་བས་མུན་པ་རང་སངས་ལ་སོང་བ་བཞིན་དུ་གྱུར། བླ་ཆེན་པོའི་བརྒྱུད་འཛིན་སོགས་བསྟན་པ་ཕྱི་དར་གྱི་ལྟ་སྤྱོད་རྣམ་དག་འཛིན་པ་ཐམས་ཅད་ཀྱང་ཇོ་བོའི་བཀའ་བརྒྱུད་ལ་ཞུགས་པས། དབུས་གཙང་གི་སའི་ཁྱོན་ཐམས་ཅད་རྣམ་ཐར་ཕྱི་གཙང་ནང་གཙང་པད་མའི་སྦུབས་ལྟ་བུ་དང་ལྡན་པ་ཇོ་བོ་བཀའ་གདམས་པའི་བསྟན་པ་བསྟན་འཛིན་གྱིས་ཡོངས་སུ་གང་བར་གྱུར་ཏོ། །
བཀའ་གདམས་ཀྱི་ལུགས་འཛིན་པའི་དགོན་སྡེ་དུ་མས་དབུས་གཙང་གི་ལྗོངས་ཐམས་ཅད་ཁྱད་པར་གྱུར་པ་ལས། དེང་སང་གི་བར་དུ་མ་ཉམས་པར་ཡོད་པ་ནི་བྱང་རྭ་སྒྲེང་དང་། གཙང་གི་སྣར་ཐང་བྱང་ཆུབ་ཆེན་པོའི་དབེན་གནས་དང་བཅས་པ་རྣམས་སོ། །
འདི་རྣམས་བཀའ་གདམས་གླེགས་བམ་ལས་རྒྱ་ཆེར་ལུང་བསྟན་ཅིང་། རྭ་སྒྲེང་ནི་བཀའ་གདམས་ཀྱི་ཆུ་འགོ་དག་པའི་ཞིང་ཁམས་འབྲོམ་རྗེ་རྒྱལ་བའི་འབྱུང་གནས་ཀྱི་ཡེ་ཤེས་ཀྱི་རྣམ་འཕྲུལ་ལས་བྱུང་བ་ཡིན་ལ། སྣར་ཐང་ནི་ཤ་ར་བའི་སློབ་མ་གཏུམ་སྟོན་བློ་གྲོས་གྲགས་པས་བཏབ་ནས་མཁན་བརྒྱུད་གསེར་རིའི་ཕྲེང་བ་ལྟ་བུ་ཟམ་མ་ཆད་པར་བྱོན་ནོ། ། གདན་ས་གཞན་རྣམས་ནི་དུས་ཀྱི་དབང་གིས་ཕལ་ཆེར་སྟོངས་ཤིང་མང་པོ་ཞིག་ད་ལྟ་བཙུན་མས་འཛིན་པར་སྣང་སྟེ། བཀའ་གདམས་པ་རྣམས་བུད་མེད་ལ་ཤིན་ཏུ་འཛེམ་སྟེ། མཁའ་འགྲོའི་རྣམ་འཕྲུལ་གྱི་བུད་མེད་ཅིག་དགོན་པར་འོངས་པ་དྲག་འཇུན་གྱིས་ཕྱིར་བཏོན་པ་ལ་ད་ལྟ་ཁྱེད་རྣམས་ངེད་ཀྱི་རིགས་ལ་འཛེམ་སྟེ། སླར་དགོན་ཤུལ་རྣམས་བུད་མེད་ཀྱིས་འཛིན་ནོ་ཞེས་དམོད་བོར་བས། དེའི་རྟེན་འབྲེལ་གྱི་དབང་གིས་ཡིན་ནོ་ཞེས་དམ་པ་འགའ་ཞིག་གིས་གསུངས་སོ། །
(༢) ཇོ་བོ་ཆེན་པོར་བརྟེན་ནས་བསྟན་པ་བསྟན་འཛིན་གཞན་བྱུང་ཚུལ།
༄༅། ། བཀའ་བརྒྱུད་པ་དང་། ས་སྐྱ་བ་དང་། དགེ་ལྡན་པར་གྲགས་པ་འདི་རྣམས་ཀྱང་ཇོ་བོ་རྗེའི་འཕྲིན་ལས་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་ཏེ། བཀའ་བརྒྱུད་ཀྱི་མེས་པོ་ལྷོ་བྲག་མར་བ་ལོ་ཙཱ་རྒྱ་གར་དུ་ལན་ཕྱི་མ་བྱོན་དུས་ཇོ་བོ་རྗེ་དང་མཇལ་ནས་གདམས་པ་གསན་ཅིང་། ཁྱད་པར་དུ་མཉམ་མེད་དྭགས་པོ་ལྷ་རྗེས། དང་པོ་ཇོ་བོའི་དངོས་སློབ་རྣལ་འབྱོར་བ་ཆེན་པོའི་སློབ་མ་རྒྱ་ཡོན་བདག་ལས་བཀའ་གདམས་གསན། དེ་རྗེས་རྗེ་བཙུན་མི་ལ་ལས་ཕྱག་ཆེན་གསན་ནས་བཀའ་ཕྱག་ཆུ་བོ་གཉིས་འདྲེན་ཀྱི་གདམས་པ་ལམ་རིམ་ཐར་རྒྱན་མཛད། དེའི་སློབ་མ་འགྲོ་མགོན་ཕག་མོ་གྲུ་པས་དགེ་བཤེས་དོལ་བ་ལས་བཀའ་གདམས་གསན་ཅིང་བསྟན་རིམ་གྱི་བསྟན་བཅོས་ཀྱང་མཛད། དེ་བཞིན་དུ་འབྲི་གུང་འཇིག་རྟེན་མགོན་པོས་གླང་ལུང་པ་དང་། སྟག་ལུང་ཐང་བ་ཆེན་པོས་འཆད་ཀ་བ་དང་། ཀརྨ་བ་དུས་གསུམ་མཁྱེན་པའི་ཤ་ར་བའི་སློབ་མ་རྣལ་འབྱོར་བ་ཤེས་རབ་རྡོ་རྗེ་ལས་བཀའ་གདམས་གསན་ནས། སྤྱོད་ཕྱོགས་ཀྱི་ཉམས་ལེན་ཐམས་ཅད་བཀའ་གདམས་ལུགས་བཞིན་མཛད་པས། དེས་ན་བཀའ་བརྒྱུད་པའི་ཆོས་ཀྱི་སྙིང་པོ་ཕྱག་ཆེན་དང་། ཆོས་དྲུག་གདམས་པ་ཐེག་པ་ཆེན་པོའི་ཆོས་སུ་བྱེད་པ་ཆང་གི་ཕབ་རྩི་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི་མན་ངག་རྣམས་བཀའ་གདམས་ཀྱི་ཆོས་བརྒྱུད་ལས་བྱུང་བ་ཁོ་ནའོ། །
འཇམ་དབྱངས་ས་པཎ་གྱིས་ཀྱང་སྣེའུ་ཟུར་བའི་སློབ་མ་སྤྱི་བོ་ལྷས་པ་ལས་བཀའ་གདམས་གསན་ཅིང་། ཁོང་གི་གསུང་རབ་རྣམས་སུ་ཡང་ཐེག་ཆེན་ཐུན་མོང་བའི་ལམ་གྱི་ཉམས་ལེན་ཐམས་ཅད་བཀའ་གདམས་ལུགས་ཁོ་ན་མཛད་པས། རྗེས་འབྲང་གི་ས་སྐྱ་བ་རྣམས་ཀྱང་སྲོལ་དེ་བཞིན་བྱེད་དོ། །
རྒྱལ་བ་ཙོང་ཁ་པ་ཆེན་པོ་དོན་དངོས་གནས་ལ་ཇོ་བོ་རྗེ་དང་ཐུགས་རྒྱུད་གཅིག་པར་ཚད་མའི་ལུང་གིས་གྲུབ་ཅིང་། ཐུན་མོང་གི་སྣང་ངོར་ཡང་མཁན་ཆེན་ནམ་མཁའ་རྒྱལ་མཚན་དང་ཆོས་སྐྱབས་བཟང་པོ་གཉིས་ལས་བཀའ་གདམས་ཀྱི་ལམ་རིམ་གསན་ནས། དུས་ཀྱི་རིམ་པས་ཇོ་བོའི་གདམས་པ་ལ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་ཞུགས་པ་རྣམས་བསལ་ཏེ་སྔོན་མེད་ལེགས་བཤད་ཀྱི་བསྟན་བཅོས་ལམ་རིམ་ཆེ་ཆུང་སོགས་མཛད་པ་དང་། རི་བོ་དགེ་ལྡན་པའི་ལུགས་སྲོལ་ཉིད་ཀྱང་ཇོ་བོ་བཀའ་གདམས་པའི་རྣམ་ཐར་གཞིར་བཞག་ལ་དབུ་མའི་ལྟ་བ་དང་གསང་སྔགས་ཀྱི་བསྣོན་པ་བཏབ་པ་ལྟ་བུ་ཡིན་པས་བཀའ་གདམས་ལས་མ་འདས་ལ། ཆོས་འབྱུང་རྣམས་སུ་དགེ་ལྡན་རིང་ལུགས་ལ་བཀའ་གདམས་གསར་བའི་མིང་གི་ཐ་སྙད་ཀྱང་མཛད་དོ། །
དེའང་བཀའ་གདམས་གླེགས་བམ་ལས་ལུང་བསྟན་པ་སྟེ། ཕ་ཆོས་ལེའུ་ཉེར་དྲུག་པའི་མ་འོངས་ལུང་བསྟན་ལས། ཐ་མར་བསྟན་པའི་མེ་རོ་དག། གྲགས་པའི་མཚན་གྱིས་གསོ་བར་བྱེད། ། དུ་མའི་ཕན་བདེ་སྒྲུབ་པར་བྱེད། དེ་ཡང་གནས་མཆོག་དམ་པ་ཡིན། ། ཞེས་གསུངས་པས། ལོ་ཙཱ་བ་ན་རེ། ཡན་ལག་གི་མིང་འདི་མ་མོ་ལ་བཏགས་ན་ཕུན་སུམ་ཚོགས་པར་འགྱུར་བ་ཡིན། ལུས་ལས་ཡན་ལག་རྒྱས་བྱ་བའི་ལུགས་ཡིན། ཞེས་གསུངས་པའི་ཚིགས་བཅད་ཀྱིས་རྗེ་བླ་མ་དང་གདན་ས་དགའ་ལྡན་ལུང་བསྟན་ཅིང་། ལོ་ཙཱ་བའི་གསུང་དེ་བཀའ་གདམས་པ་ལུས་ལྟ་བུ་ལས། བཀའ་གདམས་གསར་བ་དགའ་ལྡན་པ་ཡན་ལག་ལྟ་བུ་དེ་དར་རྒྱས་ཆེ་ཞེས་པའི་དོན་དུ་སྣང་བས་སོ། །
གཞན་ཡང་ཟུལ་ཕུ་བས། ཇོ་བོའི་ལོ་རྒྱུས་ཆེན་མོ་ཡི་གེར་བཏབ་ཅིང་། སྟོད་ལུང་པ་ལས་བཀའ་གདམས་གསན་པས། ཁོང་གི་རྒྱུད་པ་འདུལ་འཛིན་མང་དུ་བྱོན་པ་ཐམས་ཅད་ཀྱང་བཀའ་གདམས་པ་ཤ་སྟག་གོ།
དེར་མ་ཟད་མཚན་ཉིད་ཀྱི་གཞུང་ཆེན་མོའི་བཤད་རྒྱུད་རྣམས་ཀྱང་ཇོ་བོ་རྗེའི་བཀའ་དྲིན་ལས་བྱུང་བ་སྟེ། དེའི་ཚུལ་ཇི་ལྟར་ཞེ་ན། བོད་འདིར་དབུ་ཚད་བྱམས་ཆོས་ཡོངས་སུ་རྫོགས་པའི་བདག་པོར་གྱུར་པ་ནི་རྔོག་ལོ་ཆེན་པོ་སློབ་མ་ཡང་སློབ་དང་བཅས་པ་ཡིན་ཅིང་། རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ནི་ཇོ་བོའི་དངོས་སློབ་ཙམ་དུ་མ་ཟད་ཡེར་བ་ལྷ་རིར་གསང་ཆོས་བཀའ་གདམས་གླེགས་བམ་གནང་བའི་ཐུགས་ཀྱི་སྲས་པོ་གཅིག་ཡིན་ལ། དེ་ཉིད་ལ་ཇོ་བོ་ཉིད་ཀྱིས་གསང་ཕུ་འདེབས་པར་ལུང་བསྟན་པ་བཞིན་བཏབ། དེའི་སློབ་མ་དང་དབོན་པོ་གཉིས་ཀ་ཡིན་པ་བློ་ལྡན་ཤེས་རབ་ཀྱིས་ཇོ་བོའི་ཆོས་རྣམས་ཁུ་བོ་ལས་གསན་ནས་བསྟན་རིམས་ཀྱང་མཛད། དེའི་སློབ་མ་གསུང་རབ་ཀུན་ལ་མཁས་པ་གྲོ་ལུང་པ་བློ་གྲོས་འབྱུང་གནས། ཕར་ཕྱིན་ལ་མཁས་པ་འབྲེ་ཆེན་པོ་ཤེས་རབ་འབར། ཚད་མ་ལ་མཁས་པ་གངས་པ་ཤེའུ། དབུ་མ་ལ་མཁས་པ་ཁྱུང་རིན་ཆེན་གྲགས། དངོས་ཀྱི་གདན་ས་ཞང་ཚེ་སྤོང་སོགས་བྱུང་། གྲོ་ལུང་པ་གཞོན་ནུའི་དུས་ཇོ་བོ་རྗེ་དང་འབྲོམ་ལས་བཀའ་གདམས་ཀྱི་ཆོས་གསན། ཇོ་བོའི་གཞུང་ཆུང་རྣམས་གཙོ་བོར་གྱུར་པའི་ཆོས་ཆུང་བརྒྱ་རྩ་ལ་དོན་ཁོག་འཆིང་བའི་ཌྰི་ཀ་དང་། བསྟན་རིམ་ཆེ་ཆུང་གཉིས་མཛད། བསྟན་རིམ་ཆེན་མི་ནི་ལམ་སྒྲོན་གྱི་དགོངས་འགྲེལ་ཟླ་མེད་ཡིན་པས་རྒྱལ་བ་ཙོང་ཁ་པས་ཀྱང་འདིའི་གླེགས་བམ་གཟིགས་དུས་སུ་མཆོད་པ་སྣ་ཚོགས་ཀྱིས་བསུ་བ་མཛད་ཅིང་། ལམ་རིམ་ཆེན་མོ་ཡང་ཕལ་ཆེར་འདི་དང་མཐུན་པར་མཛད། གྲོ་ལུང་པ། འབྲེ། གངས་པ། ཁྱུང་། ཞང་རྣམས་ཀྱི་སློབ་བརྒྱུད་ལ་མཁས་པ་གནམ་གྱི་ས་བཀབ་པ་ལྟ་བུ་རིམ་པར་བྱོན་པ་རྣམས་ཀྱིས་བཤད་གྲྭ་མང་དུ་བཙུགས་པའི་འཆད་ཉན་གྱི་རྒྱུད་ད་ལྟའི་བར་དུ་གནས་པ་འདིའོ། །
མདོར་ན་འགོས་ལོ་གཞོན་ནུ་དཔལ་གྱིས་དེབ་སྔོན་ལས། དུས་ཕྱིས་བོད་དུ་བྱོན་པའི་དགེ་བའི་བཤེས་གཉེན་རྣམས་དང་། རྣལ་འབྱོར་བ་གྲུབ་པའི་སྤྱོད་པ་ཅན་རྣམས་ཀྱི་རྣམ་པར་ཐར་བ་ཕལ་ཆེ་བ་ན་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་དང་། རྣལ་འབྱོར་བ་གྲུབ་པའི་སྤྱོད་པ་ཅན་རྣམས་ཀྱི་རྣམ་པར་ཐར་བ་ཕལ་ཆེ་བ་ན་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རེ་བ་ལ་གཏུགས་པ་ཁོ་ན་སྣང་བས། འབྲོམ་ཡང་རྒྱ་ཆེ་ཞིང་རྒྱུན་ཆགས་པའི་འཕྲིན་ལས་ཅན་ཞིག་སྟེ། དེ་དག་གིས་ནི་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་འབྲས་བུ་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ། ། ཞེས་གསུངས་པ་ལྟར། གངས་ཅན་གྱི་ལྗོངས་སུ་རྣམ་པར་དག་པའི་ཆོས་ལུགས་སམ་གྲུབ་མཐའ་ཇི་སྙེད་བྱུང་བ་ཐམས་ཅད་ཇོ་བོ་ཆེན་པོ་བོད་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་འབྲས་བུ་ཡིན་པར་ཤེས་པར་བྱའོ། །
(༣)བཀའ་གདམས་ཀྱི་བསྟན་པའི་སྤྱི་བབ་བཤད་པ།
༄༅། ། བཀའ་གདམས་ཀྱི་བསྟན་པའི་སྤྱི་བབ་བཤད་པ་ལ། ཆོས་ཀྱི་རྣམ་གྲངས་དང་། གང་ཟག་གི་མཛད་སྤྱོད་གཉིས་ལས། །
<༡>ཆོས་ཀྱི་རྣམ་གྲངས།
འབྲོམ་གྱི་ཞལ་ནས། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ་ཞེས་པ་དང་། རྣལ་འབྱོར་བ་ཆེན་པོས་གདམས་ངག་ལ་ནང་བྱན་ཆུད་པ་ནི། བེའུ་བུམ་ལག་མཐིལ་ཙམ་ཞིག་ལ་ངེས་པ་རྙེད་པ་ལ་མི་ཟེར་གྱི། གསུང་རབ་ཐམས་ཅད་གདམས་ངག་ཏུ་གོ་བ་ལ་ཟེར་བ་ཡིན། ཞེས་གསུངས་པ་དང་། སྒོམ་པ་རིན་ཆེན་བླ་མས། འདུལ་བ་སྔགས་ཀྱི་གྲོགས། སྔགས་འདུལ་བའི་གྲོགས་སུ་འཁྱེར་ཤེས་པ་ངའི་བླ་མའི་བཀའ་བརྒྱུད་མིན་པ་མེད། ཅེས་གསུངས་པ་ལྟར།
སྤྱིར་རྒྱལ་བའི་གསུང་རབ་ལ་སྤོང་ལེན་མི་བྱེད་པར་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་འཁྱེད་བ་བཀའ་གདམས་པའི་ཁྱད་ཆོས་ཡིན་པས། བཀའ་གདམས་སུ་མ་འདུས་པའི་ཆོས་མེད་ནའང་། ཡོངས་སུ་གྲགས་པ་ལ་གཞུང་དང་གདམས་ངག་གཉིས་སམ། ཡང་ན་མན་ངག་དང་གསུམ་དུ་དབྱེའོ། ། གཞུང་ལ་ལྟ་གཙོ་བོར་སྟོན་པ་དང་། སྤྱོད་པ་གཙོ་བོར་སྟོན་པ་དང་། གཉིས་ཀ་ཟུང་འབྲེལ་དུ་སྟོན་པ་དང་གསུམ་མོ། །
༈དང་པོ་ནི། ཇོ་བོས་མཛད་པའི་བདེན་གཉིས་ལ་འཇུག་པ་དང་། དབུ་མའི་མན་ངག་སོགས་དང་། ༈གཉིས་པ་ནི། སྤྱོད་བསྡུས་སྒྲོན་མེ་དང་། སེམས་བསྐྱེད་དང་། སྡོམ་པའི་ཆོ་ག་སོགས་དང་། ༈གསུམ་པ་ནི། བྱང་ཆུབ་ལམ་གྱི་སྒྲོན་མའོ། །
འདི་ནི་རྒྱལ་བའི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། དགོངས་འགྲེལ་དང་བཅས་པ་ལས་ཡི་གེ་ན་གཅིག་ཀྱང་དོར་དུ་མེད་པར་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་དྲིལ་ནས་སྟོན་པའི་ལེགས་བཤད་རྨད་དུ་བྱུང་བ་སྟེ། རྗེ་བླ་མའི་བྱང་ཆུབ་ལམ་རིམ་ལས། ཇོ་བོས་མཛད་པའི་གཞུང་མང་དུ་ཡོད་ཀྱང་རྩ་བ་ལྟ་བུ་ཡོངས་སུ་རྫོགས་པ་ནི་ལམ་སྒྲོན་ཡིན་ཏེ། མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང་། སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་པས་ལག་ཏུ་བླང་བདེ་བ་དང་། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་གདམས་པས་བརྒྱན་པས་ལུགས་གཞན་ལས་ཁྱད་པར་དུ་འཕགས་སོ། ། ཞེས་གསུངས་པ་ལྟར་རོ། །
བཀའ་གདམས་གཞུང་དྲུག་ཏུ་གྲགས་པ་ནི། ས་རྒྱན་གཉིས། བསླབ་སྤྱོད་གཉིས། སྐྱེས་ཚོམས་གཉིས་ཏེ་དྲུག་ཡིན་ལ། དེ་ལས་བསླབ་སྤྱོད་གཉིས་ལྟ་སྤྱོད་ཟུང་འབྲེལ། གཞན་རྣམས་བྱང་ཆུབ་སེམས་དཔའི་སྤྱོད་པ་གཙོ་བོར་སྟོན་པའི་གཞུང་ཡིན་ནོ། །
ཇོ་བོའི་ཆོས་ཆུང་བརྒྱ་རྩར་གྲགས་པའང་དཀའ་གདམས་ཀྱི་གཞུང་ཡིན་ལ། རྩ་ཤེས་དང་། སྟོང་ཉིད་བདུན་ཅུ་བ་དང་། རིན་ཆེན་ཕྲེང་བ་རྣམས་ཀྱང་ཡིན་ནོ། ། གདམས་ངག་ལའང་གསུམ་ལས།
ལྟ་བ་གཙོ་བོར་སྟོན་པ་ནི། ཇོ་བོ་ཉིད་ཀྱི་མན་ངག་སྤྱན་སྔ་བ་ལས་བརྒྱུད་པའི་བདེན་བཞིའི་ཁྲིད་དང་། ཕུ་ཆུང་བ་ནས་བརྒྱུད་པའི་རྟེན་འབྲེལ་གྱི་ཁྲིད་དང་། རྣལ་འབྱོར་བ་ནས་བརྒྱུད་པའི་བདེན་པ་གཉིས་ཀྱི་ཁྲིད་རྣམས་ཡིན་ཏེ། བདེན་བཞི་དང་རྟེན་འབྲེལ་གྱི་ཁྲིད་ཀྱིས་ནི་ཐུན་མོང་བའི་གང་ཟག་གི་བདག་མེད་དང་། བདེན་གཉིས་ཀྱི་ཁྲིད་ཀྱིས་ནི་ཤིན་ཏུ་ཕྲ་བའི་ཆོས་ཀྱི་བདག་མེད་ལ་འཁྲིད་པར་མཛད་པ་ཡིན་ནོ། །
ཇོ་བོའི་སློབ་མ་བདེན་གཉིས་ལ་ཤིན་ཏུ་མཁས་པ་ནི་རྣལ་འབྱོར་བ་ཆེན་པོ་ཡིན་ལ། དེས་གྲོ་ལུང་པ་དང་སྤྱན་སྔ་བ་ལ་གསུངས། སྤྱན་སྔས་ཀྱང་སྟོད་ལུང་པ་བྱ་ཡུལ་བ་གཉིས་ལ་ལྐོག་ཆོས་སུ་གསུངས། སྟོད་ལུང་པས་ལྐོག་ཆོས་དང་། ཚོགས་ཆོས་གཉིས་ཀར་གསུངས་ཤིང་བརྩམས་ཆོས་ཀྱང་མང་དུ་མཛད། སློབ་མ་ཁྱུང་ཁམས་ཀྱིས་ཀྱང་མང་དུ་གསུངས་པས་དར་ཞིང་རྒྱས། སངས་རྒྱས་དབོན་གྱིས་ཀྱང་ཡིག་ཆ་རྒྱས་བསྡུས་དུ་མ་མཛད། འཆད་ཁ་བས་མཛད་པའི་གྲུབ་མཐའི་བསྟན་བཅོས་དང་། དེའི་འགྲེལ་བ་ལྷ་ལུང་གི་དབང་ཕྱུག་གིས་མཛད་པར་ཕྱི་ནང་གི་གྲུབ་མཐའི་འདོད་ཚུལ་རྣམས་བཀོད་ནས། ཀླུ་སྒྲུབ་གྱི་དབུ་མ་ཆེན་མོ་རབ་ཏུ་མི་གནས་པར་འཁྲིད་པར་མཛད་དེ་བཀའ་གདམས་པའི་ལྟ་བའི་ལེ་ལག་གོ། དེ་ནས་ཇོ་བོ་ཆེན་པོ་ནི་དབུ་མ་ཐལ་འགྱུར་བའི་ལྟ་བ་འཛིན་པ་ལམ་སྒྲོན་རྩ་འགྲེལ་དང་། དབུ་མའི་མན་ངག་རྩ་འགྲེལ་སོགས་ཀྱིས་ཤེས་ཤིང་། འབྲོམ་གྱིས་ཀྱང་ཇོ་བོ་ལ་སློབ་དཔོན་ཟླ་གྲགས་ལུགས་ཀྱི་རྟོགས་པ་ཕུལ་བས་ཐུགས་དགྱེས་ནས་ཕྱག་ཐལ་མོ་སྦྱར། ངོ་མཚར་ཆེ། ད་ལྟ་རྒྱ་གར་ཤར་ཕྱོགས་ན་ལྟ་བ་འདི་ཁོ་ན་འཛིན་ཞེས་གསུངས་པར་བཤད། དགེ་བའི་བཤེས་གཉེན་པོ་ཏོ་བ་སོགས་སྐུ་མཆེད་གསུམ་དུ་གྲགས་པ་རྣམས་ཀྱི་ལམ་རིམ་དང་གསུང་སྒྲོས་སུ་དབུ་མའི་ལྟ་བ་ཟླ་གྲགས་ལུགས་དང་མཐུན་ཤས་ཆེ་བ་འབྱུང་ཞིང་། རྔོག་ལོ་ཡབ་སྲས་ནི་ལེགས་ལྡན་དང་ཟླ་བའི་གཞུང་ཁུངས་སུ་དྲངས་པ་མང་དུ་སྣང་ནའང་ལྟ་བ་སྐྱོང་ཚུལ་ཞི་བ་འཚོ་ཡབ་སྲས་དང་མཐུན་པ་ཤས་ཆེའོ། །
གསེར་གླིང་བ་ནས་བརྒྱུད་པའི་བློ་སྦྱོང་འགའ་ཞིག་གི་ལྟ་བའི་འགྲོས་ནི་སེམས་ཙམ་རྣམ་བརྫུན་པའི་ལུགས་དང་མཐུན་པའང་སྣང་ངོ་། ། དེ་ལྟ་ནའང་བཀའ་གདམས་པ་ཕྱི་མ་ཕལ་མོ་ཆེས་རྒྱ་གཞུང་དེ་དག་གི་དོན་མ་འདྲེས་པར་འཆད་ཤེས་པ་དཀོན་པར་བྱུང་འདུག་ཅེས་བདག་གི་བླ་མ་ཐམས་ཅད་མཁྱེན་པས་གསུངས་སོ།།
སྤྱོད་པ་གཙོ་བོར་གྱུར་པའི་གདམས་ངག་ནི་ཐེག་ཆེན་བློ་སྦྱོང་གི་གདམས་པ་རྣམས་ཏེ། བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་ཟིན་གོང་འཕེལ་དུ་བྱས་པའི་སྒོ་ནས་ས་ལམ་བགྲོད་པའི་ཚུལ་ཡིན་ལ། ཐེག་ཆེན་གྱི་མདོ་སྡེ་སྤྱི་དང་། ཁྱད་པར་དུ་མདོ་སྡེ་ཕལ་པོ་ཆེ་དང་། དགོངས་འགྲེལ་གྱི་གཞུང་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་དང་། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་དང་། སེམས་ཅན་མགུ་བའི་ཚིགས་བཅད་དང་། ཞི་བ་ལྷའི་བསླབ་སྤྱོད་གཉིས་རྣམས་གདམས་པའི་ཁུངས་ཡིན་ཅིང་། མདོ་བསྟན་བཅོས་དེ་དག་གི་མན་ངག་སྙིང་པོར་དྲིལ་བ། ཇོ་བོའི་བླ་མ་དྷརྨ་རཀཀྵི་ཏས་མཛད་པའི་བློ་སྦྱོང་མཚོན་ཆ་འཁོར་ལོ་དང་། རྨ་བྱ་དུག་འཇོམས། བྱམས་པའི་རྣལ་འབྱོར་གྱི་གྱེར་སྒོམ་རྡོ་རྗེའི་གླུ། གསེར་གླིང་བའི་སེམས་དཔའི་རིམ་པ་དང་། རྟོག་པ་འབུར་འཇོམས་ལ་སོགས་པ་གདམས་ངག་ཡི་གེར་བཀོད་པ་རྣམས་སོ།།
དོན་བདུན་མར་ཉེ་བར་བཀོད་པའི་བློ་སྦྱོང་གི་མན་ངག་ནི། གསེར་གླིང་བས་ངོ་བོ་ལ་གསུངས། དེས་དགེ་བཤེས་སྟོན་པ་ལ་ལྐོག་ཆོས་སུ་མཛད། དེས་སྐུ་མཆེད་གསུམ་ལ་ལྐོག་ཆོས་སུ་མཛད། སྐུ་མཆེད་གསུམ་གྱི་རིང་ལ་ལམ་རིམ་ཚོགས་ཆོས་སུ་མཛད་ཀྱང་། བློ་སྦྱོང་ལྐོག་ཆོས་ཉིད་དུ་མཛད་པར་མངོན་ལ། པོ་ཏོ་བས་ཀྱང་གླང་ཤར་གཉིས་ལ་སོགས་པ་ལ་ལྐོག་ཆོས་སུ་གནང་བ་ལས། གླང་ཐང་བས་དམིགས་པའི་ས་བཅད་བརྒྱད་དུ་མཛད་པ་ལ་བློ་སྦྱོང་ཚིགས་བརྒྱད་མར་གྲགས་ཤིང་། དེ་ཉིད་ཚོགས་ཆོས་སུ་མཛད་པར་ཡང་མངོན་ནོ། །
གླང་རི་ཐང་བས་ཞང་དང་གཉེན། ཤ་བོ་སྒང་བ་རྣམས་ལ་གསུངས་ཤིང་། དེ་དག་གི་གདམས་པ་འདྲེས་མར་ཡི་གེར་བཀོད་པ་ལ་ནི་བེའུ་བུམ་ཁྲ་བོ་ཞེས་ཟེར་ཏེ། ཤ་བོ་སྒང་བའི་བློ་སྦྱོང་ཞེས་གྲགས་པ་ཡང་དེ་ཉིད་ཡིན་ནམ་སྙམ་མོ། །
ཞང་ཤ་ར་བས་ནི་བྱ་འཆད་ཀ་བ་ལ་ལྐོག་ཆོས་སུ་མཛད་དེ། གཞན་ལ་གསུངས་པའི་གཏམ་ནི་མི་སྣང་ངོ་། ། འཆད་ཀ་བས་ནི་གཙོ་བོར་རང་ཉིད་ཁོ་ནས་ཐུགས་ཉམས་སུ་བཞེས་ཤིང་། རེ་རེ་གཉིས་ལ་ལྐོག་ཆོས་སུ་མཛད་པ་ལས། ཕན་ཆེར་ཐོགས་པར་གཟིགས་ནས་འགྲེ་ཕུར་ཚོགས་ཆོས་སུ་ཡང་གསུངས། སྔོན་འགྲོ་རྟེན་གྱི་ཆོས་སེམས་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག བློ་སྦྱོང་གི་བསླབ་བྱ་སྟེ། དོན་བདུན་དུ་ས་བཅད། རྩ་བའི་ཚིག་ཡི་གེར་བཀོད་པས་བློ་སྦྱོང་དོན་བདུན་མར་གྲགས་པ་ཡིན་ནོ། ། བྱང་ཆུབ་ལམ་གྱི་རིམ་པ་རྣམས་དང་། གླང་ཐང་བའི་ཚིགས་བརྒྱད་མ། ཤ་བོ་སྒང་བའི་བློ་སྦྱོང་རྣམས་སུའང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་ལེགས་པར་བསྟན་ཀྱང་། དོན་བདུན་མར་སྔ་མ་དེ་དག་ཏུ་མི་འབྱུང་བའི་གཏོང་ལེན་རླུང་ལ་བསྐྱོན་པ་སོགས་དམིགས་པའི་འཕྲུལ་ཟབ་མོ་དང་། འཁྲིད་རིམས་ཀྱང་གཞན་ལས་རྒྱས་པས་འདི་ཉིད་ཁྱད་པར་དུ་འཕགས་པའོ། །
སྣར་ཐང་བ་སངས་རྒྱས་སྒོམ་པས་ཀྱང་འཆད་ཀ་བའི་རྩ་ཚིག་འདི་དག་ལ་གོ་རིམ་བསྒྲིགས་པའི་འཆད་ཚུལ་བློ་སྦྱོང་ཚོགས་བཤད་མ་ཞེས་བྱ་བ་ཡོད་ལ། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་ཀྱང་དོན་བདུན་མའི་གདམས་པ་འདི་མཆོག་ཏུ་གཟིགས་ནས་སློབ་མ་རྣམས་ལ་རྒྱས་པར་གསུངས་པ་བྱང་སེམས་རྭ་སྒྲེང་བས་ཟིན་བྲིས་སུ་མཛད་པ་དང་། ཁྱད་པར་དུ་ཧོར་སྟོན་ནམ་མཁའ་དཔལ་བས་བློ་སྦྱོང་ཉི་མའི་འོད་ཟེར་ཞེས་བྱ་བ་མཆོག་ཏུ་ཟབ་པ་ཞིག་མཛད་སྣང་ངོ་། །
དགེ་བཤེས་སྟོན་པའི་མན་ངག་ཐུན་བརྒྱད་མ་ནི་ཁམས་པ་ལུང་པས་རྩལ་དུ་བཏོན་ཏེ་འཆད་པས་ཁམས་པ་ལུང་པའི་བློ་སྦྱོང་ཐུན་བརྒྱད་མ་ཞེས་གྲགས་སོ། ། ཐུན་བརྒྱད་ནི་ཟས་ལ་བརྟེན་པའི་བློ་སྦྱོང་དང་། དེ་བཞིན་དུ་དབུགས་ལ་བརྟེན་པ་དང་། ལུས་གངྒཱའི་བྱེ་མ་སྙེད་དུ་སྤྲུལ་པ་དང་། ཤ་ཁྲག་ལ་བརྟེན་པ་དང་། གཏོར་མ་ལ་བརྟེན་པ་དང་། འབྱུང་བ་ལ་བརྟེན་པ་དང་། ལུས་ཡིད་བཞིན་གྱི་ནོར་བུར་སྤྲུལ་ཏེ་བློ་སྦྱོང་བ་དང་། འཆི་བ་མའི་མན་ངག་སྟེ་དམིགས་ཐུན་བརྒྱད་དུ་དྲིལ་ནས་སྟོན་པའོ། ། ཁ་རག་སྒོམ་ཆུང་བ་དབང་ཕྱུག་བློ་གྲོས་ཀྱིས་ཁ་རག་སྐོར་གསུམ་བྱ་བའི་ཆོས་གསུངས། གདམས་པ་དེ་ནི་ཨ་རོ་ནས་སྦ་སྒོམ་ལ་བརྒྱུད་པའི་སེམས་ཕྱོགས་ཀྱི་གདམས་པ་དང་། ཇོ་བོའི་གདམས་པ་རྣལ་འབྱོར་དང་། དགོན་པ་བ་ལས་གསན་པའི་བློ་སྦྱོང་གི་གདམས་པའི་ཆུ་བོ་གཉིས་གཅིག་ཏུ་འདྲེས་པ་སྟེ། བྱང་ཆུབ་སེམས་སྦྱོང་ཞེས་མཚན་གསོལ་ཏེ། ཨང་ཡིག་བདུན་ཅུ་བ་ཞེས་པའི་ལས་རིམ་གྱི་མན་ངག་ཚིགས་བཅད་དུ་བསྡེབས་པ་མཛད་དོ། །
གཞན་ཡང་དགེ་བཤེས་སྟོན་པ་ནས་བརྒྱུད་པའི་རྟེན་འབྲེལ་སྙིང་པོའི་འཁྲིད་ཀྱང་སྙིང་རྗེ་ཆེན་པོ་བསྒོམ་ཚུལ་ཁྱད་པར་དུ་སྟོན་པས་སྤྱོད་པའི་གདམས་ངག་ཡིན་ལ། ཇོ་བོའི་གཞུང་ལ་བརྟེན་ནས་ཞང་ཤ་ར་བས་མཛད་པའི་སེམས་བསྐྱེད་དང་སྡོམ་པའི་ཆོ་ག་སོགས་ཀྱང་དེ་ཡིན་ནོ། །
ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པའི་གདམས་པའི་རྒྱལ་པོ་ནི། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་ཞེས་གྲགས་པ་སྟེ། གཞུང་ནི་བྱང་ཆུབ་ལམ་སྒྲོན་ཡིན་ལ། སྔར་བཤད་པའི་སྤྱོད་པ་དང་ལྟ་བའི་གཞུང་དང་མན་ངག་སོ་སོ་བ་དེ་དག་ཀྱང་ལམ་རིམ་གྱི་ཡ་གྱལ་ཡིན་པས། ལམ་རིམ་གྱི་ཁུངས་སུ་དེ་ཐམས་ཅད་འདུ་བ་ཡིན་ལ། ལམ་རིམ་ནི་ཇོ་བོ་རྗེ་ལ་རྒྱ་ཆེན་སྦྱོང་རྒྱུད་དང་། ཟབ་མོ་ལྟ་རྒྱུད་ཀྱི་མན་ངག་གཉིས་མངའ་བ་ལམ་གྱི་ལུས་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ཚུལ་ཆ་ཚང་བའི་གདམས་པ་ཡིན་པས་ལྟ་སྤྱོད་ཟུང་འབྲེལ་གྱི་གདམས་པ་ཞེས་བཏགས་པའོ། །
དེ་ལྟ་བུའི་ལམ་རིམ་གྱི་གདམས་པ་ནི་ཇོ་བོས་འབྲོམ་ལ་ལྐོག་ཏུ་འཁྲིད་པར་མཛད་དེ། ངས་ཁྱོད་མིན་པ་གཞན་ལ་གཏོད་ས་མ་རྙེད་ཅེས་གསུངས་ནས། མན་ངག་འདི་དགེ་བཤེས་སྟོན་པ་ལ་གཏད་དེ་ཁོང་བསྟན་པའི་བདག་པོར་བྱིན་གྱིས་བརླབས་པས། འབྲོམ་འཕྲིན་ལས་ཀྱི་ཁྱབ་གདལ་ཆེ་བ་ཡང་དེས་ཡིན་ཞེས་གསུངས། གཞན་ཡང་ནག་ཚོ་ལ་གནང་བས། དེའི་སློབ་མ་ལག་སོར་བ་ལས་བརྒྱུད་པའི་ལམ་རིམ་གྱི་ཡིག་ཆའང་ཡོད་ལ། དགེ་བཤེས་གསང་ཕུ་བ་ལ་གནང་བ་ཐུགས་སྲས་འཕྲིན་ལས་པའམ་གྲོ་ལུང་པའི་མཛད་པའི་བསྟན་རིམ་ཆེ་ཆུང་ཡིན་ནོ། །
ཇོ་བོ་ཡབ་སྲས་ནས་དགེ་བཤེས་དགོན་པ་བ། དེ་ནས་སྣེའུ་ཟུར་བ་སོགས་ལ་རིམ་གྱིས་བརྒྱུད་པ་དང་། འབྲོམ་རིན་པོ་ཆེ་ནས་དགེ་བཤེས་སྤྱན་སྔ་བ། དེ་ནས་བྱ་ཡུལ་བ་སོགས་ལ་བརྒྱུད་པ་ལ་བཀའ་གདམས་མན་ངག་པ་ནས་བརྒྱུད་པ་ཞེས་གྲགས་ཤིང་། འབྲོམ་རིན་པོ་ཆེ་ནས་དགེ་བཤེས་པོ་ཏོ་བ་དང་། དེ་ནས་ཤ་ར་བ་སོགས་ལ་བརྒྱུད་པ་ལ་བཀའ་གདམས་གཞུང་བ་ཞེས་པའི་ཐ་སྙད་མཛད་དོ། ། གཉིས་ཀའང་དོན་ལ་འདྲ་ཡང་གཞུང་བཤད་ཀྱི་སྤྲོས་པ་རྒྱ་ཆེ་བ་བྱེད་མི་བྱེད་ཀྱི་སྒོ་ནས་སོ་སོར་བགྲང་བ་ཙམ་མོ། །
ལམ་གྱི་སྣེ་འཁྲིད་ཚུལ་ལ་མི་མཐུན་པ་མང་ཡང་གནད་གཅིག་པར་གསུངས་ལ། རྗེ་བླ་མའི་བེའུ་བུམ་སྔོན་པོ་ལས། མན་ངག་ཐམས་ཅད་བསྡུས་པའི་མགོ་ནི། ། བཤེས་གཉེན་དམ་པ་མི་གཏོང་བ་ཡིན། ། ཞེས་པ་ཁུངས་སུ་མཛད་ནས་བཤེས་གཉེན་བསྟེན་ཚུལ་ནས་འཁྲིད་པར་མཛད་དོ། །
བཀའ་གདམས་པ་རྣམས་ཀྱིས་མཛད་པའི་ལམ་རིམ་གྱི་གཞུང་མང་དུ་སྣང་ཡང་གྲགས་ཆེ་བ་ནི་བེའུ་བུམ་སྔོན་པོ་དང་། དཔེ་ཆོས་གཉིས་ཏེ། སྔ་མ་ནི་དགེ་བཤེས་པོ་ཏོ་བའི་གསུང་སྒྲོས་དོལ་བ་ཤེས་རབ་རྒྱ་མཚོས་བསྒྲིགས་པ་ལ་ལྷ་འབྲི་སྒང་བས་འགྲེལ་བ་མཛད་པ་ཡིན་ལ། རྗེའི་ཞལ་ནས། དགེ་བཤེས་ཡིན་ན་བེའུ་བུམ་སྔོན་པོ་ལ་ལྟ་དགོས་ཞེས་བསྔགས་པ་མཛད་ཅིང་། ལམ་རིམ་དུ་ཁུངས་ཀྱང་མང་དུ་དྲངས་སྣང་ངོ་། ། དཔེ་ཆོས་ལ་ནི་གསུམ་བྱུང་སྟེ། ཐོག་མར་གྲབ་པས་བསྒྲིགས་པ་ནི་བསྡུས་པ་དང་། བྲག་དཀར་བས་དེ་གཞིར་མཛད་ནས་ཁོང་རང་ཉིད་ཀྱིས་དགེ་བཤེས་ལ་གསན་པའི་དཔེ་ཡང་མང་དུ་བསྣན་ཏེ་བསྒྲིགས་པ་ནི་རྒྱས་པ་དང་། ལྕེ་སྒོམ་རྫོང་བས་སྔ་མ་གཉིས་ལས་གོ་བདེ་བའི་འབྲིང་བོ་ཞིག་མཛད་དེ། དེ་ལ་དཔེ་ཆོས་རིན་ཆེན་སྤུངས་པ་ཞེས་བྱའོ། །
གོང་དུ་གཞུང་དང་། གདམས་ངག་དང་། ཡང་ན་མན་ངག་སྟེ་གསུམ་དུ་བྱེད་ཅེས་པའི་མན་ངག་ནི། སྤྱིར་གདམས་ངག་དང་མན་ངག་མི་འགལ་ཡང་གསུམ་དུ་བྱེད་པའི་མན་ངག་ནི། ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་བཀའ་གདམས་གླེགས་བམ་དུ་གྲགས་པ་སྟེ། མན་ངག་དེ་ནི་ཇོ་བོ་ཆེན་པོས་ཡེར་བ་ལྷ་རི་སྙིང་པོའི་མགུལ་དུ་ཁུ་རྔོག་འབྲོམ་གསུམ་ལ་གནང་བ་སྟེ། ཕ་སྟོན་པ་རིན་པོ་ཆེས་ཞུས་པ་ལ་ཕ་ཆོས་དང་། བུ་རྔོག་ལེགས་པའི་ཤེས་རབ་དང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གཉིས་ཀྱིས་ཞུས་པ་ལ་བུ་ཆོས་སུ་གྲགས། ཁུ་སྟོན་དང་པོ་སྟོན་པ་རིན་པོ་ཆེ་ལ་མི་མོས་པའི་ཚུལ་བསྟན་ཀྱང་། འདི་དུས་ཁུ་ཆེན་པོས་ང་རྒྱལ་གྱི་རི་བསྙིལ་ཏོ། ། སྟོན་པ་རིན་པོ་ཆེའི་ཞབས་ལ་གཏུགས་པ་སྟེ། གླེགས་བམ་གྱི་ཁུ་དང་དག་སྣང་འབྲེལ་བའི་ཚོམས་ན་གསལ་ལོ། །
འདིའི་མན་ངག་རྣམས་ཇོ་བོ་མྱ་ངན་ལས་འདའ་ཁར་དགེ་བཤེས་སྟོན་པ་ལ། གཙོ་བོར་སྤྲུལ་པའི་སྐུ་མཆེད་གསུམ་པོ་ལ། ། གཞུང་དང་མན་ངག་གསུམ་བྱིན་ལ།། ཞེས་ཞལ་ཆེམས་བྱོན་པའི་མན་ངག་དེ་ཡིན་ཅིང་། སྐུ་མཆེད་གསུམ་ལས་ཕུ་ཆུང་བ་ལ་ཡོངས་སུ་རྫོགས་པ་དང་། གཞན་གཉིས་ལ་ཕལ་ཆེ་བ་དང་། ཕྱོགས་ཙམ་མངའ་བ་ཡིན་ཏེ། སློབ་དཔོན་ནམ་རིམ་གྱིས། ཡོངས་སུ་རྫོགས་པ་གཞོན་ནུ་རྒྱལ་མཚན་ཡིན། ། ཕལ་ཆེར་འཛིན་པ་ཚུལ་ཁྲིམས་འབར་དུ་གདའ། ། ཕྱོགས་ཙམ་གསལ་བ་རིན་ཆེན་གསལ་བ་ཡིན། ། དེང་སང་དུས་ན་ཁོ་བོ་ཉིད་དུ་ཟད། ། ཅེས་གསུངས།
ཕུ་ཆུང་བ་ལ་ཇི་ལྟར་བྱོན་པ་ནི། རྔོག་ལེགས་ཤེས་ཀྱིས་མངའ་རིས་པ་ཤེས་རབ་རྒྱལ་མཚན་དང་། དེས་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ལ་གཏད་པའོ། །
དེ་ནས་རིམ་གྱིས་འབྲོམ་ཀུ་མཱ་ར་མ་ཏིའི་་བར་དུ་བྱོན། དེ་ཡན་ཆིག་བརྒྱུད་ཡིན་ལ་དེ་ཉིད་ཀྱིས་བཀའ་རྒྱ་བཀྲོལ་ཏེ་རེ་གཉིས་ལ་སྤེལ། དེ་ནས་རིམ་གྱིས་བརྒྱུད་པ་ལོ་ཆེན་ཐུགས་རྗེ་དཔལ་བ་ལས་རྒྱལ་བ་དགེ་འདུན་གྲུབ་ཀྱིས་གསན་པ་ནས་དབུས་གཙང་ཐམས་ཅད་དུ་རྒྱ་ཆེར་འཕེལ་ལོ། །
འདིའི་ཉམས་ལེན་ནི་རྗེས་དྲན་ལྔ་སྟེ། སྐྱབས་གནས་བླ་མ་དྲན་པར་མཛོད། ། ལུས་ནི་ལྷ་ཡི་རང་བཞིན་ཏེ། ། ངག་ནི་བཟླས་བརྗོད་རྒྱུན་པར་མཛོད། ། འགྲོ་བ་མ་ལུས་ཕ་མར་སོམས། ། སེམས་ཀྱི་གནས་ལུགས་སྟོང་པར་དཔྱད། ། ལྔ་བོ་དེ་ཡི་སྐྱ་བར་ནས། ། དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་པའོ། ། སྙིང་པོར་གྱུར་པ་ནི་ཐིག་ལེ་བཅུ་དྲུག་གི་ཉམས་ལེན་ཡིན་ལ། ཉམས་སུ་བླངས་པའི་ཡོན་ཏན་ནི། འདུལ་བ་ནས་རྡོ་རྗེ་ཐེག་པའི་བར་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པ་མཁས་པ། ལྟ་བ་མཐོ་ལ་སྤྱོད་པ་ཞིབ་པ་ཞིག་འབྱུང་གསུང་། ལྷ་ནི་བཞི་སྟེ། ཐུབ་པ། སྤྱན་རས་གཟིགས། སྒྲོལ་མ། མི་གཡོ་བའོ། ། ཆོས་ནི་སྡེ་སྣོད་གསུམ་སྟེ། དེ་རྣམས་ལ་ལྷ་ཆོས་བདུན་ལྡན་ཞེས་བྱ་བའོ། །
བཀའ་གདམས་པ་ལ་སྔགས་ཀྱི་གདམས་པ་མེད་དམ་སྙམ་ན། བཤད་མ་ཐག་པའི་ཐིག་ལེ་བཅུ་དྲུག་གི་མན་ངག་ཀྱང་མདོ་སྔགས་ཟུང་འབྲེལ་ཡིན་ལ། གཞན་ཡང་ཐུབ་པ་དམ་ཚིག་གསུམ་བཀོད་དང་། མི་གཡོ་བའི་སྐོར་དང་། འཕགས་པ་སྤྱན་རས་གཟིགས་ལ་བརྟེན་པའི་སྨྱུང་བར་གནས་པ་སོགས་བཀའ་གདམས་པ་ལ་དར་རྒྱས་ཆེ་ཞིང་། ཇོ་བོའི་མན་ངག་ཐོར་བུ་བ་མང་པོ་ཞིག་མཆིམས་ཀྱིས་ཕྱོགས་གཅིག་ཏུ་བསྡུས་པ་སྣར་ཐང་བ་རྒྱ་རྩར་གྲགས་པ་དང་། ཇོ་བོས་དགེ་བཤེས་ལག་སོར་བ་ལ་གནང་བའི་སྤྱན་རས་གཟིགས་ཀྱི་གདམས་པ་དང་། གཞན་ཡང་ལྷ་བཞིའི་ཁྲིད་སོགས་བཀའ་གདམས་པའི་སྔགས་ཀྱི་མན་ངག་མང་པོའི་རྒྱུན་དེང་སང་གི་བར་དུ་བཞུགས་སོ། །
ཇོ་བོ་བོད་དུ་མ་བྱོན་གོང་དུ་སྔགས་ལ་བསྙད་པའི་རྩིང་ཆོས་ཆེར་དར་བར་ཉམས་སྨད་པའི་ཆེད་དུ་ཇོ་བོ་རྗེས་དོ་ཧ་གསུངས་པར་བཞེད་པ་ཡང་འབྲོམ་གྱིས་བོད་དུ་འདི་མི་འཚམས་ཞེས་བཀག་པའི་ཚུལ་སོགས་བཀའ་གདམས་གོང་མ་རྣམས་གསང་སྔགས་སྤྱི་དང་། ཁྱད་པར་བླ་མེད་ལ་ཤིན་ཏུ་དམ་དོག་ཆེ་བ་མཛད་ནའང་། དངོས་ཚོད་ལ་ཇོ་བོ་རྗེས་འབྲོམ་རིན་པོ་ཆེ་ལ་རྒྱུད་སྡེ་བཞིའི་མན་ངག་ཐམས་ཅད་དང་། ཁྱད་པར་ཕ་རྒྱུད་གསང་བ་འདུས་པ། མ་རྒྱུད་འཁོར་ལོ་བདེ་མཆོག བླ་མེད་སྤྱིའི་མན་ངག་མཐར་ཐུག་པ་གྲུབ་སྙིང་སྐོར་གྱི་མན་ངག་རྣམས་གསང་བའི་ཚུལ་གྱིས་ཡོངས་སུ་རྫོགས་པ་གནང་བས་འབྲོམ་རྗེ་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པའི་བདག་པོར་གྱུར་པ་ཡིན་ལ། རྒྱུ་མཚན་དེ་བས་ན་གསང་སྔགས་ཁྲོམ་བསྒྲགས་སུ་མི་མཛད་པ་མ་གཏོགས་བཀའ་གདམས་པ་ལ་གསང་སྔགས་ཀྱི་གདམས་པ་མེད་པ་མ་ཡིན་ཏེ། སོ་སོའི་རྣམ་ཐར་ལ་ཞིབ་ཏུ་བལྟས་པས་ཤེས་པར་སྣང་ངོ་། །
དེར་མ་ཟད་ཆོས་ཀྱི་གཙོ་བོར་བྱང་ཆུབ་ལམ་སྒྲོན་གྱི་ཉམས་ལེན་ལའང་གསང་སྔགས་ཡོད་དགོས་ཏེ། དེ་མེད་ན་བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་དུ་མི་འགྱུར་བའི་ཕྱིར་དང་། ལམ་སྒྲོན་རང་གི་ཚིག་ལའང་དངོས་སུ་ཐོན་པའི་ཕྱིར་དང་། ལམ་རིན་ཆེན་མོ་ལས་ཀྱང་ལམ་སྒྲོན་གྱི་ཁྱད་ཆོས་ལ། མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང་། ཞེས་གསུངས་པས་ཤེས་པར་སྣང་བས་སོ།།
<༢>བཀའ་གདམས་ཀྱི་སྐྱེས་བུ་དམ་པའི་རིམ་བྱོན་གྱི་མཛད་སྤྱོད་སྤྱིའི་སྡོམ།
༄༅། ། བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རིམ་པར་བྱོན་པ་རྣམས་ཀྱི་མཛད་སྤྱོད་སྤྱིའི་སྡོམ་ནི། ཆོས་འབྱུང་གསལ་བའི་སྒྲོན་མེ་ལས། གང་ཟག་ཕུན་སུམ་ཚོགས་པ་ནི། དགེ་བཤེས་སྟོན་པ་ནས་ཉ་བར་བརྒྱུད་དེ་མི་བརྒྱུད་བཟང་ཞིང་བརྟན་ལ། སྙོམས་ཤིང་དཀྱེལ་ཆེ་བའི་ངང་ནས་གྲུབ་མཐའ་དང་རྣམ་ཐར་གཞན་དང་མི་མཐུན་པ་མེད་ལ་མ་འདྲེས་པ་དང་། སེམས་ཅན་སུ་དང་ཡང་བསྲེ་སླད་ཆུང་ལ། ཐམས་ཅད་ལ་ཕན་སེམས་ཆེ་བ་དང་། མས་འཛེག་གིས་སློབ་ལ་ལྟ་བ་མཐོ་བ་དང་། སྡུག་ན་སྐད་ངན་མི་འདོན་ཞིང་སྐྱིད་ན་སྐྱོ་ཤས་ཆེ་བ་དང་། བློ་སྦྱོང་ཐམས་ཅད་མངོན་ཚན་ཆུང་ལ་དོན་གྱི་ས་ཆོད་ཆེ་བ་དང་། ངན་ངོན་གྱིས་འཚོ་ལ་བཟང་རྒུ་ལ་སྤྱོད་ཀྱང་མི་གཡེང་བ་དང་། གོ་གསལ་ལ་གཏིང་མི་རྟོགས་པ་དང་། འགྲོགས་བདེ་ལ་མིག་སུས་ཀྱང་མི་ཁེངས་པ་དང་། བཀུར་བར་ཡང་ཞིང་ལྗིད་ཆེ་བ་དང་། སྙན་ངག་ཤས་ཆུང་ལ་ཆོས་སྐད་ལ་བརྟེན་པ་དང་། བརྒལ་ལན་དང་ཟེར་སྒྲོས་ཉུང་ལ་དོན་གཏན་ལ་ཕེབས་པ་དང་། གཤགས་རལ་དང་ཟུར་ཟ་ཉུང་ལ་དོན་རྣ་བར་སྐྱེལ་མཁས་པ་དང་། གཞུང་ལུགས་ཐམས་ཅད་མ་འདྲེས་ལ་འགལ་བ་མེད་པར་སྟོན་པ་དང་། མན་ངག་གི་རྒྱབ་བརྟེན་སྡེ་སྣོད་ལ་བྱེད་ཅིང་མན་ངག་ལ་སྦྱོར་ལམ་རྣམ་བཞིར་སེམས་པ་དང་། ཆོས་དང་གང་ཟག་ལ་ཉེས་པ་མི་བརྗོད་ཅིང་སྡིག་གྲོགས་ལ་མི་ཉམ་པ་དང་། རིག་པ་དང་མན་ངག་གི་རྣམ་གྲངས་མང་པོ་མི་ཟློས་ཤིང་ཤེས་བྱ་ཐམས་ཅད་ལ་བྱང་ཆེ་བ་དང་། སྡེ་དགོན་ལ་ཕྱོགས་རིས་མི་བྱེད་ཅིང་དད་ལྡན་ལ་དགྱེས་པ་དང་། བླ་མ་སངས་རྒྱས་སུ་ཤེས་ཤིང་གྲོགས་ལ་དག་སྣང་ཆེ་བ་དང་། རྩེ་རེག་དང་དམ་དོག་ཆེ་ཡང་འཛིན་ཆགས་ཆུང་བ་དང་། རྟག་ཏུ་དཔྱད་བདར་བྱེད་ཅིང་ཕྱིར་རྗེས་སུ་བལྟ་བ་དང་། དམན་ས་བཟུང་ནས་བསྟན་པ་མཐའ་དག་གི་བདག་པོ་མཛད་པ་དང་། འཇིག་རྟེན་གྱི་བྱ་བ་ངན་པ་སྤངས་ནས་སྡེ་སྣོད་ལ་རྫོགས་པར་སློབ་པའི་སྐྱེས་བུ་ཆེན་པོ་སྔར་ཇི་སྙེད་བསྟན་པ་རྣམས་སོ། ། རྣམ་པར་ཐར་པ་དེ་དག་དང་ལྡན་པ་ཇོ་བོ་བཀའ་གདམས་པ་ཞེས་ཀྱང་བྱ། ལྷ་ཆོས་བདུན་ལྡན་ཞེས་ཀྱང་བྱ། དྲང་སྲོང་ཆེན་པོའི་བཀའ་བརྒྱུད་ཅེས་ཀྱང་བྱ་སྟེ། དེ་ལྟ་བུའི་མཛད་སྤྱོད་ཀྱི་རྗེས་སུ་འབྲང་ཞིང་སྙིང་ཐག་པ་ནས་ལྷུར་ལེན་པར་བྱའོ། ། ཞེས་གསུངས་པ་འདི་དག་ལ་ཞིབ་ཏུ་བསམས་ན་རེ་རེ་ལའང་གོ་རྒྱུ་ཆེན་པོ་རེ་ཡོད་པར་འདུག་གོ། པོ་ཏོ་བ་ཡབ་སྲས་ཀྱི་མཛད་སྤྱོད་ཀྱི་སྡོམ་ཚིག་རྣམ་ཐར་མཛེས་པའི་པདྨོ་ལས་འབྱུང་བ་ཡང་བཀའ་གདམས་པ་ཐུན་མོང་གི་མཛད་སྤྱོད་ཡིན་པས། ཤིན་ཏུ་ངོ་མཚར་བ་མཆིས་ཀྱང་འདིར་མང་དོགས་ནས་མ་བཀོད་པས་ཆོས་འབྱུང་གསལ་སྒྲོན་སོགས་ལས་ཤེས་པར་བགྱིས་ཏེ་དད་པ་བསྒོམ་ཞིང་སྨོན་པའི་གནས་སུ་བྱའོ། །
རང་དོན་ཡིད་བྱེད་སྤྲོས་པ་དབེན་གནས་སུ། ། ངོ་ཚ་ཁྲེལ་ཡོད་ཀ་ཤིའི་གོས་ཀླུབས་ཏེ། ། བག་ཡོད་ཀྲྀཥྞ་སཱ་རའི་བགས་པའི་སྟེང་། ། དྲན་དང་ཤེས་བཞིན་བརྟན་པོའི་སྐྱིལ་ཀྲུང་བཅས། ། གཙུག་ན་རིན་ཆེན་རྣམ་གསུམ་ཐོར་ཅོག་བཅིངས། ། ལུས་ལ་ལྷ་བཞིའི་ཚངས་སྐུད་དཀར་པོ་འཆང་། ། ངག་ནས་སྡེ་སྣོད་གསུམ་གྱི་གསང་ཚིག་འདོན། ། སེམས་ཀྱི་རིལ་བ་བསླབ་གསུམ་བདུད་རྩིས་གཏམས། ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐབ་ཁུང་དུ། ། དོན་དམ་བྱང་སེམས་བྱིན་ཟ་འབར་བ་ལ། ། རང་ཉིད་གཅེས་པར་འཛིན་པའི་ཡམ་ཤིང་དང་། ། འཇིག་ལྟའི་མར་ཁུ་བསྲེག་པའི་མཆོད་སྦྱིན་བརྩོན། ། ཕྱི་གཙང་ནང་གཙང་པད་མའི་སྦུབས་འདྲ་བ། ། བཀའ་གདམས་དྲང་སྲོང་ཚོགས་ཀྱི་རྣམ་པར་ཐར། ། ཐོས་པས་ཡིད་རབ་འཕྲོག་འདི་གླེང་བ་ཡི། ། བདག་གི་ལྕེ་ཡང་སྐལ་བ་བཟང་སྙམ་སེམས། ། གྲུབ་མཐའ་ཀུན་དང་མཉེས་གཤིན་པས། ། ཆགས་སྡང་རྩོད་པ་ཡོངས་བྲལ་བར། ། གཙུག་གི་རྒྱན་དུ་འཛིན་བྱེད་པ། ། དེ་ཡི་བྱུང་བ་མདོ་ཙམ་སྨྲས། །
གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ལས། བཀའ་གདམས་པའི་གྲུབ་མཐའ་བྱུང་ཚུལ་བཤད་ཟིན་ཏོ།། །།
《ཐུའུ་བཀྭན་གྲུབ་མཐའ》ལས་བཏུས།
སྡེ་ཚན་འདིའི་ནང་དུ་བར་སྐབས་སུ་ཤོག་ངོས་སམ་བརྙན་རིས་མི་འདུག།