ཨི་ཇིབ་
ཨི་ཇིབ་ Egypt
ཨི་ཇིབ་ – ཨི་ཇིབ་ཨ་རབ་སྤྱི་མཐུན་རྒྱལ་ཁབ Arab Republic of Egypt
བོད་དང་ཨེ་ཇིབ་ཀྱི་འབྲེལ་བ
[རྩོམ་སྒྲིག]ཨེ་ཇིབ་གཏོར་གཟུགས་མཆོད་རྟེན་གྱི་མདུན་ན། མཐོ་ཚད་ལ་སྨི་21དང་། རིང་ཚད་ལ་སྨི་57ཡོད་པ། ཁ་ཤར་ཕྱོགས་སུ་བསྟན་ཡོད་པའི་རྡོ་བརྐོས་སྐུ་བརྙན་ཆེན་པོ་ཞིག་ཡོད་པ་ནི་སེང་གེ་མིའི་གདོང་བ་ཅན་ཞེས་གྲགས་པ་དེ་ཡིན། ལུས་སེང་གེ་དང་གདོང་མིའི་གདོང་དབྱིབས་བཞིན་བརྐོས་པས་མི་རྣམས་ཀྱིས་དེ་ལ་སེང་གེ་མིའི་གདོང་བ་ཅན་ཞེས་འབོད་པ་ཡིན། རྗེས་ནས་ནཱ་ཕོ་ལུན་Napoleonགྱིས་ཨེ་ཇིབ་རྒྱལ་ཁབ་ལ་བཙན་འཛུལ་བྱས་དུས་སེངྒེ་མིའི་གདོང་བ་ཅན་ལ་མེ་སྒྱོགས་བརྒྱབས་ནས་རྨས་སྐྱོན་བཟོས་ཡོད། དེ་མཚུངས་བོད་དབུས་ཀྱི་ལྷ་སའི་པོ་ཏ་ལའི་ནང་ནའང་སེངྒེ་མིའི་གདོང་བ་ཅན་ཞིག་དངོས་སུ་ཡོད་པ་དགེ་རྒན་བཀའ་དྲིན་ཅན་ཟམ་ཚ་ཚེ་རིང་དོན་གྲུབ་ཀྱི་ཞལ་ནས་ཐོས་པས། གནའ་སྔ་མོའི་དུས་སུ་བོད་དང་ཨེ་ཇིབ་གཉིས་རིག་གནས་ཀྱི་འབྲེལ་བ་དམ་ཟབ་ཡོད་མེད་འགྲོ་སྙམ་སྟེ།
དེང་སྐབས་འཛམ་གླིང་གི་གནའ་བོའི་ཁྱད་མཚར་བྱུང་བ་བདུན་གྱི་ཐོག་མར་བཞག་པའི་ཨེ་ཇིབ་ཁུ་ཧྥུ་གཏོར་གཟུགས་མཆོད་རྟེན་དེ་ཨེ་ཇིབ་རྒྱལ་རབས་ལྔ་བ་Khufu胡夫ཁུ་ཧྥུས་དམངས་རྣམས་བྲན་གཡོག་ཏུ་བཀོལ་ནས། དམངས་འབུམ་རེ་འཛིན་གྲྭ་གཅིག་ཏུ་ཕྱེས་ནས་མི་ལོ་སུམ་ཅུའི་ཡུན་ལ་བཞེངས་པར་བཤད། གཏོར་གཟུགས་མཆོད་རྟེན་དེ་རྡོ་ཆེ་ཆུང་མི་འདྲ་བ་ཁྲི་230ལྷག་གིས་བརྩིགས་ཤིང་། ཆ་སྙོམས་རྡོ་རེའི་ལྗིད་ཚད་ལ་ཏུན་2.5ཡོད་པར་བཤད། མཐོ་ཚད་ལ་སྨི་146.5ཡོད་པ། མཐའ་རེའི་རིང་ཚད་ལ་སྨི་230ཡོད་པས་གལ་ཏེ་གཏོར་གཟུགས་མཆོད་རྟེན་ལ་བསྐོར་བ་གཅིག་རྒྱག་དགོས་ན་སྤྱི་ལེ་གཅིག་གི་ཡུན་ལ་འགྲོ་དགོས་པ་ཡིན། དབྱིབས་གཟུགས་རང་རེའི་བོད་ཀྱི་ཆོས་པ་ཚོའི་གཏོར་མ་དང་འདྲ་བས་ང་ཚོས་དེ་ལ་གཏོར་གཟུགས་མཆོད་རྟེན་ཞེས་འབོད་པ་ཡིན།
ཨེ་ཇིབ་གཏོར་གཟུགས་མཆོད་རྟེན་དེ་མདོར་ན་ཨེ་ཇིབ་(法老)རྒྱལ་བོ་རང་ཉིད་ཤི་རྗེས་རང་གི་གདུང་རུས་འཇོག་སའམ་བང་སོར་བཞེངས་པ་ཡིན། རྒྱལ་བོ་རྣམས་གསོན་པའི་དུས་སུ་འབངས་ཕལ་བ་དག་དང་མི་མཐུན་ལ། ཤི་བའི་དུས་ནའང་འབངས་ཕལ་བ་དང་མི་མཐུན་པར་བྱེད་པ་ཡིན། དཔེར་ན་རྒྱ་ནག་གི་གོང་མ་ཆིན་ཧྲི་ཧོང་དང་། བོད་ཀྱི་རྒྱལ་བོ་སྲོང་བཙན་སྒམ་པོ། ཨེ་ཇིབ་ཀྱི་རྒྱལ་བོ་སོགས་ཀྱིས་མཚོན་ཁོ་ཚོའི་གདུང་རུས་འཇོག་ས་དེ་གཞན་དང་བསྡུར་ན། བརྗིད་ཉམས་ཆེ་ལ་བཟོད་བཀོད་སྣ་ཚོགས་པ། ནང་དུ་རིན་ཆེན་གསེར་དངུལ་སྣ་ཚོགས་ཀྱིས་བཞེངས་པ་ཡིན། དེ་ལྟར་བཞེངས་དོན་བརྟན་བརླིང་གིས་འགྱིངས་པའི་བང་སོ་ལ་བརྟེན་ནས་རྗེ་བོ་ཚོས་དུས་གཏན་དུ་དབང་སྒྱུར་རྒྱུན་བསྲིངས་བྱེད་འདོད་པ་དང་། བརྗིད་ཉམས་དང་བཟོ་བཀོད་ཁྱད་མཚར་བས་དམངས་རྣམས་གུས་ཤིང་དངངས་ཏེ་ངོ་རྒོལ་བྱ་མི་འོས་པའི་ཆབ་སྲིད་ཀྱི་བརྡ་ཐབས་ཤིག་ཅི་ལ་མིན།
གནའ་སྔ་མོ་ནས་བོད་མི་ཞིག་ཤི་ཚེ་མི་དེའི་རུས་ཐལ་སཱ་ཙྪར་བཅུག་ནས་དབུས་ལ་ཁྱེར་སྲོལ་ཡོད། དེ་ན་ཨེ་ཇིབ་གཏོར་གཟུགས་མཆོད་རྟེན་དང་སཱཙྪ་གཉིས་བོངས་ཚད་ཁྱད་ཆེན་པོ་ཡོད་པ་ཅི་ཡིན། གཏོར་གཟུགས་མཆོད་རྟེན་གྱི་ཆ་སྙོམས་རྡོ་རེའི་ལྗིད་ཚད་ལ་ཏུན་2.5ཡོད་པ་དང་། བོད་ཀྱི་སཱཙྪ་ཞིག་གི་ལྗིད་ཚད་ལ་ཆ་སྙོམས་རྒྱ་མ་གཅིག་ཀྱང་མི་འདང་བ། ཨེ་ཇིབ་གཏོར་གཟུགས་མཆོད་རྟེན་ནི་ངལ་རྩོལ་བ་མི་འབུམ་རེ་འཛིན་གྲྭར་བྱས་ནས། འཛིན་གྲྭ་རེས་ཟླ་གསུམ་རེ་ལས་ནས་བརྗེ་སྤོར་བྱས་པ་བརྒྱུད་མཐར་མི་ལོ་སུམ་ཅུའི་ཡུན་གྱིས་བཞེངས་པ་དང་། བོད་ཀྱི་སཱཙྪ་ཞིག་མི་གཅིག་གིས་ཉིན་གཅིག་ལའང་བརྒྱ་ཕྲག་བཟོ་ཐུབ་པས་དེ་དག་གི་བོངས་ཚད་དང་བར་ཁྱད་ཅི་ཡིན་ཞེ་ན། ཤི་བའི་རུས་ཐལ་དབུས་ལ་འཁྱེར་སྲོལ་ཡོད་པ་དད་མོས་ཀྱི་རེ་འདུན་བསྒྲུབ་པ་ཞིག་ཡིན་ལ། དེ་འཁྱེར་དགོས་ན་བོངས་ཚད་ཆེན་པོས་ཁྱེར་མི་ཐུབ་སྟབས་རུས་ཐལ་ཁོག་པར་བཅུག་ནས་ཁྱེར་བ་ཡིན། རྒྱལ་བོའི་བང་སོ་དེ་ནམ་ཡང་བརྟན་འཇགས་སུ་གནས་པ་དང་དེའི་ཆེ་བ་འདོན་ཕྱིར་ཆེར་བཞེངས་པ་ཡིན་ཙང་། བོངས་ཚད་ཆེ་ཆུང་དང་དུས་ཡུན་རིང་ཐུང་། དཀའ་ངལ་བརྒྱབས་མ་བརྒྱབས་ཅི་ཙམ་ཞིག་ཡོད་ཀྱང་ཨེ་ཇིབ་ཀྱི་གཏོར་གཟུགས་མཆོད་རྟེན་དང་བོད་ཀྱི་སཱཙྪ་གཉིས་བྱེད་ལས་ཀྱི་ཆ་ནས་གདུང་རུས་དང་རུས་ཐལ་འཇོག་ས་ཡིན་པས་གཅིག་པ་ཁོ་ན་ཡིན། (སཱཙྪ་ཡིན་ན་རུས་ཐལ་འཇོག་ས་ཡིན་པའི་དོན་མིན་པར་རུས་ཐལ་འཇོག་པའི་སཱཙྪ་ཡོད་ཅེས་པའོ།།)
མ་ཟད་སཱ་ཙྪའི་དབྱིབས་དང་གཏོར་གཟུགས་མཆོད་རྟེན་གྱི་དབྱིབས་གཉིས་ཤིན་ཏུ་མཚུངས་པ་ང་ཚོས་མངོན་སུམ་དུ་མཐོང་བ་དང་། གཏོར་གཟུགས་མཆོད་རྟེན་གྱི་ཁ་བོད་དབུས་ཕྱོགས་སུ་འཁོར་ཡོད་དོ་ཞེས་བརྗོད་པ་སོགས་ལ་གཞིགས་ན། དེ་ནི་འོས་པར་དཀའ་བའམ་མི་འོས་པར་མཆོག་ཏུ་འཛིན་པ་ཙམ་ཞིག་མིན་པར། གནའ་སྔ་མོའི་དུས་སུ་བོད་དང་ཨེ་ཇིབ་གཉིས་ཕན་ཚུན་རིག་གནས་ཀྱི་འབྲེལ་བ་དམ་ཟབ་ཡོད་ཤས་ཆེ་མིན་འགྲོ་སྙམ་པ་རིག་པས་ཧ་ལམ་འགྲུབ་ནུས། གཞན་ཨེ་ཇིབ་ནས་བོད་དུ་ཚུར་རིག་གནས་མཆེད་པ་ཡིན་ནམ། བོད་ནས་ཕར་ཨེ་ཇིབ་ལ་རིག་གནས་མཆེད་པ་ཡིན་མིན་སོགས་ལོ་རྒྱུས་ཀྱི་དུས་སྐབས་སྔ་ཆེ་བས་དཔྱད་གཞིའི་ཁུངས་བཙུན་པ་ཅི་ཡང་མེད་ནའང་། ལོ་རྒྱུས་སྨྲ་བ་བོ་དང་ཤེས་ལྡན་རྣམས་ཀྱིས་རང་བཟོ་ཙམ་མིན་པར་རིག་པས་བསྲེགས་ཤིང་བརྡར་བར་བྱ་བའི་གཞི་གལ་ཆེན་ཞིག་ཏུ་མཐོང་ངོ་། །