Category:ཇོ་ནང་བ་

ཡོང་ཁུངས་Wikipedia
གནས་སྤོ། དཀར་ཆག, འཚོལ།

༄༅།། ཇོ་ནང་ཆོས་བརྒྱུད་ངོ་སྤྲོད་མདོར་བསྡུས།

                                                                                                    རིག་པའི་རྡོ་རྗེ། 

ཕྱི་ལོའི་དུས་རབས་བདུན་པའི་ནང་བོད་གངས་ཅན་གྱི་ལྗོངས་སུ་ནང་བསྟན་ཆོས་ལུགས་དར་ཁྱབ་བྱུང་བ་རེད། དེ་ནས་བཟུང་བོད་ཀྱི་མཁས་གྲུབ་སོ་སོའི་རང་བཞེད་རྩལ་དུ་བཏོན་ཏེ་སྟོན་པའི་དགོངས་པ་སྟངས་མི་འདྲ་བྱུང་བས་ད་ལྟ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་འམ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དུ་གྱེས་ཡོད་པ་རེད། ཡིན་ན་ཡང་བོད་ཀྱི་ནང་པའི་ཆོས་བརྒྱུད་ཐམས་ཅད་འཕགས་ཡུལ་གྲུབ་མཐའ་རྣམ་བཞིའི་ནང་གི་དབུ་མ་བའི་རྗེས་འབྲང་ཤ་སྟག་ཡིན་སྟབས། བོད་ཀྱི་ནང་བའི་ཆོས་བརྒྱུད་ཐམས་ཅད་དབུ་མ་བ་ཡིན་ཞིང༌། དབུ་མ་པ་ལ་རང་སྟོང་དང་གཞན་སྟོང་གཉིས་ཡོད་པའི་ནང་གི་རྒྱལ་བ་ཇོ་ནང་བའི་གྲུབ་མཐའ་འདི་ཉིད་དབུ་མ་གཞན་སྟོང་བའི་ལུགས་འཛིན་མཁན་ཡིན། དེའི་ངོ་སྤྲོད་མདོ་ཙམ་ཞུས་ན། སྟོན་པ་ཐུབ་པའི་དབང་པོས་བཀའ་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ལས། བཀའ་དང་པོར་ཐེག་པ་ཐུན་མོང་གི་ལུགས་དང༌། བཀའ་བར་བར་ཆོས་ཅན་གང་ཡང་དཔྱད་ན་རང་གིས་ངོ་བོས་མ་གྲུབ་པའི་དབུ་མ་རང་སྟོང་དང༌། བཀའ་ཐ་མར་སྟོང་གཞི་དོན་དམ་བདེ་གཤེགས་སྙིང་པོ་གཞན་གློ་བུར་དྲི་མས་སྟོང་བས་དབུ་མ་གཞན་སྟོང་ཞེས་གྲགས་པ་གཉིས་ལས་ཕྱི་མའི་རྗེས་འབྲང་ཡིན། དེ་ཡང་རྒྱ་གར་འཕགས་པའི་ཡུལ་དུ་མཚོན་ན་ཤིང་རྟ་ཆེན་པོ་ཀླུ་ཐོགས་རྣམ་གཉིས་སོགས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་གྱུར་གང་དག་གིས་རྒྱ་ཆེར་སྤེལ་ཞིང། བོད་བསིལ་ལྡན་གྱི་ལྗོངས་འདིར་མི་ཕམ་གཉིས་པར་གྲགས་པ་ལོ་ཙཱ་བ་གཟི་བཙན་རྣམ་གཉིས་ཀྱིས་ཤིང་རྟའི་སྲོལ་ཐོག་མར་ཕྱེས།

          ཕྱི་ལོ་ ༡༢༩༤  ལོར་རིགས་ལྡན་སྤྲུལ་བའི་སྐུ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས།  བོད་དབུས་གཙང་ལྷ་རྩེ་རྫོང་ཁོངས་རི་ཁྲོད་ཆེན་པོ་ཇོ་ནང་ཞེས་གྲགས་པའི་དབེན་གནས་དེར།  དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་གྲྭ་ཕྱག་འདེབས་མཛད་ཅིང༌།    ཆོས་འདིས་ས་སྟེང་ཁྱད་པར་མཛད་པས་གནས་ཀྱི་མིང་གྲུབ་མཐའ་ལ་ཐོགས་ཏེ་རྒྱལ་བ་ཇོ་ནང་བ་ཞེས་གྲགས་པ་རེད།  དེ་རྗེས་རྒྱལ་བས་ལུང་བསྟན་ཀུན་མཁྱེན་དུས་གསུམ་སངས་རྒྱས་དོལ་བོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་འཇིག་རྟེན་འདིར་བྱོན་ཏེ།  གནས་སྐབས་ཀྱི་དབུ་མ་ཀུན་རྫོབ་རང་ངོས་ནས་སྟོང་ཚུལ་དང༌།  དོན་དམ་སྤྲོས་པ་དང་བྲལ་བའི་དབྱིངས་དེ་ཉིད།   ཡུལ་ཅན་མི་རྟོག་ཡེ་ཤེས་ཀྱིས་རྟོགས་ནས།  སྣང་གནས་མཐུན་པར་གྱུར་བའི་ཡུལ་དང་ཡུལ་ཅན་གཉིས་ཀ་དོན་དམ་མཐར་ཐུག་གི་དབུ་མ་གཞན་སྟོང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་ལུང་རིགས་དྲི་མ་མེད་པས་གཏན་ལ་ཕབས་ཏེ།  ཕྱོགས་ཀྱི་ཐ་གྲུ་ཀུན་དུ་མི་འཇིགས་སེངྒེའི་སྒྲས་བག་ཡངས་སུ་བསྒྲགས་པས།    གྲུབ་མཐའ་འདི་རྩོད་བྲལ་དུ་གྱུར་ཅིང༌།  བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་མཁས་མཆོག་ཉ་དབོན་པ་དང༌།  ཕྱོགས་རྒྱལ་བ་སོགས་རང་འདྲའི་བུ་ཆེན་རྣམས་ཀྱིས་ལུགས་བཟང་འདི་ཉིད་བོད་ཡུལ་མཐའ་དབུས་ཀུན་དུ་ཆེས་ཆེར་སྤེལ་བར་མཛད། 
         ལྷག་པར་དུ་འཛམ་གླིང་མཁས་གྲུབ་བྱེ་བའི་གཙུག་རྒྱན།  རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་མཆོག་གིས།  ཕྱི་ལོ་  ༡༦༡༥ ལོར་རྟག་བརྟན་ཕུན་ཚོགས་གླིང་ངེས་དོན་དགའ་བའི་ཚལ་ཞེས་སྲིད་ཞིའི་ཁམས་ན་ཉི་ཟླ་ལྟར་གྲགས་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ཕྱག་འདེབས་མཛད་ཅིང༌།  གཞན་སྟོང་དབུ་མའི་བ་དན་མཁའ་ལ་བསྒྲེངས་བས།  དགེ་འདུན་བདུན་སྟོང་ལྷག་འདུས་ཏེ་རྒྱལ་བསྟན་སྤྱི་དང༌།   བྱེ་བྲག་ངེས་དོན་དབུ་མའི་རང་ལུགས་འདི་ཉིད་མུན་པའི་མཁའ་ལ་ཉི་མ་ཤར་བ་ལྟར་ཆེས་ཤིན་ཏུ་གསལ་བར་མཛད་པ་སོགས་ལུགས་གཉིས་ཀྱི་མཛད་འཕྲིན་གནམ་སའི་ཁྱོན་ལ་ཤོང་དཀའ་བ་ཙམ་བྱུང་ཡོད།   ཡིན་ན་ཡང་འདུས་བྱས་ཀྱི་ཆོས་ཐམས་ཅད་འགྱུར་བའི་ངོ་བོར་གྲུབ་པ་ཡིན་དུས།  རེ་ཤིག་ནས་དབུས་གཙང་ཕྱོགས་ཀྱི་ཇོ་ནང་དགོན་སྡེ་ཁག་ལ་འཕོ་འགྱུར་སྣ་ཚོགས་ཤིག་བྱུང་ཡང༌།  ད་ལྟའི་བར་དུ་ཟབ་ཆོས་འདི་ཉིད་འཛམ་གླིང་སྐྱེ་དགུའི་བསོད་ནམས་ཀྱི་སྐལ་བར་ཉམས་པ་མེད་པར་གནས་ཡོད།  

དེ་ལྟར་ཆོས་བརྒྱུད་འདིའི་ཤིང་རྟའི་སྲོལ་འབྱེད་འཕགས་ཡུལ་དུ་ཀླུ་ཐོགས་གཉིས་དང༌། བོད་དུ་ཀུན་མཁྱེན་དོལ་པོ་བ་ཡབ་སྲས། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་སོགས་ཡིན། ལྟ་བའི་ཁུངས་གཏུགས་ས་སྟོན་པའི་བཀའ་འཁོར་ལོ་ཐ་མ་ངེས་དོན་མདོ་སྡེ་ཉི་ཤུ་དང༌། སེམས་འགྲེལ་སྐོར་གསུམ། ཀླུ་སྒྲུབ་ཀྱི་བསྟོད་ཚོགས། ཐོགས་མེད་ཀྱི་ས་སྡེ་དང་རྒྱུད་བླའི་འགྲེལ་བ། བྱམས་ཆོས་སྡེ་ལྔ་སོགས་ཡིན། བརྒྱུད་རིམ་ནི་སྟོན་པ་ཐུབ་པའི་དབང་བོ། ཕྱག་ན་རྡོ་རྗེའི་སྤྲུལ་བ་ཆོས་རྒྱལ་ཟླ་བ་བཟང་པོ། དེ་ནས་རིམ་གྱིས་ལྷ་དབང་དང༌། གཟི་བརྗིད་ཅན་དང༌། ཟླ་བའི་བྱིན་དང༌། ལྷའི་དབང་ཕྱུག་དང༌། སྣ་ཚོགས་གཟུགས་དང༌། ལྷའི་དབང་ལྡན་ཏེ་ཆོས་རྒྱལ་བདུན་དང༌། དེ་རྗེས་རིགས་ལྡན་ཡོངས་ཀྱི་ཐོགས་མ་འཇམ་དཔལ་གྲགས་པ། པདྨ་དཀར་པོ། བཟང་པོ་དང༌། རྣམ་རྒྱལ་དང༌། བཤེས་གཉེན་བཟང་པོ་དང༌། ཕྱག་དམར་དང༌། ཁྱབ་འཇུག་སྦས་པ་དང༌། ཉི་མ་གྲགས་དང༌། ཤིན་ཏུ་བཟང་པོ་དང༌། རྒྱ་མཚོ་རྣམ་རྒྱལ་དང༌། རྒྱལ་དཀའ་བའི་བར་རིགས་ལྡན་བཅུ་གཅིག་དང༌། དེ་ནས་གྲུབ་ཆེན་དུས་ཞབས་པ་ཆེན་པོ། དུས་ཞབས་པ་ཆུང་ངུ་ཤྲི་བྷ་དྲ། རྒྱལ་སྲས་ནཱ་ལེན་དྲ་པ། ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས། བླ་མ་ལྷ་རྗེ་སྒོམ་པ་དཀོན་མཆོག་སྲུང༌། སྒྲོ་སྟོན་གནམ་ལ་རྩེགས། གྲུབ་ཆེན་ཡུ་མོ་བ་མུ་བསྐྱོད་རྡོ་རྗེ། སྲས་དྷཱརྨེ་ཤྭ་ར། མཁས་པ་ནམ་མཁའ་འོད་ཟེར། ལྕམ་ལྷ་རྗེ་ཇོ་འབུམ། གྲུབ་ཐོབ་སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན། ཆོས་རྗེ་འཇམ་དབྱངས་གསར་མ། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཆོས་རྗེ་ཀུན་སྤངས་པ་ཆེན་པོ་ཞིང་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་ཆེན་པོ་རྒྱལ་བ་ཡེ་ཤེས། མཁས་བཙུན་ཆེན་པོ་ཡོན་ཏན་རྒྱ་མཚོ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་དུས་གསུམ་སངས་རྒྱས་དོལ་པོ་བ། ཉ་དབོན་ཀུན་དགའ་དཔལ་བ། གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་དབྱངས་དཀོན་མཆོག་བཟང་པོ། མཁས་གྲུབ་ནམ་མཁའ་ཆོས་སྐྱོང༌། པཎ་ཆེན་ནམ་མཁའ་དཔལ་བཟང༌། ལོ་ཆེན་རཏྣ་བྷ་དྲ། དཔལ་ལྡན་ཀུན་དགའ་གྲོལ་མཆོག མཁན་ཆེན་ལུང་རིག་རྒྱ་མཚོ། རྗེ་བཙུན་ཏཱ་ར་ནཱ་ཐ། སྔོན་སྦྱངས་རིན་ཆེན་རྒྱ་མཚོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ། གྲུབ་ཆེན་ངག་དབང་འཕྲིན་ལས། ངག་དབང་བསྟན་འཛིན་རྣམ་རྒྱལ། ངག་དབང་མཁས་བཙུན་དར་རྒྱས། ཀུན་བཟང་འཕྲིན་ལས་རྣམ་རྒྱལ། ནུས་ལྡན་ལྷུན་གྲུབ་རྒྱ་མཚོ། དཀོན་མཆོག་འཇིགས་མེད་རྣམ་རྒྱལ། ངག་དབང་ཆོས་འཕེལ་རྒྱ་མཚོ། ངག་དབང་ཆོས་ཀྱི་འཕགས་པ། ངག་དབང་ཆོས་འཛིན་རྒྱ་མཚོ། ངག་དབང་ཆོས་ཀྱི་རྣལ་འབྱོར། ངག་དབང་སྨོན་ལམ་བཟང་པོ་ནས་དྲིན་ཅན་རྩ་བའི་བླ་མ་ངག་དབང་པདྨ་རྣམ་རྒྱལ་དཔལ་བཟང་པོའི་བར་དུ་བརྒྱུད་པ་བར་མ་ཆད། དམ་ཚིགས་ལ་སེལ་མ་ཞུགས། བྱིན་རླབས་ཀྱི་དྲོལ་མ་ཡལ། དཔའ་བོ་དང་དཔའ་མོའི་ཞལ་རླངས་ཐོལ་ལེ་བ་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར། རྒྱུད་བཤད། མན་ངག་བཅས་སྐལ་ལྡན་གདུལ་བྱའི་དཔལ་དུ་ཕེབས་པ་ཡིན་ནོ།།


༄༅།། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོས་མཛད་པའི་ཇོ་ནང་བསྟན་པ་རྒྱས་པའི་སྨོན་ལམ་ ཞེས་བྱ་བ་བཞུགས་སོ།།

༡༽ བགྲང་ཡས་བསྐལ་བར་ཐུགས་བསྐྱེད་ལེགས་གོམས་པས།། མཐའ་ཡས་འགྲོ་བའི་རེ་སྐོང་དམ་ཆོས་ཆར།། འབེབས་མཁས་མཉམ་མེད་ཤཱཀྱའི་དབང་པོ་ཡིས།། འགྲོ་འདི་དགེ་ལེགས་དཔལ་གྱིས་བསྐྱང་དུ་གསོལ།།

༢༽ རིམ་གསུམ་ཆོས་ཀྱི་འཁོར་ལོའི་དགོངས་པའི་དོན།། མཁས་དང་གྲུབ་བརྙེས་དུ་མས་བཀྲལ་བ་ལས།། ཆོས་ཀྱི་སྒོ་མང་རབ་དབྱེའི་ཡ་གྱལ་གཅིག། ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

༣༽ གངས་ལྗོངས་རྒྱལ་བསྟན་པདྨའི་ཚལ་ཡངས་པོར།། བཤད་སྒྲུབ་ཆོས་ཚུལ་འདབ་བརྒྱ་གྲོལ་བའི་ཁྲོད།། འཁོར་ལོ་ཐ་མའི་དགོངས་པ་རྩལ་བཏོན་པའི།། ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

༤ ༽ མདོ་རྒྱུད་གཞན་དང་བཞད་སྲོལ་མི་འདྲ་བའི།། ཤིང་རྟའི་སྲོལ་ཆེན་དུས་ཀྱི་འཁོར་ལོའི་རྒྱུད།། མི་ཉམས་འཛིན་ཅིང་སྤེལ་བའི་བཀའ་བབས་པ།། ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

༥༽ ཡུ་མོ་མི་བསྐྱོད་རྡོ་རྗེ་ནས་བཟུང་སྟེ།། དོལ་བུ་བ་དང་ཀུན་དགའ་གྲོལ་བའི་མཆོག། རྗེ་བཙུན་སྒྲོལ་མགོན་སོགས་ཀྱིས་ལེགས་སྤེལ་བའི།། ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

༦ ༽ སྙིང་པོའི་མདོ་དང་ཀླུ་སྒྲུབ་གཞུང་གི་དོན།། གཞི་འབྲས་དབྱེར་མེད་རྟག་བརྟན་བདེ་གཤེགས་སྙིང༌།། ཡེ་ནས་བཞུགས་པའི་དོན་དམ་འགྲེལ་བའི་ཚུལ།། ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

༧༽ མདོ་ཡི་ལྟ་བ་གཞན་སྟོང་དབུ་མ་དང༌།། རྒྱུད་དོན་རྣལ་འབྱོར་དྲུག་གི་ཉམས་ལེན་གྱིས།། ཆོས་སྐུ་མངོན་དུ་མཛད་པའི་བཞེད་སྲོལ་ཆེ།། ཇོ་ནང་པ་ཡི་བསྟན་པ་རྒྱས་གྱུར་ཅིག།

༨ ༽ སྐྱབས་གནས་རྒྱལ་དང་རྒྱལ་སྲས་བྱིན་ཆེན་དང༌།། ཆོས་ཉིད་དོན་དམ་འགྱུར་བ་མེད་པའི་སྟོབས།། དཀར་ཕྱོགས་ལྷ་དང་བདག་ཅག་མོས་གུས་མཐུས།། སྨོན་ལམ་འདི་བཏབ་ཇི་བཞིན་འགྲུབ་པར་ཤོག།

ཅེས་པ་འདི་ཡང་ཇོ་ནང་པའི་བསྟན་རྒྱས་སྨོན་ལམ་གསོལ་འདེབས་ཤིག་དགོས་ཞེས་མཁན་པོ་ངག་དབང་རྡོ་རྗེས་གཙོས་གཞིས་བྱེས་ཇོ་ནང་པ་སེར་སྐྱ་མི་མང་ཐུན་མོང་ནས་རྟེན་བཅས་བསྐུལ་བ་ལྟར་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས།  བོད་རྒྱལ་ལོ་ ༢༡༢༨ རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་ ༡༠ ཚེས་ ༨ ཕྱི་ལོ་ ༢༠༠༡ ཟླ་ ༡༡ ཚེས་ ༢༣ ཉིན་འཕགས་ཡུལ་ཧི་མ་ཅལ་མངའ་སྡེ་ཀང་ར་རྫོང་ཁོངས་དྷ་རམ་ས་ལ་ཐེག་ཆེན་ཆོས་གླིང་དུ་བྲིས་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།

སྡེ་ཚན་འདིའི་ནང་དུ་བར་སྐབས་སུ་ཤོག་ངོས་སམ་བརྙན་རིས་མི་འདུག།