ཨ་ལགས་ཁྱོམ་ཙཱ་རིན་པོ་ཆེ་

ཡོང་ཁུངས་Wikipedia

དེ་ཡང་བུ་སྟོན་རིན་ཆེན་གྲུབ་སོགས་ཀྱི་ཞལ་སྔ་ནས་དམ་པ་ཁོང་གི་སྐུའི་སྐྱེ་ཕྲེང་དང་པོ་རིན་ཆེན་ཀུན་བཟང་རྣམ་རྒྱལ་ལ་ཁྱེད་ནི་ཁྲོ་ཕུ་ལོ་ཙཱ་བའི་རྣམ་སྤྲུལ་ཡིན་པས།རང་ཡུལ་དུ་སོང་ནས་དགོན་པ་ཞིག་བཏབ་སྟེ་བསྐྱངས་ན་ལེགས་ཞེས་གསུངས་དོན་བཞིན་ཕྱིར་རང་ཡུལ་དུ་ཞབས་སོར་འཁོད་ནས་དགོན་པ་ཕྱག་བཏབ། དེ་ནས་བཟུང་ཁྱོམ་ཙཱ་སྐུ་ཕྲེང་རིམ་བྱོན་གྱིས་མདོ་སྨད་བསྟན་པའི་ཞབས་ཏོག་དང་།སྒོས་སུ་ཡུལ་ཕྱོགས་འདིའི་བསྟན་དང་འགྲོ་བའི་དོན་ལ་གཡེལ་མེད་བཀའ་དྲིན་ཆེན་པོས་བསྐྱངས་པ་ནི་ཡུལ་འདིའི་སྐྱེ་བོ་ཀུན་གྱི་དད་པའི་སེམས་ངོགས་ན་ལྷམ་མེར་བཞུགས་སོ། འདིར་ཁྱོམ་ཙཱ་ཞེས་པའང་བརྡ་ཟུར་འགྱུར་བ་སྟེ། ཁྲོ་ཕུ་ལོ་ཙཱ་བའི་སྤྲུལ་བ་ཡིན་པས་ཁྲོ་ཙཱ་སྤྲུལ་སྐུ་ཞེས་པ་རིམ་གྱིས་ཡུལ་ཕྱོགས་ཀྱི་སྐད་ལུགས་ལྟར་ཁྱོམ་ཙཱར་འགྱུར་བར་གསུངས།

"སྒྲིབ་བྲལ་ཡེ་ཤེས་ཀྱི་སྤྱན་གྱིས་ལེགས་ཉེས་གསལ་བར་གཟིགས་ཤིང་། རིས་བྲལ་བརྩེ་བ་ཆེན་པོའི་བདག་ཉིད།རང་རེ་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ།"ཁྱོམ་ཙཱ་སྐུ་ཕྲེང་བཅུ་གཅིག་པ་འཇམ་དབྱངས་ཀླུ་སྒྲུབ་རྒྱ་མཚོ་མཆོག་སྐུ་ཞི་བར་གཤེགས་པར་དད་ལྡན་སེར་སྐྱ་ཡོངས་ལ་ཞུ་འཕྲིན་དང་། དད་པ་ཅན་ལ་དག་སྣང་གི་རྒྱུར་དམ་པ་ཁོང་གི་མཛད་རྣམ་དང་འབྲེལ་ནས་སྐུ་དག་ཞིང་རྒྱས་པའི་སྐོར་མདོར་ཙམ་ཞུ་བར་བྱ་བ་ལ།

ཁོང་ནི་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་ཁྱི་ལོའི་ཟླ་བ་བདུན་པའི་ནང་དུ་ཚ་རུ་མ་སྡེ་བའི་མགོ་ལོག་གྲུ་བ་ཚང་གི་ཡབ་ཤེར་ཁོ་དང་ཡུམ་གྱད་པུ་ནོར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་བཅུ་དྲུག་ནས་ཨ་མཆོག་མཚན་ཉིད་དགོན་དཔལ་ལྡན་སྨྲ་སེང་གླིང་དུ་ཆོས་གྲལ་ཞུགས་ཏེ་ངེས་དོན་གྱི་བཤེས་གཉེན་མང་པོའི་མདུན་ས་རུ་བསླབ་པ་སློབ་གཉེར་རྡོ་རུས་ཐུག་པ་མཛད་ཅིང་དབང་ལུང་ཁྲིད་གསུམ་མང་བོ་ཐོབ། རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ལོར་ཁྲི་གུང་ཐང་བསྟན་པའི་དབང་ཕྱུག་གིས་ཨ་ལགས་བླ་ཁོ་རིན་པོ་ཆེའི་སྐུ་གདུང་མདུན་ནས་ཁྱོམ་ཙཱ་སྐུ་སྐྱེར་ངོས་འཛིན་གནང་ཞིང་། སྐྱ་མགོ་དགོན་གྲོང་གཉིས་དང་དགོན་སྡེ་བཅུ་དྲུག་གི་བླ་གྲྭ་མང་པོས་ཁྲི་སྟོན་གཟབ་རྒྱས་བྱས། ཁོང་དབུས་གཙང་སོགས་གནས་ཆེན་མང་བོར་ཕེབས་ནས་ཕྱག་སྐོར་ཁྱད་དུ་འཕགས་པ་གནང་ཞིང་། ནམ་རྒྱུན་འགྲོ་བའི་དོན་ལ་སྐུ་ངལ་མཛད།ལྷག་པར་དུ་རིས་མེད་གྲུབ་མཐའ་འཆམ་མཐུན་དང་།སྐྱ་མགོ་དགོན་དགའ་ལྡན་ཆོས་འཁོར་གླིང་གི་དགོན་ས་གསར་རྒྱག ལྷ་སྡེ་མི་སྡེའི་གཞིས་སྲུང་། ཉམས་ཆུང་འཁོས་ཞན་རྣམས་ལ་རོགས་སྐྱོར་སོགས་དུས་ཀུན་གཡོལ་བ་མེད་པར་སྐུ་དྲིན་བསྐྱངས། ཁོང་རིན་པོ་ཆེའི་མདུན་འདུག་པས་གསུངས་པ་ལྟར་ན། ཁོང་ལ་ཞབས་ཏོག་བསྒྲུབས་ནས་མི་ལོ་བཅོ་བརྒྱད་ཙམ་གྱི་རིང་དུ།ཁོང་གིས་སྐུ་ངལ་ལ་འཛེམས་ནས་ཁྱིམ་ཚང་སོ་སོའི་བཅའ་བ་རིམ་གྲོ་དང་། ཤི་བོའི་སྔས་མགོ དབང་བཀའ་ཆོས་སོགས་ལ་ཐེངས་གཅིག་བྱོལ་བ་ཙམ་ཀྱང་དྲན་རྒྱུ་མི་འདུག ལྷག་པར་དུ་ཁྱིམ་ཚང་སྐྱོ་བོ་དག་ནམ་རྒྱུན་ཐུགས་ལ་བཅངས་ཏེ་སྐབས་ངེས་མེད་དུ་ཕེབས་ཤིང་། ཁོང་གིས་མེ་འབུད་ཇ་སྐོལ་སོགས་ཀྱང་བྱས་ཏེ་མཉམ་དུ་ཇ་འཐུང་ནས་ནས་ཁ་ཏ་སློབ་གསོ་བྱེད་ཅིང་། དཀའ་ཁག་ཅན་ལ་འཚོ་བའི་གསབ་དངུལ་སོགས་ཀྱང་གནངས། དེ་བཞིན་དགོན་གནས་གསར་བཞེངས་ཀྱི་སྐབས་སུའང་གྲྭ་བ་གཞན་དང་འདྲ་བར་ས་རྡོ་ཡན་ཆད་ཁོང་རང་གིས་ཁུར་ནས་སྐུ་ཚེགས་གནང་། ཁོང་གིས་ནམ་རྒྱུན་བྱིས་པ་སློབ་གྲྭར་བསྐྱལ་ནས་སློབ་སྦྱོང་གི་གོ་སྐབས་སྤྲད་རྒྱུ་དང་སྐྱེ་བོ་ཉམས་ཐག་རྣམས་ལ་དམིགས་བསལ་ལྟ་སྐྱོང་དང་རོགས་འདེགས་བྱེད་རྒྱུ་གལ་ཆེ་བར་གླེང་། གཞན་ཡང་ཁོང་ནི་ཁྱུང་མཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་ཞིང་། ཁོང་གི་ཐུགས་ལ་གྲུབ་མཐའ་འཆམ་མཐུན་མཉམ་གནས་ནི་གནད་ཀྱི་དམ་པར་མཐོང་བས་ན། ནམ་རྒྱུན་གྲུབ་མཐའ་རིས་མེད་ཀྱི་འཆམ་མཐུན་ལ་ཐུགས་འདང་གནང་ཞིང་།དེའི་ཆེད་དུ་བྱ་གཞག་མང་པོ་བསྒྲུབས། དེང་གི་དུས་སུ་ཁྱུང་མཆུ་རྫོང་གི་གྱུབ་མཐའ་གསར་རྙིང་དང་བོན་སྔགས་བཅས་དགོན་ཁག་ཐམས་ཅད་ཐུགས་མཐུན་ཞིང་འདང་ཆེ་བ།ཕན་ཚུན་འགྲོ་འོང་ཟབ་ལ། ཚང་མས་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་ཡུལ་ཁམས་འདི་དང་བསྟན་པ་འདིའི་འཕེལ་རྒྱས་ལ་ཕྱག་ལས་གནང་བ་ཕྱོགས་ཀྱི་སྐྱེ་བོས་བསྔགས་བརྗོད་ཀྱི་མེ་ཏོག་འཕོ་བའི་གནས་སུ་འཁུམས་ལགས།

༧ ཁྱོམ་ཙྭ་འཇམ་དབྱངས་ཀླུ་སྒྲུབ་རྒྱ་མཚོ་མཆོག༼༢༽

ཉེ་བའི་ལོ་སྔོན་མའི་ནང་ཞིག་ལ། ཁོང་གིས་མ་ཡུམ་ལ། ཨ་མ། ད་ནས་བཟུང་སྟེ་ངས་ཆོས་རྐྱང་རྐྱང་སྒྲུབ་རྒྱུ་ཡིན། སྒྲུབ་པ་ཉམས་ལེན་ལ་འབད་རྒྱུ་ཡིན། དེ་འདྲ་ཞིག་མ་གཏོགས་ཨེ་འདུག་ཀྱང་མི་ཤེས་ཞེས་གསུངས་ཤིང་། མ་ཡུམ་གྱི་བསམ་པར་ཁོང་རྒྱ་གར་ཞིག་ལ་འགྲོ་འདོད་སྐྱེས་བཞིན་པ་མིན་འགྲོ་སྙམ། དེ་ཡང་སྤྱི་ལོ༢༠༡༧ལོའི་ཟླ༡༡པའི་ནང་ཁོང་ལྷ་སར་ཕེབས་རྒྱུའི་སྟ་གོན་བྱས་ཤིང་། ལམ་བར་ཁྲིན་ཏུའི་རུ་ས་དེར་ཡོད་པའི་ཡུལ་ཕྱོགས་གཅིག་པའི་མི་མང་པོར་བརྡ་བཏང་ནས་མཉམ་དུ་ཇ་བཞེས་ཤིང་། མི་ཞིག་ཡིན་ན་བློ་དཀར་གཞུང་དྲང་བྱེད་རྒྱུ་དང་། དྲང་བདེན་གྱི་ལས་ལ་འབད་རྒྱུ། དེ་བཞིན་མཐུན་སྒྲིལ་གལ་ཆེ་ལུགས་སོགས་ཀྱི་སྐོར་ནས་ཁ་ཏ་སློབ་གསོ་མང་དུ་མཛད་ཅིང་། ཁོང་རང་ངོས་ནས་ད་ནི་སྒྲུབ་པ་ཉམས་ལེན་ཅུང་རེར་འབད་རྒྱུ་ཡིན་ཞེས་གསུངས། དེ་ནས་ཁོང་རིན་པོ་ཆེ་དབུས་ལྷ་ལྡན་གྲོང་དུ་ཕེབས། དབུས་སུ་འབྱོར་ནས་ཐོག་མར་རྗེ་བཙུན་ཙོང་ཁ་པ་ཆེན་པོས་བཞེངས་པའི་གནས་ཁྱད་པར་ཅན་རྭ་ཁ་བྲག་ཏུ་ཕེབས་ཤིང་། རྗེ་རིན་པོ་ཆེས་དྲང་ངེས་ལེགས་བཤད་སྙིང་པོ་གསུངས་སའི་སྒྲུབ་ཕུག་ཏུ་བདེ་མཆོག་གི་མཚམས་ལ་ཞུགས དེ་ནས་དམིགས་བརྩེ་མའི་མཚམས་ལ་ཞུགས། མཚམས་གྲོལ་རྗེས་ལམ་རིམ་ཆེན་མོ་དང་དྲང་ངེས་ལེགས་བཤད་སྙིང་པོ་སོགས་གསན་གཟིགས་མཛད། དེ་ནས་ཕྱིར་ལྷ་སར་ཕེབས་ཏེ་གཙུག་ལག་ཁང་དང་ར་མོ་ཆེ་སོགས་ལ་ཕྱག་སྐོར་དང་དབུས་ཀྱི་གནས་ཆེན་ཆེ་ཁག་རྣམས་ལ་མཆོད་མཇལ་ཕེབས། ལོ་གསར་གྱི་སྐབས་སུ་ཁོང་གི་ཐུགས་འདུན་བཞིན་མ་ཡུམ་ལྷ་སར་ཕེབས་ནས་མཉམ་དུ་ལོ་སར་བྱས།

དེ་ལྟར་དབུས་ཀྱི་ཐུགས་དགོངས་རེ་ཞིག་གྲུབ་ནས་ཟླ་གསུམ་པའི་ཚེས་བཅུ་གཉིས་ལ་སྐུ་འབུམ་དགོན་དུ་ཆིབས་ཁ་སྒྱུར་ཞིང་། རྗེའི་གསེར་ཁང་ཆེན་མོའི་མདུན་དུ་ཕྱག་ཁྲི་དང་མཎྜལ་འབུམ་ཕུལ་ནས་མཚོ་སྔོན་གྱི་གནས་ཆེན་ཁ་ཤས་ལ་མཆོད་སྐོར་དང་སྦྲགས་བླ་བྲང་བཀྲ་ཤིས་འཁྱིིལ་དུ་ཕེབས་ཤིང་གུང་ཐང་རིན་པོ་ཆེར་མཇལ། དེ་ནས་བླ་བྲང་ཇོ་དགོན་དང་ཁོ་ཚེ་དགོན་སོགས་སུ་གཅོད་ཀྱི་ལུང་མན་ངག་དང་འདོན་རྟ་དབྱངས་སོགས་ཕྱག་ལེན་ཆ་ཚང་གང་བཞུགས་པ་ལྟར་བླངས་ནས་ཕྱིར་རང་དགོན་དུ་ཕེབས།


ཕྱིར་རང་དགོན་དུ་ཕེབས་མ་ཐག་ནས་སྒྲོན་དཀར་གྱི་མཚམས་ལ་ཞུགས་ཤིང་།དེ་ནས་གཅོད་ཀྱི་བདུན་མཚམས་དང་པོའམ་ནང་མཚམས་ཉིན་བདུན་ལ་བཞུགས། མཚམས་གྲོལ་རྗེས་ཕྱི་མཚམས་སུ་ཆུ་མིག་འགྲིམས་པར་ཕེབས། སྤྱིར་ཆུ་མིག་འགྲིམས་རིང་དབང་ལུང་དང་མཇལ་ཁ་གནང་བ་སོགས་བྱས་ན་བཀའ་གཉན་པས་སྐུ་ཚེ་ལ་གནོད་པའི་གསུང་རྒྱུན་ཡོད་མོད། དམ་པའི་མཛད་པ་འགྲོ་བའི་དོན་ལགས་ན། ཁོང་ཆུ་མིག་འགྲིམས་རིང་མདུན་སར་མཇལ་ཁར་བཅར་བའི་ཕྱོགས་ཡོངས་ཀྱི་དད་ལྡན་ཧ་ཅང་མང་པོ་སླེབས་ཤིང་དེ་དག་ལ་ཡང་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་གནང་ཞིང་ཁ་ཏ་སློབ་གསོ་བྱེད་པ་གཙིགས་ཆེར་འཛིན། ཁོང་གིས་ཆུ་མིག་འགྲིམས་དུས་ནས་ད་ལོའི་གེགས་བར་ཆད་འདི་བརྒལ་ཐབས་མེད་པ་འདྲ་ཞེས་གསུངས་ཤིང་། ནམ་རྒྱུན་སྒྲུབ་པ་ཉམས་ལེན་ལ་གཞོལ། གཞན་ཡང་ཁོང་ཆུ་མིག་འགྲིམས་དུས་ཕེབས་ཡུལ་ནི། སྐྱ་མགོ་རོང་རུ། ཚ་རུ་ཚ་ལུང་བཅས་ཀྱི་ས་ཡིན་ཞིང་། དེ་ལྟར་ཕེབས་པའི་མདོ་དོན་ནི་ཡུལ་ཕྱོགས་འདི་འཆམ་མཐུན་དང་ས་ཆར་བཀྲ་ཤིས་པའི་ཐུགས་བསྐྱེད་སྨོན་ལམ་བཏབ་པ་ཡིན་འདུག་ལགས། དེ་ལྟ་དེ་ལྟར་ཆུ་མིག་བརྒྱ་རྩ་བརྒྱད་འགྲིམས་ནས་ནང་མཚམས་དང་ཕྱི་མཚམས་སོགས་དམ་པ་གོང་མའི་ཕྱག་ལེན་ཇི་བཞིན་མཛད་ཅིང་། བདེ་མཆོག་བདག་འཇུག་ཚོགས་དང་བཅས་པ་གནང་པར་མ་ཟད།མཐར་དད་ལྡན་སྟོང་ཕྲག་ཙམ་ལ་གཅོད་ཀྱི་སྦྱིན་སྲེག་དང་བཅས་པ་གནང་ནས་ཟླ་བ་བཞི་དང་ཕྱེད་ཀའི་རིང་གི་ཆུ་མིག་འགྲིམས་པའི་ཐུགས་དགོངས་ཡོངས་སུ་གྲུབ།


ཆུ་མིག་འགྲིམས་པར་ཕེབས་དུས་ཀྱི་སྐུ་པར། ༼༣༽

སྦྱིན་སྲེག་གི་ཉིན་མོར་ཁོང་གི་ཐུགས་འདུན་བཞིན་ཚོ་བཞིའི་རྒན་པ་ལོ་དྲུག་ཅུའི་ཡན་ཚང་མར་བརྡ་བཏང་ནས་མཉམ་དུ་ཇ་བཞེས་རྒྱུ་དང་། དེའི་འགྲོ་གྲོན་དང་གྲ་སྒྲིག་ཆ་ཚང་ཁོང་རང་ངོས་ནས་ཕུད་དགོས་ཞེས་པ་གསུངས་དོན་ལྟར་སྒྲུབ་ནས། ཚོ་བཞིའི་རྒན་པ་རྣམས་དང་མཉམ་དུ་སྔོ་ལྗང་སྤང་ཐང་ཡངས་པོ་རུ་དགའ་སྐྱིད་ངང་གསོལ་ཇ་བཞེས་ཤིང་ཞལ་བརྡ་མཛད། ཉིན་དེར་ཁོང་གིས་གསུང་དོན་གཙོ་བོར། ཁྱིམ་བཟའ་ཚང་མཐུན་མོ་དང་། ཕ་མར་བརྩི་བཀུར་བྱེད་རྒྱུ། རུ་སྡེ་འཆམ་མཐུན་དང་ས་རྩོད་ཆུ་རྩོད་མི་བྱེད་རྒྱུ། བུ་རྒྱུད་སློབ་གྲྭར་གཏོང་རྒྱུ་བཅས་ནི་ངའི་རེ་བ་ཡིན་པས་ཁྱེད་ཅག་གི་ཐུགས་ལ་བཟུང་ཞེས་གསུངས་ཤིང་། མཐར་ཁོང་གིས་མཇལ་ཁ་གནང་ཞིང་རྒན་པ་རྣམས་ཚང་མའི་གདོང་ལ་སྐྱིད་པའི་འཛུམ་དང་བཅས་སོ་སོའི་ཡུལ་ལ་བསྐྱལ། དེ་ལྟར་ཆོས་ཀྱི་སྦྱིན་པ་དང་ཟང་ཟིང་གི་སྦྱིན་པས་ཀུན་ཀྱང་དགའ་བ་ཆེན་པོར་རོལ། དེའི་སྐབས་ཤིག་ནས་ཁོང་གི་ཞལ་མདོག་སོགས་ཅུང་སྔོན་དང་མ་འདྲ་བ་ཞིག་འདུག་པས་ཚང་མ་སེམས་མ་བདེ་བར་དགོན་པའི་ལས་སྣེ་དང་སྡེ་བའི་མགོ་ཁྲིད་སོགས་ཀྱིས་ནན་གྱིས་ཡང་ཡང་སྐུལ་མཐར་ཁྲིན་ཏུ་རུ་བརྟག་དཔྱད་དུ་ཕེབས་རྒྱུའི་ཞལ་བཞེས་གནང་། ཡིན་ནའང་ད་དུང་ཁོང་གིས་ཁྱིམ་ཚང་བཞི་ལ་བཅའ་བ་རིམ་གྲོ་དང་དབང་སྐུར་ཁས་ལེན་བྱས་ཡོད་པས་དེ་ཅིས་ཀྱང་འགྲུབ་དགོས་ཞེས་ཉིན་ཧྲིལ་བོ་ཞིག་ལ་ཁོང་གི་སྐུ་སྙུང་བཞིན་ཡོད་ནའང་ཁྱིམ་ཚང་སོ་སོར་ཕེབས་ནས་དད་ལྡན་འགྲོ་བའི་རེ་འདོད་བསྐངས་ཤིང་། དགོན་པའི་དོ་དམ་པར་དགོན་མཐའི་ལྕགས་རི་རྒྱག་སྟངས་དང་།ལམ་ལས་ཚུལ། ཆུ་འཐེན་ལུགས་ཚུན་ཆོད་ཚང་མ་གསལ་པོར་གསུངས།

ཉིན་དེའི་དགོང་དྲོར་ཁྲིན་ཏུ་རུ་ཕེབས་ནའང་སྐུ་གཟུགས་ཅུང་མ་བདེ་བས་ཁྲི་ཚང་དུ་སྐུ་ངལ་གསོས། ཕྱི་ཉིན་ཞོགས་པར་ཁྲིན་ཏུ་རུ་འབྱོར་ནས་ཞིང་ཆེན་མི་དམངས་སྨན་ཁང་དུ་བརྟག་དཔྱད་བྱས་མཐར་སྨན་ཁང་གིས་ཁོང་ལ་ཁྲག་ཤེད་མཐོ་བ་དང་མཁལ་མར་སྐུ་སྙུན་བྱུང་འདུག་པས་མཁལ་མ་བརྗེ་དགོས་པ་སོགས་ཀྱི་རེ་བ་བཏོན་ཞིང་། སྤྱིར་སྙུང་གཞི་ལྕི་མོ་ཡིན་ནའང་སྨན་ཁང་ལ་བཅོས་ཐུབ་པའི་གདེང་ཚོད་ཡོད་པར་བཤད། དེ་ནས་སྨན་ཁང་དུ་བཞུགས་ནས་ཉིན་ཤས་རྗེས་ཁྲག་བཅོས་ཀྱི་མགོ་བརྩམས་ཏེ་གཟའ་འཁོར་རེར་ཁྲག་ཐེངས་མ་གསུམ་དཀྲུགས་ནས་སྨན་བཅོས་བྱས་ཤིང་རིམ་གྱིས་སྐུ་གཟུགས་ཀྱང་ཇེ་ལེགས་སུ་ཕྱིན་ནས་ཡི་ག་ཡང་ཅུང་རྒྱུན་ལྡན་དུ་གྱུར། ཁོང་གིས་གསུངས་དོན། ཁྲག་དཀྲུག་རྒྱུ་དེ་གཟའ་འཁོར་རེར་ཐེངས་གསུམ་རེད། ཐེངས་རེར་དུས་ཚོད་བཞི་རེད། དེ་ལྟར་ན་གཟའ་འཁོར་རེར་དུས་ཚོད་བཅུ་གཉིས་ཀྱི་ཡུན་ལ་ཁུ་སིམ་པོའི་ངང་ཁ་འདོན་དགེ་སྦྱོང་དང་ཉམས་ལེན་ཧ་ཅང་ཡག་པོ་བྱེད་ཐུབ་བཞིན་འདུག་ཅེས་གསུངས། སྐབས་དེར་དགོན་པ་དང་ལྷ་སྡེ། ནང་མི་ཉེ་འབྲེལ་སོགས་ཀུན་གྱིས་ཁོང་གི་ཞབས་བརྟན་དུ་བཅའ་བ་རིམ་གྲོ་རྒྱ་ཆེར་སྒྲུབ་ཅིང་། སྐུ་ཚེའི་ཞབས་པད་བརྟན་རྒྱུར་གསོལ་བ་བཏབ། ཁོང་སྨན་ཁང་དུ་བཞུགས་རིང་མདུན་འདུག་པ་དང་ཁོང་གི་སྐུ་ནུས་ལས་གཞན་མཇལ་བ་དང་སྙུན་འདྲི་མཁན་སུ་ཡང་མ་ཕེབས་ན་ལེགས་པར་དགོངས་པས་ཁོང་གི་གསུང་བཞིན་མཛད། དེ་ལྟར་མཛད་པའི་དགོངས་དོན་ཡང་གཙོ་བོ་ཚེ་འདིར་ཕན་ཚུན་ཞེན་ཆགས་ཀྱི་རྒྱུ་རུ་མི་འགྲོ་བ་དང་།དད་ལྡན་མང་ཚོགས་རྣམས་ལ་དཀའ་ལས་མི་བཟོ་ཕྱིར་ཡིན་འདུག

དེ་ལྟར་སྨན་ཁང་དུ་བཞུགས་ནས་དུས་ཡུན་རིང་ཙམ་ཕྱིན་རྗེས་མནལ་ལམ་ཅུང་མི་བདེ་བ་དང་གསོ་རླུང་གིས་ཅུང་མི་འདང་བ་སོགས་ལས་གཞན་སྙུན་གཞིའི་ངོ་བོ་སྤྱིར་ཡག་ཙམ་འདུག སྐབས་དེ་ཤེད་ཅིག་ལ་ཁོང་གིས་དགོན་པའི་ལས་སྣེ་དང་རུ་སྡེའི་མགོ་ཁྲིད། རྫོང་གི་འབྲེལ་ཡོད་དབུ་ཁྲིད་སོགས་ལ། ཁོང་ལ་ཁྱེད་རྣམ་པར་ཞལ་བརྡ་རེ་བྱེད་རྒྱུ་ཡོད་པས་ཁྲིན་ཏུ་རུ་ཐེངས་ཤིག་ཕེབས་རོགས་གསུངས་དོན་བཞིན་ཟླ་བཅུ་བའི་ཚེས་དྲུག་ཉིན་གྱི་ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་རྫོང་ཨུའི་ཧྲུའུ་ཅི་དང་སྲིད་ཀྲུའུ་ཡི་ཀྲུའུ་ཞི་སོགས་སྙུན་འདྲིར་ཕེབས་ཤིང་། ཁོང་གིས་ཁྱེད་རྣམ་པས་མི་དམངས་ཀྱི་དོན་དུ་བྱ་བ་སྒྲུབ་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ནམ་རྒྱུན་མི་ཚང་དབུལ་བོ་དང་མི་ཉམས་ངན་འཁོས་ཞན་དག་ལ་རོགས་འདེགས་བྱེད་རྒྱུ་སོགས་ཀྱི་ཐུགས་རེ་བཏོན། ཁོང་རང་ངོས་ནས་བསམ་དོན་བཞིན་མ་འགྲུབ་པ་གཅིག་ཀྱང་མེད་པས་ཡིད་ཚིམས་པ་ཡིན་སོགས་གསུང་མོལ་ཆུ་ཚོད་གཅིག་ལྷག་ལ་བྱས། དེ་ནས་ཆུ་ཚོད་བཅུ་ཡས་མས་སུ་དགོན་པའི་ལས་སྣེ་དང་རྫོང་ཨུའི་ཧྲུའུ་ཅི་སྐུ་གཞོན། རུ་སྡེའི་འགོ་ཁྲིད་སོགས་ཁོང་གི་མདུན་སར་འབྱོར་ཞིང་། སྐུ་རིམ་ཞབས་བརྟན་ཕུལ་ལུགས་དང་མཁལ་མ་ངེས་པར་བརྗེ་དགོས་པ་སོགས་ཀྱི་སྐོར་ནས་སྙན་ཞུ་བསྡུས་པ་བྱས།


སྐུ་ཚེའི་མཐའ་མར་དབུས་སུ་སྒྲིབ་སྦྱོང་ལ་ཕེབས་དུས་ཀྱི་སྐུ་པར། ༼༤༽

དེ་ཡང་ཁོང་གིས་གསུང་དོན། ན་ནིང་ནས་ངས་ལོ་གེགས་འདི་གོམས་རྒྱུ་མ་རེད་བསམ་ནས་ཡོད། སྤྱིར་མི་ཞིག་གི་མཁལ་མ་བླངས་ནས་རང་ལ་སྤྲད་དགོས་རེད་ཟེར་ན་མི་གཞན་ལ་ཡང་གནོད་དུ་འགྱུར་བས་ཧ་ཅང་ཡིད་སྐྱོ་བོ་རེད། ངའི་མཁལ་ནད་འདི་ཡང་ཚེ་སྔོན་ལས་བསགས་རེད། ལོ་སྔོན་མ་དག་ལ་ལོ་རེར་ལུས་ཕུང་བརྟག་དཔྱད་ཐེངས་རེ་བྱས་མོད་ཀྱང་ཁྱེད་ལ་མཁལ་ནད་སྐྱོན་ཅན་ཞིག་འདུག་ཟེར་མ་མྱོང་། ད་ལོ་འདི་ལྟ་བུའི་ནད་རྟགས་ཤིག་ཐོན་ན་རང་གིས་དགའ་བ་སྒོམ་ཡོད། སྨོན་ལམ་བརྒྱབ་ཡོད། འགྲོ་བའི་སྡུག་བསྔལ་འདི་འདྲ་བ་ང་རང་སྟེང་དུ་བླངས་ན་སྙམ་པའི་སྨོན་ལམ་བཏབ་ཡོད། ནམ་རྒྱུན་སྣང་བ་ཞིག་ལ་༢༠༡༨ལོར་ཕལ་ཆེར་འདུག་ཐུབ་རྒྱུ་མ་རེད། ཐོག་དང་རླངས་འཁོར།ཁྲག་ཤེད་གང་རུང་ཞིག་གིས་རྐྱེན་བྱས་ནས་འགྲོ་དགོས་རྒྱུ་རེད། ཡིན་ནའང་ཤི་ན་ཤི་ཚུལ་སྣ་ཚོགས་རེད། འཇིིག་རྟེན་གཏམ་དཔེར་སྨུག་པ་རྫ་ལ་འཐིམས་འདྲ་དང་། བྲག་རི་ཐོག་གིས་གཏོར་འདྲ་ཞེས་པ་བཞིན། བྲག་རི་ཐོག་གིས་གཏོར་འདྲ་ཞིག་མ་བྱུང་བ་ཡག་པོ་རེད། དེ་འདྲ་བྱུང་ན་རུ་ཚོ་བ་དང་ཁྱིམ་མི་སོགས་ཚང་མའི་སེམས་ལ་སྐྱོ་སྡུག་ཆེན་པོའི་རྒྱུ་རེད། ད་ནི་རུ་ཚོ་བའི་སྡེ་མི་རྣམས་ལ་ཕལ་ཆེར་མི་རེར་ཐེངས་གསུམ་རེར་ཁ་བརྡ་མ་བྱས་ས་མེད། འཇིག་རྟེན་འདིའི་ཐོག་ལ་ཐོན་ནས་ལག་རྗེས་ཕྲན་ཙམ་རེ་འཇོག་ཐུབ་སོང་། འདི་ནས་བཟུང་སྟེ་སྐྱེ་བའི་ཕྲེང་བརྒྱུད་ཀུན་དུ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འགོད་པར་ཤོག་ཅེས་སྨོན་ལམ་རྒྱག་གིན་ཡོད། གུང་ཐང་རིན་པོ་ཆེ་དང་ཨ་མཆོག་རིན་པོ་ཆེ་སོགས་བླ་མ་རྣམས་ལ་ངའི་སྙུན་གཞིའི་སྐོར་སྔོན་ནས་ཞུས་ཚར་འདུག་པས་ཐུགས་འཚེར་གནང་གིན་ཡོད་པས། ད་ཁོང་རྣམ་པར་སྙན་ཚེགས་མ་བཟོ། ཞུགས་ནས་ཆོས་དགེ་བསྔོ་སོགས་ལ་རྩོད་པ་བྱེད་མི་ཆོག སུ་རྒྱལ་སུ་བཟང་འགྲན་ནས་འཇིག་རྟེན་ཆོས་བརྒྱད་བྱེད་མི་ཆོག ད་ནི་ནམ་རྒྱུན་སེམས་ལ་བཅངས་པའི་བྱ་བ་ཕལ་ཆེར་མ་འགྲུབ་པ་ཞིག་མེད། ཐམས་ཅད་བཀྲ་ཤིས་བདེ་ལེགས་ཡིན། ཅིག་བྱས་ན་གནམ་རྒན་མས་སེ་གོལ་ཙམ་གྱི་དུས་ཚོད་རེ་གནང་ཡོད་ཀྱང་ཐང་། དེ་འདྲ་ཡིན་ན་ཚེ་ཅུང་ཙམ་ཡོད་ངེས་པས་ཁྱེད་ཚོའི་ཁར་ཉན་ནས་སྨན་བཅོས་བྱེད།ད་ཁྱེད་རྣམས་སྨན་ཁང་གི་ཕྱིར་ཕེབས་ནས་ཇ་ཞིམ་པོ་ཞིག་འཐུང་ལ་དགའ་དགའ་སྐྱིད་སྐྱིད་བྱོས་ཞེས་ཆུ་ཚོད་གཅིག་ལྷག་གི་རིང་ལ་ཞལ་བརྡ་གནང་ཞིང་། ཇ་རིན་ངེས་པར་དུ་ངའི་སྒོར་ཁུག་ནང་ནས་ལེན་དགོས་ཞེས་ནན་ཚུགས་བྱས་པས་དེ་ལུགས་བཞིན་ཁོང་རྣམས་སྨན་ཁང་གི་ཕྱི་ལོགས་སུ་ཆས།

དེ་ནས་ཕྱི་དྲོ་ཁྲག་དཀྲུག་པའི་དུས་ཚོད་ལ་སླེབས་པས་ཁོང་འདེད་ཁྲིའི་སྟེང་བཞུགས་ཏེ་ཕེབས། བར་སྐབས་ཤིག་ལ་ཁོང་གིས་མདུན་འདུག་པའི་ལག་པར་ཕྱག་གིས་འཇུས་ཏེ། ཚུལ་ཁོ། ད་གཤེགས་རན་སོང་། སེམས་ན་འགྱོད་པ་སྤུ་ཙམ་ཡང་མེད་ཅེས་གསུངས་ཤིང་། དཀྲལ་བ་ནས་རྔུལ་ཆུ་ཟིམ་ཙམ་ཐོན་ཞིང་། ཞལ་ནས་ལུད་པ་ངང་དམར་ཞིག་བྱུང་བ་སོགས་བྱས་པས་མདུན་འདུག་པས་ཁོང་གི་སྙན་སར་བླ་མ་རྣམ་གཉིས་ཀྱི་སྐུ་བསྟོད་ཐེངས་འགར་བཟླས་ནས་གསོལ་བ་བཏབ་དུས་ཁོང་རིན་པོ་ཆེས་དབུ་བརྡ་ལན་འགའ་གནང་ནས་ཧ་ཅང་ཞི་ལྷོད་ངང་དབུ་ནང་དུ་བཀུག་སོང་། དེ་དུས་དགོང་དྲོའི་ཆུ་ཚོད་བདུན་དང་སྐར་མ་སོ་གཉིས་རེད། སྐབས་དེར་སྨན་པ་ཚོ་ཡང་སླེབས་ནས་ཁོང་གི་སྙིང་ཁར་གློག་རླབས་རྒྱག་པ་སོགས་མང་དུ་བྱས་མོད། མདུན་འདུག་པ་དང་སྐུ་ནུས་སོགས་ཀྱི་བསམ་པར་ད་ནི་དགོངས་པ་གཞན་དུ་བསྟད་ཟིན་པས་སྐྱོབ་རེ་བྲལ་བར་སྙམ། དེ་ལྟར་དགུང་གྲངས་ཞེ་དགུ་བཞེས་པ། བོད་རབ་བྱུང་བཅུ་བདུན་པའི་རྣམ་འཕྱང་ས་ཁྱི་ལོའི་ཁྲུམས་སྟོད་ཟླ་བའི་དམར་ཕྱོགས་ཀྱི་བཟང་བོ་གསུམ་པ། གཟའ་སྤེན་པ། སྐར་མ་མཆུ། ཉི་ནུབ་བྱའི་དུས་ཏེ། སྤྱི་ལོ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་པའི་ཚེས་དྲུག་གི་དགོང་དྲོའི་ཆུ་ཚོད་བརྒྱད་དང་སྐར་མ་བཅུ་དགུའི་སྟེང་ངེས་དོན་གྱི་སྐྱེས་བུ་དམ་པ། ཁྱོམ་ཙཱ་སྐུ་ཕྲེང་བཅུ་གཅིག་པ་འཇམ་དབྱངས་ཀླུ་སྒྲུབ་རྒྱ་མཚོ་མཆོག་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན།

ཁོང་རིན་པོ་ཆེ་སྐུ་དག་ཞིང་རྒྱས་ནས་ཉིན་གསུམ་གྱི་རྗེས་སུ་སི་ཁྲོན་ཁྲིན་ཏུའི་ཡི་རྒྱ་རིགས་བུད་མེད་ཙིན་ཕུའུ་ཧུང་གིས་མདུན་འདུག་པར་ཁ་པར་སླེབས་ཤིང་། ཁོ་མོས་སྐད་འཕྲིན་སྒང་ནས་ཁོང་གི་གནས་ཚུལ་རེ་མཐོང་བྱུང་བས་ཅི་ཡིན་གང་ཡིན་ཞེས་དྲིས་པར། ཁོང་ཞི་བར་གཤེགས་པའི་ཚུལ་མོ་ལ་གསལ་བོར་བཤད་དུས། ཁོ་མོས་སྐྱོ་བའི་སྨྲེ་ངག་དང་བཅས་ཁོང་ནི་ངས་ནམ་ཡང་དད་པ་བོར་མ་མྱོང་བའི་རླབས་ཆེན་གྱི་བླ་མ་དང་སྐྱབས་གནས་དམ་པ་ཡིན། ལོ་ངོ་བཅུ་ལྷག་གི་སྔ་རོལ་དུ་ཁོང་གིས་ང་ལ་དངོས་སུ་གསུང་རྒྱུར། ང་ཕལ་ཆེར་ལོ་ལྔ་བཅུར་འབུད་ཐུབ་རྒྱུ་མ་རེད། ལོ་ཞེ་བརྒྱད་ཡས་མས་ཤིག་ལ་གཤེགས་རྒྱུ་རེད། ངའི་མི་ཚེ་འདིའི་ནང་གི་བྱ་བ་གལ་ཆེན་གཅིག་ཡོད་པ་ནི་སྐྱ་མགོ་དགོན་གྱི་དགོན་གནས་གསར་བཞེང་ལེགས་འགྲུབ་འབྱུང་རྒྱུ་དང་།དགེ་འདུན་པ་རྣམས་བཞུགས་གནས་ཡག་པོ་ཞིག་བསྐྲུན་རྒྱུ་དེ་ཡིན། དེ་འདྲ་བྱུང་ན་ཁོང་རྣམ་པས་ཀྱང་བསླབ་པ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་ཡག་པོ་ཞིག་འབྱུང་གི་རེད་ཅེས་གསུངས། ཉིས་སྟོང་བཅུ་དྲུག་ལོར་དགོན་གནས་གསར་བཞེངས་ཡོངས་སུ་ལེགས་འགྲུབ་བྱུང་དུས། ཁོང་གིས་ང་ལ་གསུང་དོན། དགོན་པའི་འདུ་ཁང་དང་གྲྭ་ཤག་སོགས་ཡོངས་སུ་ལེགས་འགྲུབ་བྱུང་སོང་། ངའི་འགན་འཁུར་ཡང་འགྲུབ་སོང་། ད་ནི་ངའི་སེམས་བདེ་བ་ཡིན་ཞེས་གསུངས།

དེ་ཡང་ཇི་སྐད་དུ། གང་དང་གང་ལ་གང་དང་ནི།། གང་ཚེ་བྱ་བ་ཕན་འགྱུར་བ།། དེ་དང་དེ་ལ་དེར་སྣང་ངོ་།།ཞེས་གསུངས་པ་བཞིན། གདུལ་བྱ་ཐུན་མོང་བའི་སྣང་ངོར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པར་མཛད་ན་ཡང་། ཁོང་རིན་པོ་ཆེའི་མཛད་པའི་འཕྲིན་ལས་དང་ཐུགས་བསྐྱེད་སྨོན་ལམ་གྱིས་ནམ་ཡང་ཕྱོགས་ཀྱི་དད་ལྡན་འགྲོ་བ་བསྐྱངས་ནས་ཡོད་པས། ཁོང་གི་ཐུགས་འདུན་དང་གསུང་ཁ་བརྩི་རྒྱུ་དེ་ཅིས་ཀྱང་གལ་ཆེ་བར་མཐོང་ངོ་།། སྨྲས་པ།

      ཉིན་མཚན་དབྱེར་མེད་འགྲོ་བའི་དོན་དུ་ཕེབས།།
      གྲུབ་མཐའ་རིས་མེད་འཆམ་མཐུན་ལས་ལ་འབད།།
      ཉམས་ཐག་སྐྱེ་འགྲོ་མ་ལྟར་སྐྱོང་མཛད་པ།།
      ཁྱོམ་ཙཱ་སྤྲུལ་བའི་སྐུ་ལ་གསོལ་བ་འདེབས།།
      བླ་མའི་རྣམ་ཐར་སློབ་མའི་ཉམས་ལེན་དང་།།
      དམ་པའི་མཛད་པ་གདུལ་བྱའི་ཆོས་ཡིན་པས།།
      རང་རྒྱུད་ཉོན་མོངས་བསལ་བའི་ལམ་སྟོན་མཁན།།
      བརྩེ་བའི་བདག་ཉིད་ཁྱེད་ལ་སྐྱབས་སུ་མཆི།།