ཨུ་རུ་སུ་གསར་བརྗེ་སྲིད་འཛིན་ལེ་ཉིན་གྱི་ལོ་རྒྱུས་སྙིང་བསྡུས།

ཡོང་ཁུངས་Wikipedia

ཨུ་རུ་སུ་གསར་བརྗེ་སྲིད་འཛིན་ལེ་ཉིན་གྱི་ལོ་རྒྱུས་སྙིང་བསྡུས།


(1870 ཟླ 4 ཚེས 22 -1924 ཟླ 1 ཚེས 21)


བེ་རི་འཇིགས་མེད།


དངོས་མིང་། ཝི་ལ་ཌི་མི་རོབ.ཨེ་ལི་ཆི། (ཨུ་རུ་སུའི་མིང་ лади́мирИльи́чУлья́нов,IPA:[vɫɐˈdʲimʲɪr ɪlʲˈjit͡ɕ ʊlʲˈjænəf],དབྱིན་ཡིག་ཐོག: Vladimirov: Ilich རྒྱ་ཡིག་ཐོག :弗拉基米尔·伊里奇)

མིང་གཞན། ལེ་ཉིན་ཟེར། དེ་ནི་ཁོང་གསར་བརྗེས་ལ་ཞུགས་རྗེས་སུ་གསར་དུ་བཏགས་པའི་མིང་ཞིག་ཡིན། (རྒྱ་ཡིག་ཐོག 列宁 ཨུ་ཡིག་ཐོག:Ле́нин,IPA:[ˈlʲenʲɪn] དབྱིན་ཡིག་ཐོག: Lenin ཟེར)།

ཁོང་ནི་གྲགས་ཅན་མར་ཁེ་སིའི་རིང་ལུགས་པ་དང་། གསར་བརྗེ་རྒན་རབས་པ། ཆབ་སྲིད་པ། རིགས་པའི་གཞུང་ལུགས་པ། བསམ་བློ་བ། ཨུ་རུ་སུའི་གུང་ཁྲན་ཚོགས་པ་(ཧྲི་ཝེ་ཁེ་)创立者། སུའུ་ལེན་གཙོ་བོ་建立者། ཨང་དང་པོ་ཆེས་མཐོའི་འགོ་ཁྲིད་པ། དམག་སྤྱི་བཀོད་འདོམས་པ། སུའུ་ལེན་མི་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་(སྲིད་གཞུང་གིས་ཙུང་ལི)། འཕེལ་རྒྱས་རིང་ལུགས་པ། ལེ་ཉིན་རིང་ལུགས་ཀྱི་གཞུང་ལུགས་པ། མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་རྩོམ་པ་པོ་བཅས་ཡིན། ཁོང་ནི་འཛམ་གླིང་ཡོངས་ཀྱི་འབྱོར་མེད་གྲལ་རིམ་དང་ངལ་རྩོལ་མི་དམངས་ཀྱི་སློབ་དཔོན་དང་དབུ་ཁྲིད་པ་ཞིག་ཡིན་ལ། དུས་རབས་20 པའི་ནང་ཆེས་ཤུགས་རྐྱེན་ནུས་པ་དང་གདེང་འཇོག་ཆེ་ཤོས་ལྡན་པའི་རྩོད་གཞིའི་མི་སྣ་ཞིག་ཀྱང་ཡིན། འཛམ་གླིང་ཧྲིལ་པོ་འདིའི་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་བྱེད་པའི་གསར་བརྗེ་རིང་ལུགས་པ་ཞིག་ཡིན་ལ། རིང་ལུགས་དེའི་རྒྱལ་ཁབ་གསར་འཛུགས་བྱས་པའི་སྲིད་འཛིན་དང་པོ་དེ་ཡང་ཡིན།

ཁོང་ནི་སྤྱི་ལོ་༡༨༧༠ ལོར་ཞེས་ཕེ་ཨར་སི་ཁི་གྲོང་ཁྱེར་དུ་ཤེས་ཡོན་ཅན་གྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས། རང་ཉིད་བརྩིས་པས་མིང་སྲིང་བདུན་ཡོད་པའི་ནང་ནས་ཁོང་ནི་གསུམ་པ་དེ་ཡིན། ཆུང་དུས་མིང་ལ་ཨོ་ལོ་ཙཱ་ཟེར། དགུང་ལོ་ལྔའི་ཐོག་ནས་ཡི་གེ་འབྲི་ཀློག་བསླབ། དགུང་ལོ་དགུ་པའི་ཐོག་འབྲིང་རིམ་སློབ་གྲྭར་ཞུགས། ཤེས་སྤྱོད་གཉིས་ལྡན་གྱི་བྱ་དགའ་མུ་མཐུད་ནས་བླངས། འབྲིང་སློབ་ཐོན་ཁར་གསེར་གྱི་རྟགས་མའི་བྱ་དགའ་ཡང་ཐོབ། ལེ་ཉིན་སློབ་འབྲིང་འགྲིམ་པའི་སྐབས་རང་གི་ཕུ་བོ་ཡ་ནཱས་ཧྲན་ཏ་ལགས་ཀྱིས་དེབ་གསར་པ་འདྲ་མིན་དང་ལྷག་པར་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་པ་མར་ཁེ་སིའི་གུང་ཁྲན་ཚོགས་པའི་བསྒྲགས་གཏམ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རྣམ་བཤད་གཉིས་བསྟན་པས་སྤྱི་དཔེ་དེབ་ཀུན་ལ་དོ་སྣང་ཆེན་པོ་གནང་ཞིང་ལྷག་དོན་དཔེ་དེབ་ཕྱི་མ་གཉིས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་ཏེ། འབྱོར་མེད་བཟོ་པ་གྲལ་རིམ་གྱི་གནས་བབ་དང་། འབྱོར་ལྡན་བཟོ་བདག་གྲལ་རིམ་གྱི་བྱེད་སྤྱོད། དེའི་བར་དུ་གནན་ཤུགས་དང་འཐབ་རྩོད་ཀྱི་རྒྱུད་རིམ་གསལ་པོ་འཁོད་པས། དཔེ་དེབ་གཉིས་པོ་དེ་ཧ་ཅང་གི་གལ་ཆེན་པོར་བརྩིས། སྤྱི་ལོ་༡༨༨༦ལོར། ལེ་ཉིན་གྱི་ཡབ་བསྙུན་ནས་གྲོངས། སྤྱི་ལོ་༡༨༨༧ ལོར་རང་གི་ཕུ་བོ་མཐོ་སློབ་ནང་གོང་མར་ངོ་རྒོལ་བའི་ཚོགས་ཁག་ཏུ་ཞུགས་པས་གོང་མའི་དམག་གིས་འཛིན་བཟུང་ཐོག་དམར་བསད་བཏང་། དེ་ནས་བཟུང་ལོ་གཉིས་གཉེན་ཉེ་སྤུན་མཆེད་རྣམས་ཀྱང་ཐག་ཞོར་བྲིང་དྲུད་ལ་སྐྲག་ནས་འབྲེལ་བ་བཟོ་མཁན་མེད་པའི་གྲོགས་མེད་ཁེར་རྐྱང་དུ་གྱུར།

རང་གི་འཛིན་གྲོགས་དང་སློབ་གྲོགས་མི་ཉུང་བ་ཞིག་གིས་ཁོང་ལ་གོང་མ་སྲིད་གཞུང་ལ་ངོ་རྒོལ་དང་ཕུ་བོའི་དགྲ་ཤ་ལེན་དགོས་པའི་འདོད་ཚུལ་བཏོན་ནའང་། ལེ་ཉིན་གྱིས། ངས་ཕུ་ཁོའི་དགྲ་ཤ་རྩོད་ནས་ཨུ་རུ་སུའི་གོང་མ་གསོད་ཐུབ་པ་ཆ་བཞག་ནའང་། དེས་ཨུ་རུ་སུ་རྒྱ་ཆེ་མང་ཚོགས་ཀྱི་ལས་དབང་ལ་ཐག་གཅོད་བྱེད་མི་ཐུབ། དེ་བས་ང་ནི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེའི་ལམ་ཕྱོགས་ལ་གོམ་པ་བརྟན་པོར་སྤོས་ནས་ཨུ་རུ་སུ་རྒྱ་ཆེ་མང་ཚོགས་ཀྱི་ལས་དབང་ལ་ཐག་གཅོད་ནུས་པའི་བྱ་སྤྱོད་ལག་བསྟར་བྱེད་རྒྱུ་ཡིན། ཞེས་ཕུག་རྒྱངས་རིང་པོའི་དགོངས་འཆར་གནང་།

དགུང་ལོ་བཅོ་བརྒྱད་པ་སྤྱི་ལོ་༡༨༨༨ལོར་། ཁཱ་ཤན་སློབ་གྲྭ་ཆེན་མོ་ལ་ཡིག་རྒྱུགས་འཕྲོད་ནས་འཛུལ་ཞུགས་བྱས། མཐོ་སློབ་དེའི་ནང་སློབ་མ་མང་ཆེ་བ་གོང་མའི་སྲིད་གཞུང་ལ་སྡང་ཟུག་ཆེ་ཞིང་། སློབ་མའི་གསར་བརྗེ་ལས་འགུལ་དང་བྱ་སྤྱོད་ཉིན་རེ་ནས་ཉིན་རེར་ཇེ་ཆེར་ཕྱིར་ཏེ། སློབ་མའི་རང་འགུལ་གྱི་གོ་སྒྲིག་འོག་གོང་མའི་སྲིད་གཞུང་ལ་རྒོལ་གཏམ་སྤེལ་བའི་གཞི་རྒྱ་ཆེ་བའི་ཚོགས་འདུ་ཆེན་པོ་ཞིག་ཚོགས། ལེ་ཉིན་ཡང་ཚོགས་ཆེན་དེར་ཞུགས། གོང་མའི་སྲིད་གཞུང་གི་གནོན་ཤུགས་འོག་ཚོགས་ཞུགས་མི་སྣ་རྣམས་མཐོ་སློབ་ནས་ཕྱིར་འབུད་བཏང་པར་མ་ཟད། སློབ་གྲྭའི་ཉེ་འགྲམ་དུའང་བསྡད་མི་ཆོག་པར་བཟོས། ལེ་ཉིན་ཡང་མཐོ་སློབ་དང་ཁ་ཐག་ཧ་ཅང་མི་རིང་བའི་ཞིང་པའི་གྲོང་སྡེ་ཆུང་ཆུང་ཞིག་ཏུ་བསྡད་དགོས་བྱུང་། ས་གནས་དེར་འབྱོར་མེད་ཞིང་བ་གྲལ་རིམ་དང་འབྱོར་ལྡན་ཞིང་བདག་གྲལ་རིམ་དབར་རྣོ་ངར་ལྡན་པའི་འགལ་བ་དང་ཟུབ་ཐབས་མེད་པའི་འཐབ་རྩོད་གྱི་གཞི་རྩ་རེ་རེ་བཞིན་རྒྱུས་ལེན་གྱིས། ལེ་ཉིན་གསར་བརྗེར་ཞུགས་པའི་ལངས་ཕྱོགས་དང་ཆོད་སེམས་ཇེ་བརྟན་དུ་སོང་།

༡༨༨༩ལོར་ཁ་ཤན་གྲོང་ཁྱེར་དུ་ཕྱིར་ལོག་ཆོག་པའི་ཆོག་མཆན་བྱུང་ཡང་མུ་མཐུད་ནས་མཐོ་སློབ་ཏུ་འགྲོ་མི་ཆོག་པ་བྱས། ཁོང་གྲོང་ཁྱེར་དུ་ཕྱིར་ལོག་རྗེས་ཧ་ཅང་གསང་བའི་ཐོག་ནས་མར་ཁེ་སིའི་ཚོགས་པ་ཆུང་ཆུང་ཞིག་གསར་འཛུགས་གནང་ནས། དེའི་ནང་མར་ཁེ་སའི་དང་ཨུན་ཁེ་སིའི་གསུང་རྩོམ་ཁག་ལ་ལྟ་ཞིབ་ནན་པོར་བྱས།

སྤྱི་ལོ་༡༨༩༠ལོར། ལེ་ཉིན་ནང་མི་བཅས་པ་ཁ་ཤན་གྲོང་ཁྱེར་ནས་ས་མ་ལ་གྲོང་ཁྱེར་དུ་གནས་སྤོས་བྱས། ས་གནས་དེ་ན་ཨུ་རུ་སུ་རྒྱལ་ས་གསར་པ་པེ་ཏེན་མཁར་རྫོང་གིས་བཀོད་སྒྲིགས་བྱས་པའི་མཐོ་སློབ་ཏུ་ཟུར་སྦྱོར་སློབ་མའི་ཐོབ་ཐང་བླངས། ཁོང་གིས་ཕྱི་རྒྱལ་ངལ་བརྩོལ་བཅིངས་འགྲོལ་ཁང་གིས་བསྐྲུན་པའི་ཨུ་རུ་སུ་མར་ཁེ་སི་རིང་ལུགས་དང་། ཨུ་རུ་སུ་དམངས་གཙོའི་རིང་ལུགས་ཀྱི་དཔེ་དེབ་རྣམས་ལ་ཞིབ་ལྟ་ནན་པོ་བྱས། སྤྱི་ལོ་༡༨༩༢ལོར་སློབ་ཆེན་སློབ་མཐར་སོན་ཏེ། ཁྲིམས་རྩོད་པའི་ལས་རོགས་ཀྱི་གོ་སྐབས་ཐོབ། རང་འཁྲིས་ལས་འགན་འཐུས་ཚང་སྒྲུབ་པའི་ཞོར་དུ་ཨུ་རུ་སུ་རྒྱལ་ས་གསར་པའི་བཟོ་པའི་གྱེན་ལོག་ལས་འགུལ་གྱི་མགོ་འཛིན་གནང་། ཨུ་རུ་སུ་རྒྱལ་ས་གསར་པའི་ཁུལ་དུ་དེ་སྔོན་མར་ཁེ་སི་རིང་ལུགས་དང་། བཟོ་པའི་གྱེན་ལོག་སོགས། གོང་མ་སྲིད་གཞུང་ལ་རྒྱབ་གཏོད་གྱེན་རྒོལ་གྱི་ཚོགས་སྡེ་ཆུང་ཆུང་མི་ཉུང་བ་ཞིག་ཡོད་པ་མ་ཟད། སྐབས་རེར་དེ་དག་ལས་གང་ཡང་རུང་བ་རེས་གྱེན་ལོག་ངོ་རྒོལ་ལས་འགུལ་སྤེལ་ནའང་། གོང་མ་སྲིད་གཞུང་གིས་རྡུང་བརྡེབས་ཚ་ནན་བཏང་སྟེ། སླར་ལངས་རྒྱུ་མེད་པར་བཟོ་བའི་འོག་གྱེན་ལོག་ཚོགས་ཁག་རྣམས་ཕམ་ཉེས་བཏུད་མར་ཡོང་གི་ཡོད་ནའང་། ཚོགས་ཁག་ཕན་ཚུན་གཅིག་སྒྲིལ་གྱི་ནུས་པ་གཅིག་ཏུ་བསྡོམས་ནས་མཉམ་འབྲེལ་ཚོགས་པ་འཛུགས་རྒྱུའི་བསམ་བློ་དང་ལམ་སྟོན་གནང་མཁན་སུ་ཡང་བྱུང་མེད། ལེ་ཉིན་གྱིས་གནས་ཚུལ་དེ་དག་རྒྱུས་ལོན་བྱས་རྗེས། མར་ཁེ་སི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རྣམ་བཤད་ལས། “འཛམ་གླིང་གི་འབྱོར་མེད་པ་རྣམས་མཉམ་འབྲེལ་གྱིས་ཤིག།” ཅེས་པའི་སྡོམ་ཚིག་ལ་རྒྱབ་བཅོལ་ཏེ། དེ་སྔོན་ཕན་ཚུན་འབྲེལ་མེད་ཀྱི་ཁ་འཐོར་ཡ་འཐོར་དུ་གནས་པའི་གྱེན་རྒོལ་ཚོགས་པ་ཆེ་ཕྲ་ཡོངས་རྫོགས་གཅིག་སྒྲིལ་བྱས་ན། ད་བཟོད་གོང་མ་སྲིད་གཞུང་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྒྲེངས་ཐུབ་པའི་གནས་ལུགས་དེ་ཉིད། ཚགས་པར་དང་གཏོང་ཡིག །བསྒྲགས་གཏམ་དང་བཀྲམ་ཡིག །གཏམ་བཤད་དང་བགྲོ་གླེང་རེས་མོས་ཀྱིས་སྤེལ་བས། རིམ་བཞིན་རྒྱལ་ས་གསར་པའི་གྱེན་ལོག་ཚོགས་པ་ཡོངས་རྫོགས་གཅིག་ཏུ་བསྒྲིལ་ཐུབ་པ་བྱུང་ནས། བཟོ་བ་གྲལ་རིམ་གྱི་བཅིངས་འགྲོལ་འཐབ་རྩོད་ཐུན་ཚོགས་ཞེས་པའི་ཚོགས་པ་གསར་འཛུགས་བྱས། ཚོགས་པ་དེ་ཉིད་ཨུ་རུ་སུ་རྒྱལ་ས་གསར་པ་གྱེན་ལོག་ཚོགས་པ་ཡོངས་ཀྱི་སྤྱི་ཁྱབ་བཀོད་འདོམས་ཁང་ངམ་ལས་ཁུངས་ལྟེ་བ་དེ་གྱུར་པ་དང་། ལེ་ཉིན་ཚོགས་པ་དེའི་མགོ་ཁྲིད་གཙོ་བོ་དེ་བདམས་ཐོན་བྱུང་།

ཚོགས་པ་དེའི་མཚན་སྙན་གློ་བུ་དུ་གང་སར་འབར་བས། ཨུ་རུ་སུ་གོང་མའི་སྲིད་གཞུང་གིས་ལེ་ཉིན་བཙོན་འཇུག་བྱས། བཙོན་ཁང་ནས་འོ་མའི་གསང་ཡིག་འབྲི་སྟངས་ཀྱི་ཐབས་ལམ་ལ་བརྟེན་ནས་ཕྱིར་སྡོད་གསར་བརྗེ་བའི་ཚོགས་མི་ཚོ་དང་འབྲེལ་བ་གནང་བ་མ་ཟད། མུ་མཐུད་ལས་འགུལ་སྤེལ་བའི་ལམ་སྟོན་ཡོངས་རྫོགས་གསང་བའི་ཐོག་ནས་གནང་། ད་དུང་བཙོན་ཁང་དེར་བསྡད་རིང་། <<ཨུ་རུ་སུའི་དམངས་གཙོའི་བཟོ་བའི་སྤྱི་ཚོགས་ཚོགས་པའི་རྩ་འཛིན་>> ཡང་ལྗགས་རྩོམ་གནང་། ཟླ་བ་དྲུག་གི་རྗེས་ཁྲིམས་ཁང་ནས་ལོ་གསུམ་ཏག་ཏག་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་གཅོད་དེ་ཁི་པཱའོ་ལི་ས་བཙོན་ཁང་དུ་བསྐྱལ། ལོ་གསུམ་རྗེས་བཙོན་གྲོལ་བྱུང་བ་དང་མཉམ་དུ་ལྐོག་ནས་ཕྱི་རྒྱལ་ལ་བྲོས་བྱོལ་དུ་ཕེབས། ཕྱིར་སྡོད་ཨུ་རུ་སུའི་མར་ཁེ་སི་རིང་ལུགས་པ་དང་། ཨུ་རུ་སུ་དམངས་གཙོའི་རིང་ལུགས་པ་མཉམ་འབྲེལ་བྱས་ཏེ་མིག་དམར་ཚགས་པར་ཞེས་པ་གསར་བསྐྲུན་བྱས། ཨུ་རུ་སུ་སྤྱི་ཚོགས་དམངས་གཙོ་བཟོ་བ་ཚོགས་པ་གསར་འཛུགས་གནང་། དེ་ནས་ལོ་ཤས་རྗེས་རང་རྐང་འཕེར་བའི་སུའུ་ཨར་ཧྲིན་ཝཱེའི་ཚོགས་པ་གསར་འཛུགས་གནང་།

སྤྱི་ལོ་༡༩༡༧ལོར་གྱེན་ལོག་ཕྱོགས་ཁག་གིས་གསར་བརྗེ་ལས་འགུལ་མུ་འཐུད་སྤེལ་བའི་མཇུག་འབྲས་སུ། བཀས་བཀོད་རྒྱུན་འཛིན་གོང་མའི་ལམ་ལུགས་རྩ་མེད་བཏང་ཐུབ་པ་བྱུང་ཡང་། བརྟན་ལྷིང་ལྡན་པའི་སྲིད་གཞུང་གསར་འཛུགས་མ་ཐུབ་པར། ཨུ་རུ་སུའི་འབྱོར་ལྡན་གྲལ་རིམ་གྱི་གནས་སྐབས་སྲིད་གཞུང་གསར་འཛུགས་བྱས། དུས་ཚོད་དེ་འཛམ་གླིང་དམག་ཆེན་དང་པོ་སྐབས་དང་འཁེལ་སྟབས། དམག་སར་དམག་མི་མང་པོ་མཚོན་ཆའི་ཁར་ཤི་བ་དང་ལྟོགས་ཤི་དང་འཁྱགས་ཤི་ཐེབས། བཟོ་གྲྭ་མང་པོའི་མ་རྩ་བརྡིབས་ནས་སྒོ་རྒྱབ་དགོས་བྱུང་བ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་གནས་བབ་ལ་གད་ཆག་ཅི་ཆེར་བྱུང་། གོ་སྐབས་དེ་དང་བསྟུན་ནས་ལེ་ཉིན་ཕྱི་རྒྱལ་ནས་ཕྱིར་རྒྱལ་ནང་དུ་ཡོང་ནས་ཨུ་རུ་སུའི་འབྱོར་ལྡན་གྲལ་རིམ་གྱི་གནས་སྐབས་སྲིད་གཞུང་ལ། དམག་མཚམས་བཞག་ནས་རྒྱལ་ཁབ་ཕན་ཚུན་གནས་སྐབས་ཞི་བའི་ཆིངས་མོལ་དགོས་པའི་རེ་སྐུལ་སྙན་ཞུ་ཕུལ། ཨུ་རུ་སུ་སྲིད་གཞུང་གིས་ངོས་ལེན་བྱེད་རྒྱུའི་ཚབ་ཏུ་དེ་ལས་བཟློག་ནས་ལེ་ཉིན་དང་ཁོང་གི་ཕྱོགས་ཁག་ནི་ཁྲིམས་འགལ་ཚོགས་པར་ངོས་འཛིན་བྱས་ནས་པུའུ་ཨར་ཧྲིལ་ཝཱའི་ཁེའི་ཚོགས་པའི་མགོ་ཁྲིད་རེ་རེ་བཞིན་བརྩད་གཅད་དང་འཛིན་བཟུང་གི་ལས་འགུལ་སྤེལ། ཨུ་རུ་སུའི་མི་དམངས་རྣམས་དམག་ཆེན་དང་པོའི་ནང་ཕམ་ཉེས་ཆེན་པོ་ཐེབས་ནས་མི་གྲངས་འབོར་ཆེན་ཤི་བ་དང་དཔལ་འབྱོར་ཐོག་གྱོང་གུད་ཆེན་པོ་བྱུང་སྟབས། སྲིད་གཞུང་ལ་མི་དགའ་བ་ཆེན་པོར་གྱུར་ཏེ། ལེ་ཉིན་ཕྱོགས་ཁག་གིས་ཕྱོགས་སུ་ལངས་ནས་མཐའ་ན་དམག་སའི་དམག་མི་མང་པོས་མེ་མདའི་ཁ་ཕྱོགས་སྲིད་གཞུང་ལ་བསྐོར། བཟོ་པ་མང་པོ་གཞུང་ལ་ངོ་རྒོལ་གྱི་རྣམ་པ་བསྟན་ཆེད་ལས་གྲྭ་སྒོ་རྒྱབ་པ་སོགས་བྱས་ཏེ། ཨུ་རུ་སུའི་གནས་སྐབས་སྲིད་གཞུང་དེ་སྒོ་རྒྱག་དགོས་པའི་འབོད་སྒྲ་གང་ས་ནས་སྒྲོགས། ལེ་ཉིན་གྱིས་གོ་སྐབས་དེ་དམ་འཛིན་བྱས་ནས་པུའུ་ཨར་ཧྲིན་ཝཱེའི་ཁི་ཚོགས་པའི་དབུས་སྤྱི་ཁྱབ་ཀྱི་ཚོགས་མི་ཚོ་ཚོགས་འདུར་བསྐངས་ནས། ཚོགས་ཆེན་དེའི་ཐོག ལེ་ཉིན་གྱི་ཨུ་རུ་སུའི་རྒྱལ་ཁབ་ཀྱི་ས་ཕྱོགས་གང་ས་ན་འབར་ཆོག་ཆོག་གི་བུད་ཤིང་སྐམ་པོ་ཧ་ཅང་མང་བས། གོ་སྐབས་འདི་དང་བསྟུན་ནས་ཕྱི་འགྱངས་མི་ཤོར་བར་ཕྱོགས་གང་ས་ནས་མེ་ལྕེ་སྦར་དགོས་པའི་བླངས་བྱ་བསྟན། དེ་ནི་ཨུ་རུ་སུ་འབྱོར་ལྡན་གྲལ་རིམ་གྱི་གནས་སྐབས་སྲིད་གཞུང་ལ་རྒྱལ་ཡོངས་གང་ས་ནས། རྒྱ་ཆེར་མང་ཚོགས་ཀྱིས་འཁོན་འཛིན་དང་སྡང་ཟུག་ཆེན་པོ་བྱེད་བཞིན་ཡོད་པའི་སྐབས་དང་བསྟུན་ནས་ཕྱོགས་གང་སར་གསར་བརྗེ་འོས་ལངས་ཀྱི་སྐུལ་སློང་ནན་པོ་བྱས་ཏེ། རྣག་ཐོག་བཙག་འཁེལ་དང་། དུས་ཐོག་ཆར་པ་ལྟར་གང་མགྱོགས་ཀྱིས་འོས་ལངས་བྱས་ཏེ་འབྱོར་ལྡན་གྲལ་རིམ་གྱི་གནས་སྐབས་སྲིད་གཞུང་དེ་མགོ་རྟིང་སློག་དགོས་པའི་ལམ་སྟོན་གནང་བ་ཞིག་རེད། གྲོས་བསྡུར་དེའི་ནང་ཞུགས་པའི་ཚོགས་མི་མང་ཆེ་བ་ལེ་ཉིན་གྱི་འདོད་ཕྱོགས་སུ་ལངས་ཏེ། འོས་ལངས་ཀྱི་ལས་འགུལ་དེ་དྲག་པོའི་བྱ་སྤྱོད་ཀྱི་ཐོག་ནས་སྤེལ་རྒྱུའི་ཐག་གཅོད་བྱུང་། ཚོགས་ཞུགས་མི་སྣའི་ཁྲོད་ནས་སི་ཏཱ་ལེན་དང་། ཐའོ་ལའོ་ཚི་ཅི་གཉིས་འོས་ལངས་དྲག་དམག་གི་སྣེ་འཁྲིད་མགོ་པ་བསྐོ་བཞག་བྱས། དྲག་པོའི་འོས་ལངས་ཀྱི་བཀོད་འདོམས་ལས་ཁུངས་ལྟེ་བ་དེ་ཨུ་རུ་སུ་རྒྱལ་ས་གསར་པ་པེ་ཏེར་མཁར་རྫོང་གི་སི་མའོ་ཨར་ནཱས་ཕོ་བྲང་དུ་བཙུགས།

གྱེན་ལངས་ཚོགས་པས་དྲག་པོའི་འོས་ལངས་མ་བྱས་གོང་ནས་ཨུ་རུ་སུ་སྲིད་གཞུང་གིས། འོས་ལངས་བཀོད་འདོམས་ཁང་ལ་ཐད་ཀར་ཚུར་རྒོལ་དྲག་པོ་བྱས་ཀྱང་། ལེ་ཉིན་གྱིས་བཀོད་འདོམས་འོག་སྔ་ས་ནས་གྲ་སྒྲིག་ཡོད་པའི་གྱེན་ལང་གསར་བརྗེ་དམག་མི་ཁྲི་ཉི་ཤུ་ལྷག་གིས་དཔའ་ངར་ཞུམ་མེད་ཀྱིས་ཕར་རྒོལ་དྲག་པོ་བྱས་པས་གཞུང་དམག་འབོར་ཆེར་བསད། ལྷག་མ་རྣམས་རྒྱལ་ས་རྙིང་པ་ལ་ཕྱིར་འཐེན་བྱེད་དགོས་པ་བཟོས།

འོས་ལངས་དེའི་རྒྱལ་ཁའི་གཏམ་སྙན་གང་སར་ཁྱབ་པ་དང་ཨུ་རུ་སུའི་ས་ཕྱོགས་གང་ས་ནས་གནོན་ཐབས་མེད་པའི་འོས་ལངས་ཀྱི་མེ་ལྕེ་ཉིན་རེ་ནས་ཉིན་རེ་ཇེ་ཆེར་འབར་ཏེ། ལོ་དེའི་ཟླ་༡༡་པའི་ནང་ཨུ་རུ་སུ་འབྱོར་ལྡན་གྲལ་རིམ་གྱི་སྲིད་གཞུང་གི་ཕོ་བྲང་དང་མཁར་གྲོང་འགའ་ཞིག་མ་གཏོགས་རྒྱལ་ཡོངས་ཀྱི་ས་ཁྱོན་ཡོངས་རྫོགས་གསར་བརྗེ་འོས་ལངས་པས་ཡོངས་སུ་བཟུང་། ཟླ་བ་དེའི་ཚེས་༧ཉིན། ཕྱོགས་ཡོངས་ཀྱི་འོས་ལངས་མཉམ་འབྲེལ་གྱིས་སུའུ་ཝཱའེ་ཨེ་མི་དམངས་གྲོས་ཚོགས་ཐེངས་དང་པོ་དེ་འཚོགས་ཤིང་། ཚོགས་འདུ་དེའི་ནང་ལེ་ཉིན་གྱིས། ང་ཚོ་པུ་ཨར་ཧྲིན་ཝཱའི་ཁེ་ཚོགས་པའི་བཟོ་ཞིང་གསར་བརྗེ་ལ་རྒྱལ་ཁ་ཐོབ་པ་རེད། དེ་རིང་ནས་བཟུང་ཨུ་རུ་སུའི་འབྱོར་ལྡན་གྲལ་རིམ་གྱི་གནས་སྐབས་སྲིད་གཞུང་རུལ་སུངས་དེ་མཇུག་བསྡུ་ཚར་བ་རེད། དེ་རིང་ནས་བཟུང་ཨུ་རུ་སུ་རྒྱལ་ཁབ་ཀྱི་དབང་ཆ་ཡོངས་རྫོགས་སུའུ་ཝཱེའི་ཨེ་མི་དམངས་གྲོས་ཚོགས་ལ་ཡོད་ཅེས་པའི་བསྒྲགས་གཏམ་སྤེལ།

དྲག་པོའི་འོས་ལངས་མུ་མཐུད་ནས་སྤེལ་ཏེ་གནས་སྐབས་སྲིད་གཞུང་གིས་བཟུང་བའི་མཁར་གྲོང་དང་ཕོ་བྲང་བཅས་པ་འཕྲོགས། གཞུང་འཛིན་སྲུང་དམག་འབོར་ཆེ་བསད། ལྷག་མ་ཚོས་མགོ་འདོགས་བྱས། སྲིད་གཞུང་རྙིང་པའི་བྱེད་གཏེ་གཙོ་བོ་དྲུག་གིས་མགོ་བཏགས་ཞུས་ཏེ། སྲིད་གཞུང་རྙིང་པའི་ཡིག་རྩ་ཆེ་དང་ཐམ་ག་བཅས་པ་རྩིས་སྤྲད་བྱས།

དེ་ནས་མི་རིང་བར་ཨུ་རུ་སུ་སུའུ་ཝཱའེ་ཨེ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་དེ་བསྐོང་ཚོགས་བྱས། ཚོགས་ཆེན་དེའི་ཐོག་ལེ་ཉིན་གྱིས་ལྗགས་རྩོམ་གནང་བའི་བཟོ་ཞིང་དམག་གསུམ་གྱི་བསྒྲགས་གཏམ་གྲོས་འཆར་བཏོན་པ་དེར་གྲོས་འཆམ་བྱུང་། རྒྱལ་ཡོངས་ཚོགས་ཆེན་ཐོག་འོས་འདེམས་ཀྱི་ལམ་ནས། ལེ་ཉིན་ཨུ་རུ་སུའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙོ་འཛིན་བདམས་འཐོན་བྱུང་། ཁོང་གིས་ཚོགས་ཆེན་དེའི་ཐོག་མཛམ་གླིང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་མཐུན་རྒྱལ་ཁབ་དང་པོ་དེ་གསར་འཛུགས་བྱས་པའི་བསྒྲགས་གཏམ་སྤེལ།

རང་ཉིད་ཀྱི་ལམ་སྟོན་འོག་ནས་ཨུ་རུ་སུ་སྤྱི་ཚོགས་རིང་ལུགས་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་གསར་བཟོ་ཐོག་རང་ཉིད་དངོས་ཀྱིས་ཁྲིམས་ཡིག་གི་གནད་དོན་ཆུང་ཚགས་ལའང་ཧ་ཅང་བརྩི་བཀུར་བྱེད།

སྤྱི་ལོ་༡༩༡༨ལོའི་དཔྱིད་ཀར་སུའུ་ཝཱའེ་ཨེ་ཨུ་རུ་སུའི་སྲིད་གཞུང་ལྟེ་བ་དེ་རྒྱལ་ས་རྙིང་པ་མཱོ་སེ་ཁའོ་ལ་སྤོས། གསར་འཛུགས་བྱས་མ་ཐག་པའི་སྲིད་གཞུང་གི་གོང་འོག་གཞུང་འཛིན་ལས་བྱེད་པ་ཚོས་དྲག་སྤྱོད་དང་གདུག་རྩུབ་ཆེན་པོའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་ལེགས་བཅོས་གནང་།

སྤྱི་ལོ་༡༩༢༤ ལོར་ཨུ་རུ་སུ་རྒྱལ་ས་མའོ་སེ་ཁའོ་ལ་སྐུ་ཚེའི་འཕེན་པ་ཡོངས་སུ་རྫོགས་ཤིང་། སྐབས་དེར་ཁོང་དགུང་ལོ་ལྔ་བཅུ་ང་བཞི་ལ་ཕེབས་ཡོད།

(བེ་རི་འཇིགས་མེད་ཀྱིས་དོན་བསྒྱུར་བྱས།)