ཨ་ཛི་ནོར་བུ་དབང་རྒྱལ་ངག་སྒྲོན་མཆན་

ཡོང་ཁུངས་Wikipedia

༄༅། །བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་ཞེས་བྱ་བ་ལས། སྔོན་འཇུག་སོགས་ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་སྟེ། ལེའུ་དང་པོ་མཆན་གྱིས་རབ་ཏུ་གསལ་བར་བྱས་པའི་  chupame el peneམ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཀ་རྐྱང་གི་འཇུག་པ། ཀུན་ནི་མང་ཚིག་སྟེ་ཐམས་ཅད། མཁྱེན་ནི་ཤེས་ཤིང་རིག་པ་སྟེ། ཤེས་བྱ་ཐམས་ཅད་མཁྱེན་པའི་དོན་ནོ། །ཤཱཀྱ་ནི་ལེགས་སྦྱར་གྱི་སྐད་དེ། ཕོད་པའམ་སྙིང་ཁམས་ཆེ་བ། ཀརྨ་པ་ནི་ཕྲིན་ལས་པའོ། ། ཀ་ར་ནི་ཤེལ་་ཀ་ར། ཀ་ཏན་ནི་རས་ཀྱི་བྱེ་བྲག་རྒྱ་གར་དང་ལྷོ་མོན་ ནས་འོང་བ་སྟེ། ལ་ལར་ཀ་དན་ཞེས་ཀྱང་ཟེར། ཀ་ཤི་ཀ་ནི་ཡུལ་ཀ་ཤི་ཀ་དང༌། དེ་ནས་བྱུང་ བའི་རས་དཀར་པོའི་མཆོག་གོ། ། ནགས་ཀླུང་ནི་ནགས་ཚལ་ཆེན་པོའི་དཀྱིལ་ལམ་ཁྲོད། ཆུ་ཀླུང་ནི་འབབ་ཆུ་ཆེན་པོ། དབའ་ཀློང་ནི་ཆུ་འཐོར་ཞིང་འཁྲུགས་པའི་ རྦ་རླབས། ཀླུ་ནི་དུད་འགྲོའི་ཁོངས་སུ་གཏོགས་པའི་ཆུ་ བདག་གོ། །ཀ་དག་ནི་ཆོས་དབྱིངས་ཏེ། གདོད་མ་ནས་དག་པའི་གནས་ལུགས། ཀློང་ཡངས་ནི་ཁོངས་ཡངས་པའི་བློ་གྲོས་ ཡངས་ཤིང་རྒྱ་ཆེ་བ་སྟེ། ཡོན་ཏན་དང་ལྡན་པ། ཀློང་དུ་གྱུར་{ཀློང་དུ་གྱུར་པ་ནི་བརྡ་རྙིང་ སྟེ་ཁོང་དུ་ཆུད་པ། }པ་ནི་ཁོང་དུ་ཆུད་པ་སྟེ། སེམས་ཀྱི་རང་ཞལ་ཆུད་པ་ལྟ་བུའོ། །ཀ་ཀུ་བྷ་ཡ་ནི་སྨན་དུག་མོ་ཉུང་ངམ། དཔའ་བོའི་ཤིང༌། ཀ་དམྤ་ནི་ཆུ་སྐྱལ་ཏེ་བྱ་ཉ་ཟན་ནོ། ། ཀ་ཤ་{ཀ་ཤ་ཞེས་པ་འདི་སློབ་དཔོན་སྨྲ་བ་ཆེན་ པོས། ཀུ་ནི་ས་ལ་ཡང་དག་བཤད་པ་སྟེ། །དེ་བཞིན་ངན་པའི་ཚིག་ལའང་བརྗོད་པར་བྱ། ། ཞེས་གསུངས་པ་ལྟར། ཀུ་བཞག་དེ་ལ་ཙནྡྲ་ པའི་སྐབས་བཞི་པའི་རྐང་པ་གཉིས་པར་ལོ་ མན་ལ་སོགས་པ་དང༌། བ་མན་ལ་སོགས་ པ་རྣམས་ལས། ཤ་དང་ན་དག་གོ། ། ཞེས་པས། ཤ་རྐྱེན་དུ་བྱིན། ཨིཀ་གའི་ཨཏ་ཨེང་ངོ༌། །ཞེས་པས། ཀུ་ཀོ་ལ་སོང༌། ཨེང་གི་ཨཏ་ཡང་ངོ་ཞེས་པས། ཀོ་ཀ་ལ་བཏང་བས། ཀ་ཤ་ཞེས་གྲུབ་པ། སྒྲ་བསྒྱུར་བྱས་ན། ས་སྐྱེས་ཅན་སོགས་ལ་འཇུག ། དོན་འགྱུར་ བྱས་ན། རྩ་ཞེས་པར་བསྒྱུར་ཆོག་གོ ། ཞེས་ལེགས་ བཤད་སོམ་ཉིའི་མདུད་གྲོལ་དུ་བཤད་དོ། །}ནི་རྩྭའི་བྱེ་བྲག་ཤ་མོའི་ཁོངས་གཏོགས། ཀུ་ཤ་ནི་དག་བྱེད་ཁྲུས་ཀྱི་རྩྭ། ཀ་མ་ལ་ནི་མེ་ཏོག་དམར་པོ། ཀུནྡ་ནི་མེ་ཏོག་དཀར་པོ་ཞིག ། ཀུ་མུད་ནི་ས་དགའ་འམ་ཨུཏྤལ་དཀར་པོ། ཀིངྴུ་ཀ་ནི་རྒྱ་སྐྱེགས་ཀྱི་ཤིང༌། ཀ་ར་ཝཱི་ར་ནི་མི་ཤེས་པའི་རྟགས་སྟོན་པའི་མེ་ཏོག་དམར་པོ། གསོད་རྟགས་ཤིང་ཡང་ཟེར། ཀེ་ཏ་ཀ་ནི་ནོར་བུ་ཆུ་དྭངས། ཤིང་ཀུན་ནི་སྲིན་སྨན་དྲི་ངད་པོ། ཨ་ཀྲོང་ནི་སྨན་དང་བསང་ཤིང་གི་བྱེ་བྲག ། དར་ཡ་ཀན་ནི་སྨན། ཀ་པེད་ནི་རྡོ་ཐོག་ཤིང་སྐྱེའམ། ཀ་པེད་ཚལ་ཞེས་ཤིང་གི་བྱེ་བྲག ཀུ་བ་{རྒྱ་ནག་སྐད་དུ། ཀྭ་ཝ། ཟུར་ཆགས་པས། ཀུ་བ་ནི་རོང་མཚམས་རྣམས་སུ་སྐྱེ་བའི་འཁྲིལ་ཤིང་ཞིག་སྟེ། འབྲས་བུ་ཆུ་སྣོད་སོགས་རུང་བ། ཕྱག་ཚང་ཀུ་བ་ཞེས་པ་དེའོ། ། ཞེས་འཇམ་དབྱངས་མཁྱེན་བརྩེས་གསུངས་སོ། །} ནི་རྡོ་ཐོག་སྐྱེས་པའི་ཤིང་ལས་བྱུང་བ་དེང་ སང་ཆང་སྣོད་བྱེད་པ་དེའོ། །ཀིམ་པའི་འབྲས་བུ་ནི་རྒྱ་གར་ན་ཤིང་སེར་པོ་ཞིག་ཡོད་པ་དེའི་འབྲས་བུ་ཟོས་ཚེ་དང་པོ་རོ་མངར་ཡང་ཐ་མ་ལྕེ་ལ་རྨ་འབྱུང་བ་ཅན་དེའོ། ། ཀཎྜ་ཀ་རི་སྨན་ཤིང་ཚེར་མ་ཅན་ནོ། །གཡའ་ཀྱི་མ་ནི་གཡའ་ལས་སྐྱེས་པའི་སྔོ་སྨན། ན་རི་ཀེ་ལ་ནི་ལི་མོ་རྩེན་ཏེ། བེ་ཏའི་ཤིང༌། ཀ་ཀོ་ལ་ནི་སྨན་བཟང་དྲུག་གི་བྱེ་བྲག་གོ །ཀེ་ལ་ཤ་ནི་གངས་རི། དང་ནི་སྡུད་ཚིག་གོ། །ཀ་ལངྐི་ཀ་ནི་ཅི་མཚན་ཏེ། རྒྱ་གར་ན་ཡུལ་གྱི་མིང་ངོ༌། །ཀཽ་ཤམྦྷི་ནི་མཛོད་ལྡན་ཏེ། རྒྱ་གར་ན་ཡུལ་གྱི་མིང་ངོ༌། །དང་ཀོ་ས་ལ་ནི་རྒྱ་གར་ན་གྲོང་ཁྱེར་གྱི་མིང་ངོ༌། ། ཀ་མ་ཏ་{ཀ་མ་ཏ་ཞེས་པ་འདི་གོང་དུ། ཀ་ཤ་ཀུ་ཤ་ཀ་མ་ལ། ། ཞེས་པའི་ཀ་མ་ལ་དང༌། འདིར་ཀ་མ་ཏ་དང་ཀོའུ་ཤི་ཀ ། ཞེས་པའི་ཀ་མ་ ཏ་གཉིས་ཀ་ལ། ལ་དང་ཏའི་རྐྱེན་བྱིན་པའི་ཁྱད་པར་མ་གཏོགས་དོན་པདྨ་ཡིན་ལ། དེར་མ་ཟད་ཀ་མ་ལ་ནི་དོན་མང་པོ་ལ་འཇུག་སྟེ། སྒྲའི་སྙེ་མར། ཀ་མ་ལ་ཞེས་ནམ་མཁའ་ལ། །པདྨའང་ཀ་མ་ལ་རུ་བརྗོད། ། ཀ་མ་ལ་ནི་རླུང་ཚོགས་པ། ། ཤིང་རྟ་ཀ་མ་ལ་རུ་དྲན། ། ཞེས་སོགས་ཤོ་ལོ་ཀ་དྲུག་གིས་བསྟན་པ་རྣམས་སོ། ། ཞེས་སོམ་ཉིའི་མདུད་གྲོལ་ལས་འབྱུང་ངོ༌། ། }ནི་བྱ་ཁུ་བྱུག ། དང་འདི་རྒྱ་གར་ན་གྲོང་ཁྱེར་གྱི་མིང་ཞིག་ཀྱང་ ཡིན་འདུག ། ཀོའུ་ཤི་ཀ་ནི་བརྒྱ་བྱིན་ཏེ། མཁས་པའི་བྱེ་ བྲག་ལའང་འཇུག ། ཀཱ་ཏྱཱ་ཡ་ན་ནི་ཀ་ཏའི་བུ་སྟེ་ཉན་ཐོས་ཀྱི་ནང་ཚན། ཀཽཎྜི་ནྱ་ནི་ཐབས་ལྡན་མའི་{འཐབ་ཀྲོལ་ནི་བརྡ་རྙིང་སྟེ། གནོད་པའི་རྒྱུ། }བུ་སྟེ་ཉན་ཐོས་ཀྱི་བྱེ་བྲག་གོ ། ཀེའུ་ཚང་ནི་བྲག་ཕུག་གམ། སྒྲུབ་ཕུག་གམ། ཤག་མིག་ཆུང་ངུ་ལྟ་བུའོ། །དུ་ནི་ཚིག་ཕྲད་དོ། །ཀོ་ཀྲད་ནི་ལྷམ་ཀྲད་ལྟ་བུའོ། །དང་ཡུངས་ཀར་ནི་ཐུན་རྫས་སུ་བྱེད་པ་དེའོ། ། ཀ་རུ་ནི་ཁ་དོག་དཀར་པོའི་མིང་ངམ། རྡོ་ཀ་མ་རུ་པ། ཐོད་ལེ་ཀོར་ནི་རྡོ་མཉེན་དཀར་པོ་རི་མོ་འབྲི་བྱེད་དེ། སྨན་གྱི་བྱེ་བྲག་གོ། །ཀུ་ཤུ་ནི་ཤིང་ཏོག་མི་རྒན་རྣ་མཆོག་ཟེར་བ་དེའོ། ། གུར་ཀུམ་ནི་དྲི་བཟང་ཁ་ཆེ། ཀ་ཅ་{ཀ་ཅ་ནི་བརྡ་རྙིང་སྟེ། ནོར་གྱི་སྤྱི་མིང༌། }ནི་སྤྱད་དངོས་ཏེ་ནོར་རྫས། ཀུན་ནི་མང་ཚིག་སྟེ་ཚིག་གྲོགས་སོ། །བསགས་ནི་རྒྱུ་རྫས་སོགས། ཀྱང་ནི་སྡུད་ཚིག་གོ། །འཐབ་ཀྲོལ་{འཐབ་ཀྲོལ་ནི་བརྡ་རྙིང་སྟེ། གནོད་པའི་རྒྱུ། }ནི་འཐབ་མོའི་རྒྱུ། ཕུང་ཀྲོལ་{ཕུང་ཀྲོལ་ནི་བརྡ་རྙིང་སྟེ། འཐབ་རྩོད་ཀྱིས་ཕུང་བའི་རྒྱུ། }ནི་དོན་མེད་ པར་འཐབ་རྩོད་ཀྱིས་ཕུང་བའི་རྒྱུའོ། །ཀྱེ་མ་ནི་མྱ་ངན་སྨྲེ་སྔགས་ཀྱི་ཚིག ། ཀྱི་ཧུད་ནི་སྡུག་ཡུས་ཀྱི་གདུང་ཤུགས་ཆེ་བ། ཀྱེ་ཧོ་ཀྭ་གསུམ་ནི་ངོ་མཚར་བའི་སྐད་དམ། བོད་པའི་བརྡའོ། །ཀྱེ་ཀྱེ་ནི་སོགས་ལ་འོས་པ་དཔལ་བྱེད་ཀྱི་སྒྲ་སྟེ། ཡུལ་དམ་པ་ལ་བོད་པའི་བརྡའོ། །ཀྱོང་ཀྱོང་ཀོང་ཀོང་གཉིས་ཀ་ནི་ས་སོགས་དམའ་ཞིང་གཤོང་བ། དུ་ནི་ཚིག་ཕྲད་དོ། །ཀྲོག་ཀྲོག་ནི་རྣ་བས་ཉན་ལུགས་སམ། གཏམ་ བཤད་ཉན་སོགས་ལ་དོ་མི་བརྟན་པར་ཕན་ཚུན་ཚིག་ཀྲོག་པ། ཀྲབ་ཀྲབ་ནི་འདབ་ཆགས་ཀྱི་གཤོག་པ། མིག་གི་རྫི་མ། སྲོག་ཆགས་ཀྱི་ཡན་ལག་སོགས་འཕར་འགུལ་བྱེད་པ། མགོ་ཀྱོག་ཀྱོག་དབུས་དྲང་པོར་ཡོད་པ་དེ་ གཡས་གཡོན་དུ་ཡོ་བའོ། །ཀྲོང་ཀྲོང་ནི་ལུས་ཡར་སྲོང་ངེ་བ་རི་བོང་གི་རྣ་མཆོག་ལྟ་བུའོ། །ཀོག་གི་ནི་བཟང་ངན་གྱི་ལས་གློ་བུར་དུ་བྱུང་བ། ཀེར་ལངས་ནི་གློ་བུར་དུ་ཧྲིང་ངེར་ལངས་པ། ནས་ནི་ལྷག་བཅས་ཀྱི་སྒྲའོ། །ཀུ་རེས་ནི་རྩེད་མོ། དོ་ཀེར་{དོ་ཀེར་ནི་བརྡ་རྙིང་སྟེ་ཐོར་ཅོག}ནི་ཐོར་ཚུགས་ཏེ། སྐྲ་སྤྱི་བོར་བཅིང་བ། ཀོས་སྐོ་ནི་མ་འགྲམ། འདེགས་ནི་ཡར་བཏེགས་པའི་དོན་ཏེ་ཚིག་གྲོགས། ཀུ་ཅོ་ནི་རྣ་བར་ཅ་ཅོའི་སྒྲ་བསྒྲགས་པ། ཀྱལ་ཀ་{ཀྱལ་ཀ་ནི་བརྡ་རྙིང་སྟེ་ཀུ་རེའི་ཚིག}ནི་རྩེད་མོ་ལྟ་བུའི་ངག་འཁྱལ་སྣ་ཚོགས་སྨྲ་བའམ། རྗེ་བྱམས་པ་གླིང་པས་ནི། རང་གི་བློས་དཔག་སྟེ་ཕན་ཚུན་དཀྲུགས་པའི་ངག་གོ་གསུངས། ཀླན་ཀའི་ནི་དོན་ཅུང་ཟད་ལ་བསྙད་ཚོལ་ཏེ་རྩོད་འདོད་པའི་རྒྱུ་འོན་ཀྱང་ནི་དེ་ཡིན་ ནའང་ད་འདི་ལྟར་བྱ་དགོས་ལྟ་བུའི་དོན། ལན་ཀན་{ལན་ཀན་ནི་བརྡ་རྙིང་སྟེ་གསར་བཅད་ནི། དཀྱུས་ལྟར་རོ། ། } ནི་ཁང་པའི་ཆུ་སྐྱོར་ཏེ། པུ་ཤུ་དང་བྱ་འདབ་བམ། མདའ་ཡབ། ཉེན་ཀོར་ནི་ཐག་ཉེ་སའི་སྐོར་རོ། །དུ་ཀ་ལན་ཏ་ཀ་ནི་བྱེའུ་མཆིལ་བ་སྟེ། རྒྱལ་བ་འོད་མའི་ཚལ་བྱ་ཀ་ལན་ཏ་ཀའི་གནས་ན་བཞུགས་ཞེས་པའང་བྱ་དེའི་སྡོད་གནས་ཀྱི་མིང་ངོ༌། །ཅོ་ཀ་ནི་བྱིའུ་ཆ་གའང་ཟེར། དབུས་གཙང་ཁུལ་ དུ་ཅོག་མོ་ཟེར་བའི་བྱིའུ་བར་སྣང་ལ་ལྡིང་ཞིང་ {ད་ཅར་ཅིར་ནར་མར་འབྱིན་པ་དེའོ། །དང་ནི་སྡུད་ཚིག་གོ། །ཀ་ལ་པིངྐ་ནི་རྒྱ་གར་འཕགས་པའི་ཡུལ་ན་བྱ་ནག་ཁྲ་སྐད་སྙན་པ་མི་སྐད་ཀྱང་གོ་བ་ཞིག་ ཡོད། རྗེ་བྱམས་པ་གླིང་པས་ནི་རྒྱ་མཚོའི་གླིང་ན་གནས་པའི་ཆུ་བྱ་སྐད་སྙན་པ་ཞིག་གི་མིང་ངོ་གསུངས། ཀྱུར་ཀྱུར་ནི་དེ་ལྟ་བུའི་སྐད་སྙན་འགྱུར་ཅན་ནོ། །སྐད་ནི་ཚིག་གྲོགས་སོ། །ཀེའུ་{ཀེའུ་ནི་བརྡ་རྙིང་སྟེ་རི་སྒོག}ནི་རི་སྒོག ། ཀུན་དོང་{ཀུན་དོང་ནི་བརྡ་རྙིང་སྟེ་བཙོང༌། }ནི་རྒྱ་ནག་གི་སྐད་བཙོང་སྟེ་སྒོག་ནག་ཀྱང་ཟེར། ཀག་ནི་ལོ་ཟླ་ཞག་དུས་ངན་པའི་ཀག་གོ། །ཀི་ཀོང་ནི་ལོ་ཟླ་ཚེས་ཞག་ལ་རྒྱུ་བའི་གཟའ་འམ་ས་བདག་གོ། །སྟོད་ཀོར་ནི་སྟོད་གོས་རྦབ་ལེ་ཅན། ཀླད་ཀོར་ནི་ཡི་གེའི་སྟེང་གི་ཐིག་ལེ། ཀླད་{ཀླད་ནི་བརྡ་རྙིང་སྟེ་གོང་ངམ་སྟེང༌། }ནི་གོང་ངམ་སྟེང༌། དོན་ནི་ཐོག་མའི་དུས་སུ་དེ་ལྟར་ལ་ད་འདི་ལྟར་ཡིན་ཞེས་པ་ལྟ་བུ། དང་ནི་མཚམས་སྦྱོར་བའི་ཚིག་གོ། །ཀེ་ཤ་ནི་སྔགས་ཀྱི་ཡི་གེ་ཨཻ་དང་ཨཽ་ལྟ་བུ་འགྲེང་ རྣ་གཉིས་བརྩེགས་ཅན་ནམ། ཡང་ན། སྟེང་ཉལ་ལམ། མགོར་ཉལ་ཏེ་སྐྲ་ལའང་འཇུག་པར་བཤད། ཞབས་ཀྱུ་ནི་ཡི་གེའི་ཨུ་སོགས། ལྕགས་ཀྱུས་ནི་ལྕགས་ལས་བྱས་པ་ཉ་དང་ཤ་སོགས་འཛིན་བྱེད་ཤ་བཟུང་ལྟ་བུ། བཏབ་ནི་དཔེ་བཟུང་བྱ་བཟུང་བ་སྟེ་ཚིག་ གྲོགས། ཀར་ཀར་ནི་ན་ཚའི་གཟེར། ཟུག་ནི་གཟེར་དྲག་པོ་བརྒྱུད་མར། ལངས་ནི་བསྲན་མི་བཟོད་པ། བད་ཀན་ནི་ནད་ཡིན་ལ། ཆུའི་ཀུ་ཡ་ནི་ནད་པའི་ཆུ་ལ་བརྟགས་ན་སྙིགས་མ་ལོང་ལིང་ཆགས་པ། ཀན་ནི་སྨན་པས་ནད་རྩ་ལྟ་སྐབས་གུང་མོ། འོག་ནི་ཚིག་ཕྲད། རྩ་ཀྱལ་ཀྱལ་ནི་ནད་རྩ་གྲིམ་སློད་ཀྱི་བྱེ་བྲག་གོ། །རུས་ཀྲང་ནི་གནོད་འདྲེའི་ཆོ་འཕྲུལ་མཐོང་སྣང་དུ་ཀེང་རུས་ཀྱི་གཟུགས་དང༌། མི་ཕྱུག་ཤ་བྲི་ནས་ལུས་སྐེམ་པ་སོགས། ཀྲང་ངེ་ནི་ཡར་གྱེན་དུ་སངས་སངས་སམ། ཧྲིང་ངེར་ལངས་པ། སྐྱིལ་ཀྲུང་ནི་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅས་ནས་སྡོད་པའོ། །འབྱམས་ཀླས་དང༌། མཐའ་ཀླས་ནི་རྣམ་གྲངས་ཏེ། བསམ་གྱིས་མི་ཁྱབ་པ་དང༌། བརྗོད་ལས་འདས་པ་སོགས་དང༌། མང་ཚིག་ཏུའང་གྲགས། ཀློག་ནི་གསུང་རབ་ཀྱི་ཆོས་སྒྲོགས་པར་བྱེད་པའོ། ། ཀྱང་ནི་རྒྱན་གྱི་ཚིག ། ཀླག་ནི་ཀླག་བྱའི་ཆོས་སོ། །སྟོན་ཀ་དང༌། དཔྱིད་ཀ་ནི་ནམ་ཟླ། གཉིས་ཀའི་ནི་དུས་དེ་གཉིས་སམ། ཕན་ ཚུན་གཉིས་སོ། །གླང་ཆེན་ནི་གླང་པོ་ཆེ། ཐལ་ཀར་ནི་མདོག་སྐྱ་བོའི་དཀར་པོ། བེར་ཀས་ནི་དབྱུག་པ། བརྡུངས་ནི་དེས་བསྣུན་པའོ། །ཀ་ལཱ་པ་ནི་རྒྱ་གར་གྱི་བྱང་ཕྱོགས་ཤམྦྷ་ལའི་ཕོ་བྲང་སྟེ་རྒྱལ་པོ་རིང་ལྡན་གྱི་གནས། ཡིས་ནི་བྱེད་པའི་སྒྲ། ཀླ་ཀློ་ནི་མུ་སྟེགས་ཆོས་ལོག་ཅན། བཅོམ་ནི་བརླགས་ནས་མེད་པར་བྱས་པའོ། །ཀ་བ་ནི་ཁང་པའི་ཡ་ཐོག་གི་གདུང་མ་འདེགས་བྱེད། ཀ་ཙ་ལིནྡིས་{ལེགས་བཤད་སོམ་ཉིའི་མདུད་གྲོལ་དུ། ལྷའི་དར་ཤ་མི་སྒྲིབ་པ་ཞིག་གོ། །གསུངས་སོ། ། }ནི་ཁ་ཅིག་ཏུ་དར་ཡིན་པར་བཤད་ཀྱང༌། གསུང་རབ་ལྟར་ན་རྩྭ་ཀ་ལིནྡ་ཞེས་རྩ་ཤིན་ཏུ་འཇམ་པ་ཞིག་འཕགས་ཡུལ་ན་ཡོད་པ་དེའོ། །ཀླུབས་པ་ནི་གོས་སོགས་གྱོན་པའོ། །ཀཪྵ་པ་ཎ་ནི་གསེར་དངུལ་ལས་བྱས་པའི་ཏྲཾ་གའམ། དོང་རྩེའི་གཟུགས་སུ་དོད་པ་ཚོང་ པའི་ཟོང་བྱེད་པ་ཞིག་གོ། །ཀེ་ཀེ་རུ་ནི་ནོར་བུ་སེར་པོ། ཀང་ཀ་ནི་བྱ་ཁྭ་ཏའམ། བྱ་རོག ། འདི་ཀོ་ནི་འདི་ཚོའམ། འདི་ནི། ཀླག་ཅོར་ཆེ་{ཀླག་ཅོར་ནི་བརྡ་རྙིང་སྟེ་ཅ་ཅོ། }ནི་ཕུག་མི་ཕན་པར་གནས་སྐབས་སུ་ཀུ་ཅོ་ཆེན་པོ་འདོན་པའོ། །ཀེང་རུས་ནི་དུར་ཁྲོད་སོགས་ན་ཡོད་པའི་རུས་པ་རྒྱུས་པས་འབྲེལ་བ། ཀ་ལིའི་ནི་ཐོད་པ། དེའི་ནང་ན་ཡོད་པའི། ཀླད་པ། ཟ་ནི་འཆའ་བ་སྟེ་ཚིག་གྲོགས། ཀུན་ནས་ཀུན་ཏུ་ནི་ཡང་ནས་ཡང་དུའམ། དུས་རྟག་ཏུ་སྟེ་རྣམ་པ་ཀུན་ཏུ་ལྟ་བུའོ། །པགས་{ངག་སྒྲོན་སྡེ་དགེ་པར་མར་སགས་ཀབ་ཀོབ་ཅེས་པ་ནི་ཡིག་སྐྱོན་ཏེ། སི་ཏུ་ཆོས་འབྱུང་གིས་ལྗགས་ཞུས་མཛད་པའི་ངག་སྒྲོན་དཔལ་སྤུངས་པར་མར། པར་ཀབ་ཀོབ། ཅེས་བཅོས་འདུག་པ་ལྟར་ན། པར་ཀབ། ནི་ཡི་གེའི་ཕྱི་མོ་པར་གཞི་དང་ཀོབ་ཅེས་པའང༌། འདོམ་གྱི་དབང་པོ་ལྡང་མི་ནུས་ཤིང༌། དོན་བྱེད་མི་ནུས་པའོ། །ཞེས་ཟེ་ཆེན་འགྱུར་མེད་རྣམ་རྒྱལ་གྱིས་མཛད་པའི་ལེགས་བཤད་སོམ་ཉིའི་མདུད་གྲོལ་དུ་གསུངས་སོ། །} ཀབ་ཀོབ་ནི་དཔེར་ན་ཀོ་བ་མེས་འདུས་པ་ལྟ་བུའི་འབར་འབུར་གཉེར་མ་མང་བ་ལྟ་བུ་དང༌། ན་ཚོད་ཡོལ་བས་གཟུགས་དབྱིབས་ལ་གོབ་ འབུར་བྱུང་བ་སོགས་ཏེ། དག་ཡིག་གངྒའི་ཆུ་རྒྱུན་ལས། པགས་པ་ཀབ་ཀོབ་མདོག་མི་སྡུག། ཅེས་གསུངས་པ་ལྟར་རོ། །ཀུ་ཧུའི་མགྲིན་ནི་ཁུ་བྱུག་སྟེ། དེ་ལ་སོགས་པ་རིགས་པས་དཔྱད་དེ་ཤེས་པར་བྱ་བ་ནི་ཀ་རྐྱང་གི་འཇུག་པའི་རྣམ་བཤད་དོ། །ངོ་ནི་རྫོགས་ཚིག་གོ། །དས་འཕུལ་ཀ་ཡིག་གི་འཇུག་པ། དཀར་ཆག་ནི་ཐོ་ཡིག་དང་དངོས་རྫས་ཀྱི་བཅུག་ཁྲ་སོགས་ཀྱང༌། མ་དཀྲུགས་ནི་གོ་རིམ་མ་ནོར་བ་ཡོད་པ། དཀོར་{དཀོར་ནི་བརྡ་རྙིང་སྟེ་ནོར་གྱི་སྤྱི་ མིང༌། }ནི་ནོར་གྱི་སྤྱི་མིང༌། མཛོད་ནི་དཀོར་ནོར་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་པ། དཀྲོགས་ནི་འོ་མ་དཀྲོགས་པ་ལྟ་བུའོ། །དཀྱིལ་འཁོར་ནི་མཎྜལ་ཞེས། དེ་ནི་རྒྱན་བྱེད་པ་སྟེ། མཆོད་ཡུལ་རྣམས་ཀྱི་མདུན་སར་མཛེས་པར་བྱེད་པ་སྟེ། དོན་ནི་ཞིང་ཁམས་ཞེས་སྨྲོས་ཀྱང་ཆོག་ལ། དཀྱིལ་ནི་དབུས་ཏེ་གཙོ་བོ་མཆོག་ལ། འཁོར་ནི་དེ་ལས་དམན་པ་མང་པོས་བསྐོར་བ་ལ་ངོས་བཟུང་ན་འབྲེལ་ཆེ། དཀྱིལ་ནི་དབུས་སུ་དུ་དཀྲོང་བསྐྱེད་ནི་བསྐྱེད་རིམ་གྱི་བྱེ་བྲག་སྐད་ཅིག་དྲན་རྫོགས་ལྟ་བུ། དཀའ་ནི་འབད་རྩོལ་ཆེན་པོས་ལུས་སེམས་དུབ་པའམ། བསམ་པ་ལྟར་མི་འགྲུབ་པའོ། ། དཀའ་ཐུབ་ནི་ཚེ་འདིར་ལྟོ་གོས་སོགས་རྒྱབ་ལ་བསྐྱུར་ནས་དབེན་པར་སྒྲུབ་པ་ཕུར་ཚུགས་སུ་བསྒོམ་པ་ལྟ་བུའི་དཀའ་སྤྱད་དྲག་པོ་བྱེད་པའོ། ། དཀའ་སྤྱད་ནི་སྡུག་བསྔལ་ལ་མི་འཛེམ་པར་བརྩོན་འགྲུས་ནན་ཏན་བྱེད་པའོ། །དཀོན་ཅོག་ནི་སེམས་ཅན་རྣམས་ཕན་བདེ་ལ་སྦྱོར་བ་དེ་ཡིན་ཏེ་གོ་སླ། དཀོན་ནི་ཨུ་དུམ་ཝ་རའི་མེ་ཏོག་བཞིན་ནོ། །མདོག་དཀར་ནི་ཁ་དོག་དཀར་པོ། དཀྱེལ་ཆེ་{དཀྱེལ་ཆེ་བ་བརྡ་རྙིང་སྟེ་ཁོང་ཡངས་བ། }ནི་ཁོང་ཡངས་དང༌། གཞི་ བརྟན་པ་དང༌། གཞུང་བཟང་བའོ། །སྤྱན་དཀྱུས་རིང་བ་ནི་ཕལ་བའི་མིག་ལས་སངས་རྒྱས་ཀྱི་སྤྱན་ཁྲ་ལ་རིང་བའོ། ། དཀྱུས་མ་ནི་མི་དང་དངོས་སྤྱད་སོགས་ཐ་མལ་པ་ཞིང་ས་ལྟ་བུའོ། །འི་ནི་འབྲེལ་སྒྲའོ། །དཀོར་ཟས་ནི་ཟས་ནོར། དྲི་མ་དཀུ་{དྲི་མ་དཀུ་ནི་བརྡ་རྙིང་སྟེ། དྲི་མ་ཞིམ་པའམ་དྲི་ཚ་བ་སྟེ་དཔེར་ན། ཇི་ལྟར་མནམས་ན་རབ་དཀུ་ཞིང༌། །ཞེས་ལྟ་བུའོ། ། } ནི་དྲི་མི་ཞིམ་པ་བྲོ་བ་ཚོར་བའོ། །དཀོས་ཐག་{དཀོས་ཐག་ནི་བརྡ་རྙིང་སྟེ་ཉམས་ཐག}ནི་ཉམས་ཐག་པ། ཀུན་དཀྲིས་ནི་ཉོན་མོངས་མངོན་གྱུར་པས་ནོན་པ། གོས་ཀྱིས་དཀྲིས་ནི་ལུས་ལ་གོས་དང་སྐུད་པ་སོགས་ཀྱིས་བཅིངས་ཤིང་དཀྲིས་པའོ། །དཀུ་སྐབས་ནི་ལྟ་ཟུར་ཏེ་ལྟོ་བ། དཀུ་ཟླུམ་ནི་ལྟོ་བ་ཟླུམ་པོ། དཀུ་མ་རྙོངས་{དཀུ་མ་རྙོངས་ཞེས་པའི་དཀུ་ནི་ལུས་ཀྱི་ལྟ་ཟུར། མ་རྙོངས་པ་ནི་མ་བརྐྱང་པ་སྟེ། བྱ་རྨྱང་མ་བྱས་པའོ། ། ཡང་ན། དཀུ་ནི་ལྟོ་བ། མ་རྙོངས་པ་ནི་མི་བཀྲེས་པའམ་མི་འཁྲུ་བ་ལ་འགྲེལ་ལོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་འབྱུང་ངོ༌། །རྙོང་ནི་བརྡ་རྙིང་སྟེ་བརྐྱང་བ། }ནི་ལྟོ་བ་མི་འཁྲུའང་ཟེར་མནའ་མ་བསྐྱལ་ཡང་ཟེར་རོ། །སྤྲིན་དཀྲིགས་ནམ་མཁའ་ལ་སྤྲིན་འཁྲིགས་པ། ཞོ་དཀྲོགས་ནི་འོ་མ་བསྲུབ་པ། རོལ་མོ་དཀྲོལ་ནི་ལག་པས་སོ། །དཀར་ཡོལ་ནི་མདོག་དཀར་བའི་ཆ་དང༌། སྣོད་ཡོལ་གོའི་ཆ་གཉིས་ལས་ཕྱི་མ་སྟེ་དཀར་ཡོལ་ཞེས་པའོ། ། ཆག་ནི་དུམ་བུར་སོང་བ་སྟེ་གོ་སླའོ། །དཀྲུམ་ནི་བསད་པ་སོགས་མེད་པར་བྱས་པའོ། ། དཀྱུ་སར་ནི་རྟ་སོགས་རྒྱུག་པའི་ས་ཕྱོགས། དཀྱུས་ནི་རྒྱུག་པའོ། །དཀའ་འགྲེལ་ནི་རྒྱལ་བའི་བཀའ་སོགས་ཀྱི་དོན་གོ་དཀའ་བ་རྣམས་དཀྲོལ་ཞིང་བཤད་པའོ། ། དཀྲིགས་ཕྲག་ནི་གྲངས་ཀྱི་གནས་གཞན་ནོ། ། དཀན་གཟར་པོ་ནི་གྱེན་ཐུར་ངར་བ་ཆེན་པོའོ། །ཕན་ཚུན་དཀྲུགས་ནི་གོ་རིམ་བསྣོལ་བའམ། སེམས་རྒྱུད་དཀྲུགས་པ་དང༌། དཀྲུགས་ཤིང་བྱེད་པ་སོགས་ཏེ། དེ་ལ་སོགས་པ་རྣམས་ནི་དས་འཕུལ་ཀ་ཡིག་གི་འཇུག་པའོ། ། བས་འཕུལ་ཀ་ཡིག་གི་འཇུག་པ། བཀྲ་ཤིས་ནི་རྟགས་མཚན་ལེགས་སྨོན་ནོ། ། བཀྲག་མདངས་ནི་བཞིན་སོགས་ཀྱི་ཁ་དོག་གོ། །ཚོན་བཀྲ་ནི་ལེགས་ཤིང་མདངས་གསལ་བའོ། ། བཀྲམ་ནི་བཀོད་པ་སྟེ་འདས་ཚིག་གོ། །བཀའ་བསྒོས་ནི་བླ་མ་སོགས་ཀྱིས་བཀའ་སྩོལ་བའོ། །ཁྲལ་ནི་གོང་མས་འོག་མ་དང༌། ཁལ་ནི་མིས་དུད་འགྲོ་ལ་སྟེ་མི་འདོད་ཀྱང་དབང་མེད་དུ་བཀལ་བའོ། །སྲད་བུ་བཀལ་ནི་སྐུད་པ་བསྒྲིམ་པའོ། །ཕོ་ཉ་བཀྱེ་བ་ནི་བང་ཆེན་ནམ་བྲན་གཡོག་དོན་ལ་བཏང་བའོ། །སྟོན་མོ་བཀྱེ་བ་ནི་སྦྱིན་གཏོང་དང༌། འགྱེད་སོགས་སོ། །འོད་ཟེར་བཀྱེ་བ་ནི། སྤྲུལ་པ་བཀྱེ་བ་ནི་སངས་རྒྱས་ཀྱི་མཐུ་ལས་སོ། །དགོངས་པ་བཀྲལ་བ་ནི་རྒྱལ་བ་སོགས་ཀྱི་ཐུགས་ཀྱི་དགོངས་པ་ཤེས་ཏེ་དེའི་དོན་འཆད་པའོ། །ཁྲལ་བཀྲལ་ནི་ཁྲལ་ལྗི་ཡང་ཇི་ལྟར་རུང་དགོས་བྱ་དེ་ཉིད་སྡེ་སོ་སོ་ལ་ཆ་སྙོམས་པར་བཀྲལ་ཏེ་འདི་དང་འདི་ཞེས་སྟོན་པའོ། །དགོངས་པ་བཀྲོལ་ནི་བླ་དཔོན་ཐུགས་ལོག་པ་ལ་ཞུ་བཤགས་ཀྱིས་བསད་བཀྲོལ་བྱས་པ་ལས་གྲོལ་བའོ། །བཅིངས་བཀྲོལ་ནི་ཐག་པ་སོགས་ཀྱིས་བསྡོམ་པ་དེ་འགྲོལ་བའོ། །དྲི་མ་བཀྲུ་ནི་སྣོད་སོགས་དངོས་པོ་གང་ལའང་མི་གཙང་བས་གོས་པ་བཀྲུ་བ་སྟེ་བྱ་བ་དང་མ་འོངས་པའི་ཚིག་གོ ། བཀྲུས་ནི་ཚར་བ་སྟེ་འདས་ཚིག་གོ། །བཀྲེན་ནི་དབུལ་ཞིང་ཕོངས་པའོ། །ཅིང་ནི་ཚིག་ཕྲད་དོ། །བཀྲེས་ནི་ལྟོག་པའོ། །བཀར་ནི་མང་པོའི་ཁྲོད་ནས་དགོས་པའི་མི་དེ་ལོགས་སུ་ཕྱེ་ནས་གནས་དབེན་པ་ཞིག་ཏུ་ བཞག་པ་ལྟ་བུ་མང་པོའི་ཟུར་དུ་དམིགས་ཀྱིས་བསལ་བའོ། །ནས་ནི་དགར་ཚིག་གོ། །བཀྱིགས་ནི་ཡན་ལག་སོགས་ཐག་པ་ལྟ་བུས་བསྡོམ་པའོ། །ཏེ་ནི་ལྷག་བཅས་ཀྱི་སྒྲའོ། །སྲོག་བཀུམས{བཀུམ་པ་ནི་བརྡ་རྙིང་སྟེ་བསད་པ། }ནི་སྲོག་བཅད་པའོ། །བཀྲོངས་ནི་བསད་པ་སྟེ་ཞེ་སའི་ཚིག་གོ། །བཀད་པ་ནི་གཡོས་ཁང་སྟེ། མང་པོ་ནས་ཟས་ལ་སྤྱོད་པའི་གནས་སོ། །སྣོད་བཀང་ནི་གོ་སླའོ། །ཐུགས་དམ་བཀང་ནི་བླ་མ་ཡི་དམ་ཆོས་སྐྱོང་སོགས་མཆོད་ཡུལ་རྣམས་ཐུགས་མི་དགྱེས་པ་དེ་ཞི་ནས་དགེས་པར་མཛོད་ཅིག་ཅེས་པའི་ དོན་ཏོ། །བསྙེན་བཀུར་ནི་བསྟོད་བསྔགས་དང་བཅས་ཏེ་བསྟེན་པའོ། །བཀུར་སྟི་ནི་ཞེ་ས་དང་བཅས་ཞབས་ཏོག་འབུལ་བའོ། །ས་ནི་བྱེད་སྒྲའོ། །གོང་དུ་བཀུར་ནི་བླ་མ་དང་དཔོན་པོ་ལྟ་བུ་གོང་དུ་ཆེ་སར་བཞག་པའོ། །བཀོད་ལེགས་ནི་གནས་དང༌། ཉེར་མཁོའི་ཡོ་བྱད་རྣམས་ལ་རྒྱན་སྒྲོས་ལྡན་ཞིང་གད་ཕྱིས་གཙང་བའོ། །བདེ་བཀོད་ནི་སྡུག་བསྔལ་བ་རྣམས་བདེ་བ་ལ་བཀོད་པ་སྟེ། བླ་མ་དང་སངས་རྒྱས་ལྟ་བུ་ཡིན་ན། སྡུག་བསྔལ་ཅན་གྱི་སེམས་ཅན་རྣམས་འཁོར་བ་ལས་བསྒྲལ་ཏེ་ཐར་བ་བདེ་བའི་གནས་སུ་བཀོད་པ་དང༌། དེ་ལྟའི་མཐུ་མེད་པའི་ཐ་མལ་པ་རྣམས་ཀྱིས་ཀྱང་སྡུག་ཕོངས་ཅན་རྣམས་ལ་ཕན་སྐྱབས་ཀྱི་ནུས་པ་གང་ཡོད་ཀྱི་གནས་སྐབས་བདེ་བ་ལ་བཀོད་པའོ། །ཟུར་བཀོལ་ནི་མན་ངག་སོགས་གནད་ཡོད་པ་རྣམས་ཚིག་གི་བསྣོན་ཕྲི་དང་བཅས་ཟུར་དུ་བཞག་པའོ། །དང་ནི་སྡུད་ཚིག་གོ། །ཤིང་བཀུག་ནི་གོ་སླའོ། །བཀས་ནི་ཤིང་སོགས་སེར་ཀ་ཅན་དུ་གས་པ་བྱས་པའོ། །ཤིང་ནི་ཚིག་ཕྲད་དོ། །གཡོག་ཏུ་བཀོལ་ནི་གཡོག་ཕོ་མོ་རྣམས་ལ་ལས་བྱེད་བཅུག་པའོ། །གནང་ནི་སྔོན་བགྱིད་ཆོག་པ་ལ། བཀག་ནི་ཕྱིས་མི་ཆོག་པའི་ཁྲིམས་སུ་བཅས་པ་སྟེ། དཔེར་ན། སྟོན་པས་དགེ་སློང་རྣམས་ལ་དང་པོ་གནང་བ་བྱིན་པ་ལ། ཕྱིས་སུ་བཀག་པར་མཛད་པའི་རིགས་ལྟ་བུའོ། །སྨན་བཀུ་ནི་ཁུ་བ་འབྱིན་པ་སྟེ་འདོན་པའོ། །བཀུས་ནི་སྨན་སོགས་ཁུ་བ་ཕྱུང་ཚར་བ་སྟེ་འདས་ཚིག་གོ། །ཏེ་ནི་ལྷ་བཅས་ཏེ་དེ་ནས་བོར་{བཀུས་ཏེ་བོར་བ་ནི་བརྡ་རྙྀང་སྟེ། ཁུ་བ་བཏོན་པའི་སྙིགས་མ་ལྟ་བུ། }ནི་རོ་མ་དེ་གཞན་དུ་འཕོ་བའོ། །གོས་བཀབ་ནི་གོ་སླའོ། །གཞུ་བཀང་ནི་གཞུ་རྒྱུད་བསྒྲིང་བའམ་མདའ་དང་སྦྱར་བའོ། །རྩ་བ་ནི་ཤིང་སོགས་ཀྱི་གཞི་མའམ། སྟིང་པ། བཀོག་ནི་རྟེན་དང་ཕྲལ་ཏེ་འདོན་པའོ། །བཀའ་དྲིན་ནི་བླ་མ་དང་སློབ་དཔོན་སོགས་ཀྱིས་བྱམས་སྐྱོང་ཆེ་ཆུང་གི་རིགས། བཀའ་བཏགས་དཔོན་པོའི་རྒྱལ་ཁྲིམས་དང༌། དགོན་པའི་ཆོས་ཁྲིམས་སོགས་ཀྱིས་འདི་དང་འདི་བཞིན་གྱིས་ཤིག་ཅེས་གོང་མས་འོག་མར་ངག་གང་བསྒྲགས་པ་དེ་ལས་མི་འདའ་བར་གནས་པའོ། །བཀའ་བློ་བདེ་ནི་གདམས་ངག་སོགས་ཅི་གསུང་ཉན་ནས་དེ་བཞིན་བྱེད་པའོ། ། བཀའ་བཀྱོན་ནི་སྤྱོ་བ་སྟེ་གོང་མས་འོག་མར་བསྙད་བརྐོ་བཙན་འདེབས་ཀྱི་ཚིག་སྨྲ་བའོ། །བརྒྱད་བཀག་ནི་གཞན་ལ་སྐྱོན་བརྗོད་པའམ་ ཁ་སྨྲས་སྡིག་ཚིག་གོ། །འཁོན་དུ་བཀོན་ནི་སྔར་གཞན་གྱིས་རང་ལ་ངན་དུ་བྱས་པ་དེ་དྲན་ནས་སྡང་སེམས་འཛིན་པའོ། །ལམ་བཀག་ནི་ལུགས་སྲོལ་གང་ཡང་རུང་བ་སྔར་གྱི་རྣམ་པ་དེ་ལ་གནས་སུ་མི་བཅུག་པར་བསྣུབ་པའམ། ལམ་དུ་ཕ་རོལ་པོ་རྒྱུ་རུ་མི་སྟེར་བ་སྟོབས་ཀྱིས་དགག་པ་ལྟ་བུའོ། །སྤ་བཀོང་ནི་ཕ་རོལ་པོ་ཟིལ་གྱིས་གནོན་ཏེ་ཞུམ་པར་བྱེད་པའོ། །རྒྱལ་པོས་བཀྲབས་{བཀྲབས་པ་ནི་བརྡ་རྙིང་སྟེ། མང་པོའི་ནང་ནས་འདོམས་པ། }ནི་གཡོག་མང་པོའི་དཀྱིལ་ནས་གདམས་ཏེ་ནང་བློན་ལྟ་བུ་བསྐོས་པའོ། །ལུས་བཀན་ནི་རྒྱབ་འོག་ཏུ་བྱས་ཏེ་མདུན་སྟེང་དུ་བསྟན་པའི་ཕྱི་གན་དུ་གནས་པའོ། །ལག་བཀན་ནི་ལག་པའི་ཕྱི་འོག་དང༌། ལག་མཐིལ་གྱེན་དུ་བསྟན་པའོ། །བཀྲོས་{ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཀྲོས་པ་ནི་གཞན་ལ་གདམས་པའམ་འདོམ་པའི་དོན་ཡིན་ནོ་གསུངས། }ནི་གདམས་པའི་དོན་ཏོ། །ནས་ནི་དགར་ཚིག་གམ། ལྷག་འདྲེན་ནོ། །བཀྲི་{བཀྲི་ནི་བརྡ་རྙིང་སྟེ། དྲངས་པའམ་ཁྲིད་ པ། } ནི་འཁྲིད་པའམ་གནས་སུ་དྲོང་པའོ། །མདོ་བཀླགས་ནི་ཆོས་བསྒྲགས་ཚར་བ་སྟེ་འདས་ཚིག་གོ། །མགོ་བཀད་ནི་ལས་སུ་བྱ་བ་གང་ཡིན་པ་དེའི་མགོ་འཛུགས་པའོ། །ཐགས་ཀྱི་བཀད་ནི་སྣལ་མ་རྒྱུ་སྤུན་རྣམས་སྟེང་འོག་འཐབ་པའོ། །བཀྱལ་བའི་ངག་ནི་ངག་འཁྱལ་ཏེ། བྲེ་མོའི་གཏམ་དང༌། ཀུ་རེ་ཀྱལ་ཀ་སོགས་འབྲས་མེད་ཉེས་པ་འབྱུང་བའི་གཏམ་སྨྲ་བའོ། ། དེ་ལ་སོགས་པ་ནི་བས་འཕུལ་ཀ་ཡིག་གི་འཇུག་པའོ། །ར་མགོ་ལྡན་པའི་ཀ་ཡིག་གི་འཇུག་པ། རྐང་ལག་ནི་ལུས་ཀྱི་ཡན་ལག་བཞི་ལྟ་བུའོ། །རྐང་བཞི་ནི་དུད་འགྲོ་རི་གཡང་སོགས་སོ། །རྐན་ནམ་དཀན་ཡང་རུང་སྟེ། ཁ་ནང་གི་སོའི་རྟེན་གཞིའོ། ། དང་། རྐུབ་ནི་འོག་སྒོའོ། །ཆོམ་རྐུན་ནི་གཞན་གྱི་ནོར་རྫས་སྟོབས་ཀྱིས་འཕྲོག་ནས་བདག་གིར་བྱེད་པའི་ཇག་པའོ། །རྐྱེན་ནི་སྣོད་སྤྱད་དེ། དེའང་རྒྱུ་ཟངས་ཡིན་ན་ཟངས་རྐྱེན་དང༌། དངུལ་ཡིན་ན་དངུལ་རྐྱེན་དང༌། དེ་བཞིན་དུ་རྫ་རྐྱེན། ཆང་རྐྱེན། ཇ་རྐྱེན་ལྟ་བུའོ། །དང་ནི་སྡུད་ཚིག་གོ། །ཕྱེ་རྐྱལ་ནི་རྩམ་སྣོད་སྒྲོ་རྐྱལ་ལོ། །རྐུ་ནི་འཇབ་བུའི་མ་བྱིན་པ་ལེན་པའོ། ། རྐོང་པ་{དག་ཡིག་ལ་ལའི་ནང་ན་རོ་མེད་པའི་རྐང་ཞེས་པའང་སྣང་ངོ༌། ། }ནི་ནད་ཀྱི་མིང་ངོ༌། ། ཆིག་རྐྱང་ནི་གྲངས་ཆིག་རྐྱང་ངོ༌། །ས་རྐོ་ནི་དེའི་མིང་རྐྱང་ད་ལྟ་བ་བྱེད་ཚིག་གོ། །རྐོས་ནི་བསྐུལ་ཚིག་གོ། །གན་རྐྱལ་ནི་ལུས་ཀྱི་རྒྱབ་ས་ལ་བསྟན་ཅིང༌། མདུན་གྱེན་དུ་བསྟན་པའོ། །རྐེད་ནི་ཡར་ཕྱེད་མར་ཕྱེད་ཀྱི་གཞུང་ངོ༌། །རྐྱང་ནི་རྐྱང་པའམ། རི་དྭགས་རྐྱང་ངོ༌། །{ཡང་ན། རྐྱང་ནི་རྐེད་པ་སོགས་བསྲིང་བ་ལ་འགྲེལ་ན་ལེགས་པ་ནི་ཚིག་གྲོགས་ཀྱིས་མངོན་ནམ་སྙམ། }རྐོན་པ་ནི་རི་དྭགས་འཇིན་པའི་རྒྱའམ་སྙིའོ། །འཛུགས་ནི་དེ་ཉིད་རི་དྭགས་རྒྱུ་བའི་སྲང་ཁར་བཙུགས་པའོ། །རྐ་ནི་ཆུ་ལ་ཡུར་བ་དང༌། མགོ་ནི་ཆུ་འདྲེན་ཡུལ་དང་ཐག་ཉེ་བའོ། །འི་ནི་འབྲེལ་སྒྲའོ། །རྐྱལ་རྩེད་ནི་ཆུ་ལའོ། །རི་དྭགས་རྐྱང་ནི་བྱང་ཐང་ན་ཡོད་པའི་རྟ་འདྲ་བ་དམར་པོ། རྒྱུ་ནི་གཞི་ས་བོན་དེ་ཉིད། རྐྱེན་ནི་ཆུ་ལུད་དྲོད་སོགས་ཀྱིས་བསྒྱུར་ནས་རྩ་བ། ལྗང་བུ། སྡོང་པོ། ལོ་འདབ། མེ་ཏོག འབྲས་བུའི་བར་དུ་འབྱུང་བ་བཞིན་ནོ། །དེ་ལ་སོགས་ཏེ་ར་ལ་བཏགས་པའི་ཀ་ཡིག་གི་རྣམ་པར་བཤད་པའོ། ། ལ་མགོ་ལྡན་པའི་ཀ་ཡིག་གི་འཇུག་པ། ལྐོག་གྱུར་ནི་ཕ་རོལ་པོ་གཞན་གྱིས་མི་མངོན་པར་གསང་ཐབས་སུ་བྱས་པའོ། །ལྐོག་མ་ནི་ཨོག་མའོ། །ལྐོག་ཤལ་{ལྐོག་ཤལ་ནི་བརྡ་རྙིང་སྟེ། བ་གླང་གི་ལྐོག་མའི་པགས་པ་འཕྱང་བ་དེའོ། །ནོག་ ཀྱང་བརྡ་རྙིང་སྟེ། བ་གླང་གི་སོག་པའི་སྟེང་གི་འབུར་བོ་དེའོ། །} ནི་དུད་འགྲོ་བ་ལང་གི་ལྐོག་མའི་ཤ་ལྷབ་ལྷུབ་ཕྱང་ངེ་བ་ཡོད་ པ་དེ་དང་གཞན་ཡང་རྐེ་སྦ་ལྟ་བུའོ། །དང་ནི་སྡུད་ཚིག་གོ། །ངག་ལྐུགས་པ་ནི་ལྕེ་མི་བདེ་བ་དིག་ནས་གཏམ་སྨྲ་མི་ཤེས་པའོ། ། དེ་ལ་སོགས་པའི་གཞན་ཡང་ལ་མགོ་ལྡན་པའི་ཀའི་བརྡ་དག་ཅི་རིགས་པ་བློས་དཔྱད་དེ་ཤེས་པར་བྱ་དགོས་པ་ནི་ལ་བཏགས་པའི་ཀ་ཡིག་གི་འཇུག་པ་བཤད་པའོ། །ཀ་ཡིག་ས་མགོ་ཅན་གྱི་འཇུག་པ། སྐ་ཅོག་ནི་རུས་ཀྱི་མིང་སྟེ། ལོ་ཙཱ་བ་ཀ་བ་དཔལ་བརྩེགས་དང༌། ཅོག་རོ་ཀླུའི་རྒྱལ་མཚན་གཉིས་སོ། ། དེ་ལས་ཅོག་རོ་ཀླུའི་རྒྱལ་མཚན་ནི་འདིར་བརྗོད་པའི་སྐབས་སུ་མ་བབས་ཀྱང་ཚིག་གྲོགས་སོ། །སྐལ་ལྡན་ནི་བསོད་ནམས་ཅན་ནམ། སྐར་མ་ནི་ནམ་མཁའ་ལ་རྒྱུ་བའོ། །སྐག་ནི་རྒྱུ་སྐར་གྱི་ནང་ཚན་ནོ། །སྐུ་ནི་ལུས་ལ་ཞེ་སའི་ཚིག་གོ། །སྐེམས་ནི་ཤ་ཤེད་ཉམས་ཏེ་རིད་པའོ། །སྣུམ་སྐུད་ནི་མགོ་བོའམ་ལག་པ་ལྟ་བུ་ལ་མར་བྱུག་པའོ། །སྐུད་པ་ནི་རས་བལ་སོགས་བསྒྲིམ་པའོ། །སྐྱོལ་ནི་གནས་ནས་གཞན་དུ་འདྲེན་པའི་བསྐུལ་ཚིག་དང༌། དམན་པའི་དོན་ཏོ། །སྐྱོ་མ་ནི་རྩམ་པའི་ལྡེ་གུ་གར་སླ་རན་པའོ། །{འདུལ་བ་མདོ་རྩར། སོར་མོ་ལྔ་(བཞག་ན་རྗེས་)མི་མངོན་པ་ནི། སྐྱོ་མའོ་ཞེས་གསུངས་སོ། ། }འི་ནི་འབྲེལ་སྒྲའོ། །སྐྱག་པ་ནི་མི་གཙང་བའི་སྟུག་པའོ། །སྐྱུང་ཀས་ནི་བྱ་ནག་པོ་མཆུ་དམར་བ་ཅན་ཏེ། རྗེ་བྱམས་པ་གླིང་པས་ལྕུང་ཀ་གསུངས་སོ། །སྐྱུད་ནི་མི་དྲན་པའམ་བརྗེད་པའི་དོན། སྐ་རགས་ནི་ལུས་ལ་བཅིང་བའི་སྐེ་རགས་སོ། ། སྐྱེར་ནི་ཁ་དོག་ལྗང་གུའོ། །སྐྱ་ནི་ཁ་དོག་ཐལ་མདོག་གོ། །སྐྱུ་རུ་ར་ནི་སྨན་ནོ། །སྐྱེས་བུ་ནི་གང་ཟག་གམ་ཤེས་ཅན་ནོ། །སྐྱེམས{སྐྱེམས་ནི་བཏུང་བ་སྟེ། གསེར་སྐྱེམས་ཞེས་པའང་བཏུང་བའི་ནང་དུ་གསེར་ཕྱེ་ཤུགས་པར་འདོད་ཀྱང༌། ཞལ་ལ་གསེར་ཞལ་ཞེས་རྒྱ་ནག་གི་བརྡར་ཞེ་ས་ཅན་ཡིན་ལ། གསེར་ཞལ་དེ་ལ་སྐྱེམས་འདྲེན་པས་ན་གསེར་སྐྱེམས་བྱེད་པར་འཐད་ཅེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་འབྱུང་ངོ༌། ། }ནི་ཆང་སོགས་ སོ། །ཀྱི་ཕྲད་དོ། །སྐོམ་ནི་ཇ་ཆང་སོགས་བཏུང་བའོ། །སྐྱུར་ནི་སྐྱུར་མོའོ། །སྐོལ་ནི་ཐབ་ལ་མེ་ཆུ་སོགས་བསྐོལ་བའི་བསྐུལ་ཚིག་གོ། །གོས་སྐོན་ནི་ལུས་ལའོ། །སྐྱེན་ཡང་ནི་མདའ་དང་འགྲོས་སོགས་རྩལ་སྣ་འཛོམ་པའོ། །སྐྱུར་བ་ནི་རྗེས་སུ་བཞག་པའམ། ལོགས་སུ་དོར་བ་དང་གྲོགས་ཀྱིས་བོར་བ་སོགས་སོ། ། ས་སྦྱར་བ་ནི་བྱེད་སྒྲའོ། །སྐྱོ་ནི་སེམས་སུན་ཅིང་མི་བདེ་བའོ། །སྐེམ་བྱེད་ནི་གདོན་དང༌། མེ་སྟི་མའོ། །སྐུལ་བྱེད་ཀྱང་གདོན་དང༌། སེམས་ལ་དྲན་བསྐུལ་ལོ། །སྐོར་བ་བྱེད་ནི་རྟེན་གསུམ་བཞུགས་པའི་ལྷ་ཁང༌། མཆོད་རྟེན། བླ་མ་སོགས་ལའོ། །སྐྱུ་རུམ་ནི་ཚོད་མའམ་ཐུག་པའོ། །སྐྱུ་གང་ནི་ཟན་ལ་སྐྱུ་བཟོས་ནས་ཐུག་པ་སོགས་དང་བསྒྲེས་ཏེ་ཁར་འཛུད་པ་དེའོ། །སྐྱུགས་པ་ནི་ཁོང་དུ་ཟོས་པ་རྣམས་ཡར་ཁ་ནས་ཕྱུང་བའོ། །ས་ནི་བྱེད་སྒྲ་བྱར་བའོ། །སྐྱེངས་ནི་ནོངས་པས་ངོ་ཚ་བའོ། །སྐྲན་ནི་ན་ཚའི་ཤ་སྐྲན་ནོ། ། དང་ནི་སྡུད་ཚིག་གོ། །སྐྱིགས་བུ་ནི་ཀེག་པ་སྟེ་དབུགས་མི་བདེ་བ་རིམ་ཙི་ཟེར་བ་དེའོ། །སྐྱ་སྦབ་ནི་བད་ཀན་གྱི་ནད་དོ། །སྐྲངས་པ་ནི་སྦོས་སྐྲངས་སོ། །རི་སྐྱེགས་སམ་རི་སྐེགས་ནི་བྱ་སྐྱ་གའོ། །ཆུ་སྐྱར་ནི་ཆུ་བྱ་ཉ་ཟན་ནོ། །སྐྱ་ག་ནི་ཡོངས་གྲགས་ཀྱི་བྱ་ཡུལ་སྐད་ལ་ལར་ཀ་གའང་ཟེར་རོ། །འི་ནི་འབྲེལ་སྒྲའོ། །སྐད་ནི་སྒྲ་ཐམས་ཅད་ལ་འཇུག་གོ། །སྐུན་བུ་{སྐུན་བུ་ནི་བརྡ་རྙིང་སྟེ་གཞོང་བུ། }འམ་སྐོང་བུ་ནི་གཞོང་པའོ། །སྐམ་པ་ནི་མགར་བའི་ལག་ཆ་ལྕགས་བསྲེགས་འཛིན་བྱེད་དོ། །སྐྱ་བ་ནི་མཉན་པའི་ལག་ཆ་ཀོ་གྲུ་སྐོབ་བྱེད་དང༌། ཟ་མ་གཡོ་བའི་འདིའི་སྐྱ་ལ་སོགས་པའོ། །སྐྱོགས་ནི་ཆུ་སོགས་འཆུ་བྱེད་དོ། །དགེ་སྐོས་ནི་ཆོས་ཁྲིམས་པའོ། །བྲོ་སྐྲབ་ནི་བྲོ་འཁྲབ་པའོ། །ཌ་རུ་སྐྲོག་ལག་པས་འཁྲོལ་བའོ། །སྐུད་པོ་{སི་ཏུ་ཆོས་འབྱུང་གི་འཆི་མེད་མཛོད་ཀྱི་གཞུང་སྐད་གཉིས་ཤན་སྦྱར་བའི་བསྟན་ བཅོས་ལེགས་བཤད་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་ལས། སྐུད་པོ་ནི། ལེགས་སྦྱར་གྱི་སྐད་དུ། བ་སུ་སྟེ་བོད་སྐད་དུ་སྐུད་པོ་ཞེས་ཆུང་མའི་སྤུན་ཟླ་ཡིན་ནོ། ། ཞེས་གསུངས་སོ}ཆུང་མའི་མིང་པོའོ། །སྐྱོ་སྔོགས་{སྐྱོ་སྔོགས་ནི་བརྡ་རྙིང་སྟེ། འཁྲུག་ལོང༌། }ནི་དམག་སོགས་འཁྲུག་སློང་ཆེན་ པོ་བྱེད་པའོ། །སྙན་སྐྱོས་ནི་བླ་དཔོན་གྱི་སྙན་དུ་མི་སྙན་པའི་ སྐྱོན་གོ་བ་སྟེ། དོན་ཕྲ་མ་ལྟ་བུའོ། །སྐྲག་ནི་འཇིགས་ཤིང་བྲེད་པའོ། །རྒྱ་སྐྱེགས་ནི་རྒྱ་ཚོས་དམར་པོ་རྒྱ་སྐག་ཟེར་བ་ དེའོ། །སྐྱེད་མོས་ཚལ་ནི་བཙུགས་ཤིང་གི་ལྕང་ར་དང་མེ་ཏོག་གི་ལྡུམ་རའོ། །སྐྱེར་བ་ཤིང་ཚེར་མ་ཅན། ཤུན་པ་བཤུས་ན་སེར་པོ། རོ་ཁ་བ་ཅན་ནོ། །འི་ནི་འབྲེལ་སྒྲའོ། །སྐས་ནི་ཤོད་ནས་སྟེང་དུ་འཛེགས་ལམ་ཐེམ་པ་གཏོད་པ་ཅན་ནོ། །སྐེ་ནི་ལུས་ཀྱིའོ། །དང་ནི་སྡུད་ཚིག་གོ། །ཨོག་སྐོར་ནི་མགྲིན་པའོ། །ཆུ་སྐྱེགས་ནི་བྱའོ། །སྐྱེས་ནི་མ་ལས་བུ་དང༌། ལུས་ལས་སྤུ། ས་ལས་རྩི་ཤིང་ལོ་ཏོག་སོགས། སྐྱི་གཡའ་ནི་འཇིགས་སྐྲག་གིས་སྤུ་ཟིངས་ཤིང༌། ཤ་ཟ་ཟ་ཡམ་ཡམ་བྱེད་པའོ། །འི་ནི་འབྲེལ་བའི་སྒྲའོ། །སྐྱོན་ནི་ཡོན་ཏན་མེད་ལ་ཉེས་པ་ཆེ་བའོ། ། སྐྱོབ་ནི་ཉེས་པ་ལས་སྐྱོབ་པ་སྟེ་ད་ལྟ་བ་དང་བྱེད་ཚིག་གོ། །སྐྱབས་འགྲོ་ནི་སྐྱབས་ཚོལ་དུ་འགྲོ་བའོ། །སྐྱོར་ནི་ལན་མང་དུ་འོར་བ་སྟེ་སྐུལ་ཚིག་གོ། །འཚོ་སྐྱོང་ནི་ནོར་རྫས་སོགས་བོར་དོགས་ཀྱིས་རྫིའུ་རྟ་ཕྱུགས་སྲུང་བ་ལྟ་བུའོ། །རེ་སྐོང་ནི་རང་གཞན་གྱི་འདོད་པ་སྒྲུབ་པའོ། །སྐྱིན་གོར་{སྐྱིན་གོར་ནི་བརྡ་རྙིང་སྟེ་གངས་སྦལ་ལམ་རྩངས་པ། }ནི་སྲོག་ཆགས་གང་སྦལ་ལམ། དེ་དང་ཆོས་མཚུངས་པའི་ད་བྱིད་དོ། །སྐོགས་ནི་མར་ཐུད་སོགས་བསྟུམས་པའི་ཀོ་པགས་དང༌། ཤིང་གི་ཕྱི་སྐོགས། སྦྲུལ་དང་སྒོ་ང་སོགས་ཀྱི་ཕྱི་ཤུན་ལྟ་བུའི་རིགས་སོ། །སྲབ་སྐྱོགས་ནི་རྟའིའོ། །སྐྱེས་བཟང་ནི་བླ་དཔོན་ནམ། རང་གི་གྲོགས་པོ་བློ་ཉེ་བ་རྣམས་ལ་ནོར་རྫས་བཟང་པོའི་ལག་རྟགས་འབུལ་བའོ། །རྒྱལ་གྱི་སྐུགས་ནི་མདའ་ཤོ་མིག་མང་སོགས་འགྲན་རེས་ཀྱིས་སུ་རྒྱལ་བ་དེ་ལས། ཕམ་པོ་ནས་དངུལ་སོགས་སྤྲོད་རྒྱུའི་སྐུགས་བཞག་པའོ། །བྱ་སྐྱིབས་ནི་བྲག་གི་ངོ་རྒུར་བའི་འོག་ཏུ་ཆར་སོགས་མི་འབབ་པའི་བྲག་ཕུག་གམ། བྲག་ཁུང་ལའང་ཟེར་རོ། །སྐར་ཁུང་{འདི་དཀར་གསལ་དང༌། མུན་དཀར་ཟེར་བ་དང་བསྟུན་ན་དས་འཕུལ་ཐོབ་པ་ལྟར་སྣང་ཡང༌། གནམ་གྱི་སྐར་ཚོད་ལྟ་བའི་ཁང་བུ་ཡིན་ཕྱིར། དེ་ཉིད་ཀྱི་བརྡ་བཙན་པར་བྱས་པའོ། །ཞེས་འཇམ་མགོན་ཨ་མེས་ཞབས་ཀྱིས་བརྡ་གསར་རྙིང་སྟོན་པའི་ལེགས་བཤད་གསུང་རབ་ཀུན་ལ་ལྟ་བའི་སྒྲོན་མ་ལས་གསུངས་སོ། ། }ནི་ཁང་པའི་རབ་གསལ་ལོ། །སྐོར་ཚེར་ནི་ཀོར་ཚོའི་སྡེ་ཚོའོ། །སྐྱིད་ནི་མི་བདེ་བ་མེད་པར་སྤྲོ་བའོ། །སྐྱེལ་མ་ནི་ཆུ་འཕྲང་དང༌། དགྲ་རྐུན་ཡོད་སར་ཟླ་རོགས་འཇིགས་སྐྱོབ་གཏོང་བའོ། །སྐྱེས་ཆེན་ནི་མི་ཤི་བ་སོགས་ཚེ་ཕྱི་མའི་ཡུལ་དུ་འགྲོ་བ་ལ་སྐྱེས་ཆེན་པོ་འདེང་ཟེར་བ་ལྟ་བུ་དང༌། འབྲོག་པ་སོགས་གནས་གཅིག་ནས་གཅིག་ཏུ་འཕོ་བ་ལ་སོགས་པའོ། །སྐྱོབ་མ་ནི་མགྲོན་སོགས་ཀྱི་ཤ་ཉེ་ཟླ་གྲོགས་སོགས་ལ་འབབ་ལྟ་བུའི་སྟེར་ཆའོ། །སྐྲོད་ནི་གནས་དེར་འཁོད་དུ་མི་རུང་བ་རྣམས་གཞན་དུ་དེད་པའོ། །ཆུ་སྐྱོམ་ནི་ཆུ་གཡོ་{ཆུ་སྐྱོམ་ནི། ཆུ་སྣོད་ཀྱི་ནང་དུ་བླུགས་ནས་གཡོ་བསྒུལ་བྱེད་པའོ། །བསྐྱམས། ཞེས་པ་རྣ་རུ་མེད་པའི་མཐའ་ཅན་ནི་བྱ་བ་དེ་བྱས་ཟིན་པའི་འདས་ཚིག་དང༌། སྐྱོམ་ཞེས་རྣ་རུ་ཅན་ནི་སླད་ནས་དགོས་པ་མ་འོངས་པའི་དོན་ཡིན་པར་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད་དོ། ། }འགུལ་བྱེད་པའོ། །ཞོ་སྐྲོགས་ནི་འོ་མ་བསྲུབ་པའོ། །རྩིས་ཀྱི་སྐྱེགས་ནི་རྩིས་བྱས་པའི་ལོ་ཟླ་སྤར་སྨེའི་ཀེག་གོ། །ཇི་སྐད་ནི་ཇི་འདྲ་ཟེར་ནའོ། །འདི་སྐད་ནི་འདི་ལྟར་ཟེར་རོ། །ཁ་སྐོང་ནི་སྔར་གྱི་བྱ་བའི་འཕྲོ་དེ་རྫོགས་པར་བྱས་པའོ། །སྐབས་ནི་ཁོམ་པའི་དུས་ཚོད་ཀྱི་སྒྲའོ། །ས་སྐྱོང་དང་ས་སྤྱོད་ནི་རྒྱལ་པོའོ། །སྐྱང་ནུལ་{སྐྱང་ནུལ་ནི་བརྡ་རྙིང་སྟེ་ཞལ་བ། } ནི་གྱང་དང་རྩིག་པ་ལ་སོགས་པར་ཞལ་བར་ བྱས་པའོ། །སྐམ་ནི་ཆུ་དང་བརླན་གཤེར་རྣམས་མེ་དང་ཉི་མས་བསྐམས་པའོ། །རེ་རན་ནི་ཚིག་གྲོགས་སོ། །སྐད་ཅིག་{དཔལ་སྤུངས་སྤར་མར་སྐ་ཅིག་ཅེས་ཡོད་པ་ནི་ཡིག་སྐྱོན་ནོ། ། }ནི་ཡུན་ཤིན་ཏུ་ཐུང་ངུའི་མིང༌། དེའང་དབྱེ་ན། བྱ་རྫོགས་དང༌། དུས་མཐའ་དང༌། དེའི་སྐད་ཅིག་མའོ། །སྐྲ་སྐྱེས་ནི་མགོ་ལའོ། །ཤིང་སྐྲུས་པ་ནི་ཤིང་དུམ་བུར་བཅད་པའོ། །{བརྡ་རྙིང་ལི་གུར་ལས། སྐྲུས་པ་ནི་གཅོད་པའོ། །གསུངས། }ཞ་ལུ་ལོ་ཆེན་གྱི་སློབ་མ་ སྨིན་{སྐྱོགས་སྟོན་ལོ་ཙཱའང་གྲགས། }གྲུབ་ལོ་ ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་དཔལ་བཟང་པོས་མཛད་པའི་བརྡ་གསར་རྙིང་གི་རྣམ་བཞག་སྟོན་པ། ལེགས་བཤད་ལི་ཤིའི་གུར་ཁང་ལས་གསུངས་སོ། །སྦས་སྐུངས་ནི་ནོར་རྫས་སོགས་གཞན་གྱིས་མི་མཐོང་སར་གསང་སྟེ་བཞག་པའོ། །མཐའ་སྐོར་ནི་དཀྱིལ་གྱི་ཕྱི་རོལ་ཁོར་ཡུག་གོ། །སྐོབས་སུ་ཆུད་ནི་བྱ་དཀའ་བའི་ལས་ཡུན་རིང་བྱེད་དགོས་པའོ། །རང་སྐལ་ནི་རང་རང་ལ་རྗེ་དབང་ཐང་བསོད་ནམས་ཟ་མ་ཡན་ལས་དང་བྱ་བ་གང་ཐོབ་པ་ དེའོ། །སྐྱེ་མཆེད་ནི་བཅུ་གཉིས་ཏེ། ཡུལ་དང་ཡུལ་ཅན་དག་གོ། །ཐུགས་དམ་སྐོང་ནི་མཆོད་ཡུལ་སོགས་གོང་མའི་ཐུགས་ཀྱི་དམ་ཚིག་ཉམས་ཆགས་སྐོང་བ་སྟེ། ད་ལྟ་དང་བྱེད་ཚིག་གོ། །བྱ་སྐོན་བྱ་རྒྱའམ་རྙིའོ། །སྐྱི་དཀར་ནི་ཀོ་པགས་སྤུ་བཏོན་ཤུལ་གྱི་མདོག་དཀར་པོའོ། །སྐྱེ་ཚེའི་འབྲུ་ནི་ཡུངས་གཞིའམ་པད་ཀ་འདྲ་བ་མེ་ཏོག་སེར་པོ་འཆར་བ་དེའོ། །སྐྱོ་མ་{སྐྱོ་མ་ཞེས་པ་སྲོག་ཆགས་ཡིན་པའི་མཆན་བུ་འགའ་རེ་འདུག་པ་ནི་ཕྱིན་ཅི་ལོག་ཁོ་ནའོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད་དོ། ། དེས་ན་སྐྱོ་མ་ནི་ཕྲ་མ་དང༌། སྔན་བཙན་ནམ། སྔན་ཅན་ནི། འདོན་པ་སྟེ། ཕྲ་མ་འདོན་པ། ཞེས་འགྲེལ་ན་གོ་བདེའོ། །སྐྱོ་མ་བརྡ་རྙིང་སྟེ། ཁྲ་མ་དང་ཕྱེ་བ། }སྔན་བཙན་ནི་དབྱེན་ནམ་ཕྲ་མ་ལྟ་བུའོ། །སྒུལ་སྐྱོད་ནི་རྩྭ་ཤིང་སོགས་རླུང་གིས་སྡེབས་པ་ལྟ་བུའི་སྒུལ་ཞིང་སྐྱོད་པའོ། །དང་ནི་སྡུད་ཚིག་གོ། །སྐྱ་རེངས་ནི་ཐོ་རངས་ཤར་ཕྱོགས་ནས་ཉི་མའི་སྔ་ལྟས་སྐྱ་ཐལ་ལེ་བའི་མདངས་ཡོང་བ་དེ་ཡིན་ཏེ་ཉི་མའི་ཁ་ལོ་པའོ། །ལ་སོགས་ནི་དེ་ལྟར་གཞན་ཡང་སར་བཏགས་པའི་ཀའི་བརྡ་དག་ཅི་རིགས་པ་བློས་དཔྱད་དེ་ཤེས་པར་བྱ་དགོས་ཏེ། དེ་རྣམས་ནི་ཀ་ཡིག་ས་མགོ་ཅན་གྱི་རྣམ་པར་བཤད་པའོ། ། བས་འཕུལ་ར་མགོ་ལྡན་པའི་ཀ་ཡིག་གི་འཇུག་པ། འདོད་པ་བརྐམ་པ་{བརྐམ་པ་ནི་བརྡ་རྙིང་སྟེ། འདོད་ཞེན། }འདོད་ཆགས་ཏེ་ནོར་རྫས་སོགས་དངོས་པོ་གང་ལའང་འདོད་ཞེན་ཆེ་བའོ། །ས་ནི་བྱེད་ཚིག་སྦྱར་བའོ། །བརྐུ་བྱ་ནི་གང་བརྐུ་བར་བྱ་བའི་དངོས་པོའོ། །བརྐུས་ནི་རྐུ་བར་བྱེད་པའི་གང་ཟག་དེའི་ལོན་ཚར་བའི་འདས་ཚིག་གོ། །སྲ་བརྐྱང་ནི་རྒྱ་གར་དུ་དགག་དབྱེ་གྲོལ་མཚམས་དགེ་འདུན་གྱི་སྤྱི་རྫས་ལས་བཟོས་པའི་ཆོས་གོས་འཁུམས་འགྲོ་དོགས་ཀྱིས་ཤིང་ལེབ་ཆེན་པོའི་སྟེང་དུ་བརྒྱངས་ནས་བཏིང་བ་ལ་དགེ་འདུན་ཐམས་ཅད་ཀྱི་ཆོས་གོས་བྱིན་རླབས་དབྱུང་ནས་སྨིན་དྲུག་ཟླ་བའི་བར་འཆང་འབྲལ་འཇོག་གསུམ་གྱི་ལྟུང་བ་ཁེགས་པ་དེའོ། ། ལག་བརྐྱང་ནི་རྐང་ལག་སོགས་བསྐུམས་པ་དེ་ཕར་བརྐྱང་བའི་མ་འོངས་པ་དང་བྱ་ཚིག་གོ། །བརྐོ་བྱ་ནི་ས་ལ་སོགས་པའོ། །བརྐོས་ནི་འཇོར་དང་ཕུར་པ་ལྟ་བུས་བརྐོས་ཟིན་པ་སྟེ་འདས་ཚིག་གོ། །དེ་རྣམས་ནི་བས་འཕུལ་ར་མགོ་ལྡན་པའི་ཀ་ཡིག་གི་རྣམ་པར་བཤད་པའོ། །བས་འཕུལ་ས་མགོ་ལྡན་པའི་ཀ་ཡིག་གི་འཇུག་པ། བྱུག་པ་ནི་སྤོས་ཆུ་དང་མར་སྣུམ་སོགས་བསྐུ་བའོ། །བསྐུ་ནི་མཉེད་སྐུད་སོགས་བསྐུ་བར་བྱའོ། །བསྐུས་ནི་འདས་ཚིག་གོ། །ལག་པ་ནི་ལུས་ལས་གྱེས་པའི་ཡན་ལག་གོ། །བསྐུམ་ནི་དེ་ཉིད་བརྐྱང་བ་ཚུར་བསྡུ་བ་སྟེ། མ་འོངས་པ་དང་བྱ་བའི་ཚིག་གོ། །བསྐུམས་ནི་འདས་ཚིག་གོ། །འཕྲིན་བསྐུར་ནི་ཆ་ཡིག་བསྐུར་བའོ། །འགན་བསྐུར་ནི་རང་གི་བྱ་བ་དང་ལས་ཀ་གང་ཡིན་པ་དེ་གཞན་ལ་བཅོལ་ནས་རང་དོན་ལྟར་འོང་རེའི་བློ་གཏོད་པའམ། ལོ་གུས་ཧྲིལ་གྱིས་བཀལ་བའོ། །དབང་བསྐུར་ནི་བསྐུར་བྱའི་དབང་རྫས་དེ་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་གཏོར་ཞིང་བསྐུར་བའོ། །ཆོས་ལ་བསྐུལ་བ་ནི་ཆོས་བྱེད་ཐབས་སྟོན་པའོ། །ནོར་བསྐྱི་ནི་ནོར་རྫས་གཡར་བའོ། ། བསྐྱིས་ནི་གཡར་ཟིན་པའོ། ། དང་བསྐྱིན་པོ་ནི་སྔར་སྐྱིས་པའི་ཚབ་བོ། བསྐྱལ་ནི་དགོས་པའི་ཡུལ་དུ་བསྐྱལ་ཟིན་པའོ། ། གོས་བསྐོན་ལུས་ལའོ། །རྟར་བསྐྱོན་ནི་རྟ་ལ་སོགས་པའི་སྟེང་དུ་བཞག་པའོ། །བསྐྱར་ནི་ལན་གྲངས་ཡང་ཡང་ངོ༌། །ནས་ནི་ཚིག་གྲོགས་སོ། །བསྐྲད་ནི་བགེགས་དང་ལོག་འདྲེན་སོགས་གནས་དེར་སྡོད་དུ་མི་བཅུག་པར་རྒྱང་ཕུད་གཏོང་བའོ། །བཅོམ་བསྐྱུངས་{བཅོམ་བསྐྱུངས་ནི་བརྡ་རྙིང་སྟེ། འཇིགས་ནས་སྐད་ཆུང་ངུར་སྨྲ་བ། } ནི་བླ་མ་དང་ཡོན་ཏན་ཅན་སོགས་ཀྱི་མདུན་དུ་ཁེངས་པ་བསྐྱུངས་ནས་སྐད་ཆུང་ངུས་སྨྲ་བའམ། ལུས་འཁུམས་པར་འདུག་པའམ། ཁ་རོག་སར་འདུག་པ་སོགས་སོ། །ཟས་བསྐྲུ་ནི་སྤྲང་པོས་ལྟོ་བསླང་བའོ། །བསྐྱེད་ནི་རྒྱ་ཆུང་ངུ་ཆེ་རུ་གཏོང་བའོ། །ཅིང་ནི་ཚིག་ཕྲད་དོ། །བསྐྲུན་{བསྐྲུན་པ་ནི་བརྡ་རྙིང༌། }ནི་གསར་དུ་བསྒྲུབས་པའི་དངོས་པོའོ། ། བསྐལ་{བསྐལ་བ་ནི་བརྡ་རྙིང་སྟེ་བར་ཆོད་ པའམ་རྒྱང་རིང་བ། } པ་ནི་དུས་ཀྱི་བསྐལ་པའོ། །མེ་ནི་སྲེག་བྱེད་དེ་ཚིག་གྲོགས་སོ། །ས་བྱེད་སྒྲ་སྦྱར་བའོ། །མཚོ་བསྐམས་ནི་རིམ་གྱིས་བྲི་ཞིང་ཟད་པའོ། ། ཆུ་བསྐྱིལ་ནི་ས་རྡོ་སོགས་ཀྱིས་མཐའ་བསྐྱོར་ནས་ཆུ་འཁྱིལ་བར་བྱས་པའོ། །བསྐྱོམས་ནི་བསྐྱེད་པའམ། གཡོ་འགུལ་ཆེན་ པོས་བསྐྱོམས་པ་སྟེ་འདས་ཚིག་གོ། །བསྐལ་{བསྐལ་དོན་ནི། དཔེར་ན། འུ་ཅག་མཛའ་བ་མི་སློད་ཀྱང༌། ། ཡུལ་གྱིས་རིང་དུ་བསྐལ་བས་ན། ། ངོས་འཕྲད་རེ་ཞིག་མི་འོང་དོན། ། ཉེ་བར་སེམས་པའི་གཅེས་ནོར་བསྐུར། །ཅེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་དཔེར་བརྗོད་མཛད་པ་ལྟར། ཡུལ་གྱི་བསྐལ་བ་དང༌། དུས་ཀྱི་བསྐལ་བ་གང་ལ་གང་འོས་འགྲེལ་བ་ལས་དམིགས་བསལ་གཅིག་འདྲེན་པས་མ་ཁྱབ་བོ། ། བསྐལ་བ་ནི། བརྡ་རྙིང་སྟེ་ བར་ཆོད་པའམ་རྒྱང་རིང་བ། }བའི་དོན་ནི་བདེ་ཆོད་ཟིན་པའམ་རྒྱང་རིང་བའི་དོན། བསྐུངས་ནི་གཞན་གྱིས་མི་མཐོང་བའི་སར་སྦས་པའོ། །ཤིང་ནི་ཚིག་ཕྲད་དོ། །འཇིགས་བསྐྱབས་ནི་འཇིགས་པ་གང་ཡིན་པ་དེས་མི་གནོད་པར་ཐལ་བར་བྱས་ པའོ། །བསྐྱངས་ནི་གོང་མས་འོག་མ་ལ་བལྟ་རྟོག་གིས་ཕན་བཏགས་པ་སྟེ། འདས་ཚིག་གོ། །འཕོ་བསྐྱས་ནི་གནས་གཅིག་ནས་གཅིག་ཏུ་སྤོ་བའོ། །རྒྱང་བསྐྱུར་ནི་དངོས་པོ་གང་ཞིག་རྒྱང་སྟེ་ཐག་རིང་དུ་བོར་བའམ་བྱ་བ་གང་ཡིན་དེ་བཞག་ནས་རེ་བ་ཙམ་ཡང་མི་བྱེད་པའོ། །བྱ་བ་བསྐྱུངས་ནི་འཇིག་རྟེན་པའི་བྱ་བ་སྤང་བ་སོགས་གོང་ལྟར་རོ། །མི་བསྐྱོད་ནི་མི་ཡོ་མི་འགུལ་མི་འཁྲུགས་པར་བརྟན་པར་གནས་པའོ། །བསྐོར་བ་ནི་ཕྱིའི་ཁོར་ཡུག་གམ། རྗེ་བློན་འཁོར་གྱིས་བསྐོར་བ་ལྟ་བུའོ། །རྒྱལ་སར་བསྐོས་ནི་དམན་པ་མཆོག་གི་གོ་འཕང་ལ་བཀོད་པའོ། །རོ་བསྐ་ནི་རོ་དྲུག་གི་ནང་ཚན་ཨ་རུ་ར་དང༌། ཇ་གར་མོ་དང༌། དངོས་པོའི་བསྐ་སླ་ཡང་ངོ༌། ། ཁ་བསྐངས་ནི་སྣོད་སྤྱད་བཅུད་ཀྱིས་མ་ཁེངས་པ་གང་བར་བྱས་པ་དང༌། གྲངས་མ་ཚང་བ་ཚང་བར་བྱས་པ་དང༌། བསྟན་བཅོས་སོགས་འཕྲོ་ཅན་དུ་ལུས་པ་འཇུག་རྫོགས་པར་བྱས་པ་ལྟ་བུའོ། །ཐུགས་དམ་བསྐངས་ནི་ཆོས་སྐྱོང་སོགས་ཀྱི་ཐུགས་དགོངས་དམ་པ་རྫོགས་པར་བྱས་པའམ། དམ་ཚིག་ཉམས་ཆགས་སོར་ཆུད་པར་བྱས་པ་སྟེ་འདས་ཚིག་གོ། །སེམས་བསྐྱེད་ནི་བློ་རྒྱ་ཆུང་བ་རྣམས་སེམས་རྒྱ་ཆེན་པོར་བསྐྱེད་པའོ། །རྒྱ་བསྐྱེད་ནི་དང་པོ་ཆུང་ངུ་ཞིག་ཡོད་པ་ཕྱིས་ རིམ་གྱིས་ཆེ་རུ་གཏོང་བའོ། །བརྗེད་པ་ནི་སྔོན་སེམས་ལ་གསལ་བ་ཕྱིས་མ་ དྲན་པའོ། །འི་ནི་འབྲེལ་སྒྲ་སྦྱར་བའོ། །བསྐྱུད་ཀྱང་སྔ་མ་དང་དོན་གཅིག་སྟེ་བརྗེད་པའོ། ། དེ་རྣམས་ནི་བས་འཕུལ་ས་མགོ་ལྡན་པའི་ཀ་ཡིག་གི་རྣམ་པར་བཤད་པའོ། །ཁ་ཡིག་རྐྱང་པར་འཇུག་པ། གོ་ཁྲབ་ནི་གྲི་མཚོན་སོགས་ཀྱིས་རང་ལུས་མི་སྨས་པར་གྱོན་པའི་ལྕགས་ཀྱི་ཞྭ་གོས་སོ། །ཁྲི་ཕྲག་ནི་གྲངས་སྟོང་ཚོ་བཅུ་དང༌། ཁྲག་ཁྲིག་ཀྱང་གྲངས་སོ། །ཁུར་ནི་རྒྱབ་ཁུར་སེམས་ཁུར་འགན་ཁུར་ལ་སོགས་པའོ། །ཁོང་ཁྲོ་ནི་སེམས་ལ་ཞེ་སྡང་སྐྱེས་པའོ། །ཁོན་འཛིན་ནི་ཞེ་འགྲས་པའི་མི་ལ་གནོད་པའི་ངན་སེམས་འཆང་བའོ། །ཁྲོ་བོ་ནི་ཡི་དམ་གྱི་ལྷ་ཚོགས་རྣམ་འགྱུར་མི་སྡུག་པའི་ཚུལ་སྟོན་པའོ། །ཁྲོས་ནི་ཁོང་ཁྲོ་དང་ཁྲོ་བོ་སོགས་ཀྱི་བྱེད་འདས། ཁྲོ་ནི་རྒྱུ་ལྕགས་ལྟ་བུ་ལས་གྲུབ་པའི་སྣོད་སྤྱད་དོ། །དང་ནི་སྡུད་ཚིག་གོ། །ཁྲོལ་ཚགས་ནི་ཇ་དང་འབྲུ་སོགས་དྭངས་མ་ཁྲོལ་ཞིང་རོ་མ་ཚགས་བྱེད་དེ། རྫ་ཚགས་དང་ཚགས་སེར་གྲགས་པ་དེའོ། །ཁྲུད་ཁུ་ནི་སྣོད་སོགས་དངོས་པོའི་ལྗན་ལྗིན་བསྐྲུས་པའི་ཆུའོ། །ས་ནི་བྱེད་ཚིག་གོ། །ཁྲུས་ནི་ལྷའི་ཆོ་གས་བསྒྲུབ་པའི་ཆུ་སྟེ། ལས་ཉོན་གྲིབ་དང་མི་གཙང་བའི་དྲི་མ་འཁྲུ་བ་དང༌། དངོས་པོ་འཁྲུ་བའི་བསྐུལ་ཚིག་ཀྱང་ངོ༌། །ཁོང་ཁྲག་ནི་ལུས་ཀྱི་ནང་གི་ཁྲག་གོ། །ཁྲག་ཁྲུག་ནི་ནད་དམ། ཕྱིའི་འཁྲུག་རྩོད་དོ། །ཁྲུང་ཁྲུང་ནི་བྱ་མཇུག་ནག་མགྲིན་རྐང་རིང་པོ་ཅན་དེའོ། །ཁྱུ་ནི་བྱ་ཁྱུ་ལུག་ཁྱུ་བ་ལང་ཁྱུ་ཟེར་བ་ལྟ་བུ་མང་པོ་ལྷན་ཅིག་ཏུ་འདུས་པའོ། །ཚུལ་ཁྲིམས་ནི་སྡོམ་པ་གནས་ཤིང༌། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་སོགས་ཚུལ་བཞིན་བཅས་པའི་ཁྲིམས་སོ། །ཁྲིམས་འཇགས་ནི་ལུགས་གཉིས་གང་ཡིན་ཀྱང་རུང་བཅས་པའི་ཁྲིམས་སྲོལ་དེ་ལས་མི་འདའ་བར་གནས་པའོ། །ཁྲིམས་ནི་བཅས་པ་དེ་ལས་འགལ་ན་ཉེས་པ་འབྱུང་བའི་དོན་ཏོ། །ཀྱི་ནི་ཕྲད་དོ། །ཁྲལ་ནི་དཔོན་པོའི་ཁྲལ་ལོ། །ཁྲུ་ནི་ལུས་ཀྱི་འདོམས་པའི་བཞི་ཆ་སྟེ། གྲུ་མོ་ནས་གུང་མོའི་རྩེའི་བར་རོ། །གང་ནི་དེས་ཚད་གཞལ་བའི་གྲངས་གཅིག་གོ། །ཁྲུན་{ཁྲུན་ནི་བརྡ་རྙིང་སྟེ་དཀྱུས། }ནི་སྣའམ་དཀྱུས་སོ། །རིང་ནི་ཐུང་ངུ་མ་ཡིན་པ་སྟེ་ཚིག་གྲོགས་སོ། །ཁྲམ་ཁ་ནི་ཁྲམ་ཤིང་རི་མོའོ། །ཁྲ་ནི་ཁ་དོག་སྣ་ཚོགས་སྤེལ་བའོ། །ཁྲོམ་ནི་ཚོང་འདུས་སམ། ལྟད་མོ་ལྟ་བུར་གནས་གཅིག་ཏུ་མི་མང་པོ་ཚོགས་པའོ། །ཁྲོད་ནི་མང་པོ་འདུས་པའི་དབུས་ན་ཡོད་པ་ལ་བཤད་ཀྱང༌། གངས་ཁྲོད། ནགས་ཁྲོད། བྲག་ཁྲོད། རི་ཁྲོད། དུར་ཁྲོད་ཅེས་ཡོངས་སུ་གྲགས་པ་སོགས་ལ་དཔག་ན་དབུས་ཁོ་ནར་མ་ངེས་པས་བར་རམ་ནང་སོགས་གང་རུང་ལ་གོ་དགོས་པ་ཤས་ཆེ་སྙམ་མོ། །ཁྲི་ནི་ཡུལ་དམ་པ་འདེགས་པའི་སྟེགས་སོ། །སྟེང་ནི་དེའི་ཐོག་སྟེ་ཚིག་གྲོགས་སོ། །ཁང་ཁྱིམ་ནི་གཙོ་བོ་ས་རྡོ་ཤིང་ལས་བྱས་པའི་སྡོད་གནས་ཡིན་ལ། སྦྲ་གུར་སོགས་ལའང་ཁྱིམ་འཇུག་གོ། །ཁྱམས་ནི་སྒོ་ཁང་གཡས་གཡོན་ནམ་གནས་དེའི་ཕྱི་ནང་གི་བར་རམ། ཕན་ཚུན་གྱི་བར་སྟོང་ཡན་པ་ལྟ་བུའོ། །བྱ་ཁྲ་ནི་བྱིའུ་གསོད་མཁན་ནོ། །ཁྱི་གོ་བར་ཟད་ལ། ས་ནི་ཁྱི་ལ་བྱེད་སྒྲ་སྦྱར་བའོ། །ཁྱེར་ནི་དངོས་བསྟན་ཁྱིས་ཤ་སོགས་ཁུར་བ་སྨོས་ཀྱང༌། ཤུགས་ལ་གང་ཟག་གིས་དངོས་པོ་ཁུར་བ་སྤྱི་ལ་གོ་དགོས། །ཁྱོར་བ་ནི་ལག་པའི་སོར་མོ་ཅུང་ཟད་བསྐུམས་པའི་མཐིལ་ལོ། །འི་ནི་འབྲེལ་སྒྲ་སྦྱར་བའོ། །ཁྲེ་ནི་འབྲུའི་བྱེ་བྲག་གོ། །ཁོ་ར་ཁོར་ཡུག་ནི་ཉེ་སྐོར་གྱི་ཕྱོགས་མཚམས་བར་མེད་དུ་འཁོར་བའོ། །ཁྲོན་པ་ནི་དོང༌། ཆུ་ནི་སྒྲ་ཇི་བཞིན་པ་སྟེ་ས་བྲུས་པའི་ནང་གི་ཆུའོ། ། ཁྲེམས་ནི་ཞིང་ལ་ཆུ་ལུད་སོགས་སྙོམས་ཞིང་ཁྱབ་པར་བཀྲམ་པ་ལྟ་བུའོ། །སིལ་ནི་སྒྲ་སྙན་པར་གྲགས་པའི་རོལ་མོའི་བྱེ་བྲག་སྟེ་ཚིག་གྲོགས་སོ། །ཁྲོལ་ནི་སྐུལ་ཚིག་གོ། །ཁམས་གསུམ་ནི་འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་ཏེ་གསུམ་མོ། ། ཁྲམ་པ་ནི་ཐད་ཀར་དྲང་ལམ་མི་སྐྱོང་བར་མ་རབས་རྐུ་རྫུན་གཡོ་སྒྱུ་ཅན་ནོ། ། གཡོ་ཅན་ཡང་ཟེར། ས་ནི་བྱེད་སྒྲ་སྦྱར་བའོ། །ཁྲེལ་ནི་བྱ་བ་ངན་པ་དག་མཐོང་ན་བལྟ་མི་འདོད་ཅིང༌། སེམས་ཡེ་ནས་མི་དགའ་བའོ། ། དུར་ཁྲོད་ནི་མི་རོ་མང་པོ་སྐྱེལ་ས་དེའོ། །སྣ་ཁྲིད་ནི་སྔོན་ལ་ཕྱིན་ནས་ལམ་སྟོན་མཁན་དེའོ། །ཁྲུམས་སྟོད་དང་ཁྲུམས་སྨད་ནི་རྒྱུ་སྐར་གྱི་ནང་ཚན་ནོ། །ཁྲོ་གཉེར་ནི་མི་སྡུག་པའི་མཚན་མ་སྟོན་པ་སྟེ་ཁྲོས་པས་གདོང་པ་གཉེར་ཞིང་ངོ་འཛུམ་བསྡུས་པའོ། །ཁྭ་ཏ་ནི་བྱའོ། ། དེ་རྣམས་ནི་ཁ་ཡིག་རྐྱང་པར་འཇུག་པའི་རྣམ་བཤད་དོ། །མས་འཕུལ་ཁ་ཡིག་གི་འཇུག་པ། མཁན་པོ་ནི་གྲྭ་ཚང་གི་བླ་མ། རབ་བྱུང་སོགས་ཀྱི་སྡོམ་པ་འབོགས་མཁན་གང་ཡིན་པའོ། །ས་ནི་བྱེད་སྒྲ་སྦྱར་བའོ། །ས་མཁར་ནི་གྱང་ཁང་ལྟ་བུའོ། །མཁྲང་བ་ནི་རྣམ་པ་ཆག་གྲུམ་བུག་རལ་སོགས་མེད་པའི་སྲ་བའོ། །མཁྲེང་པ་ནི་ངོ་བོའི་རང་བཞིན་འགྱུར་དུ་མེད་པ་རྡོ་རྗེ་ཕ་ལམ་ལྟ་བུ་བརྟན་པའོ། །མཁྱེན་ནི་ལྐོག་གྱུར་མངོན་སུམ་དུ་ཤེས་པའམ་བྱ་བ་རིག་པའོ། །མཁྱུད་སྤྱད་{མཁྱུད་དཔྱད་ནི་བརྡ་རྙིང་སྟེ། མན་ངག་ཕྲན་བུ་སྦས་ཏེ་འཆད་པ}ནི་མན་ངག་སོགས་གལ་གནད་ཆེ་བ་སྦས་ནས་ལྐོག་ཏུ་བཤད་པའོ། །དཔེ་མཁྱུད་{དཔེ་མཁྱུད་ནི་བརྡ་རྙིང་སྟེ། ཆོས་སྟོན་འོས་པ་ལའང་སྦ་བ། }ནི་གདམས་ངག་ཟབ་པ་རྣམས་སྣོད་ལྡན་འཆད་འོས་ལ་གསང་སྟེ་མི་སྟོན་པའོ། །ཞུ་མཁན་ནི་རྒྱ་ཚོས་ཁུ་བ་འབྱིན་བྱེད་དང༌། མཁན་ནི་གཞན་ཡང་ཤིང་མཁན། རྫ་མཁན། འབྲེགས་མཁན། ལྷྭམ་མཁན་སོགས་ལ་འཇུག་པ་མང་ངོ་། །མཁོ་ནི་མེད་ཐབས་མེད་པའི་ཡོ་བྱད་དོ། །མ་མཁལ་ནི་མ་འགྲམ་སྟེ་མ་ནེ་ཡང་ངོ༌། ། མཁལ་མ་ནི་ནང་ཁྲོལ་ལ་ཡོད་པ་དེའོ། །མཁུར་ནི་བཞིན་གྱི་མཁུར་ཚོས་སོ། །འཛུམ་ནི་དགའ་བའི་རྣམ་འགྱུར་སྟོན་པ་སྟེ་ཚིག་གྲོགས་ཡིན་ནོ། །མཁས་ནི་བྱ་བ་ཕལ་ཆེར་ཤེས་པའོ། །མཁན་པ་ནི་ལྡུམ་བུ་མཁན་པའོ། །ཁྲོད་ནི་མང་པོའི་གསེབ་ནའོ། །མཁོས་ཕབ་ནི་ལུས་སེམས་བདེ་བར་གནས་པའོ། །སྔ་མཁོ་བཞིན་ནི་སྔ་མ་ཁོ་ན་ལྟར་ཡིན་པའོ། ། མཁའ་མཉམ་ནི་ནམ་མཁའ་དང་མཉམ་པ་སྟེ་རྒྱ་ཆེ་བའི་དོན་ནམ། སེམས་ཅན་མང་བའི་དཔེའོ། །མཁྲིས་ནད་ནི་མཁྲིས་པའི་ནད་དོ། །མེད་པར་ནི་ཚིག་གྲོགས་སོ། །མཁྱེན་ནི་སྐབས་འདིར་དངོས་བསྟན་མཁྲིས་ནད་མེད་པར་མཁྱེན་པ་ཡིན་ཀྱང༌། ཤུགས་ ཀྱིས་ཤེས་བྱ་ཇི་ལྟ་ཇི་སྙེད་མངའ་བ་ལའང་གོ་དགོས་སོ། །ཆུ་མཁྲིས་ནི་མཐའི་རྒྱ་མཚོ་སྐེམ་པར་བྱེད་པའི་ལྕགས་རིའི་མེ་སྟེ་རྒོད་མ་ཁའི་མེའོ། །མཁྲིས་མ་ནི་ལག་མགོའི་འོག་གི་ཚིགས་མཚམས་སོ། ། དེ་རྣམས་ནི་མས་འཕུལ་ཁ་ཡིག་གི་རྣམ་བཤད་དོ། །འས་འཕུལ་ཁ་ཡིག་གི་འཇུག་པ། བློ་འཁུམས་ནི་བསམ་བློ་རྒྱ་ཆེ་བ་གཏོང་མི་ཤེས་པའམ། རང་སེམས་སྡུག་བསྔལ་གྱིས་སེམས་མི་བདེ་བའོ། །ཞེ་འཁོན་ནི་ཞེ་འགྲས་པའི་མི་ལ་བསམ་ངན་སྐྱེ་ བའོ། །འཁང་ནི་རེ་བ་དེ་མ་བྱུང་ནས་ཡིད་ཆད་དེ་འཁང་ར་བྱེད་པའོ། །ཞིང་ནི་ཚིག་ཕྲད་དོ། །འཁུ་འཁུ་བ་ནི་བརྡ་རྙིང་སྟེ་ཞེ་སྡང་བ། ནི་ཞེ་སྡང་གིས་ཀོ་ལོང་བྱེད་པ་སྟེ། དཔེར་ན་ཆོས་སྐྱོང་ཁྲོས་པའི་འཁུ་ལྡོག་བྱེད་པ་ལྟ་བུའོ། །འཁྱགས་ནི་དགུན་དུས་ཆུ་ལ་དར་ཆགས་པ་དང༌། གྲང་བས་ཉེན་པའོ། །ནས་ནི་དགར་ཚིག་གོ། །མཐའ་འཁོབ་{འཁོབ་ནི་བརྡ་རྙིང་སྟེ་ངན་པ། }ནི་སྐད་བརྡ་མི་འཕྲོད་ཅིང༌། ཆོས་མེད་པའི་ཡུལ་ཁམས་སོ། །འཁྱར་ནི་རང་གི་ཡུལ་མ་ཡིན་པའི་ཡུལ་གཞན་དུ་སྡོད་པའམ། ནོར་རྫས་ལྟ་བུའི་དངོས་པོ་གཞན་གྱི་ལག་ཏུ་སོང་བའོ། །ཞིང་ནི་ཕྲད་དོ། །འཁྱམས་ནི་གནས་གཅིག་ཏུ་སྡོད་མི་ཚུགས་པར་ཡུལ་ངེས་མེད་སྣ་ཚོགས་སུ་དོན་མེད་པར་རྒྱུ་བའོ། །རྒས་ནི་ལང་ཚོ་ཡོལ་བ་སྟེ་ཚིག་གྲོགས་སོ། །འཁོགས་ནི་ལུས་དང་དབང་པོ་ཉམས་ཤིང་རྒུད་པའོ། །འཁོས་ཆུང་ནི་སེམས་སྟོབས་དང་སྤོབས་པ་ཆུང་ཞིང་ནུས་ཚོད་མི་ཤེས་པའོ། །རྐང་འཁུམ་ནི་རྐང་པ་བརྐྱང་དུ་མེད་པར་ཞ་བའོ། ། དེ་བཞིན་ལག་པ་སོགས་ལའང་སྦྱར་རོ། ། འཁྱོག་ནི་བློ་དང་ཤིང་སོགས་དྲང་པོ་མིན་པའི་གྱ་གྱུ་ཅན་ནོ། །འཁྱོར་ནི་འབད་རྩོལ་ལ་མ་ལྟོས་པར་དབང་མེད་དུ་ཡར་འཁྱོར་མ་འཁྱོར་རམ། ཕར་འཁྱོར་ཚུར་འཁྱོར་ཆང་གིས་བཟི་བ་ལྟ་བུའོ། །འཁྱོམ་ནི་ལུས་འགུལ་བསྐྱོད་བྱེད་པའོ། །འཁར་བ་ནི་ལག་རྟེན་དབྱུག་པའོ། །ར་སྦྱར་བ་ནི་གནས་གཞིའོ། །འཁྲིལ་ནི་གཅིག་གིས་གཅིག་ལ་འོ་བྱེད་པ་དང༌། ཤིང་ལ་སྦྲུལ་འཁྲིལ་བ་ལྟ་བུ། ཡང་ལུས་ལ་དར་དང་སྣལ་མ་སོགས་ཚུར་འགོས་པ་ལའང་འཁྲིལ་བར་ཟེར་རོ། །འཁྲིས་ནི་རང་གི་ཉན་ཀོར་ཏེ། ཁང་འཁྲིས་དང་ཆུ་འཁྲིས་ན་འདུག་ཟེར་བ་དང༌། སྐུ་འཁྲིས་པ་ལྟ་བུའོ། །འཁྱུད་ནི་ལག་པས་རྐེ་དང༌། ལུས་པོ་དང༌། ཤིང་སོགས་ལ་འཇུས་ཏེ་འཁྱུད་པ་ལྟ་བུའོ། །འཁྲིག་ཚིག་ནི་ཕོ་མོ་ལྷན་སྡེབས་ཆགས་པའི་གཏམ་སྨྲ་བའོ། །ངག་འཁྱལ་ནི་དོན་མེད་པའི་གཏམ་སྨྲ་བའོ། ། འཐབ་འཁྲུག་ནི་ཕན་ཚུན་འཛིངས་ཤིང་རྩོད་པའོ། ། འཁྲུལ་ནི་སེམས་ངོ་མ་ཟིན་པ་དང༌། བག་ཆགས་དང༌། ནད་ཚབ་ཆེན་པོས་སྣ་ཚོགས་སྨྲ་ཞིང་བྱེད་པའོ། །འཁྲི་བ་ནི་ཆོས་གཤའ་མ་བྱེད་ཚེ་འཁྲི་བ་ཆོད་ཟེར་བ་བཞིན། ཡུལ་གང་ཡིན་ལ་ཞེན་ཆགས་ཀྱིས་སེམས་འཁོར་ནས་གཏོང་མི་བྲ་བའོ། །ཡང་ཁྲལ་འཁྲི་བ་ལྟ་བུ་ཉུང་ངུར་བྱེད་པ་ལའང་འཇུག་གོ། །འཁྲུ་ནི་དྲི་མ་བཀྲུ་བ་སྟེ། མ་འོངས་དང་བྱ་ཚིག་གོ། །འཁྲུད་ནི་ད་ལྟ་བཀྲུ་བཞིན་པ་དང་བྱེད་ཚིག་གོ། །འཁྲི་ཤིང་ནི་ཤིང་རང་ཚུགས་མི་ཟིན་པ་ཞིག་གཞན་ལ་འཁྲིལ་ནས་སྐྱེས་པའི་དབྱི་མོང་ལྟ་བུའོ། །འཁྲུངས་ནི་སྔོན་མེད་གསར་དུ་སྐྱེས་པ་ཞིག་ལ་ཞེ་སའི་ཚིག་སྟེ། སྐུ་དང༌། མེ་ཏོག་དང༌། འབྲས་དྲུག་སོགས་ལ་འཁྲུངས་སྦྱར་བའོ། །གདུགས་ནི་སྟེང་དུ་དབུབ་བྱ་མཆོད་པའི་ཡོ་སྤྱད་དོ། །འཁྱིར་ནི་རྩིབ་མས་བརྒྱངས་ཏེ་ཕུབ་པའོ། །བྲོ་འཁྲབ་རྐང་པའི་རྩོལ་བའོ། །འཁར་རྔ་ནི་ལི་དང་འཁར་བ་ལས་བྱས་པའི་རྒྱ་རྔ་ངོ་མའོ། །འཁྲོལ་ནི་ལག་པས་སྒྲ་གྲགས་པར་བསྐུལ་བའོ། ། སེམས་འཁོལ་ནི་འཇིགས་སྐྲག་སྡུག་བསྔལ་དྲག་པོའི་རྣམ་རྟོག་མང་པོས་སེམས་ཆུ་འཁོལ་བ་ལྟར་རྣལ་དུ་མི་གནས་པའོ། །སེམས་འཁྲུགས་ནི་ཐོག་མར་སེམས་བདེ་བར་གནས་པ་དེ་རྐྱེན་གང་ཞིག་ལ་བརྟེན་ནས་ཚུལ་བཞིན་མ་ཡིན་པའི་མི་དྲན་དགུ་དྲན་འཆར་ཞིང་མི་བདེ་བར་གནས་པའོ། །འཁྱུག་པོ་ནི་གློག་ལྟ་བུའོ། ། གར་མཁན་ལྟ་བུའོ། །འཁྱུས་ནི་དྲང་པོ་མིན་པའམ་བྲོས་པའི་དོན་ཏོ། ། ཁུར་ནི་དངོས་པོ་དང་ལས་ཚན་ཁུར་བྱའི་རྫས་སོ། ། འཁུར་ནི་དེ་དག་འཁུར་བར་བྱེད་པ་པོ་གང་ཡིན་པའོ། །ཁྲལ་ནི་ཐོབ་ཐང་ཅན་གྱི་དཔོན་པོ་ལ་འོག་སྡེས་རང་གི་རྒྱུ་སོགས་དབང་མེད་བཙན་ཐབས་སུ་ལེན་ལ་རེ་བ་མེད་པར་སྤྲོད་དགོས་པའོ། །འཁྲི་བ་ནི་རང་རང་གི་ཞིང་ཁང་ནོར་རྫས་སའི་རྒྱ་ཁྱོན་ཆེ་ཆུང་སོགས་ལ་དཔག་པའི་འོལ་ཚོད་དོ། །འོད་ནི་མུན་པ་གསལ་བར་བྱེད་པ་དང༌། འཁྱིམས་ནི་ཉི་མའི་འོད་ཁུར་ལྟ་བུའོ། །འཁྱིལ་ནི་ཕར་ནར་མར་འགྲོ་རྒྱུ་ཡོད་པ་ཞིག་ཚུར་ཟླུམ་པོར་བྱས་པ་སྟེ། སྦྲུལ་འཁྱིལ། ཆུ་འཁྱིལ། བདུད་རྩི་འཁྱིལ། དུང་གཡས་སུ་འཁྱིལ་བ་ལྟ་བུ་སོགས་དང༌། རྣ་ཆའི་ཨ་ལོང་ ལ་འཁྱིལ་བ་ཅན་ཟེར་བ་རྣམས་སོ། །འཁོར་བ་ནི་འཇིག་རྟེན་སྲིད་པ་སྟེ། ཁམས་གསུམ་མམ། རིགས་དྲུག་ཏུ་ཡང་ནས་ཤི་ཞིང༌། ཡང་དུ་སྐྱེ་བ་ལེན་པས་འཁོར་བའོ། །འཁྲེན་པ་ནི་གནས་སམ། རྒྱུ་རྫས་ལ་ཆགས་ཤིང་ཨ་འཐས་པའོ། །འཁྲིས་ནི་གང་ཞིག་ལ་ཆགས་ཤིང་ཞེན་ནས་འབྲལ་མི་ཕོད་པ་ལྟ་བུའོ། །ཤིང་ནི་ཚིག་གྲོགས་སོ། །འཁར་{འཁོར་བ་འཁྲེན་པ་འཁྲིས་ཤིང་འཁར། ། ཞེས་པ་ནི། འཁོར་བར་ཞེན་ཆགས་ཀྱིས་བློས་མི་གཏོང་བའི་དོན་ཡིན་ཏེ། དེ་བཞིན་དུ་བཙན་རྫོགས་བློས་མ་གཏོང་བ་ལ་ཡང༌། བཙན་རྫོགས་འཁྲེན་པ་འཁྲིས་ཤིང་འཁར། ། ཞེས་སོགས་འགྲེའོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། ། }ནི་སྣོད་ཀྱི་ནང་དུ་ཟས་གནས་དང་རྒྱུ་ནོར། མི་སོགས་གང་ཡིན་པ་དེའི་རྩས་སུ་འབྱར་ནས་འདུག་པ་ལྟ་བུར་འབྲལ་མེད་དུ་གནས་པའོ། །མ་འཁྱིགས་ནི་ཐག་པ་སོགས་ཀྱིས་མ་ཆིངས་ཟེར་བའི་དགག་ཚིག་དང༌། ཆིང་ཐག་གིས་ མ་སླེབས་པ་ལའང་འཇུག་སྙམ་མོ། །མ་འཁྱེར་ནི་རྟ་སོགས་མ་ཞོན་པ་དང༌། དངོས་པོ་སོགས་མ་ཁུར་ཞེས་པའི་དགག་ཚིག་གོ། །སྣུམ་འཁུར་ནི་སྣུམ་ཚོད་ཀྱི་ཟས་སྣ་དང༌། འཁུར་བ་ནི་གྲོ་བཅུས་སོ། །མ་འཁྱུར་{ལེགས་བཤད་སོ་ཉིའི་མདུད་གྲོལ་ལས། མ་འཁྱུར། ཅེས་པ་ནི། དངོས་པོ་གང་ཡང་རུང་བ་གནས་སུ་མ་འཁྱུར་བ་སྟེ། དཔེར་ན། འཇུར་མིག་ཏུ་རྒྱུན་བུ་མ་འཁྱུར་བ་ལྟ་བུ་སྟེ། མ་ཐར་བའམ་མ་ཤོང་བའི་དོན་ནོ། །ཞེས་གསུངས་སོ། ། }ནི་སྐྱུར་བས་མ་འཁྱུར་རམ། ཡང་ན་རྟ་གཡོག་སོགས་ཉིན་ཞག་གྲངས་མ་ཐེམ་པ་ལྟ་བུའོ། །བྲེད་འཁྲིམས་ནི་རང་འོག་ཏུ་མ་ཆུད་པའི་དོན་ནོ། ། འཁམས་{འཁམས་པ་ནི་བརྡ་རྙིང་སྟེ་བརྒྱལ་བ། }ནི་དྲན་པ་ཉམས་ཏེ་བརྒྱལ་སོང་བ་སོགས་སོ། །ཤིང་ནི་ཕྲད་དོ། །འཁུན་ནི་ཁུར་པོ་ལྗི་བས་ནོན་པའམ། ནད་དང་གཉིད་ཀྱི་སྐབས་སུ་འཁོར་བའི་སྐད་འཁུན་པའོ། ། འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་དང༌། གསེར་གྱི་འཁོར་ལོ་སོགས་སོ། །འཁོད་ནི་གནས་སུ་འཁོད་པ། གདན་ལ་འཁོད་པ་སོགས་དང༌། དངོས་པོ་བཀྲམ་པའི་སྐུལ་ཚིག་ཀྱང་ངོ༌། །ཀྱང་ནི་སྡུད་ཚིག་གོ། །འཁོར་བཅས་ནི་གཙོ་བོ་འཁོར་ལས་བྱེད་དང་བཅས་པའོ། །འཁོབས་ནི་ལས་ཐམས་ཅད་ལ་ཁྱབ་པ་དང༌། རང་ཉིད་བྱ་བ་ཅི་བྱེད་ཀྱང་ལྕོགས་པའོ། །གཡོག་ནི་བྲན། ཏུ་གནས་གཞིའི་སྒྲ། འཁུལ་ནི་རང་དབང་དུ་གྱུར་བ། འཁོལ་ནི་ལས་ལ་བསྐུལ་བས་སྒྲུབ་པའོ། ། སྲད་བུ་ནི་སྐུད་པའོ། །འཁལ་ནི་སྒྲིམ་པའོ། །འཁྲ་ས་{འཁྲ་ས་ཞེས་པ་ནི། འདུག་སའི་མིང་སྟེ། དཔེར་ན། རྣ་བ་རྫ་ལ་འཁྲ་ས་བཅའ་བ་དང༌། འཁོར་བས་ཡིད་འབྱུང་བའི་གང་ཟག་དེ། དབེན་པའི་གནས་སུ་འཁྲ་ས་བཅའ་བ་ལྟ་བུ་སོགས་འགྲེའོ། ། ཞེས་ཟེ་ཆེན་པས་གསུངས་སོ། །}ནི་གནས་པའམ། བརྟེན་པའོ། །ར་སྦྱར་བ་ནི་གནས་གཞིའོ། །མ་འཁྱོལ་ནི་འགྲོ་ཉམས་མ་བྱུང་བས་གནས་སུ་མ་སླེབས་པའམ། ཡོ་བྱད་དགོས་པར་སྐྱེལ་མ་ཐུབ་པའམ། བྱ་བ་གང་ཡིན་མཐར་མ་ཕྱིན་པའོ། །འཁྲིད་ནི་བླ་མས་སློབ་མ་ལ་གདམས་ངག་གིས་སམ། མི་སོགས་ལམ་སྣས་དང་ཚིགས། ཕྱུགས་སོགས་བཟུང་སྟེ་སྣ་དང་སྙིང་རྗེ་སོགས་ནས་སོ། །སར་ནི་གང་དུ་འཁྲིད་པའི་གནས་སོ། །འཁུམས་{འཁུམས་ནི་བརྡ་རྙིང་སྟེ། ཐོས་པའམ་ཤེས་པ། }ནི་སེམས་ཀྱིས་གོ་ཞིང་ཤེས་ པའོ། །རུས་ཀྱི་འཁོན་ནི་ཀླུའི་དབང་པོ་ཡབ་སྲས་ ནས་ད་བར་དུ་བྱོན་པའི་འཁོན་རིགས་དང༌། གཞན་ཡང་ཞེ་འགྲས་ཏེ་མི་དགའ་བ་ལའང་འཇུག ། སོགས་ནི་དེ་ལྟར་གཞན་ཡང་ཅི་རིགས་པར་བློས་དཔྱད་དེ་ཤེས་པར་བྱ་དགོས་ཞེས་པའི་དོན་ཏོ། ། དེ་རྣམས་ནི་འས་འཕུལ་ཁ་ཡིག་གི་རྣམ་པར་བཤད་པའོ། །ག་ཡིག་རྐྱང་པའི་འཇུག་པ། གྲུབ་མཐའ་ནི་བདེན་གཉིས་ཀྱི་རྣམ་བཞག ། ཕྱི་ནང་གི་གྲུབ་པའི་མཐའ་སྟེ། ནང་པ་ལའང་བྱེ་མདོ་དབུ་སེམས་སོགས་ཆོས་ལུགས་སོ། །གྲུབ་ཐོབ་ནི་ལྷ་སྔགས་གང་བསྒྲུབ་པ་དེ་དངོས་སུ་གྲུབ་ནས་དོན་གང་ཡིན་ཐོབ་པའོ། །གྲངས་མེད་ནི་ཤིན་ཏུ་མང་བས་རྩིས་གྲངས་མི་ཐེབས་པའོ། ། གྲོལ་ནི་འཁོར་བ་དང༌། བཙོན་ར་དང༌། འཆི་བ་དང༌། མདུད་པ་དང༌། སྡོམ་ར་དང༌། ཚིག་གིས་གྲོལ་བ་སོགས་སོ། །རལ་གྲི་ནི་གཅོད་བྱེད་ཀྱི་གྲི་རིང་ངོ༌། །གྲོ་ག་ནི་ཤིང་ཤུན་རིམ་པ་ཅན་ནོ། །ས་ནི་བྱེད་སྒྲ་སྦྱར་བའོ། །གྲིལ་ནི་རས་སོགས་སུ་དངོས་པོ་གཞན་བཏུམས་པ་ལྟ་བུ་སྟེ། སྤག་གྲིལ། ཕྱར་གྲིལ་ལྟ་བུའོ། ། ཞེས་ནི་ཚིག་གྲོགས་སོ། །གྲག་ནི་སྒྲ་གང་ཡིན་པ་དེ་རྣ་བས་ཐོས་སུ་ཡོད་པར་སྐད་ཕྱུང་བའོ། །གྲུལ་བུམ་ནི་གདོན་ནོ། །གྲང་ནད་ནི་ཚ་བའི་ནད་མིན་པའོ། །གྲུམ་བུ་ནི་ནད། ས་ནི་བྱེད་སྒྲ་སྦྱར་བའོ། །གྲོངས་ནི་ཤི་བའོ། །མོན་གྲུ་ནམ་གྲུ་གྲེ་གྲོ་བཞི་རྣམས་ནི་རྒྱུ་སྐར་རོ། །ཆོས་གྲྭ་ནི་བླ་མས་ཆོས་འཆད་པའི་གནས་སོ། །འི་ནི་འབྲེལ་སྒྲ་སྦྱར་བའོ། །གྲལ་ནི་རེ་རེ་བཞིན་རིམ་པར་གཤར་ནས་འཁོད་པའོ། །དུ་ནི་གནས་གཞིའི་སྒྲའོ། ། རིམ་གྲོ་{རིམ་གྲོ་ནི་བརྡ་རྙིང་སྟེ། བཀུར་སྟི་ དང༌། མཆོད་པ། }ནི་འདོན་བྱའམ། བསྙེན་བསྐུར་ཏེ་ཡུལ་དེ་ལ་ཕན་པའི་བྱ་བའོ། །འི་ནི་འབྲེལ་སྒྲའོ། །གྲབས་ནི་བྱ་བ་གང་བརྩམ་པ་དེའི་དངོས་གཞིའི་གོང་དུ་སྟ་གོན་ནམ། ཤོམ་ར་བྱེད་པའོ། ། ཡུལ་གྲུ་ནི་ཡུལ་ཕྱོགས་ཏེ་ཐ་གྲུ་ཡང་ངོ༌། །གྲུ་བཞི་ནི་དབྱིབས་སོ། །གྲུ་ཁ་ནི་གྲུ་གཏོང་བའི་ཆུའི་ཕ་རོལ་ཚུལ་རོལ་ལོ། ། འི་ནི་འབྲེལ་སྒྲ་སྦྱར་བའོ། །གྲོང་ནི་གྲོང་པ། གྲོང་ཁྱེར་གྲོང་རྡལ་སོགས་སོ། ། གྲྭ་མ་ནི་སྙེ་མའི་སྤུ་ཤིང་གྲྭ་མའོ། །སྤུ་གྲ་ནི་གཅན་གཟན་གྱི་སྤུ་ལའོ། །གྲུ་འཛིན་རི་ནི་སྤྱན་རས་གཟིགས་ཀྱི་བཞུགས་གནས་པོ་ཏ་ལ་ཡི་རིའོ། །མོན་ལུགས་གླ་སྒང་ནི་སྨན་ཞིག་གི་མིང་ངོ༌། །གྲོ་ནི་འབྲུ་དཀར་པོ། འི་ནི་འབྲེལ་སྒྲ་སྦྱར་བའོ། །སྦང་གྲུམ་ནི་འབྲུ་བཙོས་པའི་གླུམ་མོ། །གྲ་ཕུབ་ནི་སྙེ་མའི་གྲྭ་མ་རྡུལ་དུ་བརླག་པའི་ཕྱེ་མའོ། །གྲོ་མ་ནི་རྩྭ་སྟིང་མངར་བ་ཅན་དེའོ། །མོན་སྲན་གྲེའུ་ནི་སྲན་ཆུང་ངོ༌། །གྲོད་པ་ནི་ལུས་ཀྱི་ལྟོ་བའོ། །གྲོན་ཅན་ནི་དོན་མེད་པར་ཟད་སྒོ་འགྲོ་བའོ། །གྲུང་ནི་མི་བློ་རིག་དྭངས་བ་བྱ་སྤྱོད་མཁས་པའོ། ། ཞིང་ནི་ཚིག་གི་ཕྲད་དོ། །གྲིམས་ལྷོད་པོ་མིན་པའོ། །གྲམ་པ་ནི་རྡོའི་ཕུང་པོའོ། །འི་ནི་འབྲེལ་སྒྲའོ། །ཆུ་གྲོག་ཆུ་ལྟུང་བའི་གྲོག་པོའམ། ངོམ་གྲོག། གཅོང་རོང་ངོ༌། །གྲེ་བའི་གྲོགས་ནི་གློ་གཡོ་བའི་མཆིལ་མ་མང་དུ་ཟ་བའོ། ། ཡང་གྲེ་བ་ནི་མགྲིན་པའི་ནང་ངོ༌། །གྲོགས་ནི་མཐུན་འགྱུར་བྱེད་པོའི་མཛའ་བོའོ། །གྲིབ་མ་སྣང་བ་སྒྲིབ་པའི་མུན་པའོ། །ར་ནི་གནས་གཞིའི་སྒྲའོ། །གྲོས་གླེང་ནི་ཇི་ལྟར་གྱི་གྲོས་གཏམ་གླེང་བའོ། ། རེ་གྲོན་མེད་ནི་ཟ་གྲོན། གོན་གྲོན་མེད་ཟེར་བ་ལྟ་བུའོ། །གླ་རྩི་ནི་རི་དྭགས་ཀྱི་ལྟེ་བ་ལས་བྱུང་བའོ། །གླ་དང་རྔན་པ་ནི་ཡོན་དང་བྱ་དགའོ། །གླུད་ནི་གནོད་འདྲེ་རྫོང་ཆོག་སྐབས་གཟུགས་བརྙན་བཟོ་བ་དེའོ། །ལྟར་ནི་ཚིག་གྲོགས་སོ། །གླེན་ནི་བླང་དོར་གྱི་གནས་ལ་རྨོངས་པའི་དབང་པོ་ལྐུག་པའོ། །འཛམ་གླིང་ནི་གླིང་བཞི་ལས་རི་རབ་ཀྱི་ལྷོ་ཕྱོགས་འཛམ་བུའི་གླིང་འདིའོ། །གླེགས་བམ་ནི་ཆོས་པུསྟིའོ། །གླིང་བུའི་ནི་རྒྱ་གླིང་སྨྱུག་གླིང་སོགས། གླུ་ནི་དབྱངས་སྙན་པོའི་སྒྲ་གདངས་སོ། །ཕོ་གླང་ནི་ཕོ་བ་གླང་ཐབ་ཀྱི་ནད་དོ། །གླང་ཤུ་ནི་པགས་ནད་དོ། །གློག་པའི་ནད་ནི་སེམས་ཅན་གནག་ཕྱུགས་སོགས་ལ་འབྱུང་བའི་ལྷོག་པའམ་{ཡུལ་སྐད་ ལ་ལར། ས་སྐྱོན་དང༌། རྩ་མགོ་དང༌། སྔགས་ནད་སོགས་ཟེར་རོ། ། }ས་བཙོག་ཟེར་བ་དེའོ། ། གློ་བ་ནི་ནང་ཁྲོལ་གྱི་ནང་ཚན་ནོ། །འི་ནི་འབྲེལ་བའི་སྒྲའོ། །གློ་དགོག་ནི་ཁ་ནས་ལུད་པ་བྱུང་བ་དེའོ། །ལེབ་མོར་ནི་དབྱིབས་ཏེ། ཤིང་ལེབ་དང༌། སྣམ་བུ་ལྟ་བུའོ། །ར་ནི་གནས་གཞིའི་སྒྲའོ། །གླེབས་ནི་འོག་ཏུ་མནན་པའོ། །གླེབས་པ་ནི་བརྡ་རྙིང་སྟེ། མནན་པ། གླང་ཆེན་ནི་གླང་པོ་ཆེའོ། །གློས་ཕབ་ནི་གཞོག་ས་ལ་ཕབ་པའམ་གློ་བག་ཕབ་པ་སོགས་སོ། །གློད་ནི་ཁོང་ལྷོད་པའོ། །ནས་ནི་དགར་ཚིག་གོ། །གླལ་{གླལ་ནི་བརྡ་རྙིང་སྟེ། ཁ་གདངས་པའམ་རྣམ་པར་བསྒྱིང་པས། }ནི་ཁ་གདངས་ནས་ཨ་ཧ་ཧ་ཟེར་བ་སྟེ། གཡལ་དང་གླལ་ནི་རྣམ་གྲངས། ཡུལ་སྐད་གླེ་བའང་ཟེར། སེང་གེ་རྣམ་པར་བསྒྱིངས་ལ་སེང་གེ་གླལ་ཞེས་པ་འགྱུར་ཁྱད་དོ། །གློ་འབུར་ནི་ཁང་པ་སོགས་ཀྱི་གཞོགས་སུ་རྩིག་པ་འབུར་དུ་ཡོད་པ། དཔེར་ན་གཙུག་ལག་ཁང་གི་སྒོ་ཁང་ཕལ་ཆེར་ཡང་གློ་འབུར་དུ་ཡོད་པ་ལྟ་བུའོ། །གློ་བུར་ནི་སྔར་ནས་ལས་འོང་བསམ་པ་མེད་པ་ཞིག་རྐྱེན་གྱིས་འཕྲལ་དུ་བྱུང་བའོ། །གློ་རྡེག་ནི་གང་བྱུང་ཆ་མེད་པར་གློ་རྒྱག་ཏུ་བྱུང་བའོ། །གློག་ནི་ནམ་མཁའི་འོ། །གླགས་རྙེད་ནི་དགྲ་གདོན་སོགས་ཀྱིས་གཙེས་ནུས་པའོ། །ལན་གླན་ནི་ཚུར་བཟང་ངན་གང་བྱས་ཕར་ཡང་དེ་ལྟ་བུ་བྱེད་པའོ། །ལྷན་པ་གླན་ནི་དངོས་པོ་གང་ཡང་རུང་བའི་བུག་རལ་ལ་ཚབ་གཏོང་བའོ། །སྒོ་གླེགས་ནི་ཁང་པའི་སྒོའི་མེ་ལོང་སྟེ་སྒོ་འཕར་ཡང་ཟེར་རོ། །ཆོས་གོས་ནི་མཐང་གོས་བླ་གོས་སྣམ་སྦྱར་ཏེ་གསུམ་མོ། །གླེགས་བུའི་གྲྭ་ནི་ཆོས་གོས་རྣམས་ཀྱི་ལེའུ་གྲྭའོ། །གླ་གོར་ཞོ་ཤ་ནི་སྨན་ནོ། །འདུན་མ་གླེང་བ་ནི་འཕྲལ་ཕུག་བཟང་ངན་གྱི་གྲོས་གཏམ་མོ། །བྱ་གླག་ནི་འཕུར་བཞི་པ་ནས་སྲོག་ཆགས་ཕྲ་མོ་ཁྱེར་ཏེ་ཟ་བའི་བྱ་དཔའ་རྩལ་ཅན་དེའོ། །གྲོག་མ་ནི་ས་ལ་རྒྱུ་བའི་འབུ་སྲིན་ཏེ་གོ་སླའོ། །གྲིབ་ནི་དམེ་ནལ་རོ་བག་སོགས་ཀྱིས་གོས་པས་མནོལ་ཕོག་སྟེ་ནད་གདོན་ལངས་པའོ། །གྲིབ་གནོན་ནི་གདོན་ནོ། །གྲོག་པོ་ནི་ས་གད་པ་ཆད་པའི་དོང་ལྟ་བུའོ། །ར་སྦྱར་བ་ནི་གནས་གཞིའོ། །གྲུ་མོ་ནི་ལག་པའི་གྲུ་མོ་སྟེ་གོ་སླའོ། ། ཆག་གྲུམ་ནི་དུམ་བུར་ཆག་པ་དང་གས་པའོ། ། གྲུབས་{ཆག་གྲུམ་འབྱོར་བའམ་སོར་ཆུད་པའི་དོན་ནོ་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། ། }ནི་སྣོད་སྤྱད་གས་ཆག་ཅན་ལྟ་བུ་ལ་ལས་བསྐྱོར་བྱས་ཏེ་གས་ཆག་གསུབ་པའོ། ། དངོས་གྲུབ་ནི་མཆོག་ཐུན་སོགས་སོ། །གྲུ་ཆར་ནི་ཆར་ཟིམ་བུའོ། །འབེབས་ནི་ས་ལ་ལྷུང་བའོ། །སར་ནི་ཚིག་གྲོགས་སོ། །གྲགས་ནི་སྙན་གྲགས་སོགས་ཀྱིས་རྒྱ་ཆེར་ཁྱབ་པའོ། །ཤ་བའི་གྭ་དོར་ནི་ཤ་བའི་རྭ་བརྗེས་པའི་རྭ་གསར་ཁྲག་གི་རང་བཞིན་ཅན་དེའོ། །དེ་རྣམས་ནི་ག་ཡིག་རྐྱང་པའི་རྣམ་བཤད་དོ། ། དས་འཕུལ་ག་ཡིག་གི་འཇུག་པ། དགེ་བསྙེན་ནི་ཁྲིམས་ལྔ་ཀའམ། གང་རུང་རེ་གཏན་དུ་སྲུང་བའི་གང་ཟག་གོ། །དགེ་ཚུལ་ནི་ཁྲིམས་བཅུ་སྲུང་བའི་བཙུན་པ་བཙུན་མའོ། །དགའ་དང་དགྱེས་{དགའ་བ་ལ་ཞེ་ས་སྦྱར་བའོ། ། }ནི་སེམས་དགའ་ཞིང་ཐུགས་མཉེས་པོ་བྱུང་བའོ། །དགོད་ནི་གད་མོ་དང༌། མེ་ཏོག་གི་ཟེའུ་འབྲུ་དགོད་པའོ། །དགུང་སྔོན་{དགུང་ནི་བརྡ་རྙིང་སྟེ་གནམ། }ནི་ནམ་མཁའོ། །དགུ་ཚིགས་ནི་ནམ་མཁའི་སྐེ་རགས་ཟེར་བ། མཚན་མོ་གནམ་གྱི་གཞུང་ལ་སྐྱ་ཤལ་ལེ་བ་དེའོ། །དགེ་{ངག་སྒྲོན་གྱི་མཆན་ལ་ལར། དགུང་སྔོན་དགུ་ཚིགས་དགྱེ་ཞིང་དགུ། ཞེས་དགྱེ་ནི་ལུས་སོགས་ཡར་དགྱེ་ཞིང་དགུ་ནི་མར་བཀུག་པ་ལ་འགྲེལ་འདུག་པ་ཉིད་འཐད་པར་སེམས་སོ། །}ནི་བཀྲ་ཤིས་པའོ། །ཞིང་ནི་ཚིག་ཕྲད་དོ། །དགུ་ནི་མར་བཀུག་པའོ། །ཉིན་དགུང་ནི་ཉིན་མོའི་གཞུང་སྟེ། མཚན་དགུང་ཡང་ངོ༌། །དགེ་བཤེས་ནི་ཕར་ཚད་སོགས་ལ་བྱང་པའི་དགེ་སློང་ངོ༌། །ཡོད་དགུ་ནི་ཡོད་ཚད་ཐམས་ཅད་དོ། །དགུག་ནི་རྣམ་ཤེས་སོགས་རང་གི་མདུན་དུ་བཀུགས་པ་སྟེ། བྱ་བ་དང་མ་འོངས་པའི་ཚིག་གོ། །དགེ་སྦྱོང་ནི་ཆོས་པ་སྤྱིའི་མིང་དུ་གྲགས་ཀྱང༌། དོན་དུ་ཆོས་བཞི་དང་ལྡན་པའོ། །དགེ་སློང་ནི་བསྙེན་པར་རྫོགས་ཏེ་འདུལ་ཁྲིམས་ཉིས་བརྒྱ་ང་གསུམ་བསྲུངས་པ་དེའོ། །དགེ་འདུན་ནི་འཕགས་པའི་ཚོགས་ཏེ། དགེ་སློང་བཞི་ཡན་ཆད་དོ། །དགུ་ནི་གྲངས་སོ། །ས་ནི་བྱེད་སྒྲ་སྦྱར་བའོ། །དགྲ་བཅོམ་ནི་ཉོན་མོངས་པའི་དགྲ་ཐམས་ཅད་གཏན་དུ་བཅོམ་པའོ། །དགོངས་དགྲོལ་ནི་བླ་དཔོན་སོགས་ཀྱི་ཐུགས་ཀྱི་དགོངས་པ་དེ་དཀྲོལ་བ་སྟེ། མ་ འོངས་པ་དང་བྱ་ཚིག་གོ། །ཡི་གེར་དགོད་ནི་དོན་གང་ཡིན་ཡི་གེའི་རིས་སུ་བཀོད་པ་སྟེ། མ་འོངས་པ་དང་བྱ་ཚིག་གོ། །དགག་སྒྲུབ་ནི་གྲུབ་མཐའ་སོགས་གཞན་ལུགས་མི་འཐད་པ་ཕར་དགག ། རང་ལུགས་འོས་པ་ཚུར་སྒྲུབ་པའོ། །སྣོད་དགང་ནི་དགང་བྱའི་སྣོད་གང་དང་གང་ཡིན་པ་དེ་འགེངས་བྱེད་ཀྱི་བཅུད་དེ་དང་དེས་བཀང་བ་སྟེ། བྱ་བ་དང་མ་འོངས་པའོ། །དགོན་པ་ནི་དབེན་པ་སྟེ་གྲོང་ནས་གཞུ་འདོམ་ལྔ་བརྒྱར་བགྲོད་ནས་ཕྱིན་པ་ན། གནས་མི་མེད་ཅིང་གཅན་གཟན་སྡོད་པའི་གནས་སོ། །ར་ནི་གནས་གཞིའོ། །དགར་ནི་སྡོད་དུ་བཅུག་པའོ། །དགོ་བ་ནི་རི་དྭགས་སོ། །ས་ནི་བྱེད་སྒྲའོ། །ཕ་བད་ནི་ཕ་ཞིང་ངོ༌། ། {སི་ཏུས་བཅོས་པའི་དཔལ་སྤུངས་པར་མར་འདི་བཞིན་འདུག ། ངག་སྒྲོན་སྡེ་དགེ་པར་མར། ཕ་བ་དགོ་དགོ་ཞེས་བརྡ་དག་འདི་བཞིན་ཡོད་ཅིང༌། ངག་སྒྲོན་མཆན་མ་ འགའ་ཞིག་ཏུ། ཕ་བ་དགོ་དགོ་ནི། ཤྭ་མོའི་རིགས་འདྲེ་མོའི་ཙམ་ཁུག་ཟེར་བ་དེ་ཡིན་པར་བཤད་ལ། འགའ་ཞིག་(ས་སྐྱའི་དྲུང་ཡིག་ ཆེན་མོས་ཟེར་ཞེས་ཐེག་མཆོག་བསྟན་འཛིན་ལས་ཐོས། )གིས་ནི་ཕ་བ་དགོ་དགོ་ནི། དཔྱིད་ཀ་མེ་ཏོག་གཅིག་ཀྱང་མ་ཤར་བའི་དུས་དང༌། སྟོན་མཇུག་མེ་ཏོག་ཐམས་ཅད་རྫོགས་ཚར་བའི་རྗེས་མེ་ཏོག་སེར་པོ་(ཡུལ་སྐད་ལ་ལར་དགོ་པོ་མེ་ཏོག་ཀྱང་ཟེར། )ཞིག་སྐྱེ་ཡོང་བ་དེ་ཡིན་པར་གཙང་སྟོད་ཀྱི་སྐད་དུ་གསལ། ཞེས་ཟེར་རོ། ། }དགོ་དགོ་ནི་དགོས་པའོ། །དགས་ནི་དེ་དང་ཤིང་སོགས་དུམ་བུར་བཀས་པ་སྟེ། བྱ་བ་དང་མ་འོངས་པའོ། །ཁལ་ནི་རྟ་ནོར་སོགས་སེམས་ཅན་ལ། དགལ་ནི་དངོས་པོ་ཁུར་བསྐུར་བ་སྟེ། བྱ་བ་དང་མ་འོངས་པའོ། །ལྷན་པ་དགབ་ནི་བུག་རལ་ཡོད་པར་སླར་ཡང་དེ་འདྲའི་རིགས་སྦྱར་བའོ། །དང་ནི་སྡུད་ཚིག་གོ། །དགོག་ནི་འགོག་པའོ། ། བྱ་བ་དང་མ་འོངས་པ། སྐྱེ་དགུ་ནི་སྐྱེ་འགྲོ་སེམས་ཅན་ཐམས་ཅད་དང༌། ས་ནི་བྱེད་སྒྲ་སྦྱར་བའོ། །དགེ་ལེགས་ནི་བསོད་ནམས་བསགས་པའི་དོན་ནོ། །དགེ་སྒྲུབ་དགོས་ནི་ད་དུང་དགེ་བ་སྒྲུབ་དགོས་པའི་དོན་ནོ། །དགོངས་མོ་ནི་ཉི་རྒས་ནས་ས་སྲོད་ཀྱི་བར་རོ། ། ཟོང་དགྲམ་ནི་ཚོང་རྫས་རྣམས་ཁྲོམ་དུ་བཀྲམ་པའོ། །མེ་ཏོག་དགྲམ་ནི་མེ་ཏོག་བཀྲམ་པའོ། །དགོན་དུང་ཅན་{ངག་སྒྲོན་སྡེ་དགེ་པར་ མར། དགུན་དུང་ཅན་ཞེས་འདུག་ཀྱང་མ་དག་པར་སེམས་ལ། དཔལ་སྤུངས་པར་མར་དགོན་དུང་ཅན་ཞེས་འབྱུང་བར་ལྟར་འཐད་པར་མངོན་ནོ། ། དགོན་དུང་ནི་བརྡ་རྙིང་སྟེ། ཆུ་མེད་པ}ནི་ཆུ་མེད་པའི་ས་ཆའོ། ། དུ་ནི་གནས་གཞིའི་སྒྲའོ། །དགུན་ཀ་ནི་དཔྱིད་དབྱར་སྟོན་གསུམ་མིན་པའི་དུས་སོ། །སྡོད་དེར་གནས་པ་སྟེ་ཚིག་གྲོགས་སོ། །དགུང་ལོ་{དགུང་ནི་བརྡ་རྙིང་སྟེ། གནམ། }ནི་གནམ་ལོའོ། །ལ་སོགས་པ་ནི་དེ་ལྟར་གཞན་ཡང་དས་འཕུལ་གའི་བརྡ་དག་ཅི་རིགས་པར་བློས་དཔྱད་དེ་ཤེས་པར་བྱ་དགོས་ཞེས་པའི་དོན་ཏོ། ། དེ་རྣམས་ནི་དས་འཕུལ་ག་ཡིག་གི་རྣམ་པར་བཤད་པའོ། །བས་འཕུལ་ག་ཡིག་གི་འཇུག་པ། བཀའ་བགྲོ་{བགྲོ་བ་ནི་བརྡ་རྙིང་སྟེ། གླེང་བ}ནི་མཁས་པ་རྣམས་ཆོས་དང༌། གཞན་རྣམས་རང་རང་གི་བྱ་བ་སྒྲུབ་ཐབས་ཅི་བྱེད་ཀྱི་གླེང་མོལ་ལ་ཞེ་སའི་ཚིག་སྦྱར་བའོ། །བགྲོ་གླེང་ཡང་གྲོས་བྱེད་པའོ། །བགྱི་ནི་བྱ་བ་དང་མ་འོངས་པའོ། །བགྱིད་ནི་བྱ་བ་དང་ད་ལྟའོ། །བགྱིས་ནི་བྱས་ཏེ་འདས་པའོ། །གོ་བགོས་ནི་ཁྲབ་རྨོག་གྱོན་པ་སོགས་སོ། །བགེགས་བར་ཆད་བྱེད་པའི་གདོན་ནོ། །ཀྱིས་ནི་བྱེད་པའི་ཚིག་གྲོགས། བགྲོད་ལམ་འགགས་ནི་འགྲོ་བའི་ལམ་དུ་མི་གཏོང་བར་བཀག་པའོ། །དུས་བགྱངས་ནི་སླེབ་དགོས་པའམ། གྲུབ་དགོས་པའི་དུས་དེ་ལས་ཕྱི་ཞིང་ཡུན་རིང་དུ་འགོར་བའོ། །ཚོད་བགམ་{བགམ་པ་ནི་བརྡ་རྙིང་སྟེ། ཉམས་སད་པ། }ནི་ཉམས་ཚད་ལེན་པའོ། །བགོ་བ་ནི་རྒྱན་གོས་སོ། །བགོས་ནི་ལུས་ལ་གྱོན་ཚར་བའོ། ། བགྲེས་པོ་ནི་རྒས་པོ་ནི། ཧྲལ་པོ་ཅི་ལའང་འཇུག ། ས་ནི་བྱེད་སྒྲ་སྦྱར་བའོ། །མིག་བགྲད་ནི་ཁ་བགྲད་མིག་བགྲད་རྐང་པ་བགྲད་པ་སོགས་སོ། །བགྲང་ཕྲེང་ནི་རྩིས་གྲངས་འཛིན་པའི་དཔང་པོའོ། །བགྲངས་ནི་རེ་རེ་བཞིན་སྨོས་ཟིན་པའོ། །བགྲུས་པའི་འབྲས་ནི་སྤུ་བཅད་ཟིན་པའི་འབྲས་སོ། །བགོས་ནི་ཡུལ་ལ་བགོ་སྐལ་བཅད་པའོ། །གད་མོ་བགད་ནི་ཧ་བགད་དོ། །གོམ་པ་ནི་རྐང་པ་འདོར་ལེན་བྱེད་པའོ། །བགོམས་ནི་སྒོ་གདན་སོགས་ཀྱི་སྟེང་ནས་འགྲོ་བའོ། །ཞིང་ནི་ཚིག་ཕྲད་དོ། །རྙོག་མ་ནི་ཆུ་དང་ས་རྡུལ་འདྲེན་པ་སྟེ། བགྲུངས་ནི་དྭངས་སྙིགས་སོ་སོར་ཕྱེ་བའོ། །བགོ་སྐལ་ནི་བྱ་ལས་དང༌། ཟས་ནོར་གང་ཡང་རུང་བ་རང་རང་གི་ཐོབ་སྐལ་དེའོ། །ལ་སོགས་ནི་དེ་ལྟར་གཞན་ཡང་བས་འཕུལ་ཅན་གྱི་ག་ཡིག་གི་བརྡ་དག་ཅི་རིགས་པར་བློས་དཔྱད་དེ་ཤེས་པར་བྱ་དགོས་ཞེས་པའི་དོན་ཏོ། ། དེ་རྣམས་ནི་བས་འཕུལ་ག་ཡིག་གི་རྣམ་པར་བཤད་པའོ། ། མས་འཕུལ་ག་ཡིག་གི་འཇུག་པ། མགོ་ཡན་ལག་གི་དམ་པའོ། །མགུར་ནི་ངག་ནས་དབྱངས་སྙན་པར་སྒྲོགས་པའོ། །མགུལ་ནི་ཞེ་སའི་ཚིག་སྟེ་མགྲིན་པ་དང་དོན་གཅིག་གོ། །མགར་ནི་ལྕགས་རིགས་བཞུ་མཐར་གྱིས་ཡོ་བྱད་བཟོ་བའོ། །མགོན་ནི་སྐྱབས་གནས་སོ། །མགུ་ནི་ཡིད་ལ་བབ་པའམ། ཚིམ་པའོ། །མགལ་དུམ་ནི་མེས་ཚིག་འཕྲོའི་ཤིང་དུམ་མོ། ། མགལ་མེ་ནི་ཤིང་དབྱུག་པའི་རྩེར་མེ་སྦར་བའོ། ། གཏོར་མགྲོན་ནི་གཏོར་མ་འབུལ་ཡུལ་གྱི་ལྷའོ། ། མགྱོགས་ནི་མྱུར་བའོ། །ཡ་མགལ་དང་མ་མགལ་ནི་ཁས་ཡས་མས་གཉིས་པོ། དེ་རྣམས་ནི་མས་འཕུལ་ག་ཡིག་གི་རྣམ་པར་བཤད་པའོ། ། འས་འཕུལ་ཅན་གྱི་ག་ཡིག་གི་འཇུག་པ། འགྲོ་ནི་རྐང་པ་འདེགས་འཇོག་བྱེད་པའོ། ། འགྲེང་ནི་རྐང་མཐིལ་སར་གཏད་དེ་ལུས་ཡར་དྲང་པོར་བསྲང་བའོ། །འགྲིམ་ནི་ལམ་ལ་ཤར་རེ་སོང་བ་དང༌། ཁ་ཟས་འགྲིམ་པ་སོགས་སོ། །འགྲུལ་ནི་ལམ་དུ་རྒྱུ་འགྲུལ་ལོ། །འགྱིང་ནི་ལུས་ཀྱི་རྣམ་འགྱུར་རོ། །འགྲོས་ནི་འགྲོ་ལུགས་ཀྱི་རྐང་སྟབས་སོ། །འགྲན་ནི་ཕན་ཚུན་བཟང་ངན་དང་དཔའ་རྩལ་སོགས་སོ། །འགྲངས་ནི་གྲོད་པ་ཟ་མས་ཁེངས་པའོ། །འགེངས་སྣོད་སྤྱད་འགེངས་པའོ། །འགག་ནི་རྐེ་འགག་དང༌། སྲོག་འགག་སོགས་ཏེ་དོག་པའི་གནས་སུ་མ་ཐར་ནས་འཚངས་པ་ལྟ་བུའོ། །འགོག་ནི་བཀག་པའི་བྱེད་ཚིག་དང་ད་ལྟ་བའོ། ། འགགས་ནི་དབང་པོ་སོགས་འགགས་ཚར་བའོ། །འགས་ནི་ཤིང་སོགས་སྟ་རེས་བཀས་པའི་བྱེད་ སྒྲ་དང་ད་ལྟ་བའོ། །འགྲིག་{མཆན་མ་ལ་ལར་འགྲིགས་ཞེས་ས་མཐའ་ཅན་ཡང་སྣང་ངོ༌། ། སྡེ་དགེ་པར་མར་འགྲིབ། ཅེས་འདུག་ལ། དེ་ལྟར་ན་དངོས་པོ་གང་རུང་མར་ཇེ་ཆུང་དུ་འགྲོ་བ་ལ་གོ་དགོས་སོ། ། }ནི་བྱ་བ་དོན་ཚང་བ་དང༌། དངོས་པོ་ཡང་ལྗི་བསྒྲིགས་པས་འདྲ་འདྲར་གྱུར་པའོ། །འགྱངས་ནི་དུས་ཚོད་ལས་ཕྱི་བའོ། །འགོར་ནི་ཡུན་རིང་དུ་ཐོགས་པའོ། །འགྱེས་ནི་མང་པོ་ལྷན་ཅིག་ཏུ་འདུས་པ་སོ་སོར་གྱེས་པའམ། བྱེར་བ་དང༌། ལུས་སོགས་གཅིག་གིའང་ཡན་ལག་ལྟ་བུ་ཚིག་སོགས་ཕྱོགས་ཕྱོགས་སུ་འཐོར་བ་ལྟ་བུ་ཡང་ངོ༌། །འགྲོགས་ནི་ཕན་ཚུན་གཅིག་གིས་གཅིག་མི་གཏོང་བར་གནས་པའོ། །དགོངས་འགྲེལ་ནི་སངས་རྒྱས་ཀྱི་ཐུགས་ལ་ཤར་ནས་གསུངས་པའི་ཆོས་དེའི་དོན་དཀྲོལ་བཤད་བྱེད་པའོ། །འགྲོལ་ནི་དགོངས་པ་དང༌། མདུད་པ། བཅིངས་པ་སོགས་དཀྲོལ་བ་སྟེ། བྱེད་ཚིག་དང་ད་ལྟ་བའོ། །འགྱེལ་ནི་ལུས་སོགས་ས་ལའོ། །འགྲིལ་ནི་གཡང་སར་རོ། །འགྲོངས་ནི་གསོད་པ་ལ་ཞེ་སའི་ཚིག་སྦྱར་བ་སྟེ། བྱེད་པ་དང་ད་ལྟ་བའོ། །འགུམས་{འགུམ་པ་ནི་བརྡ་རྙིང་སྟེ། འཆི་བ། གསོད་པའི་བརྡ་རྙིང་ནི་དགུམ་པ་དང་བཀུམ་པ་ཡིན་ནོ། །}ནི་གསོད་པ་སྟེ། བྱེད་པ་དང་ད་ལྟ་བའོ། །འགལ་ནི་ཕན་ཚུན་མི་མཐུན་པའམ། བཀའ་དང་བཅས་སྡོམ་སོགས་ལས་འགལ་བའོ། །འགས་ནི་མང་པོའི་ནང་ནས་ཕལ་ཆེར་གྱི་དོན་ཏེ། འགའ་ཞིག་གིས། ཞེས་པའི་ཚིག་བསྡུས་པའོ། ། འགྱོད་ནི་སྔོན་བྱ་བ་མི་ལེགས་པ་བྱས་པ་དེ་ཕྱིས་དྲན་ནས་འགྱོད་པའོ། །འགོལ་སར་ནི་གཞན་སུ་ཡང་མེད་པའི་གནས་དབེན་པ་ཞིག་གོ། །འགྲམ་ནི་ཁང་པའི་རྩིག་རྨང་ལྟ་བུའོ། །འགུལ་ནི་སྡོད་མི་ཚུགས་པར་གཡོ་འགུལ་བྱེད་པའོ། །ནོར་འགྱེ་ནི་བཀྱེ་བའོ། །འགྱེད་ནི་དགེ་འདུན་སོགས་ལའོ། །འགན་འཁུར་ནི་འགན་བླངས་ནས་རང་དོན་ལྟར་བྱེད་པའོ། །འགོང་པོ་ནི་གནོད་འདྲེ་གདོན་བགེགས་སོ། །འི་ནི་འབྲེལ་སྒྲའོ། །འགོ་ནད་ནི་འབྲུམ་བུ་སོགས་རིམ་ནད་འགོ་བའི་རིགས་རྣམས་སོ། །འགོས་ནི་སྔ་མའི་ནད་དེ་ཕྱི་མར་མཆེད་པའོ། །འཕེལ་ནི་སྔ་མ་ལས་ཡར་མང་བའམ་ཆེ་རུ་གྱུར་པའོ། ། འགྲིབ་ནི་སྔ་མ་ལས་མར་ཉུང་བའམ། ཆུང་ངུ་སོང་བའོ། །འགྱུར་ནི་སྔར་ལྟར་བརྟན་པར་མི་གནས་ཤིང༌། ཕྱིས་སྔར་དང་མི་འདྲ་བར་འགྱུར་བའོ། །འགྱུས་ནི་སེམས་ལ་རྣམ་རྟོག་འགྱུས་པ་སྟེ། འོག་འགྱུ་ཞེས་པ་ལ་དཔག་ན་ལྐོག་གྱུར་གཅིག་ལ་གོ་དགོས་སམ་སྙམ། མི་འགོང་{མི་འགོང་ནི་བརྡ་རྙིང་སྟེ། མི་ཞུམ། }མི་སྐྲག་པའི་དོན་ནོ། །དང་ནི་སྡུད་ཚིག་གོ། །ལམ་འགྲོན་{འགྲོན་པོ་ནི་བརྡ་རྙིང་སྟེ་ཚོང་པ། }ནི་ཚོང་པ་སོགས་རྒྱང་དུ་འགྲོ་བ་དེའོ། །འགའ་ཞིག་ནི་ཁ་ཤས་སོ། །འགུགས་ནི་ཚུར་རང་གི་སར་བཀུག་པའོ། །རྩིག་འགྲམ་ནི་རྩིག་པའི་འོག་བཞིའོ། །འགོད་ནི་ཁོད་སྙོམས་པར་བཀོད་པའོ། །བརྩོན་འགྲུས་ནི་ལེ་ལོ་མི་བྱེད་པར་མྱུར་དུ་འབད་པའོ། །འགོ་མ་ནི་དང་པོའམ། གཙོ་བོ་སྟེ། འདིར་བཀོད་མའི་ཆུའམ། དབྱར་ཆུ་བོ་དང་པོ་རྒྱས་དུས་སོགས་སོ། །འི་ནི་འོག་གི་ཆུ་དང་འབྲེལ་བའི་སྒྲའོ། །ཆུ་འགྲེམས་ནི་ཞིང་སོགས་ལ་འགྲེམས་པ་སྟེ། གཞན་ཡང་ཟས་ནོར་སོགས་འགྲེམས་པ་ཡང་ངོ༌། ། འགྲུབ་ནི་བསམ་དོན་དེ་བྱུང་བའོ། །མགོ་འགེམས་{འགེམས་པ་ནི་བརྡ་རྙིང་སྟེ་འཇོམས་པ། }ནི་མགོ་བོ་ཆག་སྟེ་དུམ་བུར་སོང་བའོ། །རིགས་འགྲེ་ནི་ཡི་གེ་སོགས་གོང་མས་འོག་མ་ལ་རྒྱས་འགེབས་པའོ། །ཚོས་ཀྱི་འགྲིབ་ནི་རྣམ་དཀར་སོགས་ཁ་དོག་བསྒྱུར་ཏེ་གཞན་དུ་སོང་བའོ། །འཐབ་མོ་འགྱེད་ནི་ཕན་ཚུན་ཁ་ལག་གང་རུང་གིས་རྩོད་འཛིངས་བྱེད་པའོ། །སོགས་ནི་གཞན་ཡང་འས་འཕུལ་ག་ཡིག་གི་བརྡ་དག་ཅི་རིགས་པར་བློས་སྤྲོས་ཏེ་ཤེས་པར་བྱ་དགོས་ཞེས་པའི་དོན་ཏེ། དེ་རྣམས་ནི་འས་འཕུལ་ཅན་གྱི་ག་ཡིག་གི་རྣམ་པར་བཤད་པའོ། །ར་མགོ་ལྡན་པའི་ག་ཡིག་གི་འཇུག་པ། རྒོད་པོ་ནི་བློ་དང་བྱ་བ་གང་ཡང་ནུས་པའི་དཔལ་རྩལ་སྟོབས་ཤུགས་ཅན་ནོ། །རྒྱ་མཚོ་ནི་མང་པོ་འདུས་པའི་ཕུང་པོ་ཆེན་པོའམ་ཆུའི་གཏེར་གྱི་ཀློང་ངོ༌། །ར་སྒྲ་ནི་གནས་གཞིའི་སྒྲའོ། །རྒལ་ཕྱིར་ནི་དེའི་ཕ་རོལ་དུ་སླེབ་པའི་དོན་དུའོ། །རྒྱུ་ནི་འགྲོ་བའོ། །གཏམ་རྒྱུད་ནི་སྔོན་གྱི་ལོ་རྒྱུས་སོ། །ཕྲེང་རྒྱུད་ནི་ལུང་ཐག་ལ་རེ་རེ་བཞིན་རིམ་པར་གྲལ་དུ་བསྒྲིགས་པ་སྟེ། རེ་རེའི་རྒྱུད་ལ་རེ་རེ་བསྟར་བ། དཔེར་ན་མེ་ཏོག་དང་བྱི་རུ་སོགས་སོ། །རྒྱུད་མངས་ནི་སྒྲ་སྙན་ཏེ། པི་ཝང་ངོ༌། །རྒྱན་ནི་མཛེས་པར་བྱེད་པའི་ཡོ་སྤྱད་དོ། ། བྱ་རྒོད་ནི་མི་རོ་གཟན་ཡུལ་དེའོ། །རྒན་པོ་ནི་སེམས་ཅན་ན་ཚོད་སྨིན་པས་ལང་ཚོ་ཡོལ་བའོ། །རྒ་བ་ནི་རྒས་པའོ། །ཤི་ནི་བེམ་རིག་བྲལ་བའོ། །འི་ནི་རྗེས་མ་དང་འབྲེལ་བའི་སྒྲའོ། །རྒུད་ནི་གུད་པ་སྟེ་དབང་པོ་དང༌། འབྱོར་པ་སྔོན་བས་ཞན་རུ་སོང་བའོ། །ཕས་རྒོལ་ནི་ཕ་རོལ་པོས་དོ་བསྡོ་བའོ། །རྒྱང་འཕེན་ནི་མུ་སྟེགས་ཆད་ལྟ་པའོ། ། མགོ་ནི་ལུས་ཀྱི་གཙོ་བོའོ། །ལ་ནི་གནས་གཞིའོ། །རྒྱོབས་ནི་གྲི་ཚོན་རྡོ་དབྱུགས་སོགས་ཀྱིས་བརྡེག་པ་སྟེ་སྐུལ་ཚིག་གོ། །རྒོད་མ་ནི་རྟ་མོའོ། །འི་ནི་འབྲེལ་སྒྲའོ། །རྒྱབ་ནི་སྒལ་བའི་ཕྱོགས་སོ། །རྒྱས་ནི་ཤ་ཤེད་ཉམས་སོགས་སྔོན་ལས་བཟང་བའམ། དེ་ལས་གོང་དུ་འགྱུར་དུ་མེད་པའོ། ། རྒྱང་རིང་ནི་ཐག་རིང་ངོ༌། །རྒྱུག་ནི་ཤུགས་རྩལ་ཇི་ཡོད་ཀྱིས་བང་གཏོང་བའོ། །རྒྱ་བོ་ནི་ཁ་སྤུ་འགྲམ་སྤུ་ཞོ་ལེ་བའོ། །དམུ་རྒོད་ནི་སེམས་མ་དུལ་ཞིང༌། ལས་སུ་མ་རུང་བའོ། །ཕྱག་རྒྱ་ནི་རིགས་མའམ། སྔགས་ཀྱི་ཡུམ་དང༌། ལག་པའི་ཐལ་མོ། །ར་ནི་གནས་གཞིའོ། །རྒྱོ་ནི་དགའ་བཞི་མྱོང་བ་སྟེ། འཁྲིགས་པའམ། མི་གཙང་བ་སྤྱོད་པའོ། །རྒྱ་ཚ་དང་རྒྱམ་ཚ་ནི་སྨན་ནོ། །རྒྱགས་ནི་སྒྲུབ་རྒྱགས་དང༌། ལམ་རྒྱགས་ལྟ་བུ་ལས་དང་བྱ་བ་དེ་དང་དེའི་ཚེ་ཟ་རྒྱུའོ། །ཕྱེ་ནི་འབྲུ་ཞིབ་མོར་འཐག་པའི་ཙམ་པ་སོགས། འི་ནི་རྒྱུ། རྒྱུགས་ནི་རྒྱུགས་རྒྱ་རུ་ཟེར་བ་སྟེ། ཉིན་རེ་བཞིན་གྱི་ལྟོ་བཅས་སྤྲོད་རྒྱུ་དང༌། ཡི་གེ་སོགས་རྒྱུགས་འབུལ་སྤྲོད་པ་རྣམས་སོ། །རྒྱུ་མཚན་ནི་དེ་སྔོན་དེ་ལྟར་བྱས་པས་ད་ལྟར་མཚན་མ་འདི་ལྟ་བུར་བྱུང་ཞེས་པའམ། ད་ལྟ་རྒྱུ་འདི་ལྟར་འདི་ན་མ་འོངས་པ་ལ་འབྲས་བུ་འདི་ལྟར་འབྱུང་ཞེས་རྒྱུ་དེ་ལས་མཚན་མ་དེ་བྱུང་བའི་གནད་དོ། །ལོ་རྒྱུས་ནི་སྔོན་རབས་ཀྱི་རིགས་རུས་ཆོ་འབྲང་སོགས་འདི་ཞེས་སྨོས་པ་ལྟ་བུ་འདས་པའི་བྱས་བྱུང་གི་རྣམ་གཞག ། བྱིང་རྒོད་ཀྱི་བྱིང་བ་ནི་སེམས་རྨོངས་ཤིང་འཐིབ་པའི་དྲན་མེད་ཐོམ་མེ་བ་དང༌། རྒོད་ནི་སེམས་རྣལ་འབྱོར་མི་གནས་པར་ཡུལ་སྣ་ཚོགས་ལ་འཕྲོ་བས་བདེ་རུ་མི་སྟེར་བའོ། །རྒྱུ་ནི་ས་བོན་ལྟ་བུ་སྟེ་ཐོག་མའི་བྱུང་ཁུངས་ཀྱི་གཞིའོ། །རྒྱལ་བ་ནི་གཡུལ་ལས་རྒྱལ་བའམ། བདུད་ལས་རྒྱལ་བའི་སངས་རྒྱས་ལྟ་བུའོ། །འི་ནི་འབྲེལ་སྒྲའོ། །རྒྱུད་རྒྱལ་ནི་རྡོ་རྗེ་ཐེག་པའི་ཆོས་ཀྱི་རྒྱུད་མང་པོའི་ནང་ནས་མཆོག་ཏུ་གྱུར་པ་གང་ཡིན་པའོ། ། རྒྱུ་སྐར་ནི་མཁའ་ལ་རྒྱུ་སྐར་མའོ། །རྒྱལ་ནི་རྒྱུ་སྐར་གྱི་ནང་ཚན་ནོ། །ཤེས་རྒྱུད་ནི་རྣམ་པར་ཤེས་པའི་རྒྱུན་ནོ། །རྒྱས་བཏབ་ནི་ལྷ་ལ་རིགས་ཀྱི་བདག་པོའི་རྒྱས་གཏབ་པའམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྒྱས་བཏབ་པ་སྟེ། དེ་ལས་མི་འདའ་བའི་དམ་ཚིག་གོ། །ང་རྒྱལ་ནི་རང་བཟང་པོར་རློམ་པའོ། །རྒྱགས་ནི་ཁེངས་དྲེགས་ཆེ་བའོ། །རྒྱ་གྲམ་ནི་རི་མོ་ཀུ་རུ་ཁ་སྟེ། རྡོ་རྗེ་རྒྱ་གྲམ་ཡང་མཚུངས་སོ། །རྒྱན་པོ་ནི་རྩེ་མོའི་ཤྭ་སྦགས་མིག་མང་སོགས་འཇོག་མཁན་ནོ། །རྒྱན་ནི་སྐུགས་སུ་བཞག་པའི་དངོས་པོའོ། །དང་ནི་སྡུད་ཚིག་གོ། །རྒྱལ་ནི་ཁེ་ལོན་པའོ། །རྒུ་འབྲུམ་ནི་ཤིང་ཏོག་གོ ། རྒྱ་ཤུག་ནི་རས་བལ་གྱི་ཤིང་ངོ༌། །ཉ་རྒྱ་ནི་ཉ་འཛིན་པའི་དྲ་བ་མིག་མང་སྟེ། ཀ་དོར་ཡང་ཟེར། ར་ནི་གནས་གཞིའོ། །རྒྱུ་ནི་ཡུལ་གཞན་དུ་འགྲིམས་པའོ། །རྒྱུས་པ་ནི་ཤའི་རྒྱུས་པའོ། །རྒྱུ་མ་ནི་ནང་ཁྲོལ་ལོ། །ལུ་གུ་རྒྱུད་ནི་ལུགས་གཅིག་ནས་གཅིག་ཏུ་བརྒྱུད་དེ་བར་མ་ཆད་པར་འབྲེལ་པ་སྟེ། དཔེར་ན་ལྕགས་ཐག་ལྟ་བུའོ། །གྲུ་རྒྱོངས་ནི་ཕལ་སྐད་དེ། དོན་ལ་གྲུའི་ནང་དུ་དངོས་རྫས་སོགས་ཀྱིས་འགེངས་པའོ། །རྒྱངས་ཤིང་ནི་ཀོ་བ་སོགས་འཁུམས་ཀྱིས་དོགས་ནས་ཤིང་གིས་ནང་ནས་ཕྱིར་རྒྱངས་པ་དེའོ། །སྨིག་རྒྱུ་ནི་དབྱར་དང་དཔྱིད་ཀར་བྱང་ཐང་སོགས་ལ་རྒྱང་ལ་ལྟས་ཚེ་མེར་མེར་འཁྱུག་འཁྱུག་བྱེད་པ་ཆུ་འདྲ་བ་དེའོ། །འི་ནི་འབྲེལ་བའི་སྒྲའོ། །རྒྱུན་ནི་བར་མ་ཆད་པའོ། །རྒྱ་ཡུལ་ནི་རྒྱ་གར་རྒྱ་ནག་སོགས་སོ། །རྒྱ་ཆེ་བ་ནི་གོ་སླའོ། །ལྟོ་རྒྱབ་སྐྱིད་ནི་ཟས་གོས་ཀྱི་སྡུག་བསྔལ་དང༌། བྱ་བ་རྒྱ་ཆེར་བྱེད་དགོས་སོགས་མེད་ པས་ལུས་སེམས་བདེ་བར་སྡོད་པའོ། །རྒྱལ་མཚན་ནི་མི་མཐུན་པའི་གཡུལ་ལས་རྒྱལ་བའི་རྟགས་སུ་ཁང་ཐོག་མཚན་མ་འཛུག་པ་དེའོ། །རྒྱལ་ནི་ཕན་ཚུན་འགྲན་བརྡོ་བ་ལས་ཁེ་ལོན་པ་དེའོ། ། སོགས་ནི་འདིར་རགས་ཙམ་ལས་བརྗོད་ཚོད་མ་བྱུང་བས། གཞན་ཡང་ཞིབ་པར་བློས་དཔྱད་དེ་ཤེས་པར་བྱ་དགོས་ཞེས་པའི་དོན་ཏོ། ། དེ་ རྣམས་ནི་ར་བཏགས་ག་ཡིག་གི་རྣམ་པར་བཤད་པའོ། །ག་ཡིག་ལ་མགོ་ཅན་གྱི་འཇུག་པ། ལ་ལྒ་ལྒང་པ་གཅིག་པུར་ངེས། །ཞེས་པས། ལུས་ཀྱི་དྲི་ཆུ་འཛིན་བྱེད་གཅིན་ལྒང་ཁེར་བུ་མ་གཏོགས་གཞན་ག་ཡིག་ལ་མགོ་ཅན་གྱིས་དོན་སྟོན་པ་མེད་པར་བཤད་པའོ། །ས་མགོ་ལྡན་པའི་ག་ཡིག་གི་འཇུག་པ། སྒོམ་ཆེན་ནི་ཡུན་རིང་དུ་བསྒོམ་པའོ། །བློ་སྒམ་{སྒམ་པ་ནི་བརྡ་རྙིང་སྟེ་ཟབ་པ། }ནི་ལུགས་གཉིས་ཀྱི་ཤེས་བྱར་བློ་གྲོས་ཟབ་ཅིང་མཁས་པའི་དོན་ཏོ། །སྒྲིན་པོ་ནི་ཐབས་མཁས་པའོ། །ར་ནི་ལ་སྒྲ་བསྡུས་པའོ། །སྒྲུན་ནི་ཕན་ཚུན་འགྲན་ཞིང་བཟང་ངན་གོ་བསྡུར་བའོ། །ལྕགས་སྒྲོག་ནི་རྐང་ལག་སྡོམ་བྱེད་དོ། །སྒོར་མོ་ནི་དབྱིབས་ཟླུམ་པོ་སྟེ། བུ་རམ་སྒོར་མོ་ལྟ་བུའོ། །ར་ནི་ལ་སྒྲའོ། །སྒྲིམ་ནི་བློ་དང༌། རིག་པ་དང༌། སྐུད་པ་སོགས་སོ། །ཞིང་ནི་ཚིག་གི་ཕྲད་དོ། །སྒྲིལ་ནི་སྐུད་པ་དང་རིལ་བུ་དང་རྦབ་སོགས་སོ། ། སྒྱིད་སྐྱུར་ནི་སྔོན་བྱས་ལས་ལ་དོན་ཆེན་མ་བྱུང་བས་ད་ཆར་བྱེད་མི་འདོད་པའོ། ། སྒྱིད་ལུག་ནི་བྱིས་པ་ཞིག་གོས་ཆུས་བང་ནས་ལུས་ཀྱི་ཚོར་བ་མྱོང་བ་ལ་བཞེད་ཀྱང༌། དོན་ནི་བྱ་བ་ལ་ཐང་ཆད་པས་དཔའ་ཞུམ་ཞིང་བྱ་བར་འཇུག་མི་ཕོད་དེ་རེ་བ་བྲལ་བ་ལྟ་བུའོ། །སྒྱེད་པུ་ནི་ཐབ་ཀའོ། །སྒྱེལ་ནི་བཤིག་པའོ། །སྒྱུ་རྩལ་ནི་མདའ་སོགས་འཕོངས་དང༌། རྩལ་སྣ་དྲུག་ཅུ་རེ་བཞི་ཡོད་པར་འདུལ་བ་ལུང་ལས་གསུངས་པ་དེ་རྣམས་སོ། །གཡོ་སྒྱུ་ནི་ཐབས་སྣ་ཚོགས་ཀྱིས་ཕ་རོལ་བསླུ་བར་བྱེད་པའོ། །སྒྱུ་མ་ནི་མིག་འཕྲུལ་ལོ། །སྒྲུང་ནི་སྔོན་བྱུང་གླེང་བའོ། །སྒམ་ནི་སྤྱད་དངོས་ཀྱི་སྣོད་ཤིང་ལས་བཅོས་པ་དེའོ། །སྒྲོམ་ནི་སྒྲོམ་བུ་སྟེ་བང་བ་ལྟ་བུའི་ཕྱི་མང་པོ་བརྩེགས་པ་དང༌། ཟ་མ་ཏོག་མང་པོས་བཀང་བ་དང༌། གསུང་རབ་རིན་ཆེན་སྒྲོམ་གསུངས་པ་སོགས་སོ། །སྒྲོ་བ་ནི་རྒྱུ་ཀོ་བ་ལས་བྱས་པའི་སྣོད་དང༌། རླིག་བུ་ཡང་ངོ༌། །སྒྱེ་ནི་རྒྱུ་བལ་རྩིད་སོགས་ལས་བྱས་པའི་ཕད་རྩེ་དང༌། སྒྱེའུ་ནི་ཕེད་རྩེ་ཆུང་ངུའོ། །སྒྱུག་མོ་ནི་ཁྱོ་ཤུགས་གཉིས་ཀའི་མའོ། །ས་ནི་བྱེད་སྒྲའོ། །སྒོ་ང་ནི་བྱ་ལས་བྱུང་བའོ། །སྒོག་པ་ནི་སྒོག་རིགས་སྤྱི་མིང་ལ། ཟོས་ནི་ཚིག་གྲོགས་སོ། །སྒྲེགས་ནི་གསུས་པ་མི་བདེ་ཞིང་ཁ་ནས་སྐྱུག་འདོད་ལྟ་བུའི་སྒྲ་དང་ཁ་ཟས་གང་ཟོས་ཀྱི་དྲི་འཐུལ་བ་དེའོ། །སྡིག་པ་ནི་ཉོན་མོངས་པའི་དང༌། སྒྲིབ་པ་ནི་ཤེས་བྱའི་སྟེ་ཞིབ་པར་གཞུང་རྣམས་ལས་འབྱུང་བ་ལྟར་རོ། །ཆུ་སྒྲོལ་ནི་མི་ཐར་པའི་ཆུ་ལ་ར་ཟླ་བྱས་ཏེ་ཕ་རིར་འདོན་པའོ། །ཆོས་སྒྲ་སྒྲོགས་ནི་གསུང་རབ་ཁ་ཏོན་བྱེད་པའོ། ། བྱ་སྒྲོ་ནི་བྱའི་འདབ་གཤོག་གོ། །བཤད་སྒྲོས་ནི་ཆོས་དང་འཇིག་རྟེན་གང་ཡིན་གྱི་བཤད་ལུགས་བཟང་ངན་ཚིག་སྒྲོས་སོ། །མཆུ་སྒྲོས་ནི་ཁའི་ཡས་མས་ཀྱི་མཆུ་བཟང་ངནནོ། །སྒྲིགས་ནི་བཅལ་སྒྲིགས། ཆོག་སྒྲིགས། གྲལ་སྒྲིགས། གྲ་སྒྲིགས་པ་སོགས་ཏེ་སྐུལ་ཚིག་གོ། །སྒལ་ཚིགས་ནི་རྒྱབ་གཞུང་ངོ༌། །སྒུལ་སྐྱོད་ནི་ལུས་སོགས་འགུལ་བ་དང་འགྲོ་བའོ། ། སྒ་ནི་སྨན་སྒ་སྐྱ་དང༌། སྒེའུ་གཤེར་ནི་སྒ་སྐྱ་རློན་པའོ། །སྒྲེན་མོ་ནི་ལུས་གཅེར་བུའོ། །ར་ནི་ལ་སྒྲ་བསྡུས་པའོ། །སྒོ་དྲུང་ནི་སྦྲ་ཁང་གི་སྒོ་རྩ་ནའོ། །སྒེག་མོ་སྒུག་ནི་དོན་དེ་མ་གྲུབ་བར་དུ་སྡོད་པ་སྟེ། བྱེད་པ་དང་ད་ལྟ་བའོ། །སྒྱིད་པ་ནི་རྐང་པའི་འོ། །ར་ནི་ལ་སྒྲའོ། །གོས་སྒབ་ནི་གོས་ཀྱི་མཐའོ། །སྒྲོ་གུ་ནི་གོས་ཀྱི་སྔོན། བྲང་ཁ་ཕན་ཚུན་དང༌། སྔོན་གཤམ་ཕན་ཚུན་སོགས་སུ་སྡོམ་བྱེད་ཆར་ཁུག་གམ་ཐག་སྣེ་ལྟ་བུ་བཏགས་པ། ས་ནི་བྱེད་སྒྲའོ། །སྒྲོག་ནི་དེ་ཕན་ཚུན་མི་བྱེ་བར་བཅིངས་པའོ། ། དབང་སྒྱུར་ནི་གཞན་ལ་དབང་བསྒྱུར་བའོ། །འཁོར་ལོ་སྒྱུར་ནི་འཁོར་ལོ་བཞིའི་རིམ་པས་གླིང་བཞི་དང༌། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་མན་ལ་དབང་བའི་རྒྱལ་པོ། སྒྱུར་བྱེད་ནི་ཆོས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་བའི་ལོ་ཙཱ་བ་དང༌། ཁ་དོག་བསྒྱུར་བའི་ཚོན་ཁ་ལོ་བསྒྱུར་བའི་བྱེད་པོ་སོགས་ཏེ། བྱེད་པ་དང་ད་ལྟ་བའོ། །ལག་སྒྲེང་ནི་ལག་པ་གྱེན་ལ་གཏེགས་པའོ། །ཟས་སྒོང་ནི་ཟན་ལོག་ལོག་བྱེད་པའོ། །བུ་རམ་སྒོར་ནི་གོར་གོར་བྱེད་པའོ། །སྒར་ནི་བླ་དཔོན་སོགས་བཞུགས་གནས་དང༌། དམར་སྒར་ལྟ་བུའོ། །དུ་ནི་གནས་གཞིའི་སྒྲའོ། །རྟ་སྒ་ནི་ཞོན་པའི་སྒའོ། །ས་ནི་བྱེད་སྒྲའོ། །སྒྲོན་མེ་ནི་གསལ་བྱེད་དོ། །སྒྲིབ་ནི་མི་མཐོང་བར་བྱེད་པའོ། །སྲིད་སྒྲུབ་ནི་སྔོན་གྱི་བྲམ་ཟེ་དང་ཤཱཀྱ་རྩིས་ལ་མཁས་པ་སྲིད་སྒྲུབ་བམ། ཡང་ན་འཇིག་རྟེན་འདིའི་ཆེད་དུ་གཡང་ཆོག་སོགས་བྱེད་པའོ། ། ཀླུ་སྒྲུབ་ནི་རྒྱ་གར་དུ་བྱུང་བའི་པཎ་གྲུབ་ཁྱད་དུ་འཕགས་པ་དེའོ། །སྒྲོལ་མ་ནི་ལྷ་མོའོ། །སྒྲུབ་ནི་ལྷ་སྒོམ་སྔགས་ཟླ་བའོ། །མནའ་སྒོག་ནི་མནའ་བཀག་པའམ། མནའ་བགོར་ཟེར་བའི་སྐུལ་ཚིག་གོ། །སྒྱོགས་རྡོ་ནི་འཁྲུལ་འཁོར་གྱི་བྲང་ཐག་དང༌། རྫས་སྔགས་སོགས་ལ་བརྟེན་ནས་རྡོ་བ་བར་སྣང་ནས་བཏང་བས་ཕ་རོལ་འཇོམས་བྱེད་དེ། ས་ནི་བྱེད་སྒྲའོ། །སྒུ་དོ་ནི་ཡུལ་སྐད་དེ། དོན་ལ་འབེན་གྱི་མིང་ ངོ༌། །གཅོག་ནི་བཅག་པ་སྟེ་ཚིག་གྲོག་གོ། །ད་སྒོས་{ནི་ད་ཕྱིན་ཆོད་ཀྱི་བྱ་གཞག་ལ་འཇུག་གོ། ། ཞེས་ཟེ་ཆེན་པས་གསུངས་སོ། ། }ནི་སྤྱི་དང་བྱེ་བྲག་གོ། །སྒོས་སུ་ནི་ཟུར་དུ་ནན་ཏན་གྱི་ཚིག་གོ། །རྩིག་པ་ནི་ཁང་པ་སོགས་ཀྱིའོ། །སྒྲོན་ནི་ཞེ་སའི་ཚིག་སྟེ་སྐུ་རྒྱན་སྒྲོན་རྒྱུ་དང༌། རླུང་རྟ་དང་དར་ལྕོག་སྒྲོན་པ། གཞན་ཡང་རྩིས་ལས་བྱུང་བའི་མེ་སྒྲོན། ཆུ་སྒྲོན། བྲག་སྒྲོན་སོགས་སོ། །སྒུ་སྟེགས་ནི་བྱམས་འདུག་གི་ཁྲིའུ་ཆུང་ངོ༌། །སྒང་ནི་ཡར་འབུར་བའོ། །གཤོང་ནི་བར་གོབ་ཡོད་པའོ། །ཚྭ་སྒོ་ཅན་{ཚ་སྒོ་ཅན་ནི་བརྡ་རྙིང་སྟེ་བ་ཚ་ཅན། }ནི་ཡུལ་རོང་པ། ཁྲེམ་གྱི་ཞིང༌། ཚད་ཁུང་ཅན་ཏེ་ལོ་ཏོག་ཆེན་པོ་མི་སྐྱེ་བའམ། ཡང་ན་བ་ཚ་ཡོད་པའི་ས་ཕྱོགས་སོ། །སྒྲོབ་དང་ནི་དོན་ལ་མེད་པའི་ཨོ་ཟོབ་ཁ་ཧམ་ཅན་དེའོ། །སྒྲོམ་ནི་རོ་ཡོད་པ་ཤ་འཐོར་བའིརུས་སྒྲོམ་ལྟ་བུ་ དང༌། གཟུགས་བརྙན་གྱི་སྒྲོམ་ལྟ་བུའོ། །སོགས་ནི་ཐམས་ཅད་བརྗོད་ཚོད་མེད་པས་ གཞན་ཡང་བློས་བརྟགས་ཏེ་ཤེས་པར་བྱ་དགོས་ཞེས་པའོ། ། དེ་རྣམས་ནི་ས་མགོ་ལྡན་པའི་ག་ཡིག་གི་རྣམ་པར་བཤད་པའོ། །བས་འཕུལ་ར་མགོ་ལྡན་པའི་ག་ཡིག་གི་འཇུག་པ། བརྒལ་བརྟག་ནི་ཕྱི་ནང་གཉིས་ཆོས་ ཀྱི་མཚན་ཉིད་རྩོད་པའོ། །བརྒལ་ལན་ནི་དེའི་ལན་བཏབ་པའོ། །བརྒྱད་ཅུ་དང་བརྒྱད་ནི་གྲངས་སོ། །ཕྲེང་བ་ནི་གྲངས་འཛིན་ཏེ་ཚིག་གྲོགས། བརྒྱ་ཕྲག་ནི་གྲངས་སོ། །བརྒྱུས་པ་ནི་ཕྲེང་རྡོག་རེ་རེ་ནས་སྲད་བུར་བསྟར་བའོ། །ས་ནི་བྱེད་སྒྲའོ། །བརྒྱན་ནི་འདི་སྐབས་ཕྲེང་བ་བརྒྱན་པ་ལ་བཤད་ཀྱང༌། མཛེས་པར་བྱེདཔའི་རྒྱན་གྱིས་བརྒྱན་ཟིན་པ་སྤྱི་ལ་ཁྱབ་བོ། །ཆུ་བརྒལ་ནི་ཆུའི་ཚུར་རོལ་ནས་ཕ་རོལ་ཏུ་དོན་པའོ། །འོ་བརྒྱལ་ནི་ཞེ་སའི་ཚིག་སྟེ་དོན་ལ་དཀའ་ལས་སོ། །དྲན་མེད་བརྒྱལ་ནི་དངངས་སྐྲག་དང༌། ནད་གདོན་དྲག་པོས་ཉན་ཏེ་དྲན་པས་མི་ཟིན་པར་ཤི་བ་ལྟ་བུའོ། །བརྒྱུད་པ་ནི་སངས་རྒྱས་ནས་རྩ་བའི་བླ་མའི་བར་ཆོས་དང༌། གཅིག་ནས་གཅིག་ཏུ་ལག་བརྒྱུད་སོགས་སོ། །ལམ་བརྒྱགས་ནི་བྱིས་ལམ་ལ་འགྲོ་བའི་ཇ་མར་རྩམ་སོགས་སོ། །སྤྱོ་བ་ནི་མཚང་འབྲུ་སྨ་དབབ་དང༌། འི་ནི་འབྲེལ་སྒྲའོ། །བརྒྱད་{སྤྱོ་བ་དང་བརྒྱད་པ་ནི་བརྡ་རྙིང་སྟེ་འཐབ་པའམ་སྨད་པ། }བཀག་ནི་བཀའ་བཀྱོན་ཚིག་ངན་ནོ། །ལེ་བརྒན་ནི་དར་དམར་པོའོ། །གད་བརྒྱང་ནི་གད་མོ་རྒྱངས་པ་ཧ་ཧ་ཟེར་བ་ལྟ་བུའི་ང་རོ་ཆེར་སྒྲོགས་པའོ། །སྨྲ་བའི་བརྒྱ་ནི་མི་གྲངས་ཀྱི་ཁ་སྐད་ལ་བརྒྱ་འཆམས་སོ་ཟེར་བ་ལྟ་བུ་དང༌། མི་ཆེན་གྱི་ཞལ་བསྐྲུན་ཞེས་པའང་སྣང་ལ། དཀྱུས་ཀྱི་མཆན་དུ། ཞལ་བརྒྱ་པ་ཟད་ཅེས་བཀའ་ཡང་དག་པའི་ཚད་མ་ལས་བཤད་ཅིང༌། དེང་སོང་ཞལ་བརྒྱ་བྱས། ཞལ་བརྒྱས་ཞེས་འཕྲལ་སྐད་ལ་སྣང་ཞེས་ཞ་ལུ་ལོ་ཆེན་གྱིས་གསུངས། བརྒྱུགས་ནི་ནུས་རྩལ་ཅི་ཡོད་ཕྱུངས་ཏེ་མགྱོགས་པར་སོང་ཟིན་པའོ། །ཤིང་ནི་ཕྲད་ཡིན་ནོ། །བརྒྱུངས་པ་ནི་སྒལ་ཀླད་དོ། །ར་ནི་ལ་སྒྲའོ། །བརྒྱུད་མར་ནི་གཅིག་རྗེས་སུ་གཅིག་བར་མ་ཆད་པའོ། །བརྒྱབ་ནི་རྡོ་དབྱུག་པ་ཚོན་སོགས་ཀྱིས་བརྡེག་ཟིན་པའོ། ། དེ་རྣམས་ནི་བས་འཕུལ་ར་མགོ་ལྡན་པའི་ག་ཡིག་གི་རྣམ་པར་བཤད་པའོ། །བས་འཕུལ་ས་མགོ་ལྡན་པའི་ག་ཡིག་གི་འཇུག་པ། བུ་རམ་བསྒར་ནི་རེ་རེ་ཞིང་གོར་གོར་བྱེད་པའོ། །ཞིང་ནི་ཚིག་ཕྲད་དོ། །བསྒྲངས་ནི་གྲངས་འདྲེན་དུ་བཅུག་པ་སྟེ་འདས་ཚིག་གོ ། ནས་ནི་ཚིག་རོགས་སོ། །བསྒོངས་ནི་ལྷན་ཅིག་ལོག་ལོག་བྱས་པ་སྟེ། འདས་པའོ། །ཆོས་བསྒྱུར་ནི་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་བའོ། །མདོག་བསྒྱུར་ནི་སྣམ་བུ་སོགས་ཚོས་ཀྱིས་ཁ་ དོག་བསྒྱུར་བ་ལྟ་བུའོ། །བཀའ་བསྒོ་ནི་བླ་མས་འདྲེ་གདོན་ལ་དང༌། དཔོན་པོས་གཡོག་ལ་བཀའ་སྦྱར་བ་སྟེ། བསྒོས་ནི་འདས་ཚིག་གོ། །ཆུ་བསྒྲལ་ནི་ཆུ་བོའི་ཕ་རོལ་ཏུ་བཏོན་ཟིན་པའོ། ། ཆོས་བསྒྲགས་ནི་ཆོས་བཀླགས་ཟིན་པའོ། །ཏིང་ངེ་འཛིན་བསྒོམས་ནི་སེམས་ཀྱི་ དམིགས་པ་རྩེ་གཅིག་པས་ཏིང་ངེ་འཛིན་ལ་མཉམ་བཞག་གྲུབ་ཟིན་པའོ། །མགོ་བསྒྲེས་{ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས། མགོ་བསྒྲེས་ནི་དཔེར་ན། ཁྱེད་རང་ཚང་ས་སྐྱ་འཁོན་གྱི་གདུང་བརྒྱུད་ཡིན་ན། ངེད་རང་ཚང་སྟག་ལུང་ག་གཟིའི་གདུང་བརྒྱུད་ཡིན་ནོ། ། ཞེས་དང༌། ཁྱོད་ཅག་གིས་བྲག་དམར་དཀྱིལ་དུ་རྟ་རྒྱུག་ན་ངེད་ཅག་གིས་རྒྱ་མཚོའི་དཀྱིལ་དུ་མེ་འབུད་དོ་ཞེས་པ་ལྟ་བུའོ། ། ཞེས་གསུངས་སོ། ། }ནི་བཟང་ངན་མགོ་སྙོམས་པ་དང༌། ཐོག་མའི་རིགས་གཅིག་གིས། དེད་ནས་གཞུང་ཤེས་ནུས་པའོ། །རིགས་བསྒྲེ{རིགས་བསྒྲེས་ནི། སྔ་མའི་རིགས་པས་ཕྱི་མར་བསྒྲེས་པ་སྟེ། དཔེར་ན། འདོན་པའི་འདྲེས་རྐང་སྔོན་དུ་རྒྱས་པར་བྲིས་ནས་རྗེས་མ་རྣམས་སོགས་ཁོང་བྱས་པར་རིགས་བསྒྲེ་བྱེད་དགོས་པ་བཞིན་ནོ། ། དོན་དུ་འདྲ་མཚུངས་རིགས་བསྒྲེ་ཁྱབ་མཉམ་བྱེད་པའོ། །ཞེས་ཟེ་ཆེན་པས་གསུངས་སོ། ། }ནི་ཡི་གེ་སོགས་ལའོ། །རྒྱལ་མཚན་བསྒྲེངས་ནི་གྱེན་དུ་ཕྱར་བའོ། ། མནའ་བསྒགས་མནའ་སྐྱེལ་དུ་བཅུག་ཟིན་པའོ། ། ལམ་བསྒུགས་ནི་ལམ་དུ་གཉེར་བྱའི་དོན་དེ་བསྒུགས་ནས་སྡོད་ཟིན་པའོ། །སེང་གེ་བསྒྱིངས་ལུས་ཀྱི་རྣམ་འགྱུར་རོ། ། བག་ཆགས་བསྒོ་ནི་སྔོན་ནས་གོམས་པའི་ཤུགས་དེ་སླར་ཡང་སད་པ་ལྟ་བུ་སྟེ་མ་འོངས་པའོ། ། བསྒོས་ནི་ཚར་བའོ། །ཕྱོགས་གཅིག་བསྒྲིགས་ནི་དངོས་པོའམ། སྡེ་ཚན་སོ་སོར་མ་འདྲེས་པར་གྲལ་དུ་བསྒྲིགས་པའོ། ། འོད་བསྒྲིབས་ནི་ཉི་ཟླ་དང༌། མེ་འོད་སོགས་དངོས་པོ་གཞན་གྱིས་བར་དུ་བཅད་པ་སྟེ། འདས་པའོ། །བློ་བསྒྲིམས་ནི་སེམས་རྩེ་གཅིག་ཏུ་གཏད་པའོ། ། སྲད་བུ་བསྒྲིམས་ནི་སྐུད་པ་བཀལ་ཟིན་པའོ། ། བསྒྲུབ་པ་ནི་རྫས་སྔགས་ཏིང་ངེ་འཛིན་ལ་བརྟེན་ནས་ལྷ་སོགས་སྒྲུབ་པ་སྟེ། མ་འོངས་པའོ། །སྒྲུབ་བྱ་ནི་ལྷ་སོགས་སྒྲུབ་པར་བྱ་རྒྱུ་གང་ཡིན་པ་དེའོ། །བསྒྲུན་མི་ནུས་{བསྒྲུན་པ་ནི་བརྡ་རྙིང་སྟེ། འགྲན་པ། }པ་ནི་ཡ་འགྲན་མི་ཕོད་པའོ། །བསྒྲིན་མི་ཕོད་ནི་ཁ་རུ་སྲན་མི་ཕོད་པའོ་ཞེས་བཤད་དེ། དོན་ལ་ཚད་མི་ཕོད་པའོ། །དང་ནི་སྡུད་ཚིག་ཡིན་ནོ། །བྱ་བའི་བསྒང་ནི་ལས་ཀ་གང་ཡིན་པ་དེ་བྱེད་པའི་མཐིལ་ལོ། །བསྒྱེལ་ནི་སྔོན་མ་ཡར་ལངས་ནས་ཡོད་པ་དེ་མར་ས་ལ་བསྙལ་བ་ལྟ་བུའོ། །ཞིང་ནི་ཚིག་གི་ཕྲད་དོ། །སྒྲ་བསྒྲགས་ནི་སྐད་བཏོན་པའོ། །རྩིས་ཀྱི་བསྒྱུར་ནི་ཨང་ཀའི་གྲངས་བསྲེས་ཏེ་བསྒྱུར་བས་མང་དུ་སོང་བའོ། །གཞན་གྱིས་མི་བསྒུལ་བ་ནི་གཞན་དབང་དུ་མ་སོང་བས་བརྫི་བར་མི་ནུས་པ་དང༌། གཡོ་བསྒུལ་མི་ཐུབ་པའོ། །ནོར་གྱིས་བསྒང་ནི་ཡོན་བཏབ་པ་སོགས་སོ། ། དེ་རྣམས་ནི་བས་འཕུལ་ས་མགོ་ལྡན་པའི་ག་ཡིག་གི་རྣམ་པར་བཤད་པའོ། ། ང་ཡིག་རྐྱང་པའི་འཇུག་པ། {ངག་སྒྲོན་པར་མ་རྣམས་ལས། ང་ཡིག་རྐྱང་པའི་རྣམ་བཤད་མི་འབྱུང་ཡང༌། འདིར་ང་རྐྱང་གི་རྣམ་གཞག་ཕྱོགས་ཙམ་བཀོད་པ་ཡིན་ཞིང༌། གཞུང་གི་དཀྱུས་སུ་ནི། བས་འཕུལ་ས་མགོ་ལྡན་པའི་གའོ། །ཞེས་པའི་འཕྲོར་སྙན་དངགས་ཟིལ་དངར་ཚལ་དུ་དངར། །ཞེས་སྒྲེལ་འདུག་གོ། །}ངུར་པ་ནི་བྱ་ངང་སེར་རོ། །ངང་པ་ནི་བྱ་ངང་དཀར་རོ། །ངུར་སྨྲིག་{ངུར་སྨྲིག་ནི་བརྡ་རྙིང་སྟེ། གོས་དམར་སེར་ལ་གྲགས་ཀྱང་ཚོས་སྙིགས་མས་བཙོས་པའི་དོན་ཡིན་ནོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱིས་བརྡ་གསར་རྙིང་གི་རྣམ་གཞག་ལས་བཤད་ལ། དེར་མ་ཟད་གསེར་གྱི་ལྡེའུ་མིག་ལས་ཀྱང་བཤད། }ནི་ཁ་དོག་དམར་སེར་རོ། །ངོགས་ནི་ཆུ་ངོགས་སོགས་སོ། །ངོམ་པ་ནི་དབང་པོ་ཚིམ་པ་དང༌། ལྟོ་བ་འགྲངས་པའོ། ། ང་རོ་ནི་སྐད་དྲག་པོར་འདོན་པའོ། །ངུ་འབོད་ནི་འཇིགས་སྐྲག་དང་སྡུག་བསྔལ་མི་བཟོད་པ་འབྱུང་བའི་ཚེ་ངུ་ཞིང་སྐད་འདོན་པའོ། ། ངུར་ནི་འབྲི་འཛོ་སོགས་ཀྱི་སྐད་ལའོ། །ངེད་རང་དང་ང་ཅག་ནི་ང་རང་ངོ༌། །ངེར་ནི་གཅན་གཟན་སོགས་ཀྱིས་ངར་སྒྲ་འབྱིན་པའོ། །ཞིང་ནི་ཚིག་ཕྲད་དོ། །ངག་ནི་སྐད་དོ། །ངོ་བོ་ནི་དངོས་པོ་དེ་དང་དེའི་རང་བཞིན་ནོ། །ངོས་བཟུང་ནི་ངོ་ཤེས་པའོ། །ངེས་པར་ནི་ཐེ་ཚོམ་མེད་པའོ། །ངན་ནི་ཐ་ཆད་དོ། །དྲི་ངད་ནི་སྣར་ཚོར་རྒྱུ་དེའོ། །ངར་ནི་ཤུགས་ཆེ་བའམ། མི་སོགས་ཞེ་སྡང་ཆེ་བ་ལའང་མི་ངར་མ་ཞེས་དང༌། ཡང༌། མེ་ཏོག་གི་ཡུ་བ་ལའང་འཇུག་གོ། །དང་ནི་སྡུད་ཚིག་གོ། །ངལ་བ་ནི་ལུས་ཐང་ཆད་པའོ། །སོགས་ནི་དེ་ལྟར་གཞན་ང་རྐྱང་གི་འཇུག་པ་རྣམས་བློས་དཔྱད་དེ་ཤེས་དགོས་པའི་དོན་ཏོ། ། དེ་རྣམས་ནི་ང་ཡིག་རྐྱང་པའི་རྣམ་བཤད་དོ། །དས་འཕུལ་ང་ཡིག་གི་འཇུག་པ། སྙན་དངགས{དངགས་ནི་བརྡ་རྙིང་སྟེ་ངག}ནི་ཚིག་རྒྱན་དཔེ་དོན་སྦྱར་བ་མཁས་པའི་ཁྱད་ཆོས་སོ། །ཟིལ་དངར་{ཟིལ་དངར་བརྡ་རྙིང་སྟེ། བདུད་རྩི། } ནི་ལྷའི་བདུད་རྩི་དང༌། སྦྲང་རྩིའི་རོ་ལྟ་བུ་སྟེ་ཞིམ་པའོ། །ཚལ་དུ་དངར{དངར་ནི་བརྡ་རྙིང་སྟེ། གྲལ་ལམ་ཕྲེང་བ། }ནི་རིམ་བཞིན་གྲལ་དུ་ལེགས་པར་བསྒྲིགས་པའོ། །གསེར་དངུལ་ནི་རིན་ཆེན་དང་པོ་དང་གཉིས་པའོ། །དངོམ་ཆེན་ནི་ཅ་ཀ་སོགས་རིན་ཐང་དང་རྒྱ་ཆེ་བ་དང་མང་བ་ལ་འཇུག ། དངོས་ནི་ངོ་མ་དང༌། གཟུགས་ཅན་ནོ། །དངོས་མེད་ནི་གཟུགས་མེད་པའོ། །དངོས་གྲུབ་ནི་མཆོག་དང་ཐུན་མོང་ངོ༌། །དངོས་གཞི་ནི་ལས་ཀྱི་གཞུང་ངོ་མའོ། །དངོས་བཤམས་ནི་བཏགས་པ་བ་དང་བསམ་པ་མ་ཡིན་པར་དངོས་སུ་བཤམས་པའོ། །དངོས་ནི་མཚན་མ་མཐོང་དུ་ཡོད་པའོ། །དངངས་སྐྲག་ནི་འཇིགས་པའི་མིང་སྟེ། སྔངས་ཞེས་ཀྱང་འཐད། དངན་འཐེན་{དངན་འཐེན་ནི་བརྡ་རྙིང་སྟེ། གཞན་གྱི་ནོར་ཁྱེར་བ་ཕྱིར་མི་སྤྲོད་པ། }ནི་གཞན་གྱི་ནོར་རྫས་ཁྱེར་བ་དེ་ཕྱིར་མི་སྤྲོད་པའོ། །འབབ་ཆུའི་དང་པོ་ནི་ཆུ་ངོགས་སམ། ཆུ་འགྲམ་མོ། །གྲི་ཡི་དངོ་{ངག་སྒྲོན་སྡེ་དགེའི་པར་མར་དང༌། དག་ཡིག་མིག་དབང་རབ་གསལ་སོགས་སུ་གྲི་ཡི་དངོ་ཞེས་འདུག་གོ། །ཆུའི་དངོ་དང༌། གྲིའི་དངོ་ནི་བརྡ་རྙིང་སྟེ། རིམ་བཞིན་ཆུ་ངོགས་དང༌། གྲིའི་སོའོ། ། }ནི་གྲི་སོའི་ངོས་སམ་ཡུ་བ་རྭ་ཅོའི་ནང་དུ་བཅུག་པ་དེ་ལ་ཟེར་སྲོལ་འདུག ། སོགས་ནི་གཞན་ཡང་རིགས་པས་དཔྱད་དེ་ཤེས་ པར་བྱ་དགོས་ཞེས་པའོ། ། དེ་རྣམས་ནི་དས་འཕུལ་ང་ཡིག་གི་རྣམ་པར་བཤད་པའོ། །མས་འཕུལ་ང་ཡིག་གི་འཇུག་པ། མངའ་རིས་ནི་རྒྱལ་པོ་དེ་ལ་ཡོད་པའི་ཆབ་འབངས་ཀྱི་རིགས་སུ་གཏོགས་པ་ཡུལ་དང་བཅས་པ་དང༌། སྟོད་མངའ་རིས་སོགས་ཡུལ་གྱི་སྐད་ཀྱང་ངོ༌། །མངའ་ཞབས་ནི་རྒྱལ་པོ་དེ་ལ་ཡོད་ཅིང་དབང་དུ་བསྒྱུར་ཚད་ཀྱི་འོག་སྡེ་རྣམས་སོ། །མངའ་ཐང་ནི་སྟོབས་འབྱོར་ལ་སོགས་པའོ། །མངའ་ནི་ཡོད་པའོ། །མངའ་མཛད་ནི་རང་དབང་དུ་ཡོད་པའོ། །མངའ་བདག་ནི་མངའ་རིས་དེའི་བདག་པོའོ། ། མངག་གཞུག་{མངག་གཞུག་ནི་བརྡ་རྙིང་སྟེ། གཡོག་པོ། } ནི་བྲན་དང་ཕོ་ཉ་སྟེ། དེའང་ མངག་ནི་ཕར་གཏོང་བ་དང༌། གཞུག་ནི་ ཚུར་འགུགས་པའོ། །མངགས་བཏང་ཟིན་པའོ། །མངོན་སུམ་ནི་ལྐོག་གྱུར་མ་ཡིན་པར་མངོན་དུ་མཐོང་ཐོས་དྲན་པས་ཟིན་པའོ། །མངོན་གྱུར་ནི་མ་འོངས་པ་ན་འབྱུང་ངམ་མི་འབྱུང༌། བདེན་ནམ་མི་བདེན་སྙམ་པ་ལྟ་བུ་ཐེ་ཚོམ་གྱི་གནས་མ་ཡིན་པར། ཡིད་ཆེས་པའི་མཐོང་ཐོས་དངོས་སུ་བྱུང་བས་ཚད་མར་རུང་བའོ། །མངོན་མཚན་ནི་གཞན་ལ་མངོན་པའི་བྱ་བའོ། ། མངལ་ནི་བུད་མེད་ཀྱི་ལྟོ་བར་བུ་འཛིན་པ་དེའོ། ། མངོན་སྤྱོད་ནི་དྲག་ལས་སོ། །མངའ་བརྙེས་ནི་རང་དབང་ཐོབ་པའོ། །མངན་མི་བགྲང་ནི་ངན་བྱེད་དགོས་ཀྱང་མི་བྱེད་{མངན་བགྲང་ཞེས་པའང་སྐྱོན་ནས་བགྲང་བའོ། ། ཞེས་ཟེ་ཆེན་པས་གསུངས་སོ། ། }པའོ། །ཆོས་ནི་གསུང་རབ་ལ། མངོན་པ་ནི་སྡེ་སྣོད་གསུམ་ལས་མངོན་པའོ། །མངོན་ཤེས་ནི་ལྐོག་གྱུར་བྱ་བ་དང་བསམ་པ་ཐམས་ཅད་དངོས་སུ་ཤེས་པའོ། །མངར་བའི་རོ་བུ་རམ་དང༌། ཀ་རའི་རིགས་ལྟ་བུ་ལ། དངར་ཞེས་ཀྱང་འཐད་དོ། །ཐུགས་ལ་མངའ་ནི་ཞེ་སའི་ཚིག་སྟེ། དོན་ནི་སེམས་ལ་ཡོད་པའམ། སེམས་ལ་དོན་དེ་ཤེས་པ་ལ་འཇུག་གོ། །སོགས་ནི་དེ་ལྟར་གཞན་ཡང་མང་པོ་ཡོད་པ་རིགས་པས་དཔྱད་དེ་ཤེས་པར་བྱ་དགོས་ཞེས་པའི་དོན་ཏོ། ། དེ་རྣམས་ནི་མས་འཕུལ་ང་ཡིག་གི་འཇུག་པའོ། ། ར་མགོ་ལྡན་པའི་ང་ཡིག་གི་འཇུག་པ། རྔོན་པ་ནི་རི་དྭགས་གསོད་པའི་ཁྱི་ར་བའོ། །འི་ནི་འབྲེལ་སྒྲའོ། །རྔ་ཡབ་ནི་འབུ་སྦྲང་སྐྲོག་བྱེད་ཀྱི་རྔ་མའོ། །རྔ་ནི་ལྕག་གིས་བསྐུལ་ན་སྐད་ལྡིར་ལྡིར་ཟེར་བ་དེའོ། །རྔེའུ་ཆུང་ནི་རྔ་ཆུང་ངུ་དང༌། ཌ་མ་རུའོ། །རྔམ་པ་ནི་གཞན་གྱི་བཟའ་བཏུང་ལོངས་སྤྱོད་གང་ཡང་རུང་བ་ལ་ཧམ་པས་བདག་གིར་བྱེད་པའོ། །འི་ནི་འབྲེལ་སྒྲའོ། །བཀྲེས་རྔབ་ནི་ལྟོགས་རྔམ་མོ། །རྔ་མོ་དུད་འགྲོ་དང༌། རྔེའུ་ནི་དེའི་ཕྲུ་གུའོ། །རྔམ་བརྗིད་ནི་གཟི་བྱིན་ཅན་ནོ། །རྔམ་འཇིགས་ནི་དྲག་པོའི་རྣམ་པ་སྟོན་པ་སྟེ། ཕ་རོལ་ཚམ་རྔམས་བྱེད་པའོ། །རྔོ་བག་ཅན་ནི་ཟ་འཕྲུག་གི་ནད་ཡོད་པའོ། །དབུགས་རྔུབ་{རྔུབ་ནི་བརྡ་རྙིང་སྟེ། ནང་དུ་འཇིབ་པའི་དོན། }ནི་སྣ་ནས་ཚུར་ནང་དུའོ། །ཟུག་རྔུ་ནི་ལུས་ལ་ན་ཚའི་གཟེར་ཟུག་པ་དང༌། སེམས་ལ་སྡུག་བསྔལ་ལ་སོགས་པའོ། །ས་ནི་བྱེད་སྒྲའོ། །རྔོད་མཁན་ནི་ནས་སོགས་རྔོད་མཁན་ནོ། །རྔུལ་ནི་དེའི་ལུས་ལ་ཚད་པས་ཆུ་བྱུང་བ་དང༌། གཞན་ཡང་རྟ་རྔུལ་བ་ལ་སོགས་པའོ། །རྔོས་ཁྱེར་ནི་ལྕགས་སོགས་བཙས་ཁྱེར་བའོ། །དྲེའུ་རྔོག་{དྲེའུ་རྔོག་ནི་བརྡ་རྙིང༌། }ནི་གདན་གྲུམ་རྩེའོ། །གླ་རྔན་ནི་ལས་དང་བྱ་བ་གང་འགྲུབ་པ་དེ་ལ་ ལྟོས་པའི་གཏང་རག་བྱ་དགའོ། །དང་ནི་སྡུད་སྒྲའོ། །རྔ་རྔོག་ནི་རྟ་དྲེལ་གྱི་རྔ་མ་དང་རྔོག་མའོ། །མཐུག་རྔམ་ནི་མཐུག་ནི་མི་སྲབ་པ་དང༌། རྔམ་ནི་དཔངས་ཀྱི་དོན་ཡིན་པས། དཔེར་ན་ཆུའི་རྔམས་སུ། ཞིང་དུ་ཞེས་པས་ཤེས་སོ། །རྔོ་མི་ཐོགས་ནི་བྱ་བ་གང་ཡིན་བྱེད་མི་ནུས་པའམ། མི་ཤེས་ཏེ་ཕན་མི་ཐོགས་ཞེས་པ་ལྟ་བུའོ། །རྔན་ཆེན་{རྔན་པ་ནི་གླ་སྟེ། ཆེན་ནི་ཆེན་པོའོ། ། དེས་ན་གླ་རྔན་ཆེན་པོའོ། ། ཞེས་གསུངས་ཀྱང་དཔྱད་དགོས་སོ། ། ཟེ་ཆེན་པས། }ནི་སྙད་འཚོལ་ལམ། སྡུག་བསྔལ་རྔན་ཆེན་མ་འདོན་ཟེར་བ་ལྟ་བུའོ། །རྩྭ་རྔ་ནི་ཟོར་བས་སོ། །རྔུ་མ་{རྔུ་མ་ནི་བརྡ་རྙིང་སྟེ། དྲི་མ། }ནི་མིག་གི་དྲི་མའམ། མིག་སྐྱག་གོ། །དང་ནི་འབྱེད་སྡུད་ཀྱི་སྒྲའོ། །རུས་ཀྱི་རྔོག་ནི་རྔོག་ལེགས་པའི་ཤེས་རབ་དང༌། རྔོག་བློ་ལྡན་ཤེས་རབ་སོགས་སོ། །སོགས་ནི་གཞན་ཡང་ར་བཏགས་ང་ཡིག་གི་འཇུག་པ་ཡོད་རིགས་བློས་དཔྱད་དེ་ཤེས་དགོས་པའིདོན་ཏོ། ། དེ་རྣམས་ནི་ར་མགོ་ལྡན་པའི་ང་ཡིག་གི་རྣམ་པར་བཤད་པའོ། ། ས་མགོ་ལྡན་པའི་ང་ཡིག་གི་འཇུག་པ། ཞལ་སྔ་དང་སྤྱན་སྔ་ནི་སྐུ་མདུན་ཞེས་ པ་ལྟ་བུའི་ཞེ་སའི་ཚིག་སྟེ། དོན་ནི་ཡུལ་དེའི་ སྔ་སོ་ཡིན་ལ། དེའང་ཞལ་གྱིས་ཐེབས་པ་དང༌། སྤྱན་གྱིས་གཟིགས་པར་རོ། །སྔ་སོར་དང་སྔོན་ནི་སྔ་མོ་དང༌། སྔོན་ཚེ་སྟེ། དུས་འདས་པ་དང༌། ཡུལ་དེའི་རྒྱབ་མིན་པར་མདུན་ཕྱོགས་ལའང་ཁྱབ་བོ། །གསང་སྔགས་ནི་བསྒྲུབ་བྱ་རྡོ་རྗེ་ཐེག་པ་དང༌། སྔགས་པ་ནི་དེ་ཉམས་སུ་ལེན་པའམ། དེ་འཆང་བྱེད་རྣལ་འབྱོར་པའོ། །མདོག་སྔོན་ནི་ཁ་དོག་གོ། །སྔོ་ནི་རྩ་ལྡུམ་མོ། །སྔ་དྲོ་ནི་ཉིན་གྱི་སྟོད་ཆའོ། །སྔས་ནི་ཉལ་བའི་མགོ་གདན་ནོ། །ལ་ནི་གནས་གཞིའོ། །སྔུར་པ་ཆེ་ནི་གཉིད་པའི་སྐབས་སུ་དབུགས་འབྱུང་འཇུག་གི་སྒྲ་ཆེན་པོ་གྲགས་པ་དེའོ། །སྔ་དུས་ནི་དུས་སྔོན་མ་སྟེ་གནའ་བོའི་དུས་སོ། །སྐྱོ་སྔོགས་{སྐྱོ་སྔོགས་ནི་བརྡ་རྙིང་སྟེ། འཁྲུག་པ། }ནི་དམག་འཁྲུགས་ཟིང་ལང་ངོ༌། །མོན་སྲན་སྔེའུ་ནི་སྲན་ཆུང་ངོ༌། །སྔ་ཕྱི་ནི་གོ་རིམ་སྔ་མ་དང་ཕྱི་མའོ། །སྔུན་ནི་སྔ་མའི་སྔོན་དུའམ་མདུན་གྱི་སྔུན་ནོ། །དུ་ནི་ལ་དང་ཆོས་མཚུངས་པ་སྟེ་གནས་གཞིའོ། །སྔོ་བ་{འདི་ལ་བ་འཕུལ་མེད་པ་ནི། ད་ལྟ་བ་ཡིན་པའི་ཕྱིར་ཏེ། བསྔོ་བ་བྱས་ལྟ་བུ་འདས་པ་དང༌། སྔོ་བ་བྱེད་ལྟ་བུ་ད་ལྟ་བ་དང༌། བསྔོ་བ་བྱ་ལྟ་བུ་མ་འོངས་པ་ཡིན་པའི་ཕྱིར། ཚིག་གྲོགས་ལ། བྱས། བྱེད། བྱ། རྣམས་གང་ལ་སྦྱར་ཡོད་ཀྱང༌། འདས་པ་དང༌། ད་ལྟ་བ་དང༌། མ་འོངས་པ་ཡིན་ནོ། ། དེའི་ཕྱིར་འདས་འོངས་གཉིས་ལ་སྔོན་འཇུག་ཐོབ་ལ། ད་ལྟ་བ་ལ་སྔོན་འཇུག་མེད་པར་ཤེས་པར་བྱའོ། ། }ནི་གསོན་གཤིན་གང་རུང་གི་ཆེད་དུ་དགེ་རྩ་བྱས་པ་དེ་བླ་མས་བར་མ་དོར་ཆུད་མི་ཟ་བར་རྣམ་མཁྱེན་རྫོགས་བྱང་དུ་སྔོ་བར་བྱེད་པའོ། །མཚང་ནས་སྔོགས་ནི་མཚང་ནས་འབྲུ་བ་དང༌། ཉམས་ཚོད་ལེན་ཕྱིར་གཏམ་འདྲི་བའང་ཡིན་པར་བཤད་པའོ། །སོགས་ནི་གཞན་ཡང་རིགས་པས་སྤྲོས་ཏེ་ཤེས་ པར་བྱ་རིག་པའི་དོན་ནོ། །དེ་རྣམས་ནི་ས་མགོ་ལྡན་པའི་ང་ཡིག་གི་རྣམ་པར་བཤད་པའོ། །བས་འཕུལ་ར་བཏགས་ཅན་གྱི་ང་ཡིག་གི་འཇུག་པ། བརྔན་ནི་གཞི་བདག་སོགས་ལ་བསང་གིས་བརྔན་པ་བྱས་པ་ལྟ་བུའོ། །ཡང་ནི་སྡུད་ཚིག་གོ། །བརྔམས་ནི་ངོ་མཚར་བའི་གཟུགས་སྒྲ་མཐོང་ཐོས་བྱུང་ཧ་ལས་ལས་བྱེད་པ། དོན་དུ་བརྔབ་ལངས་ཟེར་བ་དེ་ཡིན་འདུག་གོ། །ནས་བཙས་མ་བརྔས་ནི་ནས་སོགས་བརྔས་པའོ། །བུད་མེད་བརྔོད་དང་ནི་ནོར་རྫས་ཀྱིས་བསླུ་བྲིད་བྱེད་པའོ། །རྔོན་པས་བརྔོན་ནི་རི་དྭགས་བསད་པ་ལྟ་བུའོ། ། ཆང་བརྔུབས་ནི་ཧུབ་བྱས་པའོ། ། དེ་རྣམས་ནི་བས་འཕུལ་ར་བཏགས་ཅན་གྱི་ང་ཡིག་གི་རྣམ་པར་བཤད་པའོ། །བས་འཕུལ་ས་མགོ་ལྡན་པའི་ང་ཡིག་གི་འཇུག་པ། སྡུག་བསྔལ་ནི་མི་བདེ་བས་ཉེན་པའོ། ། བསྟོད་བསྔགས་ནི་ཆེ་བའི་ཡོན་ཏན་བརྗོད་པའོ། ། བསྔོ་བས་བསྔོས་ནི་འཁོར་གསུམ་དམིགས་མེད་ཀྱི་བསྔོ་བས་དགེ་རྩ་རྫོགས་བྱང་དུ་བསྔོས་པའོ། །རྣམ་པར་བསྔོས་ནི་སོགས་དབྱར་རུལ་ནས་སྔོན་པོར་སོང་བའོ། །དང་ནི་སྡུད་ཚིག་གོ། །བསྔོག་པ་ནི་གཞན་གྱི་མཚང་ནས་བཏོན་པའོ། ། སོགས་ནི་གཞན་ཡང་ཅི་རིགས་པར་སྤྲོས་ཏེ་ཤེས་པར་བྱ་དགོས་ཞེས་པའི་དོན་ཏོ། ། དེ་ རྣམས་ནི་བས་འཕུལ་ས་མགོ་ལྡན་ པའི་ང་ཡིག་གི་རྣམ་པར་བཤད་པའོ། ། ཅ་རྐྱང་གི་འཇུག་པ། ཅི་སླད་དང་ཅི་ཕྱིར་ནི་ཅིའི་དོན། ཅི་ལ་དོགས་ལྟ་བུ་སྤྱི་སྒྲ། ལྡན་པའི་ཅན་ནི་མིག་ཅན། རྒྱན་ཅན། ཡན་ལག་ཅན། ཆ་ཤས་ཅན་སོགས་སོ། ། བདག་ཅག་ནི་རང་ཅག་སྟེ། ཁྱེད་ཅག་ཀྱང་ངོ༌། ། སྤྱི་གཅེར་{སྤྱི་ཅེར་ནི་བརྡ་རྙིང་སྟེ། ཀླད་རྒག} ནི་སྤྱི་ཐེར་ཅན་ནམ་སྤྱི་གཙུག་སྐྲ་མེད་པའོ། །སུམ་ཅུ་དང་དྲུག་ཅུ་བདུན་ཅུ་བརྒྱད་ཅུ་རྣམས་ནི་གྲངས་སོ། །ལྷན་ཅིག་དང༌། ཐབས་ཅིག་ནི་མཉམ་དུ་དང་ཕྱོགས་གཅིག་ཏུ་གནས་པ། སྐད་ཅིག་ཙམ་ནི་དུས་ཚོད་ཐུང་ངུའོ། །ཁྱེད་ཅག་ནི་ཁྱེད་རང་ངོ༌། །སེམས་ཅན་ནི་རྣམ་ཤེས་ལྡན་པའོ། །ཡོད་དོ་ཅོག་{ཡོད་དོ་ཅོག་དང་འགྱུར་རོ་ཅོག་ལྟ་བུའི་ཅོག་ནི་མཐའ་དག་གི་དོན་ཏེ་བརྡ་རྙིང་ངོ༌། །} ནི་ཡོད་ཚད་ཐམས་ཅད་དོ། །ཅན་ཅེར་ཕོར་བ་སྟེ། གྲོང་ཚིག་ཅན་ནེ་ཟེར་རོ། ། ཅབ་ཅོབ་ནི་ཁས་ཟ་བའི་ཅབ་སྒྲ་དང་ཅོབ་སྒྲར་བཤད་ཅིང༌། ཁ་ཅིག་གཙང་སྐད་དུ་དུད་འགྲོར་སྟེར་རྒྱུའི་བཏུང་བ་གང་ཡིན་ལ་ཅབ་ཟེར་བས་དེ་ འདྲ་ཨེ་ཡིན་སྨྲ་མཁན་ཡང་གདའོ། །ཆང་ཅང་རེ་ནི་སྐྱུར་པོར་བཤད་ཀྱང༌། ཆང་གིས་ཅུང་ཟད་བཟི་བའི་དོན་ཡིན་པར་འདྲའོ། ། ཧ་ཅང་ནི་ཤིན་ཏུའོ། །ཅས་ཅུས་ནི་ཅ་སེ་ཅུ་སེ་སྟེ། མི་དང་མི་འཐད་པའི་བྱ་བརྩིངས་པའོ། །བབ་ཅོལ་ནི་མ་བརྟག་པར་ཁས་བྱུང་རྒྱལ་དུ་སྨྲ་བའོ། །མང་ནི་ཚིག་གྲོགས་ཏེ། སྔ་མ་དང་སྦྲེལ་ན་བབ་ཅོལ་མང་པོ་སྨྲ་ཞེས་པའོ། །ཅི་སྟེ་ནི་ཅིའི་དོན་ལྟ་བུ་སྟེ། ལྷག་བཅས་ཀྱི་སྒྲའང་ངོ༌། །ཅུང་ཟད་ནི་ཉུང་ངུའོ། །ཕྱིན་ཅི་ལོག་བཟང་ངན་གོ་ལྡོག་པ་ལྟ་བུའོ། །ཅང་ཤེས་ནི་མྱུར་འགྲོའི་རྟ་ཅང་ཤེས་ཏེ། ཉན་ཐོས་རྣམས་ཀྱི་ཡོན་ཏན་མྱུར་བ་ལ་རྟ་ཅང་ཤེས་ལྟ་བུའི་དཔེར་མཛད་པ་སོགས་སོ། །ཅིག་ཤོས་ནི་གཉིས་ཡོད་པ་ལས་ཡ་གཅིག་པའོ། ། ཅི་ནས་ཀྱང་དོན་ངེས་པའི་ཚིག་གམ། གལ་ཆེ་བའི་ཚིག་གོ། །ཅོ་ཏོ་ནི་སྐྲའོ། ། འི་ནི་འབྲེལ་སྒྲ་ལ། ཐོར་ཅོག་ནི་སྐྲ་བཅིངས་པའོ། །ཅོད་པན་ནི་དབུ་རྒྱན་དང༌། དར་དཔྱངས་ཀྱང་ངོ༌། ། དང་སྡུད་ཚིག་གོ། །རྒྱ་ཅང་{རྒྱ་ཅང་ནི་བརྡ་རྙིང་སྟེ་སྐེ་རགས། }ནི་སྐེ་རགས་སྦུ་གུ་ཅན་ནོ། །བེ་ཅོན་ནི་དབྱུག་ཏོའོ། །ལྟ་ཅི་སྨོས་ནི་བཤད་མ་དགོས་སོ། །ཅ་ཅོ་ནི་ཚིག་མི་གསལ་བའི་སྒྲ་མང་བའོ། །འི་ནི་འབྲེལ་སྒྲའོ། །ཅལ་ཅོལ་ནི་གཏམ་སོགས་ཆལ་ཆོལ་དང་མུ་ཅོར་{མུ་ཅོར་ནི་བརྡ་རྙིང་སྟེ་ཁ་ཟེར་བ། }ཡང་དོན་མེད་པའི་ལོང་གཏམ་སྨྲ་བའོ། །དང་ནི་སྒྲའོ། །ཅོ་འདྲི་{ཅོ་འདྲི་ནི་བརྡ་རྙིང་སྟེ། ཐོ་འཚམས། }ནི་ཐོ་འཚམས་སོ། །ཅིག་ཆར་རིམ་གྱིས་མ་ཡིན་པར་དུས་གཅིག་ཏུའམ། ལྷན་ཅིག་ལྟ་བུའོ། །ཅམ་གྱིས་འཇོག་ནི་བྱ་བ་མི་བྱེད་པ་དང༌། ཡང་ན་བྱེད་པའི་འཕྲོ་དེ་བོར་བའོ། །ཅོག་པུ་ནི་སྒོམ་ཆེན་སོགས་སྡོད་གུར་རང་ཤོང་བ་དེའོ། །ར་ནི་གནས་གཞིའོ། །ཅ་རེ་{མིག་གིས་ཅ་རེ་བལྟ་བའི་དོན་ནོ། ། ཞེས་ཟེ་ཆེན་པས་གསུངས། }ནི་ལྟ་སྣང་ངོ༌། །མིག་ཅེ་རེ་མིག་གིས་ཇི་རེ་བལྟ་བའོ། །ལན་ཅིག་ནི་ཡང་བསྐྱར་མེད་པའོ། ། ཅིས་ཀྱང་ནི་ནན་ཏན་གྱི་དོན་ནོ། །ཅིར་མི་རྟོག་ནི་ཅི་ཡང་མི་བསམ་པའོ། །ཁ་ཅིག་ནི་ཚོ་རེའམ། འགའ་རེའམ། འགའ་ཞིག་ལྟ་བུའོ། །ཅང་མི་ཤེས་ནི་ཅི་ཡང་མི་རིག་པའོ། །ཀྱང་ནི་སྡུད་ཚིག་གོ། །ཅོང་ནི་རོལ་མོའོ། །ཅང་ནི་གྲོང་ཚིག་བཤང་སྟེ། རྔ་བཤང་སྒྲ་སྐད་འུ་རུ་རུ། །ཟེར་བ་བཞིན་བཤད་དོ། །དང་སྡུད་ཚིག་གོ། །ཅང་ཏེའུ་ནི་ཌ་མ་རུའོ། །ཅི་ཡང་བརྡུང་ནི་བརྡུང་རྒྱུ་ཅི་ཡོད་ནའང་བརྡུང་ཟེར་བའོ། །ཅུ་གང་སྨན་ནོ། །ཅུང་ཞི་{བརྡ་རྙིང་ལ་ཅུང་ཞུ་ཟེར་རོ། ། }ནི་སྨན་ཏེ་གཅོང་ཞེས་པ་རང་བཟོ་ཡིན་ལ། བརྡ་རྙིང་དུ་ཅོང་ཞུ་ཟེར་རོ། །ཅུར་ནིས་{ཅུར་ནིས་ཞེས་པ་འདི་ཞང་ཞང་གི་སྐད་དེ། སྨན་ཡིག་རྣམས་སུ་འབྱུང་བས། དོན་དུ་སྨན་ཞིབ་མོར་བཏགས་པའི་བྱེ་མའོ}ནི་སྨན་ཏེ། སྨན་དཔྱད་ལས་ཕྱེ་མའི་མིང་དུ་བཤད་དོ། ། ཟ་ནི་ཚིག་གྲོགས་ཡིན་ནོ། །ཅེ་སྤྱང་ནི་གཅན་གཟན་གྱི་བྱེ་བྲག་གོ། །བྲག་ཅ་ནི་བྲག་གསེང་མཐོན་པོའི་རྩ་རུ་རང་གིས་སྐད་ཆེན་པོས་བརྗོད་པ་ན། བྲག་དེ་ལས་ཁ་སྟངས་ཀྱི་ཚུལ་དུ་སྒྲ་དེ་ལྷང་གིས་གྲགས་པའོ། ། ས་ནི་བྱེད་ཚིག་གོ། །ཅི་ཞིག་བྱ་ནི་ཕན་མི་ཐོགས་པས་སྐྱུར་ཟེར་བའམ། ཅི་འདྲ་ཞིག་བྱ་དགོས་ཞེས་དྲི་བ་ལྟ་བུའོ། །ཅོག་རྩེར་ནི་མདུན་སྟེགས་སོ། །ཐོ་ཅོ་ནི་མདོ་མེད་པའི་བྱ་བྱེད་མང་བའོ། །ས་བྱེད་སྒྲའོ། །ཅུང་སེང་ནི་སྨན་ནོ། །ཟ་ནི་ཚིགས་གྲོགས་སོ། །ཅི་ག་ནི་ཅི་ལྟར་རམ། ཅི་ཡང་ངོ༌། ། ལ་སོགས་ནི་འདིར་གཙོ་བོ་རགས་པ་རྣམས་སྨོས་པ་ཡིན་ལ། དེ་ལྟར་གཞན་ཡང་རིགས་ པས་དཔྱད་དེ་ཤེས་པར་བྱ་དགོས་ཞེས་པའི་དོན་ནོ། །དེ་རྣམས་ནི་ཅ་རྐྱང་གི་འཇུག་པ་ཡིན་པར་གསུང་ངོ༌། །གས་འཕུལ་ཅ་ཡིག་གི་འཇུག་པ། གྲོས་གཅོམ་ནི་གྲོས་བྱེད་པའི་དོན་དེ་ལ་ཁ་འཆམ་པའོ། །གཅོང་ནད་ནི་རྒྱུན་རིང་ན་བའོ། །གཅད་བྱ་ནི་ཤིང་སོགས་སོ། །གཅོད་ནི་མི་དང་ལག་ཆས་སོ། །འཁོན་བཅུགས་ནི་ཡིད་འགྲས་གསོག་པའོ། །ཡིད་གཅུགས་ནི་ཡིད་ལ་ཡོད་པའི་མཛའ་བའོ། །གཅེན་{གཅེན་གྱི་སྐད་དོད་ལ། ལེགས་སྦྱར་དུ། ཨ་གྲ་ཛ་ཞེས་བོད་སྐད་དུ་སྔོན་སྐྱེས་སོ། ། }ནི་སྔོན་སྐྱེས་ཏེ་བུ་ཆེ་བའོ། །དང་ནི་སྡུད་ཚིག་གོ། །གཅུང་{གཅུང་གི་སྐད་དོད་ལ། ལེགས་སྦྱར་དུ། ཨ་ནུ་ཛ་ཞེས་བོད་སྐད་དུ་རྗེས་སྐྱེས་སོ། ། }ནི་རྗེས་སྐྱེས་ཏེ་བུ་ཆུང་བའོ། །གཅུད་བོར་ནི་གནད་དུ་བསྣུན་པའོ། །ལག་བཅུས་ནི་ལག་པ་བསྒྲིམ་པ་དང༌། ལག་པས་བསྒྲིམ་པ་གཉིས་ཀའོ། །གཅུར་ནི་ནང་དུ་བཅིར་བའོ། །ཞིང་ནི་ཚིག་ཕྲད་དོ། །གཅུན་ནི་སྒྲིག་ལམ་དུ་བཙུད་པ་ལྟ་བུ་དང༌། མ་དུལ་བ་རྣམས་བཏུལ་བ་ལྟ་བུའོ། །རྣམ་གཅོད་ནི་དགག་པའི་མིང་ངོ༌། །ཡོངས་གཅོད་ནི་སྒྲུབ་པའི་མིང་ངོ༌། །{རྣམ་གཅོད་ནི་མེད་དགག་དང༌། ཡོངས་གཅོད་ནི་མ་ཡིན་དགག་ཡིན་ཏེ། རྣམ་དཔྱོད་དང་ཡོངས་སྤྱོད་ཡང་འབྱུང༌། དབུ་མའི་སྐབས་མེད་དགག་(རྣམ་གཅོད་)རང་སྟོང༌། མ་ཡིན་དགག་གཞན་(ཡོངས་གཅོད་)སྟོང་ངོ༌། ། མེད་དགག་དང༌། མ་ཡིན་དགག་གི་ཁྱད་པར་ནི། ཀ་ལཱ་པའི་འགྲེལ་བ་སློབ་ཕན་ལས་མ་ཡིན་དགག་དང༌། མེད་དགག་ལ་ཁྱད་པར་ཅི་ཡོད་ཅེ་ན། ཚིག་སྡུད་གང་དུ་བསྒྲུབ་པ་གཙོ་བོ་ཡིན་ཞིང༌། དགག་་པ་གཙོ་བོར་མ་ཡིན་ལ། དགག་སྒྲ་ཚིག་ཕྱི་མ་དང་འབྲེལ་པ་ནི་མ་ཡིན་དགག་པ་སྟེ། དཔེར་ན། བླུན་པོ་མ་ཡིན། ཞེས་པས་མཁས་པ་འདྲེན་པར་བྱེད་པ་ལྟ་བུ་དང༌། གང་དུ་དགག་པ་གཙོ་བོ་ཡིན་ཞིང། སྒྲུབ་པ་གཙོ་བོ་མ་ཡིན་ལ། བྱ་བའི་ཚིག་དང་ལྷན་ཅིག་དགག་ཚིག་བྲེལ་བ་ནི་མེད་དགག་སྟེ། དཔེར་ན། སྡིག་པ་མི་བྱ་ཞེས་པའམ། སྡིག་པའི་བྱ་བ་མེད་ཅེས་པ་དོན་ལྟ་བུའོ། ། ཞེས་གསུངས་པ་ལྟར་རོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། །}ཞལ་ལྕེ་གཅོད་ནི་ཁ་མཆུ་སྡུམ་སྟེ་གཅོད་པའོ། ། གཅོང་རོང་ནི་ས་རོང་གྲམ་ཁྲོད་གྲོག་པོ་སལ་སུལ་མང་བའོ། ། གཅོང་སྐད་ནི་སྐད་སྙན་ཆ་ཅན་ཡང་ཟེར། མྱ་ངན་མི་བདེ་བ་ལས་བྱུང་བའི་སྙིང་རྗེའི་སྐད་ཀྱང་བཤད་དོ། །གཅིན་དང་གཅི་བ་གཉིས་ཀ་ནི་དྲི་ཆུའི་མིང་ངོ༌། ། གཅོད་བཞིན་ནི་བློ་ཐག་དང་དངོས་པོ་གཅོད་པ་གང་ཡིན་རུང་ད་ལྟ་བའོ། །གཅེས་མེད་ནི་གཅེས་འཛིན་མེད་པའོ། །གཅིག་གིས་གཅིག་ ནི་གྲངས་མང་པོ་ཡིན་པར་གཅིག་པུའི་གཅིག་གམ། ཡང་ན་ཕན་ཚུན་གཅིག་གིས་གཅིག་ལ་གྲོགས་ལྡན་བྱེད་པ་ལྟ་བུའོ། །གཅམ་བུ་{བཅམ་བུ་ནི་བརྡ་རྙིང་སྟེ་བཅོས་མ། }ནི་རང་བཞིན་བཅོས་མའི་ངོ་བསྟོད་དང་ངོམ་འཇོ་ལྟ་བུར་ཁ་མཛེས་པ། ཁ་གཅང་ནི་ཁ་འཇམ་པོ་ཟེར་བ་ལྟ་བུ་གཏམ་བཤད་ལུགས་རྣར་སྙན་པའོ། །གཅུགས་མེད་ནི་ཞེ་འཁོན་མེད་པའོ། །གཅེས་ནི་ཕ་མ་བུ་ཚ་ནོར་རྫས་སོགས་སྙིང་ལྟར་སྨར་བའོ། །ཚར་གཅོད་ཕྱིན་ཆད་དེར་གཏན་ནས་མེད་པར་ བྱེད་པའོ། །བཅུ་གལ་ནི་བརྡ་རྙིང་སྟེ་ཁག་མེད་དོ། །ཡིད་ལ་གཅགས་ནི་སེམས་ལ་བཞག་པའོ། ། སྒྲ་གཅན་ལྷ་མིན་གྱི་དབང་པོ་དང༌། གཟའ་རཱ་ཧུ་ལའོ། །གཅན་གཟན་ནི་སྟག་གཟིག་དོམ་དྲེད་སོགས་མཆེ་སྡེར་ཅན་གྱི་ཚོགས་སོ། ། ལ་གཅན་པ་{ལ་གཅན་པ་ནི་བརྡ་རྙིང་སྟེ། སའི་ས་སྲུང་ལམ་ཁྲལ་ལེན་མཁན། }ནི་ལ་ཆུ་འཕྲང་སོགས་ལམ་ལ་ཁྲལ་ལེན་མིའི་ས་སྲུང་ཡོད་པ་དེའོ། །གཅིག་ཏུ་ནི་ཕྱོགས་ཏུ་ལྟ་བུའོ། །གཅལ་བཀྲམ་ནི་རྡོ་བཅལ་དང་ནས་ཐང་ལྟ་བུར་མཚམས་མ་བྱེ་བར་བཀོད་པའོ། །གྲངས་ཀྱི་གཅིག་ནི་སྒྲ་ཇི་བཞིན་པའོ། །རོ་གཅིག་ནི་རྣལ་འབྱོར་གསལ་སྟོང་ཟུང་འཇུག་གམ། འཁོར་འདས་དབྱེར་མེད་ལྟ་བུའོ། །རྫས་གཅིག་མང་པོ་འདྲེས་པ་དང་རྫས་གང་ཡང་རུང་བ་གཅིག་ལའང་འཇུག་གོ། །གཅེར་བུ་ནི་གོས་མེད་པའོ། །གཅོག་ནི་དུམ་བུར་བཅག་པ་སྟེ་བསྐུལ་ཚིག་གོ། །གཅིའུའི་སྨན་ནི་གཤང་ལམ་ནས་ཡར་གཏོང་རྒྱུའི་སྨན་ཞིག་གོ། །སོགས་ནི་འདིར་གས་ཙམ་བརྗོད་པ་ཡིན་པས་ཞིབ་པར་བློས་སྤྲོས་ཏེ་ཤེས་པར་བྱ་དགོས་ཞེས་པའི་དོན་ཏོ། ། དེ་རྣམས་གས་འཕུལ་ཅ་ཡིག་གི་རྣམ་པར་བཤད་པའོ། ། བས་འཕུལ་ཅ་ཡིག་ལ་འཇུག་པ། བཅོམ་ལྡན་ནི་བདུད་བཞི་བཅོམ་པས་ན་བཅོམ་ལྡན་ནམ། ཡོན་ཏན་དྲུག་{ལེགས་པའི་ཡོན་ཏན་དྲུག་ནི། ལྷ་སོགས་སུས་ཀྱང་ ཆོས་མཐུན་གྱིས་རྒོལ་བ་མེད་པ་ནི་དབང་ཕྱུག་ཕུན་སུམ་ཚོགས་པ། བ་སྤུའི་ཁང་བུ་གཅིག་ལའང་བསྐལ་བའམ་དེ་ལས་ལྷག་པར་ལྟས་ཀྱང་ངོམ་པ་མེད་པ་ནི་གཟུགས་བཟང་ཕུན་སུམ་ཚོགས་པ། ཞིང་དང་འཁོར་སོགས་ཚད་བཟུང་མི་ནུས་པ་ནི་དཔལ་ཕུན་སུམ་ཚོགས་པ། ཕྱོགས་ཐམས་ཅད་དུ་སྙན་པའི་གྲགས་པས་ཁྱབ་པ་ནི་གྲགས་པ་ཕུན་སུམ་ཚོགས་ པ། ཤེས་བྱ་ཐམས་ཅད་སྐད་ཅིག་ལ་མངོན་སུམ་དུ་ཅིག་ཅར་མཁྱེན་པ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ། སྐད་ཅིག་གཅིག་ལ་གདུལ་བྱ་མཐའ་དག་གི་དོན་སྐལ་བ་དང་འཚམས་པར་མཛད་པ་ནི་བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ་དྲུག་གོ། }དང་ལྡན་པས་ན་བཅོམ་ལྡན་ནོ། །དགྲ་བཅོམ་ནི་སངས་རྒྱས་ཀྱི་འཁོར་ཉོན་མོངས་པ་བཅོམ་པའོ། །བཅས་པ་ནི་སྟོན་པ་ཉན་ཐོས་དང་བཅས་པ་སྟེ། འདིའི་ཤུགས་ལ་གཞན་ཡང་དཔོན་གཡོག་དང་བཅས་པ་མི་རྒྱུ་ནོར་དང་བཅས་པ། རྟ་སྒ་དང་བཅས་ལྟ་བུའོ། །ས་ནི་བྱེད་ཚིག་གོ། ། བཅགས་ནི་ཞབས་ཀྱིས་ཏེ། གནས་དེ་དང་དེར་བྱོན་པའི་དོན་ནོ། །དམ་བཅའ་ནི་ཁས་བླངས་པའོ། །ཁྲིམས་བཅའ་བ་དང་ཁྲིམས་བཅས་པའང་རྒྱལ་བས་ཉན་ཐོས་སོགས་ལ་བསླབ་ཁྲིམས་བཅས་པ་སོགས་སོ། །བཅིང་བ་ནི་འཁོར་བའི་ཞགས་པ་དང་དངོས་སུ་ཐག་པ་ལྟ་བུས་སོ། །ས་ནི་བྱེད་སྒྲའོ། །བཅིངས་ནི་འདས་ཚིག་གོ། །ཤིང་བཅད་ནི་སྟ་རེ་སོགས་ཀྱིས་སོ། །རླན་བཅིར་{ཆུས་རླན་གྱིས་གོས་པ་ཅིར་པ་སྟེ། བཅིར་བ་དང་དོན་མཚུངས་ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། ། }ནི་ཆུ་བཙིར་བའོ། །བཅའ་ཡོས་བཅའ་བར་བྱ་རྒྱུའི་ཡོས་སོ། །བཅེམ་ནི་སོས་ཟའོ། །ཚིགས་བཅད་ནི་གསུང་རབ་སྡེ་སྣོད་ལ་གྲགས་པའི་ཚིགས་བཅད་རྐང་པ་བཞིར་མ་ངེས་པ་དང༌། སྡེབ་སྦྱོར་ལུགས་སོགས་ཀྱི་རྐང་པ་བཞིར་ངེས་པའོ། །བཅའ་གཞི་ནི་མཆོད་པ་སོགས་ཀྱི་ཆས་སོ། །བསྟན་བཅོས་ནི་པཎ་གྲུབ་སོགས་ཀྱིས་མཛད་ པའི་བཀའི་དགོངས་འགྲེལ་ལྟ་བུའོ། །བཅང་ནི་གང་ཟག་གི་ལག་ཏུ་བཟུང་བའོ། ། ལོགས་བཅར་ལོགས་སུ་བཅར་བ་སྟེ་གཉིས་ཀྱི་བར་དུ་བཅར་བའམ། བཅིར་བའམ། བཅིར་བའམ། བཅར་དོན་སོགས་སོ། །བཅའ་སྒ་ནི་སྨན་ནོ། །བཟའ་བཅའ་ནི་ཟ་མའོ། །འི་ནི་འབྲེལ་སྒྲའོ། །བཅུད་ནི་སྙིང་པོ་ལྟ་བུའོ། །མིག་བཅར་ནི་ཤིང་དང་རྡེའུ་སོགས་ཀྱིས་སོ། ། ཕྱིར་བཅིལ་ནི་ཕྱིར་བསྐྲད་པའོ། ། དྲི་མ་བཅིལ་བའང་སྟེ། བཅིལ། འཇིལ། གཞིལ་པ་རྣམས་དོན་གཅིག་ལ་དུས་གསུམ་གྱི་བྱེ་བྲག་གོ། །ཆུ་བཅུར་ནི་སྐྱོགས་དང་གཟར་བུ་སོགས་ཀྱིས་ཟོ་བུམ་སོགས་སུ་ཆ་བླུག་པའོ། །བཅུག་ནི་བྱེད་དུ་འཇུག་པའི་འདས་ཚིག་གོ། །ནོར་བཅལ་ནི་ནོར་རྫས་གཞན་ལ་ཕར་འཇམ་ཚར་བའོ། །ལག་བཅངས་ནི་ལག་ཏུ་བཟུང་བའོ། །ཆགས་བཅགས་ནི་ཇ་དཔོན་སོགས་ལ་ཆགས་ཕེབས་ཟེར་བ་ཞེ་སའི་ཚིག་གོ། །བཅོལ་ནི་གཞན་ལ་ལས་ཀ་བཅོལ་བ་དང༌། ཅ་ག་བལྟམས་པ་སོགས་སོ། །བཅར་བ་ནི་དྲུང་དུའོ། །འི་ནི་འབྲེལ་སྒྲའོ། །རྟར་བཅིབས་ནི་རྟ་ལ་ཞོན་པའོ། །ཞལ་བཅེ་བཅད་ནི་ཆད་པས་བཅད་པའོ། །ཚར་བཅད་ནི་དགྲ་འདྲེ་སོགས་མེད་པར་བྱས་པའོ། །བློས་བཅལ་ནི་བློས་དཔྱད་པའོ། །བཅས་ནི་རྒྱལ་བས་སྐྱབས་འགྲོ་ནས་བཟུང་སངས་ས་ཀྱི་བར་ཁ་ན་མ་ཐོ་སོགས་ཁྲིམས་སུ་བཅས་པ་ཐམས་ཅད་དང༌། རང་ནི་བཅས་པ་མིན་པའི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཐམས་ཅད་དོ། །བཅབས་ནི་གསང་བའོ། །རྡོ་བཅག་ནི་དུམ་བུར་རམ་ཚལ་བར་རོ། །ཤིང་གཅེར་ནི་ཕུང་པོར་སྤུངས་པའོ། །གྲོས་བཅོམ་ནི་གྲོས་བྱས་པའོ། །བཅུམ་ནི་ཕྱི་ནས་ཇེ་སྡོམ་དུ་བཏང་བས་ནང་མ་དེ་ཇེ་ཆུང་དུ་སོང་བའོ། །བཅུ་དང༌། བཞི་བཅུ། ལྔ་བཅུ་དང༌། དགུ་བཅུ། བཅོ་ལྔ། བཅོ་བརྒྱད་རྣམས་ནི་གྲངས་སོ། །བཅོས་ནི་སྔོན་དེས་མ་ལོ་བ། འདོད་པ་དང་མཐུན་པར་བཟོས་པའོ། །བཅོས་བུའི་རས་ནི་ཐགས་སུ་བཏགས་པ་ཚོན་གྱིས་ཁ་དོག་སྣ་ཚོགས་སུ་བསྒྱུར་བའོ། །སོགས་ནི་འདིར་རགས་པ་མདོ་ཙམ་བརྗོད་པ་ཡིན་གྱིས་ཐམས་ཅད་རྫོགས་པར་བཤད་ཚོད་མ་བྱུང་བའི་དོན་ནོ། ། དེ་རྣམས་ནི་བས་འཕུལ་ཅ་ཡིག་ལ་འཇུག་པའི་རྣམ་པར་བཤད་པའོ། །ལ་མགོ་ལྡན་པའི་ཅ་ཡིག་གི་འཇུག་པ། མཉེན་ལྕུག་ནི་ལུས་སོགས་ཤིན་ཏུ་ཉེན་པས་མཁྲིལ་ལྡེམ་གཞོན་ཚུལ་ཅན་ནོ། །ལྕུག་ཕྲན་ཤིང་གི་ཡལ་གའམ་ཤིང་ཕྲ་མོ་ལྡེམ་ལྡེམ་པའོ། །ལྕང་མ་ནི་བཙུག་ཤིང་ངོ༌། །འི་ནི་འབྲེལ་སྒྲའོ། །ལྕག་ནི་རྟ་བོང་སོགས་བསྐུལ་བྱེད་དོ། །མགོ་ལྕོགས་ནི་མེ་ཏོག་དང༌། སྦྲུལ་གྱི་མགོ་རྒྱན་ཏེ་ཡུ་བས་ཡར་བཏེགས་ཀྱང་མར་གུག་ པའོ། །ཆེས་ལྕི་ནི་རབ་ཏུ་ལྗི་བའོ། །བློ་ཡིས་ལྕོགས་ནི་བྱ་བ་རྒྱ་ཆེན་པོ་ནུས་པའོ། །གནམ་ལྕགས་ནི་ཐོག་དང༌། ལྕེ་འབེབ་པ་ནི་གློག་གོ། །མེ་ལྕེ་ནི་མེ་འབར་བའི་རྩེ་དང༌། ར་ནི་ལ་སྒྲའོ། །ལྕེབས་ནི་འཆོང་བ་སྟེ། ཕྱེ་མ་ལེབ་མར་མེའི་ནང་དུ་ལྕེབ་པ་ལྟ་བུའོ། །ལྕང་ལོ་ཅན་ནི་བྱང་ཕྱོགས་གནོད་སྦྱིན་གྱི་གནས་སོ། །གྱི་ནི་འབྲེལ་སྒྲའོ། །ལྕགས་རི་ནི་ཁང་པའི་ཕྱི་རོལ་ནས་ཁོར་ཡུག་ཏུ་བསྐོར་བའི་ར་བ་དང༌། འི་འབྲེལ་བའི་སྒྲའོ། །ལྕོག་ནི་ཁང་པའི་ཟུར་རམ་བློ་འབུར་ལྟ་བུའོ། །ཉ་ལྕིབས་ནི་མུ་ཏིག་འབྱུང་གནས་ཀྱི་ཉ་ཁོག་གོ། །སྦལ་ལྕོང་སྦལ་བ་དང་ལྕོང་མོའོ། །ལྕུང་ཀ་ནི་བྱ་ནག་པོ་མཆུ་དང་རྐང་པ་དམར་པོ་ཅན་ཏེ། གྲོང་ཚིག་སྐྱུང་ཀ་ཟེར་རོ། །འི་ནི་འབྲེལ་སྒྲའོ། །ལྕེ་ནི་རོ་མྱོང་བྱེད་དོ། །རེའུ་ལྕག་ནི་སྔོ་སྡུམ་དུག་ཤོག་གི་རྒྱུའོ། །ལྕ་བ་ནི་སྨན་སྔོ་སྡུམ་དང༌། ལྕམ་པ་ནི་སྨན་སྔོ་སྡུམ་མོ། །ལྕུམ་ནི་རྩ་སྔོ་འདབ་མ་ཆེ་བ། སྡོང་པོ་ཁོང་སྟོང་སྦོམ་པ། ཚོས་ཀྱི་སྐྱུར་གཏའ་རྒྱུ་དང༌། ཁ་རུ་ ཟོས་པའི་ཚེ་སྐྱུར་བ་དེའོ། །ལག་ལྕིབས་ནི་དྲི་{ལག་པའི། }མ་གཞན་ལ་འགོས་དོགས་པའི་ལྕིབས་ཡིན་ནོ། །ཚ་ལྕིབས་ནི་ལག་པའི་དྲི་མ་ཕྱི་བའི་རས་མ་དང༌། སྣོད་སོགས་ཤིན་ཏུ་ཚ་བ་ཐབ་ནས་ཕོག་པའི་ཚེ་ལྕིབས་པའི་རས་མ་ལྟ་བུའོ། །སྒོ་ལྕིབས་ནི་སྒོ་ཡོལ་ཟེར་རོ། །དང་ནི་སྡུད་ཚིག་གོ། །སྤྱན་ལྕིབས་མིག་ལ་ཤའི་འདབ་མ་ཡོད་པ་ཟེར་རོ། །ལྕམ་དྲལ་ནི་ལྕམ་མོ་སྟེ་སྲིང་མོ་དང༌། དྲལ་ནི་མིང་པོའོ། །སྐྲའི་ལྕང་ལོ་སྐྲ་བྲེགས་པ་དང༌། ལྷས་པ་སོགས་མིན་པའི་སུལ་བུ་ཉིལ་ལེ་བའོ། །ལྕི་བ་ནི་དུད་འགྲོའི་སྟུག་པའོ། ། ལྕག་སོད་ནི་སྐེ་རགས་ཀྱི་བྱེ་བྲག་གོ། །སྲུས་ལྕག་ལྕིག་ནི་གྲོ་ནས་ཅུང་མ་སྨིན་པ་སྙེ་མ་བཅས་བཙོས་ཏེ་བཏུན་གྱི་ནང་དུ་འཐག་པའི་ལེབ་ལེབ་པོ་དང༌། གཞན་ཡང་ཞིང་གི་སྲུས་ལྕག་ལྕིག་དང༌། ན་གོང་གི་ཆུ་ལྕག་ལྕིག་ཟེར་བ་ལྟ་བུའོ། །ཚིག་འབྲུ་ལྕིབས་{ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས། ངག་སྒོ་མི་གསལ་བས་ཚིག་གི་འབྲུ་འཆིབས་ཏེ་གཞན་དུ་འཁྱོལ་བའོ། །ཞེས་གསུངས་ཀྱང་དཀྱུས་སུ་བྲིས་པ་འདི་ཉིད་འཐད་པར་མངོན་ནོ། ། }ནི་ཚིག་འབྲུ་དོན་རེ་རེ་ནས་འདོན་པའོ། །སོགས་ནི་འདིར་རགས་པ་ཙམ་བརྗོད་པ་ཡིན་ལ། གཞན་ཡང་ཞིབ་པར་བློ་གྲོས་ཀྱིས་སྤྲོས་ཏེ་ཤེས་པར་བྱ་དགོས་ཞེས་པའི་དོན་ཏོ། ། དེ་རྣམས་ནི་ལ་མགོ་ལྡན་པའི་ཅ་ཡིག་གི་འཇུག་པའོ། ། ཆ་ཡིག་རྐྱང་པའི་འཇུག་པ། ཆེམ་ཆེམ་ནི་སྒྲའོ། །ཆལ་ཆིལ་ནི་འོད་དང་དུ་བ་ཆུ་སོགས་འཁྱིལ་བའོ། ། ཆོས་ནི་འགོག་ལམ་གྱིས་བསྡུས་པའི་ལུང་རྟོགས་སོ། ། ཆུ་ནི་སྒྲ་ཇི་བཞིན་པའོ། །འི་ནི་འབྲེལ་སྒྲའོ། །ཆར་ནི་ནམ་མཁའ་ནས་བབས་པའོ། །ཆགས་བྲལ་ནི་འདོད་ཞེན་མེད་པའོ། །ཆོག་ཤེས་ནི་འདོད་པ་ལ་ཚོད་ཟིན་པའོ། ། ཆོ་ག་ནི་དཀྱིལ་འཁོར་ལ་བརྟེན་ནས་ལྷ་བསྒོམ་རིམ་ལྟ་བུའམ། གཞན་ཡང་བྱ་བ་ལའང་འཇུག་གོ། །འི་ནི་འབྲེལ་བའི་སྒྲའོ། །ཆེད་ནི་དེའི་དོན་དུའོ། །གོ་ཆ་ནི་ཁྲབ་རྨོག་སོགས་སོ། །མཚོན་ཆ་ནི་གྲི་མདའ་མདུང་སོགས་སོ། །ཆ་ལུགས་ནི་རང་རང་གི་རྒྱན་ཆས་དང་རྣམ་པའོ། །ཆོས་ནི་འཇིག་རྟེན་པའི་ལུགས་སྲོལ་དང༌། གཞན་ཡང་དགྲ་དཀྱེ་བ་སོགས་དང༌། ཆས་འགྲོ་བ་སོགས་ཀྱི་སྐུལ་ཚིག་ཀྱང་ངོ༌། །བྱང་ཆུབ་ནི་ཉོན་མོངས་པ་ཟད་ཅིང་ཡེ་ཤེས་བརྙེས་པའོ། །བར་ཆད་ནི་ས་ལམ་གྱི་གེགས་སོགས་བྱ་བ་སྒྲུབ་ཏུ་མི་སྟེར་བའོ། །ཆམ་ལ་ཕོབ་ནི་འཇོམ་པར་གྱིས་སོ། །རིན་ཆེན་ནི་རིན་ཆེན་སྟེ་དོན་ནོམ་པ་དང༌། རིན་ཐང་ཆེ་བའོ། །ཆུན་པོ་ནི་མུ་ཏིག་གི་ཆུན་པོ་ལྟ་བུ་སྟེ། དོན་དངོས་པོ་རིང་པོ་ཞིག་ཁུག་པ་བྱས་ནས་བཤིབས་པ། ཐག་སྡོག་ལྟ་བུ་ཞིག་ལ་གོ་དགོས་པར་འདུག་གོ། །ཆབས་{ཆབས་ཅིག་ནི་བརྡ་རྙིང་སྟེ། ལྷན་ཅིག ། }ཅིག་ནི་སྟབས་གཅིག་གོ། །གཅིག་ཆར་ནི་རིམ་ཅན་མིན་པའོ། །ཆུ་ཞིང་ནི་ཆུར་དཀྱུས་དང་ཞེང་འཕྲད་དོ། །ཆ་མཉམ་ནི་དཔངས་དང་ཞིང་མཉམ་པ་སངས་རྒྱས་ཀྱི་མཚན་རྟགས་ལྟ་བུའོ། །ཆེམ་མེ་བ་ནི་འདུག་སྟངས་སོ། ། འདི་ལྡེམ་མེའང་སྣང་ངོ༌། །ཆིབས་པ་ནི་འོག་རྟ་ཡིན་ལ། ཆ་ནི་ཟུང་གི་མིང་ངོ༌། །དེ་{ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས། ཆ་དེ་ཞེས་པའི་སྐད་དོད་ལ། ཡུ་ག་བཞག་འདུག་ཕྱིར་སྦྱོར་བར་འཇུག་ཅིང༌། དེས་ན་ཕོ་མོ་མཉམ་སྦྱོར་གྱི་སྦྱོར་བ་དེ་གའོ། །ཞེས་གསུངས་ཀྱང་སྔ་ཕྱིའི་ཚིགས་གྲོགས་ལ་དཔག་ན་དཀྱུས་ཀྱི་འགྲེལ་བ་ལྟར་འཐད་པར་སེམས་སོ། །}ནི་གྲོགས་སོ། །ཆིབས་ལ་ནི་ཞོན་ལའོ། །ཆོགས་ནི་སྐུལ་ཚིག་སྟེ་བྱིས་སུ་བཏེགས་པའམ། དུམ་བུར་གཏོང་བ་སོགས་སོ། །སྲོག་ཆགས་ནི་སེམས་ཅན་དབུགས་ཐོག་ཚད་དོ། ། ཆག་ཆག་ནི་རྡུལ་མི་ལྡང་བའི་ཕྱིར་ས་གཞི་སོགས་ལ་ཆུ་འཐོར་བའོ། །ཆལ་མར་གདལ་ནི་སྲབ་འཐུག་མེད་པར་བཀྲམ་པའོ། །ཆོ་ལོ་{ཆོ་ལོ་ནི་བརྡ་རྙིང་སྟེ། ཤོ་རྒྱན། }ནི་རྩེ་མོའི་ཤོ་རྒྱན་སོགས་སོ། །ས་ནི་བྱེད་པ་པོའི་སྒྲའོ། །ཆེ་གེ་ནི་གང་ཡང་རུང་བའི་སྤྱི་མིང་ངོ༌། །འི་ནི་འབྲེལ་སྒྲའོ། །ཆ་རྐྱེན་ནི་ཡོ་བྱད་དོ། །ཆད་ནི་ཟས་ནོར་སོགས་ཟད་ནས་མེད་སོང་བ་དང༌། ཐག་པ་སོགས་དུམ་བུར་ཆད་པ་དང༌། ཆར་ཆུའི་རྒྱུན་བསྐམས་པ་སོགས་སོ། །ཆད་པས་ཆོད་ནི་ཁྲིམས་ཀྱིས་ཉེས་ཆད་གཅོད་པ་སྟེ་སྐུལ་ཚིག་གོ། །ལ་ནི་ལྷག་འདྲེན་ནོ། །ཆུང་མ་ནི་མནའ་མའོ། །ཆོལ་ནི་གཞན་ལ་བཅོལ་གཏམ་གྱིས་ཞེ་སའི་སྐུལ་ཚིག་གོ། །ཆང་ཆེམ་{ཆང་འཐུང་ཆེ་བའི་མིང་ངོ། ། ཟེ་ཆེན་པས་གསུངས་སོ། ། }ནི་ཆང་འཐུང་བའི་ ཉེས་དམིགས། ཆེ་ཆུང་ནི་ལྕི་ཡང༌། ཐུགས་སུ་ཆུད་{ཆུབ་པ་ནི་བརྡ་རྙིང་སྟེ་རྟོགས་པ། }ནི་ཁོང་དུ་ཆུད་པའོ། །མཐར་ཆགས་ནི་མགོ་ནས་གཞུག་བར་ཤར་འདེད་རྫོགས་པར་བྱའོ། །ཆགས་ཆོགས་ནི་སྣམ་བུ་སོགས་སོ། །ཆིར་གྱིས་ཆིར་ནི་ལག་པས་ཆུ་སོགས་གནད་དུ་སྨིན་པར་བརྩིར་བའི་སྐུལ་ཚིག་ལྟ་བུའོ། །ཆབ་འོག་ནི་བཀའ་འོག་གོ། །ཆོམ་རྐུན་ཇག་རྐུན་ནོ། །ཆེས་ཆེར་ཆུན་ནི་རབ་ཏུ་ཐུལ་ཚར་བའོ། །ཆོམས་ཤིག་ནི་ཐོ་བ་སོགས་ཀྱིས་བཅོམ་ལ་ཤོག་གོ། །ཆིངས་ཤིག་ནི་ཐག་པ་སོགས་ཀྱིས་བཅིངས་ལ་ཤོག་ཟེར་བ་ལྟ་བུའོ། །ཆབ་སྒོ་ནི་རྒྱལ་སྒོའོ། །ཆོག་ནི་ཕྱེད་མར་རོ། །ཆར་ཆོད་ནི་རྫས་སྔགས་ཀྱིས་གནམ་བཀག་པ་སྟེ་སྐུལ་ཚིག་གོ། །ཐག་ཆོད་ནི་ཅི་བྱའོ། །ཆབ་འོག་ཆུག་ནི་ཁ་འོག་ཏུ་ཚུད་ཅེས་པའོ། ། ཆ་ཆོ་མ་ཆོད་ནི་དོན་གོ་མ་ཆོད་པའོ། །ཆ་མེད་ནི་རྒྱུས་མེད་དོ། །ཆས་ནི་ལམ་དུ་འགྲོ་ཆས་སོ། །ཟན་ཆང་ནི་ཟན་ཆང་པས་བཅངས་པའམ། གཞན་ཡང་ཟན་ལ་ཕབ་བཏབ་ནས་བསྙལ་བའི་ཟན་ཆང་ཡང་ངོ༌། །འབྲས་ཆན་{ངག་སྒྲོན་སྡེ་དགེ་པར་མའི་ནང༌། འབྲས་ཆེན་ཞེས་འགྲེང་བུ་ཅན་ཡོད་ཀྱང་འདི་དཔལ་སྤུངས་པར་མ་བཞིན་བཀོད་པའོ། ། }ནི་འབྲས་བཙོས་པའོ། །ཆབ་ནས་ཆུས་ནི་ཆུ་ནས་བཅུས་པའོ། །ཆ་ལང་ནི་ཕེག་རྡོབ་སོགས་རོལ་མོའོ། །མན་ཆ་ནི་ཉལ་ཆས་སོ། །ཆེ་ཞེ་{ཆེ་ཞེ་ནི་བརྡ་རྙིང་སྟེ། ཨ་ཅེའམ་སྲིང་མོ། } ཨ་ཞེའོ། །འི་ནི་འབྲེལ་སྒྲའོ། །ཆས་ནི་རྒྱན་གོས་སོ། །ཆོ་རིགས་ནི་ཕའི་ཕྱོགས་ཀྱི་མི་རིགས་སོ། །ཆུད་ཟོས་ནི་དོན་མེད་དུ་བརླག་པའོ། །ཆམ་པའི་ནད་ནི་རིམས་ནད་དོ། །ཆབ་ཤོག་ནི་བཀའ་ཤོག་གོ། །ཁ་ཆེམ་{ཆེམས་ནི་བརྡ་རྙིང་སྟེ། ཕྲིན། }ནི་ཕྱིན་ཆད་ཁ་མི་ཐུག་རྒྱུའི་བསླབ་སྟོན་སྙིང་ གཏམ་མོ། །ཆིག་རྐྱང་ནི་ཡ་གཅིག་གོ། །ཆོང་ནི་ཕར་བརྐྱང་བས་སོ། ། གཞན་ཡང་སྙིང་དང་ལག་ཏུ་ཉལ་རྒྱུའི་སྐུལ་ཚིག་ཀྱང་ངོ༌། །བག་ཆགས་ནི་སྔོན་གོམས་མི་གཏོང་བའོ། །ཆོ་འཕྲུལ་ནི་རྫུ་འཕྲུལ་ལོ། །ཆོ་ངེ་ནི་སྨྲེ་སྔགས་འདོན་པའོ། །ཆ་ག་པ་ནི་སྲོག་ཆགས་ཚག་པའོ། །སོགས་ནི་འདིར་རགས་པ་མདོ་ཙམ་ཞིག་སྨོས་ཟིན་པ་བཞིན་གཞན་ཡང་དེ་ལྟར་ཤེས་པར་གྱིས་ཞེས་པའི་དོན་ཏོ། ། དེ་རྣམས་ནི་ཆ་ཡིག་རྐྱང་པའི་འཇུག་པ་ཡིན་པར་གསུང་ངོ༌། །མ་འཕུལ་ཆ་ཡིག་འཇུག་པ། མཆོག་ནི་ཕུལ་བྱུང༌། རབ། གཙོ་བོ། དམ་པ་སོགས་རྣམ་གྲངས་ཏེ། གཞན་ལས་ཁྱད་པར་དུ་འཕགས་སོ། །ཏུ་ནི་ལ་དང་ཆོས་མཚུངས་པའོ། །སྐྱབས་མཆི་ནི་འཇིགས་དང་སྡུག་བསྔལ་མེད་པར་ཞུ་བའོ། །དཀོན་མཆོག་ནི་སྲིད་ན་དཀོན་ཞིང་མཆོག་ཏུ་གྱུར་པའོ། །མཆོད་ནི་ཕ་རོལ་གྱི་ཡུལ་དམ་པ་ལ་རང་གི་དངོས་པོ་གང་ཞིག་བློས་བཏང་སྟེ་འབུལ་བའོ། ། མཆིས་མལ་ནི་འདུག་གནས་སོ། །མཆིལ་ལྷྭམ་ནི་ལྷམ་ཡུ་བཅད་དོ། །མཆིག་ནི་འབྲུ་ཕྱེ་མར་འཐག་པའི་མས་གཏུན་ཏེ་མ་ལོ། །མཆིག་གུ་{མཆིག་དང༌། མཆིག་གུ་ནི་བརྡ་རྙིང་སྟེ། ཡས་གཏུན་དང་མས་གཏུན། }ནི་གཏན་པ་སྟེ་ཡ་ལོ། །སྐུ་མཆེད་ནི་སྤུན་ཟླའོ། །མཆན་ནི་ལག་འོག་གི་མཆན་ཁུང༌། བླ་མཆན་ཟེར་བ་ལྟ་བུ་གོང་མ་དེའི་འོག་མ། ཡི་གེའི་མཆན་བུ། མཆན་གྱི་བུ་སོགས་སོ། །གྱི་ནི་འབྲེལ་སྒྲའོ། །མཆིས་བྲང་{མཆིས་འགྲང་ནི་བརྡ་རྙིང་སྟེ། ཆུང་མ། }ནི་ཆུང་མའོ། །མཆོར་{སྣང་གསེར་ཏེ་དེའང་རྒྱན་གྱིས་མཆོར་བའོ་ཞེས་ཟེ་ཆེན་པས་གསུངས་སོ། །}ནི་རྒྱན་གོས་སོགས་གཟབ་འཕྱོར་རོ། །མཆི་མ་ནི་མིག་ཆུའོ། །མཆིལ་མ་ནི་ཁ་ཆུའོ། །མཆེར་པ་དང་མཆིན་པ་ནི་ནང་ཆའོ། །ཞལ་མཆུ་ནི་ཁའི་མཆུ་ཡས་མས་སོ། །ར་ནི་གནས་གཞིའོ། །ཁ་མཆུ་ནི་གྱོད་རྩོད་སོགས་ཟེར་བརྗོད་དོ། །འི་ནི་འབྲེལ་བའི་སྒྲའོ། །བཀའ་མཆིད་ནི་དྲང་གཏམ་མོལ་དག་པའི། མཆིས་ནི་ཡོད་པའི་དོན་ཏོ། །སྐྱེ་མཆེད་ནི་མིག་སོགས་དབང་པོ་དྲུག་དང༌། གཟུགས་སོགས་ཡུལ་དྲུག་སྟེ་བཅུ་གཉིས་སོ། །མཆིང་བུར་ནི་ནོར་བུ་དམན་པའོ། །རྒྱ་མཚོའི་མཆིང་ནི་དཀྱིལ་གྱི་དོན། རྩ་མཆོག་ནི་གྲོང་ཁྱེར་རྩ་མཆོག་སོགས་སོ། །མེ་མཆེད་ནི་ནགས་སོགས་ལ་མེ་འབར་བའོ། །མཆིལ་བ་ནི་ཁྱིམ་བྱིས་ནས་ཟན་ནོ། །འི་ནི་དྲུག་པ་འབྲེལ་བའི་སྒྲའོ། །མཆོངས་ནི་གོམས་རྩལ་དང༌། གཡང་ས་ལྟ་བུར་རོ། །གཞུ་མཆོག་ནི་གནམ་ཏུའོ། །སྒྱུ་མའི་མཆན་བུ་{ སྒྱུར་མ་མཁན་པོས། ལམ་གྱི་བཞི་མདོར། ཤིང་བུ་དང་རྡེའུ་སོགས་ལ་རིགས་སྔགས་བཏབ་པས་སྒྱུ་མའི་རྟ་གླང་སོགས་སུ་མིག་འཕྲུལ་བསྒྲུབ་ཅིང༌། འགྲོན་པོ་བསླུ་བ་དེའི་ཁ་ལོ་པ་ལ་མཆན་བུ་ཟེར་རོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད་དོ། ། }ནི་མིག་འཕྲུལ་མཁན་གྱི་སློབ་མའོ། ། མཆན་ནི་ཡི་གེའི་མཆན་ནོ། །མཆིལ་བ་{མཆིལ་བ་ནི་བརྡ་རྙིང་སྟེ་ལྕགས་ཀྱུ། }ནི་ལྕགས་ཀྱུའོ། །མཆིམས་ནི་རུས་སོ། །སོགས་ནི་གཞན་ཡང་ཤེས་པར་བྱ་དགོས་པའི་བརྡའོ། ། དེ་རྣམས་ནི་མ་འཕུལ་ཆ་ཡིག་འཇུག་པའི་རྣམ་པར་བཤད་པའོ། །འས་འཕུལ་ཆ་ཡིག་འཇུག་པ། ཆོས་འཆད་ནི་བཀའ་བསྟན་བཅོས་ཀྱི་ དོན་དང༌། དགེ་སྡིག་གི་བླང་དོར་བཤད་པའོ། །ཁྲིམས་འཆའ་ནི་ཡ་རབས་ཀྱི་སྲོལ་བཏོད་པའི་བཅའ་བའོ། །འཆག་སར་འཆག་ནི་ཕར་འགྲོ་ཚུར་འགྲོ་བྱེད་པའོ། །ཚུལ་འཆོས་ནི་ཡོན་ཏན་མེད་པའི་ཀུན་རྫོབ་བོ། ། གར་འཆམས་ནི་རྐང་པ་དང་ལག་པ་སོགས་ལུས་ཀྱི་སྟབས་སོ། །སྲོག་ཆད་དང་འཆི་ནི་གོ་སླའོ། །འཆུམས་པ་ནི་འདོད་པ་ལ་སྲེད་པའོ། །འི་ནི་འབྲེལ་བའོ། །གནས་འཆའ་ནི་སྡོད་གནས་བཅའ་བའོ། །འཆེམ་ས་ནི་ཞེན་པའམ་འཆང་བའོ། །ར་ནི་གནས་གཞིའོ། །འཆུན་ནི་ཡིད་ལ་བབ་ནས་ཆགས་པའོ། །འཆབ་བ་ནི་ངག་འཆལ། སྡོམ་འཆལ་སོགས་སོ། །འི་ནི་དྲུག་སྒྲའོ། །འཆར་སྒོ་ནི་ཡིད་ལ་ཅི་ཡང་འཆར་བའོ། །མི་འཆགས་ནི་སྡིག་སྒྲིབ་སོགས་ཉེས་པ་མི་བཤགས་པའོ། །འཆབ་{འཆབ་པ་ནི་བརྡ་རྙིང་སྟེ། གསང་བའམ་སྦེད་པ། }ནི་ནོངས་པ་གསང་བའམ་སྦེད་པའོ། ། ཉི་འཆར་ནི་མཁའ་ལ་ཉི་མ་འཆར་བའོ། །ཆུ་འཆོར་ནི་ཤོར་བའོ། །ལས་འཆོལ་ནི་གཞན་ལ་ལས་བཅོལ་བའོ། །འཆུན་ནི་དབང་དུ་སྡུད་པའོ། །གྲོས་འཆམས་ནི་གྲོས་བྱེད་པ་ཁ་མཐུན་པའོ། ། ཁས་འཆེ་{འཆེས་དང་འཆེ་ནི་བརྡ་རྙིང་སྟེ་ཁས་ལེན་པ། }ནི་ཁས་ལེན་པའོ། །འཆིང་ཞགས་ནི་འཁོར་བར་འཆིང་བྱེད་ཞགས་པ་ལྟ་བུར་སྲེད་པ་དང༌། དངོས་པོ་འཆིང་བྱེད་ཐག་པ་ཞགས་སོགས་སོ། །འཆང་ནི་ཡིད་ཀྱིས་འཛིན་པ་དང༌། ལག་གིས་བཅང་བའོ། །འཆོལ་{གོ་རིམ་དུ་མི་གནས་པའི་དོན་ལ་འཇུག}ནི་འཆོལ་གཏམ་དང༌། འཆོལ་ལས་ཟེར་བ་ལྟ་བུར་ཅི་བྱུང་གང་ཤར་འཁྲུལ་བའོ། །དང་ནི་སྡུད་ཚིག་གོ། །འཆུས་ནི་ཡོ་བའོ། ། གཅོས་པའོ། །སོགས་ནི་གཞན་ཡང་རིགས་པས་སྤྲོས་ཏེ་ཤེས་པར་བྱ་དགོས་པའོ། ། དེ་རྣམས་ནི་འས་འཕུལ་ཆ་ཡིག་འཇུག་པའི་རྣམ་པར་བཤད་པའོ། །ཇ་ཡིག་རྐྱང་པའི་འཇུག་པ། ཇི་ལྟ་བ་ནི་དོན་མ་ནོར་བ་ཙམ་མོ། །ཇི་སྙེད་ནི་ཡོད་ཚད་ཐམས་ཅད་དོ། །ཇི་བཞིན་གཟིགས་ནི་མ་ནོར་པར་མཁྱེན་པའོ། །ཇི་ལྟར་ནི་ཇི་འདྲ་ལྟ་བུར་དྲི་ཚིག་དང་ཇི་ལྟ་ཇི་བཞིན་སོགས་སོ། །ཇི་སྲིད་ནི་ཡུན་ཇི་ཙམ་མོ། །ཇི་སྐད་སྨྲ་ནི་དེས་སམ། ཁྱོད་ཀྱིས་ཅི་ཟེར་ལྟ་བུ་དྲི་ཚིག་གོ། །ཁྱོད་ཀྱིས་ཇི་སྐད་སྨྲ་བའམ། ངས་ཇི་སྐད་སྨྲ་བ་ལྟ་བུ་མདོར་སྡུད་ཀྱི་ཚིག་ཀྱང་ངོ༌། །ཇོ་ཇོ་ནི་ཕུ་བོའོ། །འི་ནི་འབྲེལ་བའོ། །ཇོ་མོ་བཙུན་མའམ། རྗེ་མོ་དང༌། ས་གྱོ་ལའང་འཇུག་གོ། །ཇོ་བོ་ནི་ཇོ་ཤཱག་དང༌། ཇོ་བོ་རྗེ་སོགས་སོ། །འི་ནི་དྲུག་སྒྲའོ། །ཇ་ནི་ལྗོན་འདབ་བོ། །ཇི་ཞིག་ནི་རེ་ཞིག་གོ། །ཇག་པ་ནི་ནོར་རྫས་སྟོབས་ཤུགས་ཀྱིས་འཕྲོག་བྱེད་དོ། །ཇུ་བོ་{ཇུ་བོ་ནི་བརྡ་རྙིང་སྟེ་རྡོ། }ནི་རྡོ་བ། འཕངས་ནི་ལག་ནས་བཏང་བའོ། །ཇ་ཧོང་{ཇ་ཧོང་ནི་བརྡ་རྙིང་སྟེ། བཙོད་མདོག}ནི་ཁ་དོག་དམར་སེར་རོ། །ཇ་རིལ་ནི་ཐོད་པའོ། །ཇེ་མཐོར་སོང་ནི་རིམ་གྱིས་ཡར་མཐོ་རུ་སོང་བའོ། །ཇེ་ནི་དང་པོའོ། །དང་ཇེ་ནི་དབྱངས་སོ། །སོགས་ནི་གཞན་ཡང་རིགས་པས་སྤྲོས་ཏེ་ཤེས་པར་བྱ་དགོས་ཞེས་པའོ། ། དེ་རྣམས་ནི་ཇ་ཡིག་རྐྱང་པའི་འཇུག་པར་གསུང་ངོ༌། །མས་འཕུལ་ཇ་ཡིག་གི་འཇུག་པ། མཇལ་འཕྲད་ནི་ཕན་ཚུན་ངོས་ཐུག་པའོ། །མཇིང་པ་ནི་སྐེའོ། །མཇུག་མ་ནི་རྔ་མའོ། །མཇེ་ནི་ལྒང་ངམ། ཤེ་ཕའམ་ཕོ་རྟགས་སམ། ཕོ་མཚན་ནོ། །མི་མཇེད་ཞིང་ནི་དུག་ལྔ་སོགས་ལ་མི་འཛེམས་ཤིང༌། སྡུག་བསྔལ་ལ་བཟོད་པ་སྟེ། དེ་ལྟར་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཟེར་བ་འདིའོ། །སོགས་ནི་གཞན་ཡང་རིགས་པས་སྤྲོས་ཏེ་ཤེས་པར་བྱ་དགོས་པའི་དོན་ཡིན་ནོ། ། དེ་རྣམས་ནི་མས་འཕུལ་ཇ་ཡིག་གི་འཇུག་པའོ། །འས་འཕུལ་ཇ་ཡིག་གི་འཇུག་པ། འཇག་མ་ནི་རྩྭའོ། །འཇི་བ་དང༌། འཇིམ་པ་ནི་དོན་གཅིག་སྟེ་ས་ཆུས་སྦྲུས་པའོ། །འཇགས་ནི་གཏན་འཇགས་པའོ། །འཇིག་རྟེན་ནི་ས་གསུམ་ན་ཡོད་པའི་འཁོར་བའི་སྣོད་བཅུད་དོ། །འཇིག་པ་ནི་ཞིག་པའོ། །འི་ནི་འབྲེལ་བའི་སྒྲའོ། །འཇིགས་པ་ནི་སྐྲག་པའོ། །འཇོམས་ནི་བརླག་པར་བྱེད་པ་སྟེ། བྱེད་པ་དང་ད་ལྟ་བའོ། །འཇུས་ནི་ལག་པས་སོ། །ནས་ནི་ལྷག་མ་འདྲེན་པའི་ཚིག་གོ། །ཤ་འཇོག་ནི་གཞོག་པའི་དོན་ནོ། །འཇར་ནི་ལྟོ་བ་ས་ལ་ལྟ་བུའོ། །ནས་ནི་ལྷག་འདྲེན་ནོ། །འཇབས་ནི་ག་ལེར་གཞན་གྱིས་མི་མཐོང་བར་དལ་བུས་ནུད་པའོ། །འཇའ་ནི་ཤེས་མེད་གླེན་པ་ལྟ་བུའོ། ། ཞིང་ནི་ཚིག་གི་ཕྲད་དོ། །འཇུངས་{འཇུངས་པ་ནི་བརྡ་རྙིང་སྟེ། ཞན་ ཆགས་ཆེ་བ། }པ་ནི་སེར་སྣའོ། །འི་ནི་འབྲེལ་སྒྲའོ། །སྐྱོན་འཇིལ་ནི་སྐྱོན་ཞི་བའོ། །འཇེམ་ནི་ཡ་རབས་གྲུང་པོ་བློ་དང་བྱ་བ་གང་ཡང་གང་ལ་གང་འདུལ་མཁས་པའོ། །འཇུ་བ་ནི་ཁྱི་ཤིག་སྟེ་སེམས་ཅན་ཕྲ་མོ་མདོག་དམར་ཞིང་མཆོང་སྟབས་ཀྱིས་འགྲོ་བ་དེའོ། །ཁྲག་འཇུབ་ནི་ལུས་ཀྱི་ཤིག་དང་འཇུ་བ་སོགས་ཀྱིས་སོ། །ཟས་འཇུ་ནི་ལྟོ་བར་ཟས་ཟོས་པ་ཞུ་བའོ། །འཇང་ནི་ཟ་མ་ཁོང་དུ་མེད་པའོ། །འཇུད་མཐུན་{འཇུད་མཐུན་ནི་བརྡ་རྙིང་སྟེ། སྨད་འཚོང༌། }ནི་སྨད་འཚོང་མའོ། །འཇོལ་འཇོལ་ནི་གོས་དང་སྤུ་སོགས་ཞོལ་ལེ་བའོ། །འཇོ་སྒེག་ནི་འདོད་པ་འཇོ་བའི་སྒེག་ཆོས་ཏེ་ན་ཆུང་མཛེས་མ་ལྟ་བུའི་ལུས་ཀྱི་རྣམ་འགྱུར་རོ། ། འཇོག་ནི་གཞག་པ་སྟེ་བྱེད་ཚིག་དང་ད་ལྟ་བའོ། ། འཇོར་བུ་ནི་ཏོག་རྩེ་རྐོ་མའོ། །དབྱིབས་འཇོང་ནི་ནར་མོའོ། །འཇུར་ནི་འཆད་མི་མཁས་ཏེ་ནོར་བའོ། །ཞིང་ནི་ཕྲད་དོ། །འཇུན་{གོ་བདེ་བར་བརྗོད་ན། དཔེར་ན། ཇ་ལུང་ངམ། ཀོ་ཐག་བཟོ་བའི། ལྕགས་སའི་བུག་པ་ལ་འཇུར་མིག་ཟེར་བས། གནས་དེར་དྲོང་ནས་ཤ་སྐྱི་སྤུ་རྣམས་བཅད་པ་ལྟ་བུའི་དོན་ཡིན་ནོ། ། དེས་མཚོན་ནས་བཙན་པོའི་སྟོབས་ཀྱིས། ངན་པ་གཉའ་རིངས་འདུལ་བ་ལའང་འཇུར་བ་དང༌། འཇུན་ཞེས་ཟེར་རོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། ། }ནི་འཆུན་དང་གཅུན་རྣམས་བྱ་བྱེད་དང༌། དུས་གསུམ་གྱི་སྒྲའི་ཁྱད་པར་མ་གཏོགས་དོན་གཅིག་པས། མདོར་ན་མ་དུལ་བ་འཕྲང་དུ་གཞུར་ནས་བཏུལ་བ་ལྟ་བུའི་ཚིག་གོ། །ལུས་འཇམ་ནི་རེག་བྱའོ། །འཇོག་པོ་ནི་ཀླུའོ། །མཚོ་འཇིང་ནི་དབུས་སམ། དཀྱིལ་ལོ། །འཇུག་ནི་ཞུགས་པའོ། །འཇམ་དབྱངས་ནི་རྒྱལ་སྲས་སོ། །སྙན་འཇེབས{འཇེབས་ནི་བརྡ་རྙིང་སྟེ་ལེགས་པའམ་སྙན་པ། }ནི་སྒྲ་ཤིན་ཏུ་སྙན་པོ་ཡན་ལག་དྲུག་ཅུའི་དབྱངས་སུ་གཅིག་གོ ། མཉམ་པར་འཇོག་ནི་ཏིང་ངེ་འཛིན་ལའོ། །བློས་འཇལ་ནི་བྱ་བ་སོགས་ལ་བློས་དཔྱད་པའོ། །ཚད་འཇལ་ནི་རིང་ཐུང་སོགས་སོ། །འདོད་པ་འཇོ་ཡིད་ལ་ཅི་བསམ་འབྱུང་བ་དང༌། འོ་མ་འཇོ་བ་སོགས། ཁྲིམས་འཇགས་ནི་རྒྱལ་ཁྲིམས་སོགས་བཅས་པ་དེ་ལ་རྒྱུན་དུ་གནས་པའོ། །འཇའ་ས་ནི་སྔོན་བྱུང་ལོ་རྒྱུས་གཏན་ཚིགས་བཀའ་ཤོག་དང༌། རྒྱ་ནག་གོང་མས་ས་སྐྱའི་ཆོས་རྒྱལ་འཕགས་པ་ལ་ཕུལ་བའི་འཇའ་ས་བནྡེ་མ་དང༌། ཤེད་སྐྱེད་མ་ཟེར་བ་ལྟ་བུ་དང༌། ཞལ་གཟིགས་ཐང་ཀ་ཕུལ་བ་དེ་འདྲ་ལ་འཇུག་གོ། །འཇའ་མོ་ནི་དབང་པོའི་གཞུ་དང༌། བོད་ཀྱི་ཕལ་སྐད་དུ་འུ་ལག་པ་རིམ་རྒྱུག་པ་ལ་འཇའ་མོ་རྒྱུག་ཏུ་འགྲོ་ཟེར་བའང་སྣང་ངོ༌། །དང་ནི་སྡུད་དོ། །འཇའ་བརྡེག་ནི་ཁང་པ་ཡོ་བ་སྲང་བའོ། །འཇའ་ཚོན་ནི་བར་སྣང་ལ་བཀྲ་བ་དེའོ། །སྲད་བུའི་འཇུར་ནི་སྐུད་པ་གྲིམས་ཆེས་པར་འཁྱིལ་ལོག་ཏུ་སོང་བའོ། །སྲོད་འཇིང་ནི་ནམ་ཕྱེད་དོ། །ཤ་འཇུམས་ནི་ཤ་ངན་པས་འཁུམས་པའོ། །རྩ་འཇིང་ནི་ལུས་ཀྱི་རྩ་མདུད་དོ། །གཉན་ཚིག་གྲོགས་སོ། །ཐོབ་ཀྱིས་འཇལ་{ཐོབ་ཀྱིས་འཇལ་བ་ནི་ བརྡ་རྙིང་སྟེ། ཐབས་ཀྱིས་གཞན་ནོར་འགུགས་ པ། }གཞན་ནོར་རང་གི་ཐོབ་ཐབས་ཀྱི་འཕྲུལ་ གཡོ་བྱེད་པའོ། །སོགས་ནི་གཞན་ཡང་རིགས་པས་འཕྲུལ་ཏེ་ཤེས་པར་བྱ་དགོས་པའི་དོན་ཏོ། །དེ་རྣམས་ནི་འས་འཕུལ་ཇ་ཡིག་གི་འཇུག་བའོ། །ར་མགོ་ལྡན་པའི་ཇ་ཡིག་གི་འཇུག་པ། རྗེ་བཙུན་ནི་བླ་མ་སངས་རྒྱས་སོགས་ཡུལ་དམ་པའོ། །རྗེས་འཇུག་ནི་སློབ་མའོ། །རྡོ་རྗེའི་རྗེས་ནི་འགྱུར་བ་མེད་པའི་ཕྱག་ཞབས་ཀྱི་རྗེས་དང༌། རྡོ་རྗེའི་རྗེས་གཏོད་པ་ཡང་ངོ༌། །རྗེ་དཔོན་ནི་རྗེ་བོ་དང་དཔོན་པོའོ། །ལྷ་རྗེ་ནི་སྨན་པའོ། །རྗེད་པའི་འོས་{བརྗེད་པ་ནི་བརྡ་རྙིང་སྟེ། བཀུར་སྟི་དང་མཆོད་པ། }ནི་ཞེ་ས་མཆོད་བསྟོད་བསྙེན་བསྐུར་འོས་པའོ། །ས་རྗེན་{རྗེན་པ་ནི་བརྡ་རྙིང་སྟེ། གཅེར་བུའམ་རྐྱང་པ་སོགས་མདོར་ན་བཅོས་བསྒྱུར་མ་བྱས་པའི་དོན། }ནི་གདན་མེད་པའོ། །ཤ་རྗེན་ནི་གོས་མེད་པའོ། །རྗེ་ངར་ནི་རྐང་པའི་ངར་གདོང་ངོ༌། །རྗུད་ཤ་ཉམས་ཞེན་པའོ། །རྗོད་བྱེད་ནི་བརྗོད་བྱའི་དོན་དེ་རྗོད་པར་བྱེད་པའི་ཚིག་གོ། །སྙིང་རྗེ་ནི་སྙིང་ནས་བརྩེ་བའོ། །འི་ནི་འབྲེལ་སྒྲའོ། །ལག་རྗེས་ནི་བསྟན་པ་ལ་ཕན་པའི་ལག་རྗེས་ཏེ། དཔེར་ན་སྔོན་གྱི་ཆོས་རྒྱལ་རྣམས་ཀྱིས་ལྷ་ཁང་བཞེངས་ཤིང༌། ཆོས་བསྟན་བཙུག་པ་ལྟ་བུའོ། །དང་ནི་སྡུད་ཚིག་གོ། །ཐུགས་རྗེ་ནི་སྙིང་རྗེ་སྟེ་ཞེ་སའི་ཚིག་གོ། །ས་ནི་གསུམ་པའི་སྒྲའོ། །རྗེས་བསྐྱངས་ནི་སྲོལ་སྐྱོང་དང་མགོ་འདོན་བྱེད་པའོ། །རྗེའུའི་རིགས་ནི་མི་རིགས་བཞིའི་ནང་ཚན་ནོ། ། ཏིལ་གྱི་རྗང་ནི་བང་བའོ། །སོགས་ནི་གཞན་ཡང་ཤེས་པར་བྱ་དགོས་ཞེས་པའི་དོན་ནོ། །དེ་རྣམས་ནི་ར་མགོ་ལྡན་པའི་ཇ་ཡིག་གི་འཇུག་པའོ། །བས་འཕུལ་ར་མགོ་ལྡན་པའི་ཇ་ཡིག་གི་འཇུག་པ། བརྗེད་པ་ནི་མ་དྲན་པའོ། །བརྗེད་བྱེད་ནི་གདོན་ནོ། །གཟི་བརྗིད་ནི་ཕ་རོལ་ཟིལ་གྱིས་གནོན་པ་ཉི་ མའི་འོད་ཟེར་ལྟ་བུའོ། །བརྗིད་ནི་ལྷུན་ཆགས་པ་བརྟན་བརླིང་ཅན་ནོ། །བརྗེ་དང་བརྗེས་ནི་ནོར་སོགས་ཕན་ཚུན་ངོ་བསྒྱུར་བ་སྟེ། བྱ་འདས་ཀྱི་ཁྱད་པར་རོ། །མ་བརྗེད་ནི་དོན་དྲན་བཞིན་པའམ། དྲན་བསྐུལ་ལོ། །བརྗོད་བྱ་ནི་དོན་ནོ། །བརྗོད་ནི་ཚིག་གིས་སོ། །དེ་རྣམས་ནི་བས་འཕུལ་ར་མགོ་ལྡན་པའི་ཇ་ཡིག་གིས་འཇུག་པའོ། །ལ་མགོ་ལྡན་པའི་ཇ་ཡིག་གི་འཇུག་པ། ཡུལ་ལྗོངས་ནི་ཡུལ་ཕྱོགས་སམ་ཡུལ་རིས་སོ། །ལྗང་བུ་ནི་ལོ་ཐོག་དང་མེ་ཏོག་སོགས་ཀྱི་མྱུ་གུའོ། ། འི་ནི་འབྲེལ་བའི་ཚིག་གོ། །ལྗན་ལྗིན་ནི་མི་གཙང་བའི་སལ་སུལ་ལོ། །ཁྲོད་ནི་ཚིག་གྲོགས་སོ། །ལྗོན་ཤིང་ནི་རྐང་འཐུང་ཤིང་སོགས་སྔོ་ཞིང་ལྡེམ་པའོ། །ལྗིད་ལྕི་ནི་ལྗིད་ཆེན་པོ་སྟེ་ལྕགས་སོགས་ལྕི་བའི་ རིགས་ལྟ་བུ། སྨན་ལྗོངས་ནི་སྨན་སྐྱེ་བའི་གནས་ཏེ། སྤང་ ལྗོངས་ཀྱང་ངོ༌། ལྗང་ནི་ཁ་དོག་གོ། །རོ་འཛིན་ལྗགས་ནི་ལྕེའོ། །སོགས་ནི་འདིར་མདོར་ཙམ་བརྗོད་པར་ལྟར་ གཞན་ཡང་ཤེས་པར་བྱ་དགོས་ཞེས་པ་སྟེ། དེ་རྣམས་ནི་ལ་མགོ་ལྡན་པའི་ཇ་ཡིག་གི་འཇུག་པའོ། ། ཉ་རྐྱང་གི་འཇུག་པ། ཉམས་རྟོགས་ཀྱི་ཉམས་ནི་བདེ་གསལ་མི་རྟོག་པའི་ཉམས་ཀྱི་འཆར་སྒོ་དང། རྟོགས་ནི་སེམས་ཉིད་ཀྱི་ངོ་བོ་རྟོགས་པའོ། །ཉིང་ཁུ་ནི་ཆང་དང༌། མར་དང༌། སྨན་སོགས་ཀྱི་ཡང་ཞུན་ལྟ་བུའོ། །ཉག་གཅིག་གཅིག་ཁོ་ནའོ། །ཉབ་ལག་པས་ཚུར་ཉབ་པའོ། །ཉ་མ་ནི་སློབ་མ་བུད་མེད་ཡིན་ནའོ། ། ཉག་མོ་ནི་བརྡ་རྙིང་སྟེ། བརྡ་གསར་ལ་ནག་མོ་ཟེར། དོན་བུད་མེད་ཡིན། ཉག་ཉག་ཟེར་བའང་མོ་མཚན་ནོ། །ཉིས་འགྱུར་དང་སུམ་འགྱུར་ནི་ཡར་འཕེལ་དང་མར་འགྲིབ་གཉིས་ཀར་རོ། །ཉུང་ནི་མང་པོ་ལས་མར་ཕྲི་བའོ། །སྤུ་ཉག་ནི་སྤུ་རྐང་གཅིག་གོ། །ཉལ་ཉིལ་ནི་དངོས་པོ་འབལ་ལེ་འབོལ་ལེ་དང༌། བོད་པའི་ཕལ་ཚིག་ཏུ་ཛ་རེ་ཛོ་རེ་ཟེར་བའོ། །ཉ་ལྟོ་པ་ནི་གྲུབ་ཆེན་ལཱུ་ཧི་པ་སྟེ་ཉའི་རྒྱུ་མ་གསོལ་བའི་མཚན་ནོ། །ཉམ་ཉེས་ནི་སྡུག་བསྔལ་ཞིང་གུད་པའོ། །ཉོན་མོངས་ནི་དུག་ལྔས་གཟིར་བའོ། ། ཉམ་ང་ནི་ཉམ་ཐག་པ་དང་བག་འཁུམས་པའོ། །ཉེ་ནི་ཐག་ཉེ་དང༌། གཉེན་ཉེའོ། །ཉིང་ཤ་{ཉིང་ཤ་ནི་བརྡ་རྙིང་སྟེ། རང་ཤའོ། །འབུམ་ཊིཀ་རྣམས་སུ་ཉིང་ཤ་ཟ་བ་རང་ཤ་རང་གིས་ཟ་བ་ལ་བཤད་དོ། ། }ནི་རང་ཤ་ལའང་ཟེར་ཞིང༌། རྒྱ་ཡུལ་ན་གསོ་བྱ་བཅུ་དུས་གཅིག་ཏུ་གསོས་ཤིང༌། དེ་ནས་རིམ་གྱིས་བྱ་དགུ་པོ་བསད་ནས་དེ་རྣམས་ཀྱི་ཤ་བྱ་ཕོ་གཅིག་པུ་དེ་ལ་བྱིན་ནས། བྱ་མོ་ཞིག་རྒྱང་རིང་དུ་བྱ་ཕོ་དེ་ལ་བསྟན་པས་ཁོའི་སྟོབས་རྒྱས་ནས་ཆགས་པའི་དབང་གིས་ཤི་བ་དེའི་ཤ་སྟོབས་བསྐྱེད་པའི་སྨན་མཆོག་ཏུ་གྱུར་པ་དེ་ལ་བཞེད་དོ། །འི་ནི་འབྲེལ་བའི་ཚིག་གོ། །ཉོད་པ་ནི་བྱིས་པ་ལ་ཁ་ཟས་ཉོད་པའོ། །ཉེས་འབྱུང་ནི་ནོངས་པའི་རྣམ་སྨིན་ནོ། །ཉེན་ནི་སྡུག་བསྔལ་གྱིས་མནར་བའོ། །ཉམ་ཆུང་ནི་ཁ་རྗེ་དབང་ཐང་སྟོབས་འབྱོར་ སོགས་དམན་པའོ། །ཉམ་ཐག་ནི་སྡུག་བསྔལ་གྱིས་གཙེས་པའོ། །ཉིན་མཚན་ནི་གོ་སླའོ། །ཉལ་ནི་མལ་དུའོ། །ཉམས་དགའ་ནི་སེམས་སྐྱིད་པའོ། །འི་འབྲེལ་སྒྲའོ། །ཉིང་དགོས་ནི་སྤྱི་ལས་བྱེ་བྲག་གི་གནད་དོན་ནོ། །ཉེ་བར་ཉོན་ནི་ཐག་མི་རིང་བར་མྱུར་དུ་རྣ་བ་གཏོད་ནས་སོ། །སྤོས་ཉུག་ནི་སྤོས་ཆུ་སོགས་བྱུག་པའོ། །ལག་ཉ་{ལག་ཉ་ནི་བརྡ་རྙིང་སྟེ་བྱིན་ལེན་མ་བྱས་པར་ལེན་པ། }ནི་སྟེར་མཁན་མེད་པ་ལེན་པའོ། ། ས་ནི་བྱེད་སྒྲའོ། །ཉན་ཐོས་ནི་བཅོམ་ལྡན་འདས་ཀྱི་འཁོར་རོ། །ཉམས་ནི་དམ་ཚིག་དང་སྡོམ་པ་ཡན་ལག་སོགས་སོ། །ཕོ་ཉ་ནི་མངག་གཞུག་གོ། །ཉི་མ་ནི་གནམ་ལ་འཆར་བ་དང༌། དེ་རིང་གི་ཉི་མ་ལྟ་བུའོ། །འི་འབྲེལ་ཚིག་གོ། །ཉེན་ཀོར་ནི་ཐག་ཉེ་བའི་སྐོར་རོ། །དུ་ནི་ལ་དང་ཆོས་མཚུངས་པ་སྟེ་གནས་གཞིའོ། །ཉ་ཤ་ནི་གོ་སླའོ། །ཉ་ག་ནི་ཇ་མར་སོགས་ལྕི་ཡང་འདེགས་བྱེད་དོ། ། ཉི་ཤུ་ནི་གྲངས་སོ། །ཉོས་ནི་རིན་བཅལ་ཏེའོ། །ཉིང་ཏོར་ནི་བརྡ་རྙིང་སྟེ། སྐད་གསར་བཅད་ལྟར་ན་ངེས་པར་རོ། །ཆུ་ཉོག་ནི་འདམ་དང་འདྲེས་པའོ། །ཉེ་རེག་{ཉེ་རེག་ནི་བརྡ་རྙིང་སྟེ། གྲུས། }ནི་ཁྲུས་ཀྱི་བྱ་བའོ། །ཉང་ནི་རུས་ཏེ། མངའ་བདག་ཉང་རལ་སོགས་སོ། །ཉེ་གནས་{ངག་སྒྲོན་སྡེ་དགེ་སྤར་མར། ཉེ་ནས་ཞེས་ཡོད་པ་ནི་སྔོན་འཇུག་ཆད་པར་སྣང་ངོ༌། ། }ནི་བཅོམ་ལྡན་འདས་ཀྱི་ཀུན་དགའ་བོ་ལྟ་བུའོ། །ཉུག་རུམ {ཉུག་རུམ་ནི་བརྡ་རྙིང་སྟེ། རླིག་ ཕྱུང༌། } ནི་རྒྱ་དཀར་དུ་བཙུན་མོའི་ཞབས་ཕྱི་སྐྱེས་པ་རླིག་འབྲས་ཕྱུང་བ་དེའོ། །ཉན་རྣ་ནི་གང་བྱེད་ལྟ་བུའི་ཉུལ་མ་དང༌། ལྐོག་ ཉན་བྱེད་པ་ཡང༌། ཉིད་ནི་ང་ཉིད་དང༌། ཁྱོད་ཉིད་ལྟ་བུའོ། །ཉག་ཕྲན་{ཉག་ཕྲན་ནི་བརྡ་རྙིང་སྟེ། མདའ། } ཉ་རྒྱས་ནི་ཚེས་བཅོ་ལྔ་ལ་ཟླ་བའི་དཀྱིལ་འཁོར་ཉ་གང་སྟེ་ཡོངས་སུ་རྫོགས་པའོ། །དེ་རྣམས་ནི་ཉ་རྐྱང་ངོ༌། །གས་འཕུལ་ཉ་ཡིག་གི་འཇུག་པ། དཔུང་གཉེན་ནི་རང་ལ་ཕན་པའི་དཔུང་གྲོགས་དང་མགོ་འདོན་པའོ། །བཤེས་གཉེན་ནི་ཕ་མ་དང་འདྲ་བའི་བླ་མ་དགེ་བཤེས་སོ། །གཉིས་ནི་གྲངས་སོ། །ཀྱི་ནི་འབྲེལ་སྒྲའོ། །གཉེན་ནི་ཉེ་འབྲེལ་ལོ། །གཉའ་ཤིང་ནི་ཞིང་རྨོ་དུས་དུད་འགྲོའི་གཉའ་བར་དགོས་པ་དེའོ། །གཉེར་བ་ནི་རྒྱུ་ནོར་འདོན་འཇུག་གི་དོ་དམ་པ་དེའོ། །ཁྲོ་གཉེར་སྤྲོ་ལངས་ཏེ་བཞིན་རས་བསྡུས་པའོ། ། དང་ནི་སྡུད་ཚིག་གོ། །བཀའ་གཉན་ནི་ཆོས་སྐྱོང་སོགས་ཡུལ་གཉན་པ་དང༌། གཙང་སྐད་དུ་གྲོགས་པོ་ལའང་བཀའ་གཉན་ཟེར་རོ། །གཉན་ནད་ནི་རྨ་སོགས་ས་བདག་གི་ནད་དོ། །དུད་འགྲོ་གཉན་ནི་རི་དྭགས་རྭ་ཅོ་ཐེག་དཀའ་བ་ཅན་ནོ། །གཉའ་བོ་{ངག་སྒྲོན་མཆན་མ་འགའ་ཞིག་ཏུ། གཉན་བོ། ཞེས་པ་བཅོས་ཏེ། བག་མའི་ཕ་མིང་ཕྱོགས་ཀྱི་གཉེན་བོ་དང༌། བླ་མ་དང་སློབ་དཔོན་ཁྲི་འདོན་སྐབས་ཕ་མིང་ཕྱོགས་ཀྱི་སྐྱེལ་མ་ལའང་འཇུག་གོ ། ཞེསའགྲེལ་མཛད་པའང་སྣང་ངོ༌། །གཉའ་བོ་ནི་བརྡ་རྙིང་ཡིན་ནོ། །གསར་གཅད་ལ་དཔང་པོའོ། ། }ནི་དཔང་པོའོ། ། དོན་གཉེར་ནི་འབད་རྩོལ་ལོ། །གཉན། གཉགས། གཉོས། འདི་གསུམ་ནི་རུས་མིང་ངོ༌། །གཉིད་ནི་ཉལ་ནས་སོ། །ཀྱི་ནི་དྲུག་པའི་སྒྲའོ། །གཉེན་པོ་ནི་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་ལྟ་བུའོ། །ར་ནི་ལ་དང་ཆོས་མཚུངས་པའོ། །གཉའ་ལྟག་ནི་མགོ་བོའི་རྒྱབ་རྩ་ལྟག་པའོ། །གཉུལ་ནི་ལག་པས་གཉུལ་བའམ། མྱུལ་བའོ། ། གཉི་གཟེར་{གཉི་གཟེར་ནི་བརྡ་རྙིང་སྟེ་ཉི་ཟེར། }ནི་ཉི་ཟེར་རོ། །གཉིག་ཏུ་ནི་གཅིག་ཏུའོ། །ལུས་གཉོང་ཆུང་ནི་ནད་སོགས་ཀྱིས་མནར་བས་ཆུང་བའམ། ལུས་སྟོབས་ཉམས་ཆུང་བའང་བཞེད་དོ། །གཉའ་རེངས་ནི་ལྟག་ལོག་སོང་ནས་འགུག་ཏུ་ མེད་པའམ། བྱིས་པ་ངན་ལོངས་སུ་ཤོར་བ་ལྟ་བུ། གཉེན་མ{ནི་སུལ་ལུ་ཡིན་པར། སྡེ་གཞུང་སྤྲུལ་སྐུས་གསུངས། }ནི་ནང་ཁྲོལ་རྒྱུ་མའོ། །ཉག་པོ་ནི་ཉག་ཉག་གོ། །གཉེག་ནི་ལག་པས་སྙེགས་པའོ། །གཉུག་མའི་དོན་ནི་ཡེ་ནས་སམ། དང་པོ་ཉིད་ནས་སམ། རྟག་པར་རམ། རྒྱུན་ལྟ་བུའི་དོན་ཡིན་སྙམ་སྟེ། འདིར་སེམས་ཀྱི་གནས་ལུགས་སམ། གཤིས་མ་བཅོས་པ་ལ་བཤད་ཅིང༌། གཞན་ཡང་གཉུག་མར་གནས་པའི་གནས་བརྟན་རྒན་པོ་དང༌། བཀའ་སྲུང་དཀོར་བདག་སོགས་ལ་དཔྱད་པས་ཤེས་སོ། །སོགས་ནི་གཞན་ཡང་བློས་སྤྲོས་ཏེ་ཤེས་པར་བྱ་དགོས་ཞེས་པའི་དོན་ནོ། ། དེ་རྣམས་ནི་གས་འཕུལ་ཉ་ཡིག་གི་འཇུག་པའོ། །མས་འཕུལ་ཉ་ཡིག་གི་འཇུག་པ། མཉན་པ་ནི་ཆུ་བོ་ལས་གྲུ་འདོན་པའི་གྲུ་པ་ཟེར་བ་དེའོ། །ཐུགས་མཉེས་ནི་དགྱེས་པ་སྟེ་སེམས་དགའ་བ་ ལ་ཞེ་སའི་ཚིག་སྦྱར་བའོ། །རྣ་བས་མཉན་ནི་ཉན་པའོ། །མཉད་མཉེས་{མཉེད་མཉེས་འགྲེང་བུ་དགོས་པ་སྡེ་གཞུང་སྤྲུལ་སྐུས་གསུངས་སོ། ། } ནི་ཀོ་པགས་སོ། །ཤིང་མཉེན་ནི་འཇམ་ཞིང་ལྡེམ་ལྡེམ་དུ་འདུག་ པའོ། །མཉན་ཡོད་གནས་ནི་རྒྱ་གར་ཡུལ་དབུས་ཀྱི་གྲོང་ཁྱེར་རོ། །མཉམ་གཞག་ནི་བསམ་གཏན་གྱི་ཏིང་ངེ་འཛིན་ནོ། །མཉམ་མེད་ནི་མཚུངས་ཟླ་མེད་པའོ། །མཚུངས་པའི་མཉམ་ནི་རིགས་རུས་ལང་ཚོ་ སོགས་འདྲ་བའོ། །ར་མཉེ་ནི་རྩ་བ་ལྔའི་སྨན་ནོ། །གཉེན་གཤིན་ནི་སེམས་ལ་འཐད་པའི་རྩེ་གྲོགས་སོ། ། དེ་རྣམས་ནི་མས་འཕུལ་ཉ་ཡིག་གི་འཇུག་པའོ། །ར་མགོ་ལྡན་པའི་ཉ་ཡིག་གི་འཇུག་པ། འདམ་རྙོག་ནི་ཆུ་རྙོག་གོ། །རྙེད་བཀུར་གྱི་རྙེད་པ་ནི་ཆོས་མཐུན་གྱི་ཡོ་བྱད་སྦྱོར་བ་ལ་གོ་དགོས་པ་འདྲ་ཞིང༌། བཀུར་ནི་བསྟོད་བསྔགས་བསྙེན་གསུམ་གྱིས་གོང་དུ་བཀྱག་པའི་དོན་ཡིན་པར་སྙམ་སྟེ། ཡར་ཀླུང་པས་འཇམ་དབྱངས་ས་པཎ་གྱི་བསྟོད་པར། རྙེད་དང་བཀུར་བསྟི་བསྒྲུབ་པས་མཆོད་བྱས་སོགས་གསུངས་པས་སོ། ། གསར་རྙིང་ནི་འདུས་བྱས་ཀུན་ལ་ཐུན་མོང་དུ་འོང་བས་གོ་སླའོ། །རྙེད་ནི་སྔོན་མེད་གསར་དུ་ཐོབ་པའམ། སྔོན་ཡོད་བོར་བ་ཚུར་འབྱོར་བའོ། །སོ་རྙིལ་ནི་སོའི་རྩ་བའི་སྐན་ཤའོ། །རྙང་མ་{རྙང་ནི་བརྡ་རྙིང་སྟེ། བརྙང༌། ཞེས་བ་འཕུལ་ཅན་ཡང་ཡོད། གསར་བཅད་ལ་འཁྲུ་བ་ཡིན། }ནི་ཕྱི་ས་སླ་བའོ། །རྙོང་དང་རྙི་གཉིས་ནི་དོན་གཅིག་སྟེ་རི་དྭགས་འཛིན་བྱེད་དང་བྱ་རྒྱའང་ངོ༌། །ལྕང་རྙིད་{ངག་སྒྲོན་མཆན་མ་འགའ་ཞིག་ཏུ། ལྕགས་གཉིད་ཅེས་གས་འཕུལ་ཅན་དུ་བཅོས་པའང་སྣང་ངོ༌། ། གཉིད་ཀྱི་བརྡ་དག་ལ་ག་གཉིད་འཐད་ཀྱང་སྐབས་འདིར་ར་མགོ་ཅན་གྱི་ཉ་ཡིག་གི་འཇུག་པ་བཤད་པའི་སྐབས་ཡིན་པས་དཔྱད་པར་བྱའོ། ། }ནི་བཙུགས་ཤིང་ལྕང་མ་མེ་ཉིས་གདུང་བའོ། །མ་རྙོག་ནི་ཆུ་མ་རྙོག་པ་སོགས་སོ། །ཨནྡ་རྙིལ་ནི་ནོར་བུ་ཨིནྡྲ་ནཱི་ལའོ། །རྐང་པ་རྙོང་{རྙོང་པ་ནི་བརྡ་རྙིང་སྟེ་བརྐྱང་ བ། } ནི་ཕྱིར་བརྐྱང་བའོ། །སོགས་ནི་གཞན་ཡང་རིགས་པས་བརྟགས་ཏེ་ཤེས་པར་བྱ་དགོས་ཞེས་པའི་དོན་ནོ། ། དེ་རྣམས་ནི་ར་མགོ་ལྡན་པའི་ཉ་ཡིག་གི་འཇུག་པའོ། ། ས་མགོ་ལྡན་པའི་ཉ་ཡིག་གི་འཇུག་པ། གོ་སྙོད་ནི་སྔོ་སྨན་ནོ། །སྙིང་པོ་ནི་སྐྱེ་དགའི་སེམས། འོ་མའི་མར། རྩ་བ་སྡོང་བུ་ལོ་མར་བཅས་པའི་འབྲས་བུ། གཏམ་མང་པོའི་ནང་གི་མདོ་དོན་སོགས་ཤིན་ཏུ་མང་ངོ༌། ། སྙིད་མོ་ནི་ཁྱོའི་སྲིང་མོ་དང༌། མིང་པོའི་སྲིང་མོ་ཡང་བཤད་དོ། །འི་ནི་འབྲེལ་སྒྲའོ། །སྙིང་ནི་ནང་ཁྲོལ་གྱི་གཙོ་བོའོ། །སྤུ་སྙོལ་ནི་ཁྲོ་བ་བསྐྱུངས་པ་སྟེ་ཞི་བའོ། །ཆང་སྙོལ་ནི་ཆང་ལ་ཕབ་བཏབ་སྟེ་སྦས་པའོ། །སྙེ་ཕུང་སྙོལ་{བསྙོལ་ནི་འོག་ནས་རྒྱལ་མཚན་ སྙོལ་ཞེས་འབྱུང་ལ། འདི་ནི་སྙིལ་ཞེས་འགྲེལ་ན་ལེགས་སྙམ། སྡེ་གཞུང་སྤྲུལ་སྐུའི་དག་ཡིག་ལས་ཀྱང༌། སྙེ་ཕུང་སྙིལ་ཞེས་འབྱུང་ངོ༌། ། སྙེ་ཕུང་ཡང་འཐད་ཆེ། }ནི་སྙེ་མའི་ཕུང་པོ་ཡར་མར་བསྒྱེལ་བའོ། །ཐ་སྙད་ནི་ཚིག་གིས་ཤེས་བརྗོད་འཇུག་གསུམ་ནུས་པའོ། །ཇི་སྙེད་ནི་ཅི་མཆིས་པའོ། །དེ་སྙེད་ནི་ཡོད་ཚད་དོ། །སྙམ་ནི་བསམ་པའོ། །སྙེམས་ནི་ང་རྒྱལ་དང༌། འཛིན་རྟོག་གོ། །དང་ནི་སྡུད་ཚིག་གོ། །སྙུན་ནི་ནད་ལ་ཞེ་སའི་ཚིག་གོ། །མེད་ནི་དགག་སྒྲ་སྟེ་ཚིག་གྲོགས་སོ། །སྙན་ཤལ་ནི་རྣ་བའི་པགས་པ་མར་འཕྱར་བ་དེ་དང༌། སྙི་ནི་རེག་བྱ་དང༌། དངོས་པོ་གཞིག་སླ་བའོ། །སྙོམས་འཇུག་ནི་མཉམ་བཞག་གོ། །ཡབ་ཡུམ་བདེ་བའི་མཉམ་སྦྱོར་ཀྱང༌། བཏང་སྙོམས་ནི་ཉེ་རིང་ཆགས་སྡང་མེད་པའོ། ། སྙོམ་ལས་ནི་ལེ་ལོ་ཅན་ནོ། །དང་ནི་སྡུད་ཚིག་གོ། །བསོད་སྙོམས་ནི་དགེ་སློང་གིས་གསོག་འཇོག་སྤངས་ནས་ཉིན་རེའི་ཟ་མ་ཉིན་རེར་སློང་བའོ། ། སྙུགས་སྲེངས་ {ངག་སྒྲོན་མཆན་མ་འགའ་ཞིག་ཏུ། སྙུག་བསྲིངས། ཞེས་སྙུག་མ་ས་མཐའ་སྤང་ཞིང༌། བསྲིངས་ལ་བ་འཕུལ་སྦྱར་བ་ཡང་སྣང་ངོ༌། །}ནི་རྒྱུན་མི་འཆད་པར་ཡུན་བསྲིངས་པའོ། །སྙེག་སར་སྙོགས་ནི་འགྲོ་སར་སོང་བའི་དོན་ནོ། །སྙིང་རྗེ་ནི་སྡུག་བསྔལ་ཅན་ལ་མ་བཟོད་ནས་སྙིང་རྗེ་སྐྱེ་བ་སྟེ། སྡུག་བསྔལ་དེ་དང་བྲལ་འདོད་ཀྱི་སེམས་སོ། །འི་ནི་འབྲེལ་སྒྲའོ། །སྙིམ་པ་ནི་ལག་པའི་ཁྱོར་བའོ། །སྙོབས་ནི་{རིང་ཐུང་མེད་པ་ལྟ་བུའི། }སྙོམས་པ་ལ་ཟེར། ལ་ནི་གཞིའི་དོན་ཏོ། །སྙེས་ནི་སྔས་ལའོ། །སྙོན་མོངས་ནི་དུག་ལྔའོ། །སྙད་འདོགས་ནི་ཟག་པ་གསོག་པའམ། །སྙད་བསྐུ་བའོ། །རྒྱལ་མཚན་སྙོལ་ནི་ས་ལ་ཕབ་ནས་བཞག་པའོ། །གཏམ་སྙན་ནི་སྐད་ཆ་སྙན་པའོ། །སྙིགས་དུས་ནི་ཚེ་དང་དུས་དང་སེམས་ཅན་དང༌། ཉོན་མོངས་པ་ལྟ་བ་རྣམས་སྙིགས་མའོ། །སྐུད་པ་སྙོད་{ངག་སྒྲོན་མཆན་མ་འགའ་ཞིག་ཏུ་སྐུད་པ་སྙེད། ཅེས་འགྲེང་བུ་ཅན་ཡང་སྣང་ངོ༌། །}ནི་ཕྲ་སྦོམ་མེད་པར་མཁལ་པའི་རིམ་པ་བཞིན་གཏོང་བའོ། །སྙང་དང་སྙོགས་ནི་བུ་ལོན་སོགས་བསྙགས་འདེད་བྱེད་པའོ། །སེམས་སྙོམས་ནི་བཟང་ངན་རྟོག་དཔྱོད་མི་འཇུག་པའོ། །དེ་རྣམས་ནི་ས་མགོ་ལྡན་པའི་ཉ་ཡིག་གི་འཇུག་པའོ། ། བས་འཕུལ་ར་མགོ་ལྡན་པའི་ཉ་ཡིག་གི་འཇུག་པ། གཟུགས་བརྙན་ནི་མེ་ལོང་སོགས་སུ་ཤར་བའོ། །སྒྲ་བརྙན་ནི་སྒྲག་ཆ་དང་པི་ཝཾ་སོགས་སོ། །གཞན་ལ་བརྙས་ནི་གཞན་དམོད་ཅིང་བརྙས་བཅོས་བྱེད་པའོ། །མངའ་བརྙེས་ནི་རང་དབང་ཐོབ་པའོ། ། ཕྱག་བརྙན་{ཕྱག་བརྙན་ནི་བརྡ་རྙིང་སྟེ། འཁོར་གཡོག}ནི་འཁོར་གཡོག་གོ། །བརྙན་པོ་{བརྙན་པ་ནི་བརྡ་རྙིང་སྟེ། གཡར་བ། }ནི་གཡར་པོའི་དོན་ནོ། །འི་ནི་འབྲེལ་སྒྲའོ། །བརྙས་ནི་གཡར་ཚར་བའི་འདས་ཚིག་གོ། ། གོས་བསྙིངས་ནི་གོས་ཧྲུལ་ནས་གྱོན་མི་ལོ་བ་སྟེ། འདས་ཚིག་གོ། །ཁ་བརྙོངས་{ཁའི་ནང་དུ་འདོབ་ཅིང་དྲེག་པ་ཆག་པའོ། །ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་ཀྱང་དཔྱོད། }ནི་ཟ་མ་ཞིམ་པོ་ཟོས་པས་ཁ་རྙོག་སྟེ་ད་དུང་ཟ་འདོད་པའོ། ། སྣང་བརྙན་བརྙན་ནི་མཐོང་ཐོས་བསམ་པའི་སྣང་ངོར་གང་འདུལ་སྤྲུལ་པའི་གཟུགས་ཀྱི་རྣམ་རོལ་སྣང་བའོ། ། དེ་རྣམས་ནི་བས་འཕུལ་ ར་མགོ་ལྡན་པའི་ཉ་ཡིག་གི་འཇུག་པའོ། །བས་འཕུལ་ས་མགོ་ལྡན་པའི་ཉ་ཡིག་གི་འཇུག་པ། དགེ་བསྙེན་ནི་སྣ་གཅིག་སྲུང་བ་དང༌། སྣ་འགའ་སྲུང་བ། ཕལ་ཆེར་སྲུང་བ། ཡོངས་རྫོགས་སྲུང་བ་སོགས་མང་ངོ༌། །བསྙེན་གནས་ནི་ཉིན་ཞག་མཐའ་ཅན་གྱི་སྡོམ་པ་ཡན་ལག་བརྒྱད་སྲུང་བའོ། །བསྙེན་རྫོགས་ནི་དགེ་སློང་ངོ༌། །བསྙེན་ནི་བརྟེན་པའི་དོན་ཏོ། །བསྙོན་ཅན་ནི་ལོག་པར་འཇུག་པ་སྟེ་བརྫུན་བདེན་པར་བསྙོན་པ་ལྟ་བུའོ། །བསྙོན་དོར་ཡང་ཡིན་པ་ལ་མིན་པར་ཟློ་བ་དང༌། བསྙོན་ཏོལ་ཡང་དོན་མེད་བསྙད་འདོགས་པའོ། ། དང་ནི་སྡུད་ཚིག་གོ། །བསྙེན་སྒྲུབ་ནི་ལྷའི་སྒོམ་བཟླས་སོ། ། བསྙེན་བཀུར་ནི་ཡུལ་དམ་པ་རྣམས་ལ་ཞབས་ཏོག་བཀུར་བསྟིའོ། །ཕྱེ་མར་བསྙེལ་ནི་སྙེ་མའམ། གོང་བུ་བཏུལ་ནས་ཕྱེའི་ཕུང་པོར་བྱས་པའམ། འབྲི་རིགས་བཏགས་ནས་ཕྱེའི་ཕུང་པོ་བྱས་པ་ལྟ་བུ་མང་ངོ༌། ། གཏམ་བསྙད་ནི་སྐད་ཆ་བཤད་པའོ། །བསྙམས་ནས་ནི་ཕན་ཚུལ་མཉམ་པར་བྱས་ནས་སོ། །ལག་པ་བསྙུལ་ནི་བཀྲུས་པའི་དོན་ནོ། །ཕྱིར་བསྙིལ་ནི་གྱེན་དུ་བསླང་བ་མར་ས་ལ་ཕབ་པའམ། ཕུང་པོར་སྤུང་པ་ཐང་ལ་གདལ་བའམ། གནས་ནས་ཕྱིར་བསྐྲད་པ་སོགས་མང་ངོ༌། །མལ་བསྙལ་ནི་མལ་དུ་བསྙལ་བ་སྟེ། ཉལ་སར་ཉལ་བཅུག་ནས་གོས་ལག་སོགས་ཀྱིས་བཀབ་པའོ། །ལྷུང་བཟེད་བསྙིགས་ནི་དགེ་སློང་གི་ལྷུང་བཟེད་ལྷག་པོར་འཆང་ལྟུང་བ་བཤགས་པའི་སྐབས་རྒན་རིམ་ནས་ཕྱིར་བསྙིགས་པའི་ལྷུང་བཟེད་ཞན་ཤོས་དེའོ། །ལག་བསྙབས་ནི་ལག་པ་བརྐྱངས་ཏེ་ཅ་ཁ་ཚུར་བླངས་པའོ། །བསྙུང་གཞི་ནད་དོ། །ས་ནི་བྱེད་སྒྲའོ། །བསྙུན་ནི་ན་བ་སྟེ། ཚ་བའི་སྙུན་གྱིས་བསྙུན་ཞེས་པ་ལྟ་བུའོ། །སས་ནི་བྱེད་སྒྲའོ། །བསྙེངས་ནི་འཇིགས་པའོ། །བསྙེལ་མེད་ནི་བརྗེད་མེད་དང༌། བསྙེལ་སོང་ནི་བརྗེད་སོང་བའོ། །ནས་བསྙོང་ནི་འབྲུའི་ཕུང་པོ་བཤིག་པའོ། །ཡོ་བྱད་བསྙུངས་ནི་ཉུང་ངུར་བཏང་བའོ། ། {བསྙུངས་བ་ནི་བརྡ་རྙིང་སྟེ་ཉུང་ངུར་བྱས་པ། }བསྙེན་བསྲིང་ནི་ཉེ་རིང་ངོ༌། །{གསུང་ལ་བསྙེན་བསྲིང་མི་མངའ་བ། །ཞེས་པའང་གསུང་ལ་ཉེ་རིང་མི་མངའ་བ། ཞེས་པའི་དོན་ཡིན་པར། ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། ། བསྙེན་བསྲིང་ནི་བརྡ་རྙིང་སྟེ་རིམ་བཞིན། ཉེ་བ་དང་རིང་བ། } ཟས་བསྙོད་ནི་ལག་པས་ཕ་རོལ་པོའི་ཁར་བླུག་པའོ། །སྐྱུ་གང་བསྙུག་ནི་ཟན་ལ་སྐྱུང་མོ་བྱས་ཏེ་མར་ཁུ་སོགས་སྐྱུ་དེའི་གང་བསྒྲེགས་པའོ། །བསྙེམས་པ་{བསྙེམས་པ་ནི་བརྡ་རྙིང་སྟེ། ང་རྒྱལ། } ནི་ང་རྒྱལ་ལོ། །འི་ནི་འབྲེལ་སྒྲའོ། །རྗེས་བསྙེགས་ནི་ར་མདའ་སོགས་རྗེས་དེད་དོ། །ཁྲོ་གཉེར་བསྙེར་ནི་ཁྲོས་པའི་གདོང་ལ་མི་སྡུག་པའི་མཚན་མ་བྱུང་བའོ། ། དེ་རྣམས་ནི་བས་འཕུལ་ས་མགོ་ལྡན་པའི་ཉ་ཡིག་གི་འཇུག་པའོ། ། ཏ་རྐྱང་གི་འཇུག་པ། ཏེ་པོར་ནི་ངེས་པར་རམ་ཤིན་ཏུའོ། །ཏི་སེ་ནི་གངས་ཏི་སེའོ། །ར་ནི་གནས་གཞིའི་དོན་ནོ། །ཏིལ་མར་སོང་རྣལ་མར་རམ། དྲང་པོར་རམ། ཤར་རེར་སོང་བའོ། །ཛཱ་ཏི། ཏང་ཀུན། ཏིག་ཏ་རྣམས་ནི་སྨན་ནོ། །ཏིལ་ནི་སྡིག་པ་སྦྱོང་བའི་བསྲེག་རྫས་སོ། །ཏུག་ཏུག ། ཏོང་ཏོང༌། ཏོག་ཏོག་རྣམས་ནི་སྒྲ་སྐད་ཀྱི་བྱེ་བྲག་གོ། །ཏེལ་པ་{སྨན་པའི་ ཚུགས་ལྕགས་ཀྱི་མིང༌། } ནི་མཁར་གྱི་ཞལ་བ་དང༌། ཆུ་སྐྱོར་སོགས་རུང་བྱེད་ཤིང་བུ་དེའོ། །ཏོག་རྩེ་ནི་ས་རྐོ་བྱེད་འཇོར་རོ། །དབྱུག་ཏོ་ནི་སྒྲ་ཇི་བཞིན་པའོ། །དང་ནི་སྡུད་ཚིག་གོ། །གཙུག་ཏོར་ནི་དབུའི་མཚན་བཟང་ངོ༌། ཐོར་ཏོ་ནི་ཐོར་ཚུགས་ཏེ། སྐྲ་སྤྱི་བོར་བཅིངས་པའོ། །སྤྱི་ཏོར་ནི་གཙུག་ཏོར་རོ། །ཏོག་ནི་རྒྱལ་མཚན་གྱི་རྩེར་དང༌། རྒྱ་བོད་ཀྱི་ལས་རྟགས་ཞྭ་ལ་བརྒྱན་པ་སོགས་སོ། །མུ་ཏིག་ནི་རིན་ཆེན་དང༌། མེ་ཏོག་ནི་ཡོངས་གྲགས་སོ། །ཏམ་བུ་ལ་ནི་སོ་རྩིའོ། །ལོ་ཏོག་ནི་ས་ལས་སྐྱེས་པའི་འབྲུ་དང་རྩ་བ། ལོ་མ་ཐམས་ཅད་དོ། །རྩི་ཏོག་ནི་རྩི་བཅུད་ལྡན་པའི་རྩྭའོ། །ཟ་མ་ཏོག་ནི་སྣོད་པར་བུ་ལྟ་བུའོ། །ཏིང་འཛིན་ནི་སེམས་རྩེ་གཅིག་པའོ། །དཀོན་མཆོག་ཏ་ལ་ལ་ནི་དཀོན་མཆོག་སྒྲོན་མེ་ཡིན་པ་ལ། དཀོན་མཆོག་ཏ་ལ་འགྱུར་མི་ལེགས། ཡེ་ཤེས་ཏ་ལའང་སྣང༌། ཏིང་ལོ་ནི་ཟན་ཀོང་ངོ༌། ། ཏལ་ཙམ་ནི་དྲི་མ་ཙམ་དང༌། མེར་རམ་མཆོད་པར་ཡང་བཤད་དོ། །ཏིག་ཏིག་མེད་ནི་ངེས་ངེས་མེད་དམ། ཁྲིག་ཁྲིག་མེད་དོ། །ཡོན་ཏན་ནི་དོན་ཐམས་ཅད་རིག་ཅིང་མཁས་པའོ། །ཞབས་ཏོག་བླ་དཔོན་ཕ་མ་སོགས་ལ་མཁོ་བ་ཅི་ཡོད་འབུལ་བའོ། །ནན་ཏན་ནི་ཨུ་ཚུགས་སོ། །དང་ནི་སྡུད་ཚིག་གོ། །ནན་ཏུར་ནི་ནན་གྱིས་སོ། །གལ་ཏེ་ནི་གལ་སྲིད་དང་ཅི་སྟེ་སོགས་དོན་གཅིག་གོ། །གོའུ་ཏ་མ་ནི་ཤཱཀྱ་ཐུབ་པའི་མཚན་ཏེ་སྔོན་གྱི་རུས་རྒྱུད་དོ། །ཁ་ཏོན་ནི་བཟླས་བརྗོད་དོ། །ཞལ་ཏ་ནི་ཁ་ད་བསྒོ་བླག་དང༌། གཡོག་ཕོ་མོ་ལའང་འཇུག་གོ། །ནན་ཏར་ནི་ནན་ཏན་ནོ། །བཟང་ནི་ཚིག་གྲོགས་སོ། །ཏ་ཟིག་ནི་ཡུལ་ལོ། །ཏཱ་ནི་རྒྱ་ནག་གི་སྐད་དེ་ཆེན་པོ་ཟེར་རོ། །མིང་ནི་ཚིག་གྲོགས་སོ། །ཏའི་སི་ཏུ་ནི་རྒྱའི་སྐད་དེ་ནུབ་ཕྱོགས་ཀྱི་འདྲེན་ པ་ཆེན་པོར་ཟེར། ཏི་ཤི་ནི་རྒྱ་ནག་གི་ལས་ཚན་གྱི་མིང༌། {ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས། ཏི་ཤི་འདི་རྒྱ་ནག་གི་སྐད་ཡིན་དཔེ་འགར་ཏི་ཤི་དང༌། ཏི་ཤྲི་ཡོད། དོན་སྤྱི་བོར་བཀུར་བའི་མིང་ངོ༌། །ཞེས་གསུངས་པ་ཉིད་འཐད། }ཏ་དབེན་{ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས། ཏཱ་དབེན་གྱི་རྒྱ་ནག་གི་སྐད་དེ། ཏཱ་དང་དཱ་ཆེན་པོ་དང༌། དབེན་དབང་གི་མིང་སྟེ་བསྡོམས་པས་དབང་ཆེན་པོའམ། ཤད་ཆེན་པོ་སྟེ་དཔོན་པོའོ། ། ཞེས་གསུངས་པ་ནི་ལེགས་བཤད་དུ་མངོན་ནོ། ། }ནི་རྒྱ་ནག་གི་ཟངས་ལྕགས་སོགས་ལས་བྱེད་པའི་མིང༌། ཏ་ཧུར་ནི་ཏ་ཧུང་ཞེས་ཟུར་ཆགས་པས་ཏ་ཧུར་ཏེ། སྤྱིར་གོས་ཁ་དོག་མཚར་བ་སྤྱི་དང༌། བྱེ་བྲག་ དམར་པོ་ཤིན་ཏུ་དྭངས་བ་ཞིག་ལ་འཇུག་གོ། །དང་ནི་སྡུད་ཚིག་གོ། །ཏྭ་ར་ཎ་ནི་རྟ་བབས་སོ། །དང་ནི་སྔ་མ་ལྟར་རོ། །ཏེའུ་ཤང་ཁྲི་ནི་ཤིང་གི་ཁྲི་ཆུང་ངོ༌། །{བྱ་ཤང་ཤང་ཏེའུའི་ཁྲི་ཡིན་པར་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། །}ཏམ་བུ་ར་ནི་སྒྲ་སྙན་དང༌། པི་ཝང་ངོ༌། །དང་ནི་སྔ་མ་ལྟར་རོ། །ཏིང་ཏིང་ཤག་ནི་ཏིང་ཤག་གོ། །ཀོ་ཏི་ནི་རྒྱ་ནག་ནས་འོངས་པའི་ཤིང་ཁུ་བ་དམར་པོ་ཅན་ནོ། །ཏཱ་ལ་ནི་ཤིང་ངོ༌། །ཏྲེས་སམ་{ཏྲེས་སམ་ཞེས་པ་འདི་སྨན་ཡིག་རྣམས་སུ་འབྱུང་བས་དོན་དུ་སྨན་ཞིབ་པར་བཏགས་པའི་ཕྱེ་མ་ལ་འཇུག་སྟེ་ཞང་ཞང་སྐད་དོ། ། }ནི་རྩ་བའི་མཆན་བུར་ཕྱེ་མ་ལ་བཤད། དོན་དུ་སྨན་སྦྱོར་ཕྱེ་མའི་མིང་སྟེ། ཞང་ཞང་སྐད་དུ་བཤད་དོ། །དང་ནི་གོང་བཞིན་ནོ། །ཤང་ཤང་ཏེའུ་ནི་བྱ་ཤང་ཤང་གི་བུའོ། །ཏེ་ཏེ་བརྡུང་ནི་རྒྱ་རྔ་དྲ་བ་མ་སྟེ། རོལ་མོའི་བྱེ་བྲག་བརྡུངས་པའོ། །འོན་ཏང་ནི་འོན་ཀྱང་ངོ༌། །ལིང་ཏོག་ནི་མིག་ནད་དོ། ། དེ་རྣམས་ནི་ཏ་རྐྱང་ངོ༌། །གས་འཕུལ་ཏ་ཡིག་གི་འཇུག་པ། གཏན་གྱི་ནི་གནས་དུས་སོ། །བསམ་གཏན་ནི་སེམས་བརྩེ་གཅིག་པའོ། །གཏན་ཚིགས་ནི་ཡིག་རིས་སོགས་སྔོན་གྱི་ཆད་དོན་ལོ་རྒྱུས་སོ། །གཏམ་ནི་ཁ་ནས་ཟེར་བའོ། །གཏུན་བུ་ནི་གཏུན་ཁོའོ། །ལག་གཏད་ནི་ལག་ཏུ་གཏད་པའོ། །གཏུན་ཤིང་ནི་གཏུན་ཁོའི་ནང་དུ་རྡུང་བྱེད་དོ། །གཏུབས་ནི་དུམ་བུར་རོ། །རྡུང་གཏག་ནི་རྐུན་མ་སོགས་བརྡུང་གཏག་གོ། །གཏོང་ནི་མངགས་པའོ། །དང་ནི་སྡུད་ཚིག་གོ། །གཏང་རག་གཏོང་ནི་བྱ་བ་ལེགས་པར་གྲུབ་པའི་བྱ་དགའ་སྟེར་བའོ། །གཏེར་མཛོད་ནོར་རྫས་མང་དུ་བཅུག་སའི་མཛོད་མིག་གམ། ཟད་པ་མེད་པའི་མཛོད་དོ། ། ཡོངས་གཏམས་ནི་གཏམ་བྱའི་སྣོད་གང་ཞིག་གཏམ་བྱེད་བཅུད་དེ་ཉིད་ཀྱིས་ཡོངས་སུ་བཀང་བ་སྟེ། བལྟམས་ཀྱང་རུང་ངོ༌། །གཏོར་ཟན་ནི་གཏོར་མའི་ཟན་ནོ། ། གཏོར་ནི་འཐོར་བའོ། །ནོར་གྱི་གཏའ་མ། གཏིང་པ་{དཔལ་ལྡན་བིཪྺ་པའི་བསྟོད་པར། ཆང་ལ་ཉི་མ་གཏིང་པར་གཅུག ། ཞེས་གསུངས་པ་ལྟར་ཆང་རིན་མ་འབྱོར་ཚེ་ཉི་མ་གཏའ་མ་བཟུང་བའི་དོན་ནོ། །ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། ། }གཏའ་སྟེ་འདི་གསུམ་ནི་དམ་བུ་ལོན་སྐྱི་གཡར་{གཏིང་པ་དང༌། གཏའ་ཞེས་ཀྱང་ཟེར་ཏེ་འདུལ་བ་ལས་གཏའ་ཉིས་རིར་བླང་བར་བྱའོ་ཞེས་པ་ལྟ་བུའོ་ཞེས་ཞ་ལུ་ལོ་ཆེན་གྱིས་གསུངས་སོ། ། }བྱས་པའི་བསྐྱེད་ཚབ་མ་བྱུང་བར་དུ་དངོས་པོ་གཞན་ཞིག་དམིགས་རྟེན་དུ་བཞག་པའོ། །གཏན་པ་མེད་པ་ནི་ཕྱི་ནས་རེ་བ་མེད་པའོ། །འི་ནི་དྲུག་སྒྲའོ། །སྦྱིན་གཏོང་ནི་དངོས་པོ་གང་རུང་ལེན་མེད་པར་གཏོང་བའོ། །གཏང་ནི་བྱ་བ་དང་མ་འོངས་པའི་ཚིག་གོ། །གཏུམ་པོ་ནི་ཁྲོ་གཏུམ་ཅན། རྒྱུད་རྩུབ་པོའོ། །འི་ནི་སྔ་མ་ལྟར་རོ། །ཞབས་གཏུགས་ནི་བླ་མ་དཔོན་པོ་སོགས་ཀྱི་ཞབས་ལ་འདུད་པའོ། །ཟད་པའི་གཏུགས་ནི་མཐར་ཐུག་པའོ། །ལྷ་ཆེན་གཏོགས་འདོད་ནི་ལྷ་ཆེན་བརྒྱད་ལས་གཅིག་གོ། །གཞན་ལ་གཏོད་ནི་ནོར་དང་བློ་གཏད་གཞན་ལ་བཅོལ་བའོ། །འབེམ་ལ་གཏོད་ནི་མདའ་སོགས་འཕེན་པའི་གཏད་པའོ། །དང་ནི་སྡུད་ཚིག་གོ། །དམིགས་པ་གཏོད་ནི་སེམས་བསྒོམ་བྱར་གཏད་པའོ། །གཏི་མུག་ནི་མ་རིག་ཅིང་བླུན་ཞིང་རྨོངས་པའོ། །གཏོལ་མེད་ནི་ཆ་རྒྱུས་མེད་ཅིང་ཐབས་དང་བྲལ་བའོ། །ཚང་ནས་གཏོལ་ནི་སྐྱོན་བརྗོད་པའོ། །ཁྲག་གཏར་ནི་གཙག་གུས་རྩ་དབུགས་པའོ། །ཆུ་གཏིགས་ནི་ཁང་པ་དང་སྣོད་སོགས་ལས་ཆུ་ཐིགས་པའོ། །སེ་གོལ་གཏོགས་ནི་མཐེ་བོང་དང་གུང་མོ་སྦྱར་བའི་སྒྲའོ། །བཅོལ་བའི་གཏམས་ནི་དངོས་པོ་གཞན་ལ་ ཉར་བཅུག་པའོ། །དང་ནི་སྡུད་ཚིག་གོ། །གྲངས་ཀྱི་གཏམས་ནི་དཀྲིགས་ཁྲག་དང༌། གཏམས་ཁྲག་གོ། །སྒོ་གཏན་ནི་སྒོ་ལེབ་བོ། །གཏིང་ཟབ་ནི་རྒྱ་མཚོ་ལྟ་བུའོ། །མུན་པ་གཏིབས་ནི་མཐིབས་པའམ་འཁྲིགས་པ་དང་ནམ་སྲོད་པའོ། །གཏོར་བུ་ནི་ཆོས་གོས་སྣམ་སྦྱར་གྱི་ཤུབ་བོ། །སྤོས་གཏུལ་ནི་སྤོས་ཀྱི་དྲི་འཐུལ་བའོ། །རི་བོའི་གཏོས་ནི་རྒྱ་ཁྱོན་ཆེ་བ་སྟེ། བཤེས་སྤྲིང་ལས། ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། ། ཞེས་པ་ལྟ་བུའོ། །མགོ་གཏུམས་ནི་གོས་ཀྱིས་སོ། །མཐར་གཏུགས་ནི་མཐའ་ལ་ཐུག་པའོ། ། ཁོངས་སུ་གཏོགས་ནི་དེ་དང་དེའི་ཆར་གཏོགས་པའོ། །གཏན་ལ་འབེབས་ནི་རྟོག་དཔྱོད་ཀྱིས་ངེས་ པར་བྱེད་པའོ། །སོགས་ནི་གཞན་ཡང་གས་འཕུལ་ཏ་ཡིག་གི་འཇུག་པ་མང་དུ་ཡོད་པ་ཐམས་ཅད་བློས་དཔྱད་དེ་ཤེས་དགོས་པའི་དོན་ནོ། ། དེ་རྣམས་ནི་ གས་འཕུལ་ཏ་ཡིག་གི་འཇུག་པའོ། །བས་འཕུལ་ཏ་ཡིག་གི་འཇུག་པ། སྒྲོ་བཏགས་ནི་ཡོན་ཏན་ཡོད་པ་ལ་མེད་པ་དང༌། མེད་པ་ལ་ཡོད་པ་སོགས་བརྗོད་པའོ། །མིང་བཏགས་རྫས་སོ་སོའི་མིང་ངོ༌། །ཁ་བཏགས་ནི་དར་ཀྱི་མིང་དང༌། གཞན་འཇོམས་ཤིང་མེད་པར་བྱེད་པ་ལའང་བཤད་པ་སྣང་ངོ༌། །བཏགས་ནི་བཀའ་དང་དམ་ལ་དང་ལུས་ལ་རྒྱན་ཆས་དང༌། ཕུར་བ་ལ་རྟ་ནོར་སོགས་བཏགས་པ་སྟེ་མང་ངོ༌། །སྤྱིར་བཏང་ནི་ཀུན་གྱིས་མཐུན་པར་བཟུང་བའི་ལུགས་སྲོལ་གང་ཡིན་པའོ། །བློས་བཏང་ནི་འཁོར་བ་སྤངས་ཏེ་ཐར་བ་བསྒྲུབ་པ་ལྟ་བུའོ། །སྔགས་བཏུ་ནི་རིག་པ་སོགས་མང་པོ་ནས་གནད་ཆེ་བའི་དོན་རྣམས་ཉུང་ངུར་འཐུ་བའོ། ། བཏུས་ནི་བཏུ་ཚར་བའོ། །སྲོལ་བཏོད་ནི་སྔར་མེད་པའི་ལུགས་སྲོལ་གསར་དུ་བཙུགས་པའོ། །གདན་བཏིང་ནི་སྡོད་སྟན་བཀོད་པའོ། །ས་བོན་བཏབ་ནི་ཞིང་སོགས་ས་ལའོ། །བཏང་བཟུང་ནི་ཀླུ་དང༌། རི་བཏང་བཟུང་སོགས་སོ། །ཀླུས་བཏེགས་ནི་ཞབས་ནས་ཡར་ཁུར་བའོ། ། གསོལ་བཏབ་ནི་ཡུལ་དམ་པ་ལ་འདོད་པའི་ དོན་ཞུ་བའོ། །བཏུད་ནི་ཞབས་ལ་འདུད་པའོ། །བཏག་སོ་ནི་ཐ་ག་པའི་ལག་ཆའོ། །རྒྱས་བཏབ་ནི་དབང་ལྷ་སོགས་ཀྱིས་དབུར་བརྒྱན་པ་དང༌། ཡི་གེ་དང་ཅ་ཀ་སོགས་ལ་ཐེའུ་ཚེས་མཚན་རྟགས་བྱས་པ་སོགས་སོ། ། བཟའ་བཏུང་ནི་སྒྲ་ཇི་བཞིན་པའོ། །བཏུབ་ནི་རུང་བའོ། །སྤུ་གཏོགས་ཁ་སྤུ་དང༌། ཀོ་སྤུ་སོགས་འདོན་པའོ། །རྩ་བཏོན་ནི་རྩ་ཤིང་སོགས་རྩ་བ་ནས་འདོན་པའོ། །བཏགས་ནི་ཕྱེ་མར་འཐག་པའོ། །ཤིང་ནི་ཚིག་ཕྲད་དོ། །བཏུལ་ནི་འདུལ་བའོ། །མགྲིན་པ་བཏེག་ནི་ཡར་བསྒྲེངས་བའོ། །སོགས་ནི་གཞན་ཡང་ཤེས་དགོས་པའི་དོན་ནོ། ། དེ་རྣམས་ནི་བས་འཕུལ་ཏ་ཡིག་གི་འཇུག་པའོ། ། ར་མགོ་ལྡན་པའི་ཏ་ཡིག་གི་འཇུག་པ། མི་རྟག་ནི་འཇིག་རྟེན་འཁོར་བའི་འདུས་བྱས་ཀྱི་ཆོས་ཐམས་ཅད་དོ། །རྟབ་རྟབ་ནི་བྲེལ་བ་ལང་བའོ། །དབང་རྟུལ་ནི་རིག་པ་རྣོན་པོ་མིན་པའོ། །རྟགས་ནི་མི་ནོར་བའི་མཚན་མའོ། །མི་རྟོག་ནི་ཡེ་ཤེསཏེ། སེམས་ལ་གཉིས་འཛིན་གྱི་རྣམ་རྟོག་མེད་པའོ། །ཡིད་རྟོན་ནི་ཚིག་ལ་མི་རྟོན་དོན་ལ་རྟོན་པ་ལྟ་བུའོ། །རྟོགས་ལྡན་ནི་སེམས་ཉིད་ཀྱི་དོན་ཤེས་པའོ། །རྟོགས་ནི་ཤེས་བྱ་དེ་བློས་ཤེས་པའོ། །རྟག་ཏུ་ནི་དུས་རྒྱུན་དུའོ། །རྟ་ལ་རྟེའུ་སྐྱེས་ནི་རྟ་རྒོད་མ་ལ་བུ་སྐྱེས་པའོ། །རྟིང་ནི་རྗེས་ཀྱི་བྱ་བ་དང༌། རྐང་པའམ་བྱ་བའི་མཇུག་སོགས་སོ། །རྟོལ་གོག་{བྱིས་པ་ཤེད་མ་སྐྱེ་བ། གོག་ཅིང་འགྲོ་བ་ལྟ་བུ་ལ་འཇུག་ཅེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད་དོ། ། }ནི་འཛོ་མོའི་ བུ་ལྟ་བུ་རིགས་མི་བཙུན་པའོ། །རྟིང་པ་ནི་རྐང་པའི་སོགས་སོ། །རྟོད་པས་བཅིངས་ནི་རྟ་ནོར་སོགས་ཐག་པས་རྟོད་ཕུར་ལ་བཏགས་པའོ། །རུ་རྟ་ནི་སྨན་ནོ། །ས་ནི་བྱེད་སྒྲའོ། །ཉམས་རྟས་ནི་ཤ་ལུས་ཉམས་རྒྱས་པའོ། ། གནས་སུ་རྟོལ་ནི་གདན་སར་སླེབས་པའོ། །མང་རྟུལ་ནི་བླུན་པོའོ། ། བརྟུལ་ཡང་རུང༌། རྟུལ་ཕོད་{རྟུལ་ཕོད་པ་ནི་བརྡ་རྙིང་སྟེ། སྙིང་སྟོབས་ཅན། }ནི་སྙིང་སྟོབས་ཆེ་བའོ། །རྟེན་ནི་དཀོན་མཆོག་གསུམ་གྱི་སྐུ་གསུང་ཐུགས་རྟེན་ནོ། །རྟེན་འབྲེལ་མ་རིག་པ་སོགས་བཅུ་གཉིས་སོ། ། མཆོད་རྟེན་ནི་སྐུ་གདུང་ཆ་བརྒྱད་སོགས་སོ། ། རྟ་བབས་ནི་དཀྱིལ་འཁོར་དང་གཞལ་ཡས་ཁང་གི་སྒོ་སྟེང་ངོ༌། །བྱ་མ་རྟ་{བྱ་མ་རྟ་ནི་བརྡ་རྙིང་སྟེ། བང་ཆེན། } ནི་ཕོ་ཉའམ། བང་མིའོ། །རྟ་ཐུལ་ནི་ཉན་ཐོས་དགྲ་བཅོམ་པའོ། །རྟ་དབྱངས་ནི་སློབ་དཔོན་དཔའ་བོའོ། །རྟོག་གེ་པ་ནི་མཚན་ཉིད་པ། ཕྱིའི་རིག་གནས་ ཁོ་ནར་མཁས་པས། རྟོག་དཔྱོད་བསམ་མནོ་མཁན། མུ་སྟེགས་པ་ལའང་འཇུག་གོ། །མི་གཙང་རྟུག་ནི་སྐྱག་པའོ། །སོགས་ནི་གཞན་ཡང་ཡོད་དོ་ཞེས་པའི་དོན་ནོ། ། དེ་རྣམས་ནི་ར་མགོ་ལྡན་པའི་ཏ་ཡིག་གི་འཇུག་པའོ། ། ལ་མགོ་ལྡན་པའི་ཏ་ཡིག་གི་འཇུག་པ། ལྟོ་འགྲོ་ནི་ལྟོ་བས་འགྲོ་བ་སྦྲུལ་དང་ཆུ་འབུ་འགའ་རེ་སོགས་སོ། །འི་ནི་འབྲེལ་སྒྲའོ། །ལྟག་པ་ནི་ལུས་ཀྱི་གཉའ་བའོ། །དེ་ལྟ་བུ་དེ་འདྲ་བའོ། །ལྟོ་འཕྱེ་ནི་ས་བདག་སྟེ། དེའང་འཕྱེ་ནི་རྐང་པ་མེད་པས་ལྟོ་བས་འགྲོ་བའོ། །འི་ནི་དྲུག་སྒྲའོ། །ལྟེ་བ་ནི་ལུས་ཀྱི་དཀྱིལ་མཚན་ནོ། །ར་ནི་ལ་སྒྲའོ། །ལྟད་མོ་ནི་འཆམས་སྟབས་གླུ་གར་སོགས་ཡུལ་གཟུགས་སོ། །ལྟ་ནི་ཡུལ་ཅན་མིག་གིས་ལོངས་སྤྱོད་པའོ། །ལྟོ་བ་ནི་གྲོད་པའམ། ཕོ་བའོ། །ལྟོ་ནི་བཟའ་བཏུང་ངོ༌། །ཡིས་བྱེད་སྒྲའོ། །ལྟིར་གྱིས་བཀང་ནི་ཇི་ཤོང་བརྫོང་བའོ། །བུར་ལྟ་ནི་བུ་རམ་གྱི་དོ་བོའོ། །འགྲང་ལྟོགས་ནི་ཕོ་བ་ཟས་ཀྱིས་གང་བ་དང་ སྟོང་པའི་དབྱེ་བའོ། །ད་ལྟ་ནི་དུས་སོ། །ལྟོས་ནི་སྐུལ་ཚིག་དང༌། ཕན་ཚུན་ལྟོས་དགོས་པའང་ངོ༌། །ལྟར་སྣང་ནི་འཇིག་རྟེན་པའི་མིག་དང་སེམས་ཀྱིས་བལྟས་པའི་སྣང་བ་ཙམ་ལས་དོན་ལ་མེད་པའོ། །ལྟག་ཆོད་{ལེགས་བཤད་སོམ་ཉིའི་མདུད་ གྲོལ་ལས། ལྟག་ཆོད་ནི་གཞན་གཞུང་མི་འཐད་པ་དགག་པའི་ལུང་རིག་གམ། སུན་འབྱིན་ལྟར་སྣང་ཡིན་ནོ། ། }ནི་སྔར་རྒོལ་ལ་ཕྱི་རྒོལ་གྱིས་སྐྱོན་འཕངས་པ་དེ་ཚུར་ཕྱི་རྒོལ་གྱི་ཐོག་ཏུ་བབས་པའོ། །ལྟ་ལོག་ནི་ཕྱི་རོལ་པའི་ལྟ་བ་ལྟ་བུའོ། །གི་ནི་དྲུག་སྒྲའོ། །ལྟུང་བ་ནི་བཅས་སྡོམ་དང་འགལ་བའི་ཉེས་པས་ ངན་སོང་དུ་ལྟུང་བའོ། །ས་ནི་བྱེད་ཚིག་གོ། །ལྟས་ངན་ནི་མི་རུང་བའི་མཚན་མའོ། །ལྟ་ཅི་སྨོས་ནི་བཤད་མ་དགོས་པའོ། །ལྟེང་རྒྱས་ནི་ཉན་ཐོས་འོད་སྲུང་ངོ༌། །ལྟེང་ཀ་ནི་ཆུ་འཁྱིལ་བའི་རྫིང་བུའོ། །ལྟེམ་གྱིས་གང་ནི་སྣོད་དེ་བཅུད་ཀྱིས་ཁྲིག་གེ་གང་བའོ། །རེ་ལྟོས་ནི་ཕན་ཚུན་རེ་བ་དང་ལྟོས་པའོ། །ལྟ་ཞོག་ནི་ཕར་བསྐྱུར་ལ་ཞོག་ལྟ་བུའོ། །མདའ་ཡི་ལྟོང་ནི་གཞུ་རྒྱུད་ལ་སྦྱར་བའི་ཁ་ཏེ་གོས་ཀྱི་ལྟོང་སྐུད་ཀྱང་ངོ༌། །ལྟར་ལྟར་ནི་མངལ་གྱི་གནས་སྐབས་སོ། །ལྟེམ་རྐྱང་ནི་བརྩོན་འགྲུས་ཐང་ལྷོད་མེད་པའོ། །དེ་རྣམས་ནི་ལ་མགོ་ལྡན་པའི་ཏ་ཡིག་གི་འཇུག་པའོ། །ས་མགོ་ལྡན་པའི་ཏ་ཡིག་གི་འཇུག་པ། སྟོན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །འི་ནི་འབྲེལ་སྒྲའོ། །བཞུགས་སྟངས་ནི་བཞུགས་ཚུལ་གང་ཡིན་པའོ། །བཀུར་སྟི་ནི་དམ་པ་ལ་ཕྱག་མཆོད་ཞེ་སའོ། །སྟོབས་{སྟོབས་པ་ནི་བརྡ་རྙིང་སྟེ། འབྲིམ་པའམ་སྟེར་བ་སྟོབ་ཞེས་ཡང་འཇུག་གི་ས་མེད་པ་ཡང་འབྱུང༌། }ནི་དངོས་པོ་ཡར་མཆོད་མར་སྦྱིན་གྱིས་སྐུལ་ཚིག་གོ། །སྟེས་དབང་{སྟེས་དབང་ནི་བརྡ་རྙིང་སྟེ་སྟོབས་ཤུགས། }ནི་ཆེད་དུ་འབད་རྩོལ་མ་ཡིན་པར་དོན་དེ་ཞོར་ལ་སྟབས་ལེགས་པར་འགྲིགས་ནས་བྱུང་བའོ། །མུ་སྟེགས་ནི་ཕྱི་པའོ། །བྱད་ལྟེམས་ནི་ངན་སྔགས་པའོ། །ཀྱིས་ནི་བྱེད་སྒྲའོ། །མི་སྟོ་ནི་མི་སྐྱོན་ནོ། །ལྟ་སྟངས་ནི་མིག་གིས་ལྟ་ཚུལ་ལོ། །མེ་སྟག་ནི་མེ་དུམ་ཆུང་ངུར་འཕར་ཞིང་འགྲོ་བའོ། །སྟེགས་ནི་མཆོད་པ་དང་དངོས་པོ་གང་ཡང་རུང་བ་བཞག་སའི་སྟེགས་བུའོ། །སྟ་གོན་ནི་བྱ་བ་གང་བྱེད་དེའི་སྔོན་དུ་གྲབ་བཤམ་བྱེད་པའོ། །སྟོང་གྲོགས་ནི་མཉམ་དུ་བསྡངས་ནས་རོགས་བྱེད་པའོ། །ཤ་སྟག་ནི་དེ་ཁོ་ནའོ། །བྱེད་ནི་ཚིག་གྲོགས་སོ། །གཞོགས་སྟེགས་{གཞོགས་སྟེགས་ནི་བརྡ་རྙིང་སྟེ། ཟུར་མིག་གམ་སྒེག་ཆོས་སོགས་ཆགས་པའི་ཉམས་སྟོན་པ། }ནི་བུད་མེད་ཆགས་པའི་དབང་གིས་སྒེག་འཆོས་དང་ཟུར་མིག་སོགས་རྩེ་འཇོ་སྟོན་པའོ། །སྟངས་སྟབས་ནི་འཆམས་དང་གྲོ་གར་སོགས་ལུས་དང་ཡན་ལག་གི་རྣམ་འགྱུར་སྟོན་ཚུལ་ལོ། །ལྟ་ཟུར་{ལྟ་ཟུར་ནི་བརྡ་རྙིང་སྟེ། དཔྱི་མགོ་}ནི་ལུས་ཀྱི་སྤྱི་ཟུར་རོ། །སྟོན་ནི་མ་ཤེས་པ་དང་མ་རིག་པ་དེར། ཤེས་པ་ དང་རིག་པ་དེས་མིག་སེམས་གང་རུང་ལ་བརྡ་ སྤྲོད་པའོ། །ཤིང་སྟག་པ་ནི་གྲོ་ག་ཅན་ནོ། །སྟུག་ཁྲོད་ནི་ཤིང་དང་བྲག་སོགས་འཐུག་པོ་བར་མཚམས་མེད་པའི་གསེང་ངོ༌། །སྟོབས་ཅན་ནི་ཕ་རོལ་ཟིལ་གྱིས་གནོན་པའི་མཐུ་རྩལ་ཅན་ནོ། །སྟག་ནི་གཅན་གཟན་ནོ། །དགྲ་སྟ་ནི་གཡུལ་འགྱེད་པའི་ལག་ཆའོ། །སྟ་རེ་ནི་ཤིང་སོགས་གཅོད་པའི་ལག་ཆའོ། །སྟེའུ་ནི་སྟེས་སོ། །སྟོར་ནི་བོར་བའོ། །སྟར་ཞུན་ཤིང་སྟར་བུའི་ཁཎྜའོ། །སྟར་ཁ་{ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས། སྟར་ཁ་ནི་ཤིང་ཐོག་ཁམ་བུ་ལ་སྟར་ཁ་ཟེར་སྲོལ་འདུག་པ་དེ་འདྲའོ་ཞེས་གསུངས་སོ། ། }ནི་རྡོ་ཞིག་དང༌། ཤིང་ཡང་ངོ༌། །འི་ནི་དྲུག་སྒྲའོ། །སྟོན་མོ་ནི་རྟེན་བཞེངས་སོགས་ལེགས་པར་གྲུབ་པའི་དགའ་སྟོན་དང༌། གཉེན་འབྲེལ་སོགས་ ཀྱི་སྐབས་སུ་ཚོགས་པ་ལ་བཟའ་བཅའ་བཏུང་བའི་རིགས་ཇི་སྙེད་དྲང་བའོ། །སྟེར་ནི་ཕ་རོལ་ལ་ཟས་ནོར་སོགས་སྦྱིན་པའོ། །སྟོད་ནི་ལུས་སོགས་ཀྱི་མགོའི་ཕྱོགས་ཏེ། རིའི་སྟོད་དུ་དང༌། ལུས་ཀྱི་སྟོད་དུ་ལྟ་བུའོ། །ལ་ནི་གནས་གཞིའི་དོན་ཏོ། །སྟན་ནི་གདན་ནོ། །དང་ནི་སྡུད་ཚིག་གོ། །སྟུ་ནི་མོ་མཚན་ནོ། །མ་སྟོན་ནི་གཞན་གྱིས་མ་མཐོང་བར་སྐུངས་ཤིག་པའི་སྐུལ་ཚིག་གོ། །སྟོན་དཔྱིད་ནི་དབྱར་དགུན་གཉིས་ལས་གཞན་པའི་དུས་སོ། །གང་སྟོངས་{གང་སྟོངས་ནི། གང་བ་དང་སྟོང་པ་སྟེ། སྐྱིད་སྡུག་དར་རྒུད་ཕྱུག་དབུལ་ཅི་ཡང་འོང་བ་ལ་ཟེར་རོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད། }ནི་ཡོད་པ་དང་མེད་པའི་འཕེལ་འགྲིབས་སོ། །ཡ་སྟགས་ནི་གླུད་ཡས་ཏེ་གྲོང་ཚིག་ལ། ཡས་སྟགས་ཟེར་རོ། །སྟོང་ནི་མི་སོགས་བསད་པའི་ཚབ་ལ་རྒྱུ་འཇལ་བ་མི་སྟོང་ལྟ་བུའོ། །སྟིམ་བྱེད་ནི་ལྷ་དམ་ཚིག་པ་ལ་ཡེ་ཤེས་པ་གཞུག་པ་དང༌། ས་ལ་ཆུ་བླུག་པ་སོགས་ཀྱི་བྱེད་པའོ། ། སོ་སྟོ་ནི་སོ་གཟེངས་པའོ། །{སོ་ཏོ་ནི་བརྡ་རྙིང་སྟེ་སོ་ཟིང༌། }སྟོར་ཁུང་ནི་མི་གཙང་འདོར་བའི་ཁུང་བུའོ། །དང་ནི་སྡུད་ཚིག་གོ། ། སྟང་ཟིལ་ནི་དངུལ་རྡོའོ། ། འདི་ལ་དཔྱད་ན་ལྕགས་རིགས་སྟང་ལའང་བརྡ་དག་འདི་ཡིན་སྙམ་མོ། །སྟབས་གཅིག་ནི་ལྷན་ཅིག་ཕྱོགས་གཅིག་ཆབ་ གཅིག་སོགས་རྣམ་གྲངས་སོ། །སྟར་བརྒྱུས་ནི་སྐུད་པ་སོགས་ལ་ཕྲེང་བ་ལྟ་བུ་ རེ་རེ་བཞིན་གྲལ་བསྒྲིགས་ཏེ་ལེགས་པར་བརྒྱུས་པའོ། །སྟེང་ནི་ཁང་ཐོག་སོགས་སོ། །སྟོང་པ་ནི་དངོས་པོ་མེད་པའོ། །སྟོང་ཉིད་ནི་སེམས་ཀྱི་རང་བཞིན་ཏེ་ཕར་ཕྱིན་ལས་སྟོང་ཉིད་བཅོ་བརྒྱད་གསུངས་པ་ལྟ་བུའོ། ། དེ་རྣམས་ནི་ས་མགོ་ལྡན་པའི་ཏ་ཡིག་གི་ འཇུག་པའོ། །བས་འཕུལ་ར་མགོ་ལྡན་པའི་ཏ་ཡིག་གི་འཇུག་པ། བརྟག་དཔྱད་ནི་བསམ་མནོ་གཏོང་བའོ། །གནས་བརྟན་ནི་ཉེ་གནས་རྒན་པའོ། །ཀུན་བརྟགས་ནི་གཞན་དབང་ཡོངས་གྲུབ་གསུམ་གྱི་ཟླས་ཕྱེ་བའི་གཅིག་སྟེ། བརྟགས་པ་ ཙམ་ལས་དོན་དུ་མེད་པའོ། །བརྟགས་{བརྟགས་པ་ནི་བརྡ་རྙིང་སྟེ་སྒྲིན་པ། } ནི་ལེགས་པར་དཔྱད་པའོ། །ཡིད་བརྟན་ནི་ཐེ་ཚོམ་མི་དགོས་པའོ། །བརྟད་པ་{བརྟད་པ་ནི་བརྡ་རྙིང་སྟེ་གློ་བུར་བ། }ནི་གློ་བུར་བའི་དོན་ཏེ། འདུལ་བ་ལས། བརྟད་པ་ལས་བྱུང་བའི་སྤང་ལྟུང་ཞེས་གསུངས་པ་ལྟ་བུའོ། །བརྟུལ་ཞུགས་{བརྟུལ་ནི་བརྡ་རྙིང་སྟེ། བསྡུས་པ། དཔེར་ན་ཤ་མི་ཟ་བའི་བརྟུལ་ཞུགས་ནི་ཤ་ཟ་བའི་སྤྱོད་པ་བསྡུས་ནས་མི་ཟ་བའི་སྤྱོད་པ་ལ་ཞུགས་པའོ། ། }ནི་བྱ་བ་སྔ་མ་དེའི་འཕྲོ་བསྐྱུར་ནས་གཞན་གྱི་མགོར་འཇུག་པའོ། ། དཔེར་ན་ཁྱིམ་པའི་རྟགས་དོར་ནས་རབ་བྱུང་གི་ཆ་ལུགས་འཛིན་པ་དང༌། རྒྱ་གར་གྱི་གྲུབ་ཐོབ་རྣམས་ཀྱི་སྤྱོད་པ་ལ་བརྟུལ་ཞུགས་བསྟན་པ་སོགས་སོ། །བརྟན་ནི་འགྱུར་བ་མེད་པའོ། །སྦུབས་བརྟོལ་ནི་ཁང་བུ་ནས་ཕྱིར་ཐོན་པའོ། །བརྟུན་པ་{བརྟུན་པ་ནི། བརྡ་རྙིང་སྟེ་བརྩོན་པའོ། །}ནི་བརྩོན་པའོ། །སྤྱི་བརྟོལ་ནི་དཔྲལ་ཀོ་མཐུག་པའི་དོན་ཏེ། ངོ་ཚ་མེད་པའི་ཕོད་པ་ཅན་ནོ། །བརྟབས་ནི་བྲེད་པའམ། ཞེ་ནས་བྲེལ་བ་ལང་བའོ། །ཡོངས་འདུ་ས་བརྟོལ་ལྷ་དང་ལྷ་མིན་ཡོངས་སུ་འདུ་བའི་གནས་དཔག་བསམ་གྱི་ལྗོན་ཤིང་ས་ཕུག་ནས་སྐྱེས་པའོ། །བརྟག་པ་ནི་རྒྱུད་ཀྱི་དུམ་བུའི་མིང་སྟེ། བརྟག་གཉིས་ལྟ་བུའོ། །བཏུ་ནི་སྡུད་པའོ། །བརྟེན་པ་ལ་བརྟེན་ནི་མི་ཆེན་སོགས་དམ་པ་ལ་ཕལ་བས་མགོ་འདྲེན་ཞུས་ནས་ལས་དོན་སྒྲུབ་པའམ། ཕྱི་སྣོད་ལ་ནང་བཅུད་བརྟེན་ཏེ་གནས་པ་ལྟ་བུའོ། །ཕུར་བུས་བརྟོད{ངག་སྒྲོན་མཆན་མ་འགའ་ཞིག་ཏུ་ཕུར་བུར་བརྟོད། ཅེས་བཅོས་འདུག་པའང་སྣང་ངོ༌། །}ནི་རྟ་སོགས་ཐག་པས་ཕུར་པ་ལ་བཏགས་པའོ། ། དེ་རྣམས་ནི་བས་འཕུལ་ར་མགོ་ལྡན་པའི་ཏ་ཡིག་གི་འཇུག་པའོ། །བས་འཕུལ་ལ་མགོ་ལྡན་པའི་ཏ་ཡིག་གི་འཇུག་པ། བལྟོས་ས་ནི་གཅིག་ལ་གཅིག་བལྟོས་པ་སྟེ། ཁྱོད་ཀྱི་བཞིན་ནི་པདྨ་ལྟ་བུའོ། །བལྟོས་ཆོས་ནི་གཅིག་ལ་གཅིག་ལྟོས་པའི་ཆོས་ཉིད་དོ། །བལྟར་རུང་ནི་འཛིན་བཟུང་ངོ༌། །བལྟས་ནི་བལྟ་ཚར་བའོ། །བལྟ་བྱ་ནི་མིག་ཡུལ་གཟུགས་སོ། །སྐུ་བལྟམས་{བལྟམས་ནི་བརྡ་རྙིང་སྟེ། སྐྱེས་པའམ་འཁྲུངས་པ། }ནི་ཡང་སྲིད་འཁྲུངས་པའོ། ། གོས་བལྟབ་ནི་གོས་སོགས་ལྡེབ་ཆག་གོ། །སོགས་ནི་གཞན་ཡང་རིགས་པས་དཔྱད་དེ་ཤེས་པར་བྱ་དགོས་ཞེས་པའི་དོན་ནོ། ། དེ་རྣམས་ནི་བས་འཕུལ་ལ་མགོ་ལྡན་པའི་ཏ་ཡིག་གི་འཇུག་པའོ། །བས་འཕུལ་ས་མགོ་ལྡན་པའི་ཏ་ཡིག་གི་འཇུག་པ། བསྟི་སྟང་ནི་མཆོད་བསྟོད་བཀུར་བསྟི་སོགས་སོ། །བསྟུད་པ་ནི་རྩ་བར་བརྟུད་པའོ། །འི་ནི་དྲུག་སྒྲའོ། །བསྟི་གནས{བསྟི་བ་ནི་བརྡ་རྙིང་སྟེ། ངལ་གསོ་བའོ། ། }ནི་ངལ་གསོ་བའི་གནས་ཡིན་ནོ། ། བསྟར་{བསྟར་བ་ནི་བརྡ་རྙིང་སྟེ་བྱི་དོར་ལེགས་པ་དང་གཟབ་པ་དང་སྤྲས་པ། }ནི་བྱི་དོར་དང་རྒྱན་སྤྲས། གཟབ་འཆོར་སོགས་སོ། །ཐུབ་བསྟན་ནི་ཐུབ་པ་སངས་རྒྱས་ཀྱི་བསྟན་པའོ། །དང་ནི་སྡུད་ཚིག་གོ། །བསྟུན་ནི་བྱ་བ་དེ་རྗེས་སུ་མཐུན་པའོ། ། དཔེར་ན། གོས་ཡུལ་དང་བསྟུན། སེམས་ཆོས་དང་བསྟུན་ཞེས་པ་ལྟ་བུའོ། །བསྟོད་འོས་ནི་ཡ་རབས་དམ་པའོ། །བསྟེན་ནི་ཡོན་ཏན་ཅན་གྱི་སློབ་དཔོན་སོགས་བསྟང་བས་མ་བཟུང་{བསྟང་པ་ནི་བརྡ་རྙིང་སྟེ། མགོན་དང་གྲོགས། }མགོན་དང་གྲོགས་དང༌། ཕན་འདོགས་པ་སྟེ། མདོར་བསྡུས་རྒྱས་དང་སངས་རྒྱས་{ མངོན་རྟོགས་རྒྱན་ལས། }ཀྱི། ། བསྟང་བས་ཡོངས་སུ་མ་བཟུང་དང༌། ། ཞེས་པ་ལྟ་བུའོ། །བསྟན་བཅོས་ནི་རྒྱལ་བའི་བཀའ་དང་རྗེས་འཇུག་མཁས་པའི་བསྟན་བཅོས་སོ། །བསྟན་ནི་གཞན་ལའོ། །ཐག་བསྟུངས་ནི་ཡུན་དང་དངོས་པོ་ཐུང་ངུར་བྱས་པའོ། །སྣ་བསྟད་ནི་གང་དུ་འགྲོ་བའི་ཕྱོགས་དེར་རོ། །འགྲོ་ཆས་བསྟད་ནི་རྒྱགས་སོགས་ལག་པས་བསྟད་པ་དང༌། རྟ་སྒ་བསྟད་པ་སོགས་སོ། །བསྟིང་ཚིག་{བསྟིང་ཚིག་ནི་བརྡ་རྙིང་སྟེ་སུན་འབྱིན་པའི་ཚིག་ཁྲེལ་གཏམ། }ནི་བྱ་བ་ངན་པ་ལ། ཡ་མཚན་ཅན་ཟེར་བ་ལྟ་བུའི་ཁྲེལ་གཏམ་གྱིས་སུན་འབྱིན་པའོ། །བསྟིམས་པ་ནི་ལྷ་དང་རྣམ་ཤེས་སོགས་སོ། །ས་ནི་བྱེད་སྒྲའོ། །མི་སྟོངས་ནི་ཕན་པའི་གྲོགས་ཀྱིས་མི་ཕན་པའོ། །ཀྱང་ནི་སྡུད་ཚིག་གོ། །བསྟིར་མེད་{བསྟིར་མེད་ནི་བརྡ་རྙིང་སྟེ། མནར་མེད་དམ། ངལ་གསོ་མེད་པའོ། །}ནི་སྡུལ་ལ་བར་མཚམས་དང་ངལ་གསོ་མེད་པའི་མནར་མེད་པའོ། །མངོན་བསྟོད་ནི་མངོན་པར་བསྟོད་པའོ། །བྱིན་ལེན་བསྟབས་ནི་དགེ་སློང་གི་ཟས་ལ་གཏོང་ལེན་བྱས་པའོ། ། དེ་རྣམས་ནི་བས་འཕུལ་ས་མགོ་ལྡན་པའི་ཏ་ཡིག་གི་འཇུག་པའོ། །ཐ་རྐྱང་གི་འཇུག་པ། ཐབས་མཁས་ནི་དེ་དང་དེ་ལ་བློས་དཔྱད་ནས་ལེགས་པར་སྦྱོར་བའོ། །ཐུགས་རྗེ་ནི་རྒྱལ་བ་སོགས་ཀྱི་མཐུ་བྱིན་ནོ། །ཐར་པ་ནི་འཁོར་བ་ལས་ཐར་བའོ། །ཐོབ་ནི་འབྲས་བུ་དེ་སྨིན་པའོ། །ཐ་མལ་ནི་ཕལ་བའམ་བཏང་སྙོམས་པའོ། །ཐབ་ཀ་ནི་སྒྱེད་བུའོ། །ར་ནི་ལ་སྒྲ་སྟེ་རྣམ་དབྱེ་བདུན་པའོ། །ཐབ་མ་ཤོར་རྫས་མེ་ནང་དུ་སོང་བའི་གསུར་དུད་མེད་པའོ། །ཐོག་ཐག་ནི་དེ་མ་ཐག་ནས་ཡུན་ཇི་སྲིད་པའི་བར་རོ། །ཐམ་ཁ་ནི་རྒྱའམ་ཐེལ་ཚེ་སྟེ་མི་ནོར་བའི་མཚན་མའོ། །འི་ནི་དྲུག་སྒྲའོ། །ཐུར་མ་ནི་ཤིང་དང་ལྕགས་ལས་བྱས་པའི་བཟའ་བཏུང་སོགས་དཀྲུགས་བྱེད་ལྟ་བུའོ། །ཐུང་ནི་རིང་པོ་མིན་པའོ། ། ཞེས་ཚིག་རྐང་གསུམ་པོ་འདི་ནི་གཞུང་གི་དཀྱུས་སུ་མེད་ཀྱང་ཁ་སྐོང་གི་ཚུལ་དུ་བྲིས་པའོ། །ཐུན་མོང་ནི་ནོར་རྫས་གཅིག་མི་མང་པོའི་བདག་ཏུ་བཟུང་བ་ལྟ་བུའོ། །ཐུ་བོ་ནི་རྒྱལ་སྲས་ནང་ནས་ཆེ་བ་ཀུན་བཟང་སོགས་སེམས་དཔའ་བརྒྱད་ལྟ་བུ་དང༌། མིའི་ནང་ནས་སྤུན་བགྲེས་པ་སོགས་སོ། །ཐ་གྲུ་ཆེ་{ཐ་གྲུ་ནི་བརྡ་རྙིང་སྟེ་རྒྱ་ཁྱོན། }ནི་ཡུལ་གྱི་རྒྱ་ཁྱོན་ཆེ་བའོ། །ཐུ་མི་ནི་རུས་ཏེ། སམྦྷོ་ཊ་{ལྷོ་གཉལ་བ་མི་སྣང་གྲགས་ཀྱི་བུ་ཨ་ནུ་སྟེ། སམྦྷོ་ཊ་སོགས་རྒྱ་སྐད་དུ་བཞེད་པ་བྱུང་ཡང་འདི་གཉལ་ན་ཡོད་པ་ས་འབུར་པོ་གཅིག་འདུག་པས་ས་འབོར་ཡིན་པ་འདྲ། དེས་ན་བོད་སྐད་ཡིན་པར་སྣང་ངོ༌། ། ཞེས་འཇམ་མགོན་ཨ་མེས་ཞབས་ཀྱིས་གསུངས་སོ། ། }སོགས་སོ། །ཐོར་ཅོག་དང་ཐོར་ཚུགས་ནི་སྐྲ་སྤྱི་བོར་བཅིངས་པའོ། །དང་ནི་སྡུད་ཚིག་གོ། །ཐ་མ་ནི་རབ་འབྲིང་ཐ་གསུམ་གྱི་ཕྱི་མའོ། །ཐ་ན་ནི་རབ་འདི་ལྟ་བུ་མ་བྱུང་ནའང་ཐ་ནའང་ཞེན་པ་ལྟ་བུའོ། །ཐྲིག་ཐྲིག་སྒྲ་ནི་འདུལ་བ་ལས་ལྷྭམ་གྱི་སྒྲར་བཤད་ལ། ཁང་པ་སོགས་ལ་ཐྲིག་སྒྲ་སྒྲགས་པ་མང་ངོ༌། །ཐུལ་ནི་དགྲ་སོགས་བཏུལ་བའི་སྐུལ་ཚིག་གོ། །དང་ནི་སྡུད་པའི་སྒྲའོ། །ཐ་མ་ནི་རྗེས་མ་སོགས་སོ། ། དེ་རྣམས་ནི་ཐ་རྐྱང་ངོ༌། །མས་འཕུལ་ཐ་ཡིག་གི་འཇུག་པ། མཐོ་རིས་ནི་ལྷ་མིའི་གོ་འཕང་ངོ༌། །མཐའ་དག་ནི་ཡོད་ཚད་དོ། །མཐའ་ཀླས་ནི་མང་ཚིག་གོ། །མཐོང་ནི་མིག་གིས་རིག་པའམ། སེམས་ཀྱིས་ཤེས་པའོ། །མཐར་ཐུག་ནི་ཡུན་ཇི་སྲིད་གནས་པའི་བྱང་ཆུབ་སེམས་དཔའ་མཐར་སངས་རྒྱས་པ་ལྟ་བུའོ། །ནུས་མཐུ་ནི་རྫས་སྔགས་སོགས་ཀྱིའོ། །མཐུན་ནི་བློ་སེམས་ལས་དང་བྱ་བ་ལག་ལེན་སོགས་གཅིག་པ་དང༌། མི་མཐུན་པ་ནི་སྔ་མ་དེ་དག་སོ་སོར་གྱུར་པའོ། །ལག་མཐིལ་དང༌། མཐེ་བོང་དང༌། མཐེའུ་ཆུང་རྣམས་ནི་ཤེས་པར་ཟད་དོ། །མཐོན་ཁ་དང་མཐོན་མཐིང་ནི་ཁ་དོག་སྔོན་པོའོ། ། མཐོང་གོས་ནི་ཤམས་ཐབས་སམ། སྨད་དཀྲིས་ཏེ། མཐོང་ནི་ལུས་སྨད་ཀྱི་མིང་ངོ༌། །མཐུག་ནི་མི་སྲབ་པའོ། །མཐར་གྱིས་{མཐར་གྱིས་ནི་བརྡ་རྙིང་སྟེ་རིམ་ གྱིས་སོ། ། }ནི་རིམ་གྱིས་སོ། །རྟ་མཐུར་ནི་རྟའི་མགོར་བཀོན་ནས་ཁྲིད་ཆས་སོ། །མཐོ་གང་ནི་མཐེབ་གུང་བགྲད་པའི་བར་གྱིས་གར་སླེབ་པ་དེའོ། །མཐུད་ནི་ཆད་པའམ་ཐུང་ངུར་གྱུར་པ་དེ་རིང་དུ་བཏང་བའོ། །མཐོ་འཚམས་ནི་གླགས་བལྟ་ཞིང་གནོད་འཚེ་བྱེད་པའོ། །མཐོལ་བཤགས་ནི་ཉེས་ལྟུང་ནོངས་པའི་ཚོགས་རྣམས་མི་འཆབ་པར་འདི་དང་འདི་ཞེས་སྟོབས་བཞིའི་སྒོ་ནས་སོ་སོར་འཆགས་པའོ། ། མཐོ་ཡོར་{ལ་ཁའི་ཐོ་དང༌། ས་རྟགས། རྡོ་རྟགས་སོགས་ལ། དོན་ལ་མེད་ཀྱང་མི་རྟ་རྐྱ་པ་སོགས་མངོན་སུམ་དུ་མཐོང་བ་དེ་འདྲའོ་ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད། }ནི་ཐོ་ཡོར་ཏེ་གཟུགས་བརྙན་གྱི་ཐོའོ། །མཐོ་དང་མཐོན་པོ་ནི་དོན་གཅིག་སྟེ། ནམ་མཁའི་དབྱིངས་སུ་རྒྱངས་མཐོང་ཙམ་ལྟ་བུའོ། །འི་ནི་འབྲེལ་སྒྲའོ། །རྒྱལ་མཐོངས་ནི་ཁང་པའི་གནམ་མཐོང་ངོ་། ། མཐའ་འཁོབ་ནི་ཆོས་མ་དར་བའི་ས་ཆའོ། །མཐའ་ནི་དཀྱིལ་གྱི་ཁོར་ཡུག་གོ། ། མཐིང་རིལ་ནི་བྱའོ། །མཐིང་ཁ་ནི་ནམ་མཁའི་མདོག་གོ། །དེ་རྣམས་ནི་མས་འཕུལ་ཐ་ཡིག་གི་འཇུག་པའོ། །འས་འཕུལ་ཐ་ཡིག་གི་འཇུག་པ། འཐབ་མོ་ནི་འཛིང་རྩོད་དོ། །ར་ནི་ལ་སྒྲའོ། །འཐོན་ཡང་ནི་བྱེད་ཚར་བ་སྟེ་སླར་ཡང༌། གྲོགས་སུ་འཐམས་ནི་ཡིད་མཐུན་པའི་མཛའ་བཅུག་ཏུ་གྱུར་པའོ། །སྤྲིན་འཐིབས་ནི་ནམ་མཁར་སྤྲིན་འཁྲིགས་པའོ། །ཆུ་འཐོར་ནི་ཀུ་ཤ་སོགས་ཀྱིས་གཏོར་བའོ། །འཐོར་འཐུང་ནི་ཞབས་བསིལ་ལྟ་བུའོ། །དང་ནི་སྡུད་ཚིག་གོ། །བློ་མཐུམས་ནི་རྨོངས་པའོ། །མགོ་འཐོམས་ནི་མགོ་འཁོར་ཏེ་བྱ་སྤྱོད་ཕྱིན་ཅི་ལོག་ཏུ་བྱེད་པ་སོགས་སོ། །དུ་བ་འཐུལ་ནི་མེའི་རླངས་པ་ནམ་མཁར་འཕྱོ་བའོ། །སྲ་འཐས་ནི་སྲ་ལ་འཁྲང་ཞིང་བརྟན་པ་ཅན་ཕིག་པར་དཀའ་བའོ། །འཐེམས་ནན་{ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས། འཐེམས་ནན། ཞེས་པ་ནི། གྲངས་མ་འཐེམས་བར་དུ་ནན་ཏན་བྱེད་པའོ། །ཞེས་གསུངས་སོ། ། }དང་ནན་ཏན་འཐན་གཉིས་ནི་དོན་གཅིག་སྟེ། མི་འཐན་སོ། །ཞེས་པ། ཤེས་ཡོད། བློ་དྲང་པོ། གསར་འགྱུར་མེད་པའི་དོན་ནོ། །ཆུ་འཐུངས་ནི་སྒྲ་ཇི་བཞིན་པའོ། །ཤ་ནས་འཐེན་ནི་ལག་པ་དང༌། བྱའི་མཆུ་སོགས་ཀྱིས་སོ། །ཞིང་ནི་ཚིག་ཕྲད་དོ། །འཐོག་ནི་རུས་པ་ལས་ཤ་དང༌། ས་གཞི་ལས་རྩི་ཐོག་དང༌། ཀོ་ལྤགས་ལས་སྤུ་བཏོགས་པའི་བྱེད་བསྐུལ་དང་ད་ལྟ་བ་ཡིན་ནོ། །སྨོད་ཚིག་ནི་སྨོད་པའོ། །མཐིང་སླད་ནི་སྐྱོན་བརྗོད་པའོ། །འཐེན་པ་ནི་རྟ་ཁ་འཐེན་པ་དང༌། བྱ་ལས་ཕྱིར་འགྱངས་པ་ལྟ་བུའོ། །འཐད་ནི་སེམས་ལ་བབས་པའམ། ལེགས་པོའོ། ། ཟས་ལ་འཐུ་ནི་ཟས་མང་པོ་ལས་ཡིད་གར་འོང་བ་ལྟ་བུ་བསྡུ་བ་ལ་བཤད་ཅིང༌། གཞན་ཡང་རི་ལས་རྩ་ཤིང་འཐུ་བ་དང༌། བྱའི་རྒུན་འབུ་འཐུ་བ་སོགས་མང་པོ་ལ་འཇུག་གོ། །འཐུས་ནི་འཐུ་ཚར་བའི་འདས་ཚིག་ཀྱང་ཡིན་ཞིང༌། གཞན་ཡང་མ་ཚང་བ་མེད་པའམ། དེ་ ཙམ་གྱིས་ཆོག་པའམ། མང་པོའི་ནང་ནས་བསལ་བ་འཐུས་མི་སོགས་མང་ངོ༌། །ཕྱེ་མར་འཐག་ནི་རྩིང་པོ་ཞིབ་མོར་བྱེད་པའོ། །ཞ་འཐེང་ནི་རྐང་པ་སྲ་མི་ཕེར་བའོ། །མལ་གོས་འཐེབ་{དཔེར་ན་ཁུ་བོས་ཚ་བོ་ལ་གོས་ཀྱི་རྟེན་ཟུར་དུ་འཇོག་སྲོལ་ཡོད་པ་དེ་འདྲ་གོས་འཐེབ་ཡིན་ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད་དོ། ། }ནི་ཉལ་གོས་ལྷག་པོ་ཡོད་པའོ། །ཀྱིས་ནི་བྱེད་སྒྲའོ། །འཐུམ་ནི་གཡོགས་པའོ། །དུམ་བུར་འཐུབ་ནི་གཏུབ་པའོ། །སོགས་ནི་གཞན་ཡང་བློས་སྤྲོས་ཏེ་ཤེས་པར་བྱ་ དགོས་པའི་དོན་ཏོ། །དེ་རྣམས་ནི་འས་འཕུལ་ཐ་ཡིག་གི་འཇུག་པའོ། །ད་རྐྱང་གི་འཇུག་པ། གཞན་དྲིང་མི་འཇོག་ནི་གཞན་ལ་རེ་མི་དགོས་པར་རང་གི་ཐག་ཆོད་པའོ། །བཀའ་དྲིན་དྲན་ཕན་འདོགས་པའི་དྲིན་མ་བརྗེད་པའོ། །དྲིལ་བུ་ནི་རོལ་མོའི་བྱེ་བྲག་གོ། །དྲི་མཆོག་ནི་བདུག་སྤོས་དྲི་སོགས་མཆོག་ཏུ་གྱུར་པའོ། །དྲྭ་བ་ནི་རིན་ཆེན་དང་རུས་པ་སོགས་ཀྱི་དྲ་ཁུག་ཚར་མ་དང༌། དྲ་ཕྱེད་ནི་དྲ་ཁུག་ཕྱེད་མའོ། །སྔ་དྲོ་ནི་ཉིན་མོའི་སྔ་ཆའོ། ། ཕྱི་དྲོ་ནི་ཕྱི་ཆའོ། །འི་དྲུག་སྒྲའོ། །དྲི་བ་ནི་དོགས་པའི་གནས་ཚུལ་ལམ། རྒྱུ་མཚན་སོགས་ཀྱི་སྐད་ཆའོ། །དྲིས་ལེན་ནི་དྲིས་པ་དེའི་གནད་དོན་འདི་དང་འདི་ཞེས་ལན་སྨྲ་བའོ། །དྲང་དོན་ནི་སེམས་ཅན་རྣམས་ཆོས་ལ་གཞུག་པའི་ཕྱིར་ཡུལ་དུས་ཐམས་ཅད་གནས་སྐབས་ཡོད་པར་གསུངས་ལྟ་བུ་སྟེ། ཐེག་ཆེན་གྱི་སྣོད་དང་མི་ལྡན་པ་ལ་ཉན་རང་གི་ཆོས་སྟོན་པ་ལྟ་བུའོ། །གཡུང་དྲུང་ནི་འགྱུར་བ་མེད་པའོ། །དྲང་སྲོང་ནི་གཡོ་སྒྱུ་མེད་པར་ལུས་ངག་ཡིད་གསུམ་དྲང་པོར་སྲོང་ཞིང་དཀའ་ཐུབ་སྤྱོད་པའོ། །དྲུག་ནི་གྲངས་སོ། །ཁྲིམས་དྲལ་ནི་ཞིག་པའོ། །ལྕམ་དྲལ་{ལྕམ་མོ་དང༌། དྲལ་(རྒྱ་སྐད་བྷ་ཊ)པོ་ནི་བརྡ་རྙིང་སྟེ་སྲིང་མོ་དང་མིང་པོ། }ནི་སྲིང་མོ་དང་མིང་པོ། ཟས་དྲངས་ཟ་མ་སྦྱིན་པའོ། །དྲོངས་ནི་སྐུལ་ཚིག་གོ། །དྲང་པོ་ནི་ཡོ་འཁྱོག་གྱ་གྱུ་མེད་པའོ། །འི་ནི་འབྲེལ་བའི་སྒྲའོ། །ཤིང་དྲུང་ནི་ཤིང་ཕུང་ངམ་སྡོང་པོའི་རྩ་བར་རོ། །དྲེའུ་རྔོག་{དྲེའུ་རྔོ་དང་སར་རང་ནི་བརྡ་རྙིང་སྟེ་སྟན་ཁྲ་བོ། }ནི་གདན་གྲུམ་རྩེའོ། །མོན་དྲེ་དང༌། སྨིན་དྲུག་ནི་སྐར་མའོ། །མ་དྲོས་མཚོ་ནི་ཤིང་འཛམ་བུ་ཏྲི་ཤ་ཡོད་པའི་མཚོ་སྟེ་རྒྱ་གར་གྱི་བྱང་ཕྱོགས་ན་ཡོད་པར་བཤད་དོ། །དྲེད་ནད་ནི་རྐང་ནད་སོགས་སོ། །དྲེག་པ་ནི་རྫ་མ་སོགས་ལ་ཡོད་པའི། དྲི་མ་ནི་དངོས་པོ་ནག་ནོག་འགོས་པ་དང༌། དངོས་མེད་འབག་རྩོག་སོགས་སོ། །དང་ནི་སྡུད་ཚིག་གོ། །ཁ་དྲག་ནི་ཁ་དབང་བཙན་པའོ། །དྲག་ཤུལ་ནི་སྟོབས་རྩལ་ཆེ་ཞིང་ངར་ཤུགས་ཅན་ནོ། །ས་ལ་དྲུད་ནི་སྒྲ་ཇི་བཞིན་པའོ། །དྲོད་ནི་དུས་ཚོད་ཀྱི་དང་མེ་ཉི་སོགས་ཀྱི་ཚ་ངར་རོ། །དང་ནི་སྔ་མ་ལྟར་རོ། །དྲོ་བ་ནི་དྲོད་དེ་ལུས་སོགས་ལ་སིམ་པའོ། །ཟན་དྲོན་ནི་ཟན་བཙོས་པ་སོགས་ཚ་མོའོ། །དྲིལ་ནི་རིམ་བུ་དང་གཟུང་གཞུག་འཁོར་ལོ་དྲིལ་བ་སོགས་སོ། །དྲེད་ལྤགས་ནི་གཅན་གཟན་དྲེད་མོའི་ཤུན་པའོ། །དྲས་ནི་གོས་སོགས་ཚད་ནས་བཅད་པའོ། །དྲུབས་{དྲུབས་པ་ནི་བརྡ་རྙིང་སྟེ་བཙེམས་པ། }ནི་ཁབ་མིག་ནང་དུ་སྐུད་པ་དྲངས་ཏེ་ཨབ་རྒྱེབ་པའོ། །དྲེས་མ་{ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས། དྲེས་མ་ནི་རྩ་དྲེས་མ་སྟེ་རྩྭ་ཐག་དང་རྩྭ་སྟན་སོགས་བཟོ་བའི་རྒྱུ་དེ་ཁའོ། ། ཞེས་གསུངས། }ནི་རྩྭའོ། །ས་བྱེད་ཚིག་གོ། །དྲག་{ངག་སྒྲོན་སྡེ་དགེ་པར་མར། དྲགས། ཅེས་ཡང་འཇུག་ས་སྦྱར་འདུག་ཀྱང་ཡིག་སྐྱོན་ཡིན། }ནི་ཁྲོ་གཏུམ་སྟོབས་ཤུགས་ཅན་ནོ། །དྲེད་པོ་ནི་མི་ངན་ཤེད་ཅན་ནོ། །དྲུང་པོ་ནི་མི་ཁ་སྒོ་རིག་པ་གསལ་བའོ། །འི་ནི་འབྲེལ་བའི་ཚིག་གོ། །དྲ་བ་ནི་སྐུད་པ་སོགས་ཀྱི་མིག་མང་རིས་སོ། །ར་ནི་ལ་སྒྲའི་དོན་ནོ། །དྲངས་ནི་དྲ་མིག་སོགས་ཀྱི་ནང་དུ་འདྲེན་པའོ། །དྲིལ་བསྒྲགས་ནི་རྒྱལ་པོའི་བཀའ་བཀོད་གང་ ཡིན་པ་དེ་ཐམས་ཅད་ལ་གོ་བར་བྱས་པའོ། །དྲ་མ་ནི་རབ་བམ། མི་ཡ་རབས་སོ། །འི་ནི་དྲུག་སྒྲའོ། །གནས་སུ་དྲོངས་ནི་དམིགས་པའི་ས་དེར་འཁྲིད་པའོ། །དྲེགས་པ་{དཔལ་སྤུངས་པར་མ་སོགས་འགའ་ཞིག ། དྲགས་པ་ཞེས་ཡོད་པ་ནི། འགྲེང་བུ་ཆད་ པའོ། །}ནི་ང་རྒྱལ་དང་ཁེངས་པའོ། །དྲུངས་ཕྱུང་ནི་ཤིང་སོགས་ས་ལས་སྐྱེས་པ་ཐམས་ཅད་ཀྱི་རྩ་བ་མ་ལྷག་པ་བཀོག་པ་དང༌། ཁང་པ་ལྟ་བུ་རྩིག་ནས་གཏན་མེད་དུ་བཤིག་པ་དང༌། མི་ལྟ་བུ་རིགས་བརྒྱུད་དང་བཅས་པ་མེད་པར་བྱེད་པ་སོགས། མདོར་ན། རྩད་ནས་གཅོད་དང༌། དྲུངས་ནས་ཕྱུང་ནི། དབྱུང་བྱ་གང་ཡིན་པ་དེ་རྗེས་ཤུལ་ཙམ་ཡང་གཏན་མེད་ཀྱིས་ཞེས་པའི་དོན་ཏོ། །ཁ་ཡི་དྲེག་ནི་དྲི་མའམ། དྲེག་པ་ཆགས་པའོ། །ནད་དྲག་ནི་ནད་ཀྱིས་བཏང་བའོ། །དྭ་ཕྲུག་ནི་ཕ་མ་ཤི་བུའོ། །དྭ་བ་ནི་རྩྭ་ཡང་ཟེར། ཤིང་ཡང་ཟེར་ཏེ། འི་ནི་འབྲེལ་སྒྲའོ། །འབྲུ་ནི་གང་ཡིན་པ་དེའིེ་འབྲས་བུའོ། །ཐལ་བའི་དྲགས་ནི་རྫ་མར་ཆགས་པའི་ཐལ་ནག་གོ། །སོགས་ནི་གཞན་ཡང་རིགས་པས་དཔྱད་དེ་ཤེས་པར་བྱ་དགོས་པའི་དོན་ཏོ། ། དེ་རྣམས་ནི་ད་རྐྱང་ངོ༌། །གས་འཕུལ་ད་ཡིག་གི་འཇུག་པ། གདུགས་མེད་ནི་སྟེང་ན་འབུབ་རྒྱུ་མེད་པའོ། །གདོང་པ་ནི་ཁ་ངོའོ། །གདུགས་{གདུགས་ནི་བརྡ་རྙིང་སྟེ། ཉི་མའམ་ཉིན་པར། }ནི་ཉི་མའོ། །ཀྱིས་ནི་བྱེད་ཚིག་གོ། །གདུངས་ནི་ཉི་མའི་ཚ་ངར་གྱིས་སམ། ངལ་དུབ་སོགས་ཀྱིས་མནར་བའོ། །གདོན་ནི་གནོད་འདྲེའོ། །ལྟར་ནི་ཚིག་གྲོགས་སོ། །གདུག་པ་ནི་ངན་སེམས་འཆང་བའི་མ་རུང་པའོ། ། འི་ནི་འབྲེལ་སྒྲའོ། །གདོལ་པ་ནི་རིགས་ངན་དང་གཏུམ་པའོ། །གདུལ་ནི་གདུལ་བར་བྱ་རྒྱུའོ། །གདམས་ངག་ནི་བླ་མས་གནང་བའི་ཆོས་དང་ཁྱད་པར་འཕགས་པའི་མན་ངག་གོ། །གསལ་གདབ་ནི་བསྐྱེད་རིམ་སོགས་ཡིད་ཡུལ་དུ་ཡང་ཡང་བསམ་པའོ། །གདིང་བ་ནི་དགེ་སློང་གི་བསྟན་ནོ། །གདན་ནི་སྟན་སྤྱིའོ། །གདུ་བུ་ནི་ལག་གདུབ་སོར་གདུབ། རྐང་གདུབ་སོགས་སོ། །གདང་ནི་ཟོག་གདང༌། གོས་གདང༌། ལོ་གདང་ སོགས་སོ། །དང་ནི་སྡུད་ཚིག་གོ། །གདུང་མ་ནི་ཐོག་ཕུབ་ཀྱི་ལྕམ་གདན་ནོ། ། ར་ནི་གནས་གཞིའོ། །གདགས་ནི་མིང་དང༌། རྒྱན་སོགས་བཏགས་པའི་མིང་སྟེ་བྱ་བ་དང་མ་འོངས་པའོ། །གདུང་རུས་ནི་གང་ཟག་གི་ཕའི་ཕྱོགས་ཀྱི་རྒྱུད་དོ། །སྐད་གདངས་ནི་གླུ་དབྱངས་སོགས་སོ། ། སྐས་ཀྱི་གདངས་ནི་ཐེམ་པའོ། །གདུང་བརྒྱུད་ནི་ཡ་རབས་དམ་པའི་རིགས་རུས་སོ། །གདུང་འཛིན་ནི་རིགས་བརྒྱུད་མ་ཆད་པར་རང་ལུགས་གང་ཡིན་འཛིན་མཁན་ནོ། །གསོལ་གདབ་ནི་འདོད་དོན་ཞུ་བའོ། །གདོན་ནི་ཆོས་སོགས་འདོན་པ་སྟེ་བྱ་བ་དང་མ་འོངས་པའོ། །གཉེར་གདམས་ནི་བསླབ་བྱ་དང་བཅས་ཏེ་གཏད་པའོ། །བཅོལ་གདམས་ནི་ནོར་རྫས་སོགས་གཞན་ལ་གཏམས་ཏེ་མ་བརླག་པར་གྱིས་ཤིག་ཞེས་པ་ལྟ་བུ་དང༌། ལས་སོགས་གཞན་ལ་བྱེད་དུ་བཅུག་སྟེ་ཁྱོད་ཀྱི་དོན་འདི་འགྲུབ་ངེས་པར་གྱིས་ཞེས་བཅོལ་ཏེ་གདམས་པ་ལྟ་བུའོ། །རྙེད་ལ་གདུ་ནི་ཡིད་ལ་གདུང་བའམ། དོན་གཉེར་ཅན་ལྟ་བུ་དང༌། ཐུག་པ་ལ་གདུ་བ་སོགས་སོ། །མིང་གདགས་ནི་མིང་བཏགས་པ་སྟེ། བྱ་བ་དང་མ་འོངས་པའི་ཚིག་གོ། །སྙུན་གདངས་ནི་ནད་ལས་ཐར་བའོ། །ས་བོན་གདབ་ནི་འབྲུ་སོགས་ཀྱི་སྐྱེ་གཞི་ས་ལ་བཏབ་པ་སྟེ། བྱ་བ་དང་མ་འོངས་པའོ། །ཁ་གདངས་ནི་ཁ་བྱེ་བའོ། །མཚོན་གདེངས་ནི་སྟ་གྲི་སོགས་འཕྱར་བའོ། །གདོན་མི་ཟ་ནི་ཐེ་ཚོམ་མེད་དང༌། ངེས་པ་ཡིན་ནོ། །ད་གདོད་ནི་རྗེས་ནས་སོ། །སོས་གདལ་ནི་སེམས་ཁུར་མེད་ཅིང་སོས་དལ་བའོ། །གདེང་ཐོབ་ནི་རང་དབང་དུ་གྱུར་པའོ། །གདའ་ནི་འགིའོ། །གདོས་པ་{ནི་རླུང་གཡོར་ཞེས་དོན་དུ་གྲུའི་དར་ པོ་ཆེའི་མིང་ངོ་ཞེས་ཞ་ལུ་ལོ་ཆེན་གྱིས་གསུངས་སོ། ། } ནི་གྲུའི་སྐྱའམ། གྲུ་ལ་བཙུག་པའི་རླུང་དར་རོ། །ཐུད་གདར་ནི་མར་ཐུད་བསྲེས་ནས་བརྫིས་པའི་གོང་བུ་བཟོས་པའོ། །སྲང་ལ་གདེག་ནི་དངོས་པོ་རྒྱ་མར་བཀྱག་པའི་བྱ་བ་དང་མ་འོངས་པའོ། །གདགས་པའི་བསྟན་བཅོས་ནི་མངོན་པ་སྡེ་བདུན་ལས། གདགས་པའི་བསྟན་བཅོས་མཽ་གཱལ་བུས། ། ཞེས་པ་ལྟ་བུའི་མིང་བཏགས་པའི་དཀའ་འགྲེལ་ལོ། །གདམ་ང་བྱེད་ནི་མང་པོའི་ནང་ནས་སམ། འདྲ་བ་ གཉིས་ལས་གང་དགའ་གདམ་པའོ། །གདེངས་ཅན་ནི་གདེངས་ཀ་ཅན་ཏེ། ཀླུ་ལ་སྦྲུལ་གྱི་གདེངས་པ་ལྟ་བུའོ། །གདུལ་བྱ་རང་རང་གི་ལས་བསོད་གང་ལ་བབས་པ་དེས་གདུལ་རྒྱུའོ། །དམ་ལ་གདགས་ནི་དམ་ཚིག་གིས་སྒྲོལ་བའོ། ། ཁྱབ་གདལ་ནི་འཁོར་འདས་ཀུན་ལ་ཁྱབ་པ་ཆོས་སྐུའི་རང་བཞིན་ཅན་ནོ། །གདོད་ནས་ནི་ཡེ་ཐོག་ནས་སམ། གནའ་སྔ་མོ་ནས་སོ། །གདགས་གཞི་བྲལ་ནི་མིང་དུ་བཏགས་པའི་རྒྱུའམ་གཞི་དེ་ཐོག་མ་ཉིད་ནས་མེད་པས་བར་དང༌། ཐ་མར་ཡང་མི་རྙེད་པའོ། །གདངས་ཅན་ནི་རྒྱ་གར་ན་སྟོན་པའི་སྦྱིན་བདག་གཅིག་གི་མིང་ངོ༌། །ཀུན་ར་ནི་ཀུན་དགའ་ར་བ་སྟེ་ཚིག་གྲོགས་སོ། ། དེ་རྣམས་ནི་གས་འཕུལ་ད་ཡིག་གི་འཇུག་པའོ། །བས་འཕུལ་ད་ཡིག་གི་འཇུག་པ། བདག་བདེན་ནི་ངར་འཛིན་ལྷན་སྐྱེས་ལ་བརྟེན་ནས་གང་ཟག་གི་བདག་བདེན་པར་མ་གྲུབ་པ་ལ་བདེན་པར་འཛིན་པའོ། །བདུད་ནི་བདུད་བཞི་སོགས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་རྒྱབ་གྱིས་ཕྱོགས་ཤིང་ཐར་ལམ་ལ་བར་དུ་གཅོད་པའི་ལོག་འདྲེན་ནོ། །བདུན་ནི་གྲངས་སོ། །མདུན་དུ་བདར་{མདུན་དུ་བདར་བ་ནི་བརྡ་རྙིང་སྟེ་མདུན་ནས་བསྒྲིགས་པ། }ནི་དྲུང་དུ་གྲལ་བསྒྲིགས་པའོ། །བདེ་ནི་སྡུག་བསྔལ་མེད་པའོ། །བདོ་ནི་ཤུགས་བདོ། སྙིགས་མ་ལྔ་བདོ་ལྟ་བུ་སྟེ། རྒྱས་པའམ་འཕེལ་བའམ། སྟོབས་ཤུགས་བསྐྱེད་པ་དང། ངལ་བ་ཡང་ངོ༌། ། ཟས་བདའ{བདའ་བ་ནི་བརྡ་རྙིང་སྟེ། ཞིམ། } ནི་ཞིམ་པའི་དོན་ནོ། །བདུག་སྤོས་ནི་མེར་བསྲེགས་པ་སོགས་ཀྱི་ཚེ་དྲི་ཞིམ་པའི་ཤིང་སོགས་ཀྱི་རྫས་སོ། །བདུག་ནི་མེར་བསྲེགས་པ་སོགས་དྲི་བྲོ་བར་བྱས་པའོ། །བདའ་དེད་ནི་འུ་ལག་སོགས་ཀྱི་རྗེས་ནས་མགྱོགས་པར་དེད་པའོ། །བདག་པོ་ནི་རྒྱུ་ནོར་ལོངས་སྤྱོད་གང་ལ་ཡང་དབང་བ་སྟེ། དེ་དང་དེའི་བདག་པོའོ། །ས་ནི་བྱེད་ཚིག་གོ། །བདའ་ནི་ཕྱུགས་ལུག་སོགས་དབང་མེད་དུ་རྗེས་ནས་དེད་པ་དང༌། ཅ་ཀ་སོགས་གཅིག་ནས་གཅིག་ཏུ་བདའ་གཏོང་བའམ་ཕུད་པའོ། །ཞིང་ནི་ཚིག་གི་ཕྲད་དོ། །བདས་ནི་དེ་རྣམས་བདའ་ཚར་བའི་འདས་ཚིག་གོ། །བདེ་གཤེགས་ནི་སངས་རྒྱས་ཀྱི་མཚན་ནོ། །བདེ་ལེགས་ནི་བཀྲ་ཤིས་ཤིང་སྒོ་གསུམ་བདེ་བའོ། །བདེན་པ་བརྫུན་མི་སྲིད་པའི་དཀོན་མཆོག་གསུམ་ལ། བདར་ནི་སྟོབས་བརྗོད་པའོ། །གཞུ་བདུངས་ནི་མདའ་སྦྱར་ཏེ་རྒྱུད་བརྒྱངས་པའོ། །བདོག་པ་ནི་ནོར་རྫས་སོ། །འི་འབྲེལ་སྒྲའོ། །སྐྱེ་བདར་{སྐྱེལ་བདར་ནི་བརྡ་རྙིང་སྟེ་སྐྱེལ་གྲུ། }ནི་སྐྱེ་སླའོ། །བདོག་ནི་ཡོད་པའོ། །བདེན་གཉིས་ནི་ཀུན་རྫོབ་བདེན་པ་དང༌། དོན་དམ་བདེན་པའོ། །བདུད་རྩི་ནི་ལྷའི་བཏུང་བ་སྟེ། བདུད་འདུལ་བར་ཤེས་པའི་རྩི་སྨན་ལྟ་བུའོ། །ཕྱེ་མར་བདར་ནི་ཙམ་པ་ལྟར་ཞིབ་མོར་བདར་བའོ། །ཕྱག་བདར་ཞེས་པ་ནི་བྱི་དོར་གྱི་ལས་དང༌། ཕྱག་དར་ཞེས་པ་ཕྱག་སྙེགས་སོ། །ཕྱི་བདར་ནི་གད་ཕྱིས་བྱི་དོར་གྱི་ལས་སོ། །དེ་རྣམས་ནི་བས་འཕུལ་ད་ཡིག་གི་འཇུག་པའོ། །མས་འཕུལ་ད་ཡིག་གི་འཇུག་པ། མདའ་དང་མདུང་ནི་མཚོན་ཆ་སྟེ་གོ་སླའོ། །མདེའུ་ནི་མདེལ་ལོ། །ལམ་མདོ་ནི་ལམ་མང་པོ་འདུས་མཚམས་སོ། །འི་ནི་དྲུག་སྒྲའོ། །མདོས་ནི་གླུད་དོ། །མདུན་ནི་སྔ་སོའོ། །མདོངས་ནི་རྨ་བྱའི་འོ། །མདོག་ནི་ཁ་དོག་གོ། །མདངས་ཀྱང་ཁ་དོག་ལྟ་བུའོ། །མདོར་བསྡུས་ནི་མང་པོའི་ནང་ནས་གནད་གང་ཆེའམ། གཏམ་མདོ་འགག་དྲིལ་ནས་བཤད་པ་ལྟ་བུའོ། །མདོ་ནི་སྟོན་པའི་བཀའ་ཐེག་པ་ཆེ་ཆུང་གི་མདོ་སྡེའོ། །མདངས་སང་ནི་ཁ་སང་དགོང་མོའོ། །མདོངས་སོལ་ནི་ངོ་དགའ་འམ་ངོ་སྲུང་བྱེད་པའི་ཕྱིར། རང་ཤེས་ཀྱི་སྒོ་ནས་འདུན་ཞིང་སྲོག་སྙིང་སོགས་འབུལ་བ་ལྟ་བུའོ། ། ར་མདའ་ནི་དཔུང་རོགས་སམ་དམག་གི་ར་མདའ་ལྟ་བུའི་རོགས་རམ་མོ། །དང་སྡུད་ཚིག་གོ། །མདུད་པ་ནི་ཐག་པ་དང་སྐུད་པ་སོགས་ཀྱིས་སོ། །ལ་སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་པར་བྱ་དགོས་ཞེས་པའི་དོན་ནོ། ། དེ་རྣམས་ནི་མས་འཕུལ་ད་ཡིག་གི་འཇུག་པའོ། །འས་འཕུལ་ད་ཡིག་གི་འཇུག་པ། མྱ་ངན་འདས་ནི་འཁོར་བའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་མྱ་ངན་ལས་འདས་པའོ། ། འདས་ནི་སྐབས་འདིར་དངོས་སུ་མྱ་ངན་ལས་འདས་ནས་ཐར་བ་ཐོབ་པ་ལ་བཤད་ཀྱང༌། ཤུགས་ཀྱིས་འཆི་བ་དང༌། ཉིན་མཚན་སོང་བ་སོགས་མང་ངོ༌། །འདུན་པ་ནི་དད་མོས་སོ། །ས་བྱེད་སྒྲའོ། །འདུད་ནི་ཕྱག་འཚལ་བ་སོགས་སོ། །འདམ་ཁྲོད་ནི་འཇིམ་བག་གི་ནང་ངོ༌། །འདུར་འདུར་ནི་ཐུག་པ་གར་མོ་ལྟ་བུའི་ལྡུར་ལྡུར་དང༌། འགྲོ་ལུགས་གོམ་པ་ཞིབ་མོས་འགྱོགས་པར་རོ། །འདོང་{འདོང་བ་ནི་བརྡ་རྙིང་སྟེ་འགྲོ་བ་}ནི་འགྲོ་བའོ། །ཞིང་ནི་ཚིག་ཕྲད་དོ། །འདུག་ནི་ཁ་རོག་སོས་དལ་དུའོ། །འདོམ་ནི་སོ་སོར་བྱེ་བ་རྣམས་ཕྱོགས་གཅིག་ཏུ་འདུས་པའམ་བསྡུས་པའོ། །དུས་ནི་ཚིག་གྲོགས་སོ། །རྗེས་འདེད་ནི་ཁལ་སོགས་ཀྱི་རྗེས་ནས་དེད་པ་སྟེ། མ་འོངས་པའོ། །གསོལ་འདེབས་འདོན་ནི་འདོད་དོན་ཞུ་བའོ། །ལྷ་འདྲེ་ནི་མི་མིན་ཕན་གནོད་བྱེད་པའོ། །ཤིང་འདྲུད་ནི་ས་ཁར་འཐོན་པས་སོ། །ཁོང་བུ་འདྲུ་ནི་བུ་ག་བརྐོ་བའོ། །འདུ་བྱེད་ནི་རྟེན་འབྲེལ་བཅུ་གཉིས་ནང་རྫ་མཁན་ལ་དཔེར་མཛད་པ་སྟེ། དོན་མི་རྟག་པའི་རང་བཞིན་རྟག་པར་འཛིན་ཅིང་རྩོལ་བ་དང་བརྩོན་པས་བྱ་བ་འདུ་བྱེད་པའོ། །འདུས་བྱས་ནི་རྫས་མང་པོ་འདུས་ནས་བྱས་པ་ མི་རྟག་པའི་མཚན་ཉིད་ཅན་ནོ། །འདྲེས་མ་ནི་ཕན་ཚུན། བཟང་ངན། ཁ་དོག འདྲ་མིན་སོགས་ལྷན་ཅིག་འདྲེས་པའོ། །འདྲ་ནི་ཁྱད་པར་མེད་པའོ། །འདྲུལ་བ་ནི་ཤ་སོགས་རུལ་བའོ། །འི་ནི་འབྲེལ་སྒྲའོ། །གཏམ་འདྲི་ནི་ཅི་འདྲ་ཅི་བྱེད་ཅི་ཟེར་སོགས་ཀྱི་སྐད་ཆ་འདྲི་བའོ། །ཡི་གེ་འདྲི་ནི་སྣག་ཚ་སོགས་ཀྱིས་ཤོག་བུ་ལ་རི་ མོ་བྱེད་པའོ། །འདྲིད་{འདྲིད་པ་ནི་བརྡ་རྙིང་སྟེ་བསླུ་བ། }ནི་ ཟས་ནོར་སོགས་ཀྱིས་དང༌། ཚིག་གིས་བསླུས་ནས་དོན་མགོ་བསྐོར་བའོ། ། ཅིང་ནི་ཚིག་གི་ཕྲད་དོ། །ཁྲིམས་འདྲལ་ནི་རལ་པ་སྟེ་བཤིག་པའོ། །སྲོག་འདོར་ནི་དོར་བ་སྟེ། ཕོངས་མེད་དུ་གཏོང་བའོ། །འདར་ནི་འཁྱགས་པའམ། སྐྲག་པས་འཕར་འཕར་བྱེད་པའོ། །འདེགས་པ་ནི་ཡར་བཀྱག་པའོ། །འདི་ནི་ངོས་བཟུང་དམིགས་བསལ་ལོ། །འདོད་ནི་མོས་པའོ། །འདུལ་བབ་ནི་བྱེད་པ་པོ་གང་ཟག་གམ། ཆོས་འདུལ་བ་སོགས་ཀྱིས། འདུལ་ནི་དགྲ་སོགས་དང་ཉོན་མོངས་འདུལ་བའོ། །འདམ་བུ་ནི་རྩའམ། སྨན་འདམ་བུ་ཀ་རའོ། །འི་འབྲེལ་སྒྲའོ། །འདབ་མ་ནི་བྱ་དང༌། པདྨའི་འདབ་མ་སྔོ་སྟེ། རྩ་བ་ལས་གྱེས་པའི་འཇམ་མཉེན་ཅན་ནོ། །ར་ནི་གནས་གཞིའོ་སྒྲའོ། །འདབ་ཆགས་བྱ་དང་བྱ་སྤུ་འགེབས་སུ་སོང་བའོ། །འདུ་ནི་ཕྱོགས་སོ་སོ་ནས་བྱུང་སྟེ་གནས་གཅིག་ཏུ་འཛོམས་པའོ། །རི་འདབས་ནི་རིའི་རྩ་བའོ། །འདོམ་ས་ནི་བྱེ་མ་དང་འདྲེས་པའི་ས་ཞིང་ངོ༌། །འདག་གུ་ནི་འདེའུ་འམ་སྐྱོ་མའོ། །འདག་ནི་ལྡག་པར་བཤད་དོ། །བློ་འདྲོག་ནི་བསྔངས་སྐྲག་གིས་སེམས་རྩ་འཕར་ཤོར་བ་སྟེ། རྟ་ཟོག་འདྲོག་པའང་ངོ༌། ། ཞབས་འདྲེད་ནི་འདམ་རྫས་སོགས་ཀྱི་རྐྱེན་བྱས་པའམ། འཁྱགས་སོགས་སྲ་འཇམ་ཅན་ལ་རྡོག་པ་མི་ཆགས་པའོ། །འདྲད་ནི་ལག་པས་སམ། ཁྱིས་རུས་པ་འདྲད་ པ་ལྟ་བུའི་སོ་འདྲད་སྟེ་མུར་བའོ། །ཅིང་ནི་ཚིག་གི་ཕྲད་དོ། །འདྲུད་ནི་སར་འདྲུད་པའོ། །འདྲེན་པ་ནི་བླ་མ་སོགས་དམ་པའོ། །ས་བྱེད་སྒྲའོ། །ཆོས་འདོམས་ནི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་བཤད་པའོ། །དགེ་འདུན་ནི་བསླབ་པ་གསུམ་དང་ལྡན་པའོ། ། འདུས་ནི་རང་རང་གི་གནས་ནས་གཙུག་ལག་ཁང་སོགས་སུ་འཚོགས་པའོ། །འདོ་མེད་{རང་དོན་མེད་པའི་མི་ལ་འདོ་མེད་ཟེར་སྲོལ་ཡོད་པ་དེ་འདྲའོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད། }ནི་ཞེ་རྩ་མེད་པའི་མགོ་ཆུང་ངོ༌། །འདོམས་ནི་བརླ་བར་གསང་བའི་གནས་སོ། །བུ་ནི་ཚིག་གྲོགས་ལྟ་བུ་སྟེ་རྣམ་དབྱེ་བདུན་པའང་ངོ༌། །འདོམ་གང་ནི་ལུས་ཀྱི་ཚད་དོ། །འདོགས་ནི་མིང་དང་རྒྱན་དང༌། རྟ་ནོར་སོགས་བཏགས་པའོ། །འདོད་ཆགས་ནི་བློར་བབ་པ་དེ་ལ་ཡིད་རྟག་པར་འཁོར་བའོ། །འདུ་ཤེས་ནི་རྟོགས་དཔྱོད་ཀྱི་བསམ་པའོ། །འདུ་འཛི་ནི་དགོས་མེད་ཀྱི་བྱ་བྱེད་མང་པོས་སེམས་གཡེང་བའོ། །ར་ནི་གནས་གཞིའོ། །འདྲིས་ནི་ཡུན་རིང་འགྲོགས་ཏེ་རྒྱུས་ཡོད་པའོ། །འདྲེག་མཁན་ནི་སྐྲ་སེན་སོགས་བྲེགས་མཁན་ནོ། །འདེང་ནི་འགྲོ་བའོ། །ཕྱིར་ནི་ཚིག་གྲོགས་སོ། །འདོ་རྟ་ནི་འདོ་བ་རྟའམ་འདོ་ལི་རྟ་ཟེར་བའོ། །འདམ་ནི་གང་དགའ་གདམ་པའོ། །འདས་པོ་ནི་ཚེ་འདས་སམ། ལྷ་ཡོས་བའོ། །འི་ནི་འབྲེལ་བའི་ཚིག་གོ། །འདད{དགུང་ཞག་འདད་པ་ལྟ་བུའི་དགེ་རྩ་དགོངས་རྫོགས་བྱེད་པའོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད་དོ། ། }ནི་རྗེས་སུ་དགེ་རྩ་བྱེད་པའོ། །ཀྱིས་ནི་བྱེད་སྒྲའོ། །འཁོར་འདབ་ནི་འཁོར་གཡོག་གོ། །འདུན་ནི་མོས་པའོ། །མིང་འདོགས་ནི་ངོས་འཛིན་པར་བྱེད་པའི་བརྡ་བཏགས་པའོ། །ཆུ་འདལ་{ཆུ་འདལ་ནི་བརྡ་རྙིང་སྟེ་ཆུ་དལ་བོར་འདུག་པ། }ནི་ཆུ་དལ་པོའོ། ། སྐྱོ་མ་འདལ་{ཕྲ་མ་ལ་དགའ་བའམ་འདུན་པ་ཡིན་ཞེས་ཟེ་ཆེན་པས་གསུངས་སོ། །} ནི་ འདེའུ་ཁོལ་ནས་ལུད་པའོ། །འདག་ཆལ་ནི་ཁྲུས་རྫས་མར་ནག ། སྲན་ཕྱེ། སུག་པ་སོགས་སམ། ཡང་ན་བུར་བུལ། གླང་གླད་སོགས་དྲི་མ་འདག་བྱེད་དོ། །གོ་འདུན་ནི་སྣ་ཚོགས་སམ། གང་མོས་སོ། །དེ་མ་འདྲོག་{ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས། སྤྲིན་སྔོན་འཁྲིགས་པའི་དེ་མ་་འདྲོག ། སྦྲང་ཆར་དལ་གྱིས་བབ་པར་གྱུར། །ཞེས་དཔེར་བརྗོད་ཀྱང་མཛད་དོ། ། } ནི་དེ་མ་ཐག་གོ། །དྲི་མ་འདག་ནི་མི་གཙང་བ་དག་པའོ། །སོགས་ནི་གཞན་ཡང་རིགས་པས་དཔྱད་དེ་ཤེས་པར་བྱ་དགོས་ཞེས་པའོ། ། དེ་རྣམས་ནི་འས་འཕུལ་ད་ཡིག་གི་འཇུག་པའོ། །ར་མགོ་ལྡན་པའི་ད་ཡིག་གི་འཇུག་པ། གྲོང་རྡལ་ནི་བཟོ་རིགས་བཅོ་བརྒྱད་འཛོམས་པའི་གྲོང་ངོ༌། །ཐོག་རྡིབ་ནི་ཡ་ཐོག་ལྷུང་བའོ། །རྡོ་རྗེའི་རྡུལ་ནི་རྡོ་རྗེ་ཞེས་སྟོང་ཉིད་རང་བཞིན་ཡིན་ཞིང༌། རྡོ་རྗེའི་རྡུལ་བསམ་གཞིག་དང་བྲལ་བའོ། ། དངོས་པོ་མཚན་མའི་རྡོ་རྗེ་ཕྱག་མཚན་ཕྲ་རབ་རྡུལ་སོགས་ཀྱང་ངོ༌། །རྡེའུ་ནི་རྡོ་ཆུང་ངོ༌། །རྡོག་པོ་ནི་རིལ་པོ་ཆིག་རྐྱང་ངོ༌། །རྡོག་རྐྱང་ནི་ཡ་གཅིག་རྐྱང་ངོ༌། །རྡུགས་ནི་ཐབ་རྡུགས་སམ། སྤུས་ཞན་པའོ། །རྡུངས་འཚོག་ནི་དབྱུག་པ་སོགས་ཀྱིས་རྡེག་པའོ། །ཕེག་རྡོབ་དང༌། ཆ་ལང་གཉིས་རོལ་མོའི་རིགས་སུ་བཤད་པས་སྔ་མ་སིལ་སྙན་དང༌། ཕྱི་མ་རོལ་མོ་ཡིན་སྙམ་མོ། །རྡོབ་ནི་སྐུལ་ཚིག་སྟེ། མེའམ། མེ་ཆ་རྡོབ། གོས་སམ་ཐལ་བ་རྡོལ་ལྟ་བུའོ། །གློ་རྡེག་ནི་གློ་བུར་རམ་གློ་རྒྱགས་སོ། །རྡབ་འཆལ་{ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས། རྡབ་འཆབ་པ་ནི། རྡབ་ཕོག་ནས་འཆལ་བའོ། ། གསུངས་པ་ཉིད་དོན་ལ་གནས་སོ། །}ནི་ས་ལ་འགྱེལ་བའང་བཤད། སིལ་སྙན་ཡང་ཟེར་རོ། །ལུས་རྡོས་ཆེ་ལུས་གཟུགས་ཆེ་བ་སྟེ། རྡོས་ནི་འདུས་བྱས་དངོས་པོར་རོ། །ལག་རྡུམ་ནི་ལག་ཡུའོ། །གློ་རྡོལ་གློ་ནད་ཟེར་རོ། ། མིའི་རྒྱབ་མདུན་གཞོགས་གང་རུང་བུག་ནས་གློ་བ་ཕྱིར་འཐོན་པ་དང༌། སྣོད་སྤྱད་ཀྱི་ངོས་སམ་གཞོགས་བུག་ནས་ནང་རྫས་ཕྱིར་ཐོན་པ་ལའང་འཇུག་གོ། །དབུ་བ་རྡོས་ནི་ཆུ་ལ་ལྦུ་བ་ཆགས་པའོ། །གྲི་རྡོར་ནི་རྡོ་སོགས་ལ་དྲུད་ནས་རྣོ་བར་བྱེད་པ་སྟེ། སྐུལ་ཚིག་གོ། །རྡོལ་ཆོས་{ནམ་ཕུག་ལ་མི་གཞིག་པར་འཕྲལ་ རྩིང་སྤྱོད་ཀྱི་ལས་ཀ་བྱེད་པའོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད}ནི་ཐུགས་ཀྱི་ཀློང་ནས་རྡོལ་བ་དང༌། ས་གཏེར་ ཡང་ངོ༌། །དེ་རྣམས་ནི་ར་མགོ་ལྡན་པའི་ད་ཡིག་གི་འཇུག་པའོ། །ལ་མགོ་ལྡན་པའི་ད་ཡིག་གི་འཇུག་པ། མཁའ་ལྡིང་ནི་ནམ་མཁའ་ལ་ལྡིང་བའི་བྱ་སྤྱི་སྟེ། གཙོ་བོར་འདབ་ཆགས་ཀྱི་རྒྱལ་པོ་མཁའ་ལྡིང་ཞེས་ཁྱུང་ལ་འཇུག་གོ། །འབྲུག་ལྡིར་ནི་དབྱར་དུས་འབྲུག་སྐད་བསྒྲགས་པའོ། །ལྡབ་ལྡིབ་སྐད་ནི་མི་གསལ་ཞིང་གོ་དཀའ་བའོ། །ལྡ་ལྡི་ནི་མཆོད་རྫས་དར་གྱི་ཆུན་འཕྱང་ངོ༌། །ལྡེ་མིག་ནི་སྒོ་ལྕགས་ཁོག་བུ་འབྱེད་བྱེད་དོ། །ཡོད་པའི་ལྡན་ནི་སེམས་ཡོད་ན་སེམས་ལྡན་དང༌། དེ་བཞིན་དུ་མིག་ཡོད་ན་མིག་ལྡན། ནོར་ལྡན། དཔྱོད་ལྡན་སོགས་འགྲེའོ། །མགོ་ལྡོག་ནི་ཡར་མར་ཕྱིན་ཅི་ལོག་པའོ། ། ལྟོ་ལྡིར་ནི་བུམ་པ་ལྟ་བུའི་ལྟོ་བ་ལྡིར་བའོ། །སྡུར་སྡུར་ནི་ཐུག་པ་གར་མོ་སོགས་སོ། ། ལྡུགས་ནི་བླུགས་པའོ། །སེང་ལྡེང་ནི་ཤིང་ངོ༌། །ལྡེམ་ལྡེམ་ནི་ཕྲ་གཉེན་ཅན་ནམ། ལུས་ཀྱི་རྣམ་འགྱུརརོ། །ལྡེར་བཟོ་ནི་འདག་སྐུ་སྟེ། སྡེར་ཚོར་ཡང་བཤད་དོ། །འི་འབྲེལ་སྒྲའོ། །ལྡེབས་ནི་ཁང་པ་སོགས་ཀྱི་ཕྱོགས་སོ། ། ལྡོང་རོས་ནི་ཚོན་དམར་སེར་རོ། །ངད་ལྡང་ནི་སྤོས་དྲི་སོགས་འཐུལ་བའོ། །ལྡེ་གུ་བྱུག་ནི་སྨན་འདམ་སོགས་བསྐུ་བའོ། །འཇུག་ལྡོག་ནི་མགོ་འཛུགས་ནས་ཁ་མ་ཉན་པར་སླར་ཕྱིར་ལྡོག་པའོ། །ལྡོབས་སྐྱེན་ནི་ཤེས་སླ་བའོ། །ཕྱིར་མི་ལྡོག་ནི་སླར་མི་འོང་བའོ། །སྐོམ་ལྡུད་ནི་སྐོམ་རྩི་བཏུང་བ་སྔུད་པའོ། །མེ་ལྡེ་ནི་མེ་འདེ་བའོ། །མིང་གི་ལྡེ་ནི་ཁྲི་སྲོང་ལྡེའུ་བཙན་ལྟ་བུའོ། །ལྡུམ་ར་ནི་མེ་ཏོག་སྐྱེད་ཚལ་ལོ། །འི་འབྲེལ་སྒྲའོ། །ལྡུམ་བུ་ནི་རྩ་སྔོན་གཞོན་ནུ་མེ་ཏོག་བཅས་སོ། །ལྡབ་ལྡོབ་ནི་སྒྲ་ལའང་བཤད། ཕང་ཕུང་དུའང་བཤད་དོ། །དང་ནི་སྡུད་ཚིག་གོ། །བཅོམ་ལྡན་ནི་སྟོན་པ་སྤྱིའི་མཚན་ཏེ་བདུད་བཞི་བཅོམ་པ་སོགས་སོ། །ལྡེམ་དགོངས་{ལྡེམ་པོ་ནི་བརྡ་རྙིང་སྟེ། དྲང་པོ་མིན་པ། }ནི་གསང་སྔགས་ཀྱི་ཆོས་ལ་མཐའ་དྲུག་གི་ནང་ཚན་ལྡེམ་དགོངས་ཞེས་པ། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། ། ཞེས་སོགས་ཡོད་མོད་སྲོག་ཆགས་བསད་ཅེས་པ་ཉོན་མོངས་པའི་དོན་ལ་དགོངས་པ་སོགས་མང་ངོ༌། །དྲིས་ལན་ལྡོན་ནི་གཞན་གྱི་དྲིས་པའི་ལན་འདེབས་པའོ། །བསྐྱར་ལྡབ་ནི་ཡང་ཡང་ངོ༌། །ཉིང་ལྡེབ་ནི་ཚར་གཉིས་སོ། །ལྷག་མ་ལྡབ་{བཟའ་བཏུང་སོགས་ལོངས་ སྤྱད་པའི་འཕྲོ་མ་ལྟ་བུ་ལ་ལྷག་མ་ཞེས་བྱ་ལ། ལྡབ་ཞེས་པ་ལུས་ས་ལ་འཇུག་པས། ལྷག་མ་ལུས་པའོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་འབྱུང་ངོ༌། ། }ནི་ལྷག་མ་ལུས་པའོ། །ལྡན་པ་ནི་གདོང་གི་འགྲམ་པའོ། ། མདན་པའང་རུང༌། འི་ནི་འབྲེལ་བའི་སྒྲའོ། །སོ་ལྡེག་ནི་སོ་འགུལ་བའོ། །མིག་ཀྱང་ལྡོངས་{ལྡོངས་ནི་བརྡ་རྙིང་སྟེ་ལོང་བ། }ནི་མིག་ལོང་བ་སྟེ། མདོངས་ཀྱང་རུང༌། ནེའུ་ལྡངས་{ནེའུ་ལྡང་ནི་བརྡ་རྙིང་སྟེ། ན་ཟླ། }ནི་ན་མཉམ་མོ། །ལྡོམ་བུ་ནི་ཟས་ཀྱི་ཕྱིར་བསོད་སྙོམས་སོ། །སྟན་ལ་ལྡང་ནི་འདུག་ནས་ཡོད་པ་ཡར་ལངས་པའོ། །ལྡང་ཚད་ནི་བསྟན་བཅོས་ཀྱི་ལྡང་ཚད་དོ། །ལ་སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་པར་བྱ་དགོས་པའི་དོན་ནོ། ། དེ་རྣམས་ནི་ལ་མགོ་ལྡན་པའི་ད་ཡིག་གི་འཇུག་པའོ། །སར་བཏགས་ད་ཡིག་གི་འཇུག་པ། ཞེ་སྡང་ནི་དགྲ་ལ་ཁྲོ་བའོ། །སྡང་མིག་ནི་མིག་འབུར་ཚུགས་སུ་ལྟ་བའོ། །སྡིགས་མཛུབ་ནི་ལག་པས་སོ། །སྡིགས་ནི་གཞན་སྐྲག་པར་བྱེད་པའི་ཚིག་སྨྲ་བ་སོགས་སོ། །སྡར་མ་ནི་སྐྲག་སླ་བའོ། །བདེ་སྡུག་ནི་སྐྱིད་སྡུག་གོ། ། དགེ་སྡིག་ནི་གོ་སླའོ། །སྡོམ་ནི་བཟང་ངན་སེམས་ལ་བཟུང་ནས་ཕྱིས་ངན་པ་མི་བྱ་བར་དམ་འཆའ་བའོ། །སྡིངས{ནགས་ལྡིངས་ལྟ་བུའོ། ། ཞེས་ཟེ་ཆེན་པས་གསུངས་སོ། ། }ནི་དཀྱིལ་ལམ། མདོངས་ཀྱི་མིང་ངོ་། །ཀྱི་ནི་འབྲེལ་བའི་དོན་ནོ། །སྡོང་པོ་ནི་ཤིང་སོགས་སོ། །སྡོང་བུ་ནི་ཤིང་སྡོང་དང༌། མར་མེའི་སྡོང་བུའོ། ། འི་ནི་འབྲེལ་བའི་སྒྲའོ། །སྡེ་ནི་སྡེ་ཚན་ཏེ། ཕྱོགས་གཅིག་པ་མང་པོའོ། །སྲོག་དང་སྡོ་ནི་དམ་ཚིག་དང་སྡོམ་པ་སྲོག་ལས་གཅེས་པར་འཛིན་པ་ལྟ་བུའམ་འཇིག་རྟེན་པ་འགའ་ཞིག་ནོར་རྫས་ཀྱི་ཕྱིར་དུ་རང་གི་སྲོག་ཀྱང་འདོར་ཕོད་པ་ལྟ་བུའོ། །ཞིང་ཚིག་ཕྲད་དོ། །སྡེ་ཚན་ནི་སོ་སོའི་རིགས་མཐུན་ནོ། ། སྡེབ་ནི་ཕྱོགས་སུ་བསྲེ་བའོ། །སྲོག་ཆགས་སྡོམ་ནི་སེམས་ཅན་གྱི་རིགས་འབུ་སྤ་རའོ། །སྡིག་ནི་སྡིག་པ་ར་ཙའོ། །སྡེར་མ་རྣོ་ནི་བྱ་དང་གཅན་གཟན་སོགས་ཀྱི་སྡེར་མོའོ། །སྡོམ་པ་ནི་བསླབ་ཁྲིམས་བཅས་པའོ། །བསྲུང་སྡོམ་ནི་བསྲུང་བྱ་དམ་ཚིག་དེ་ལས་མི་འདའ་བར་བྱེད་པའོ། །སྡོང་ནི་གཉིས་སམ་མང་པོ་ཕྱོགས་གཅིག་ཏུའོ། །ནས་ནི་ལྷག་འདྲེན་ནོ། །སྡོད་ནི་མ་འགྲོའོ། །སྡེབ་སྦྱོར་ནི་སྙན་ངག་གི་ཚིག་གཞིའོ། །མཛེས་སྡུག་ནི་ལུས་སོགས་ཡག་པ་ཡིད་དུ་འོང་བའོ། །ནོར་སོགས་སྡུད་ནི་སོགས་ཁོངས་སུ་ཕྱོགས་སོ་སོར་ཡོད་པ་རྣམས་ལྷན་ཅིག་དང༌། དབང་དུ་སྡུད་ལྟ་བུ་ཐམས་ཅད་ལ་འགྲེ་བས། འདིས་མཚོན་ནས་སྡུད་ཐམས་ཅད་{ངག་སྒྲོན་སྡེ་དགེ་དང༌། དཔལ་སྤུངས་པར་མ་གཉིས་ཀར་འདིས་མཚོན་ནས་སྡུད་ཐམས་ཅད་མ་འོངས་པ་ཡིན་ཕྱིར་སྔོན་འཇུག་མེད་དོ། །ཞེས་དཀྱུས་སུ་མཆན་བུ་ཡོད་པར་སྣང་ངོ༌། །}ད་ལྟར་བ་ཡིན་ཕྱིར་སྔོན་འཇུག་མེད་དོ། །སྡུམ་པ་ནི་ཁང་ཁྱིམ་མོ། །ར་ནི་གནས་གཞིའི་སྒྲའོ། །མཆོད་སྡོང་ནི་མཆོད་རྟེན་ལྟ་བུའོ། །སྡོམ་བུས་བསྐོར་ནི་བསོད་སྙོམས་པས་བསྐོར་བའོ། །སྡེར་མ་སྣོད་དོ། །འི་ནི་འབྲེལ་སྒྲའོ། །ཐུགས་སྡོར་ནི་ཐུག་པའི་ནང་འཕེལ་རྒྱུའི་ཤ་ཚིལ་རུས་མར་སོགས་སོ། །ལག་པས་སྡོམ་ནི་ཚུར་དམ་པོར་བྱེད་པའོ། །བཀའ་སྡོད་ནི་བཀའ་འཁོར་ལས་བྱེད་མཐུ་རྩལ་ཅན་ནོ། །སྡེ་སྣོད་ནི་རྒྱལ་བའི་གསུང་རབ་འདུལ་བ། མདོ་སྡེ་མངོན་པ་རྣམས་སོ། ། དེ་རྣམས་ནི་སར་བཏགས་ད་ཡིག་གི་འཇུག་པའོ། །བས་འཕུལ་ར་མགོ་ལྡན་པའི་ད་ཡིག་གི་འཇུག་པ། གྲི་བརྡར་ནི་སྒྲ་ཇི་བཞིན་པའོ། །བརྡེག་འཆོས་ནི་ལུས་ས་ལ་འགྱེལ་བའོ། །བརྡུང་བྱ་ནི་རྔ་སོགས་སོ། །བརྡུངས་ནི་དབྱུག་པ་སོགས་ཀྱིས་སོ། །ཁ་བརྡར་ནི་རང་བཞིན་མདོ་དོན་མེད་པའི་གཏམ་མམ། གཏམ་བཤད་རེས་ཀྱི་ཁ་སུ་རྣོ་བྱེད་པའོ། །བླ་བརྡོལ་ནི་མ་བརྟགས་པར་བབ་བཅོལ་དུ་སྨྲ་བའོ། །ཆལ་བརྡབ་{མི་འགའ་ཞིག་མཚར་ཤོར་བའི་ཚེ་ལག་གཉིས་ཐལ་མོ་རྡེབ་འདུག་པ་དེ་འདྲའོ་ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། ། }ནི་ཆ་ལང་བརྡབ་པ་ལྟ་བུའི་སྒྲ་ཆལ་ཆལ་ཡོད་པར་རྡེབ་པ་ལྟ་བུའོ། །བརྡབས་ནི་ཚར་བའོ། །རྔ་བརྡུང་ནི་ལག་པས་སོ། །བྲོ་བརྡུང་ནི་རྐང་པས་སོ། །གོ་བྱེད་བརྡ་ནི་མིག་བརྡ་ལག་བརྡ་སོགས་སོ། ། ཆལ་མར་བརྡལ་ནི་ཁོད་སྙོམས་པའོ། །ནས་ནི་ལྷག་འདྲེན་ནོ། །བརྡུལ་{ཆལ་མར་བརྡལ་ནས་བརྡུལ་ཞིང་བརྡེག ། ཅེས་པའི་ཚིག་གྲོགས་ཀྱིས་ཚུར་བརྡུལ་བ་འདྲ་སྟེ། དཔེར་ན་སྙིང་ཕུང་ཐང་མར་བརྡལ་ནས་གདོད་ཚུར་བསྡུ་བའམ། བརྡུལ་ནས་དབྱུག་པས་བརྡེག་པ་ལྟ་བུའོ། ། ཞེས་སོགས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད་དོ། ། }ནི་འཛིངས་མོ་བྱེད་ནས་ཐལ་བ་་་་གཏོར་བའོ། །ཞིང་ནི་ཚིག་གི་ཕྲད་དོ། །བརྡེག་ནི་ཕ་རོལ་པོ་འཇིགས་པར་བྱེད་པའི་ལུས་ངག་གི་ལས་སོ། ། དེ་རྣམས་ནི་བས་འཕུལ་ ར་མགོ་ལྡན་པའི་ད་ཡིག་གི་འཇུག་པའོ། ། བས་འཕུལ་ལ་མགོ་ལྡན་པའི་ད་ཡིག་གི་འཇུག་པ། བལྡབས་ནི་ཡང་སྐྱར་གྱི་གཉིས་ལྡབ་ལྟ་བུའོ། །ནས་ནི་ལྷག་མ་འདྲེན་པའི་སྒྲའོ། །བལྡན་པ་ནི་ལྕེས་སོ། །བལྡེག་ནི་གྱེན་དུ་འདེག་པའི་དོན། ཅིང་ནི་ཚིག་ཕྲད་དོ། །བལྡད་ནི་ཕྱུགས་ཀྱིས་རྩ་ཟོས་ནས། ཡང་ཟོས་ཀྱིས་ཁ་བལྡད་པ། དེ་རྣམས་ནི་བས་འཕུལ་ལ་མགོ་ལྡན་པའི་དའོ། །བས་འཕུལ་ས་མགོ་ལྡན་པའི་ད་ཡིག་གི་འཇུག་པ། བསྡུ་བྱ་བསྡུ་ནི་ནོར་སོགས་འཐོར་བ་རྣམས་ཕྱོགས་གཅིག་ཏུ་བསྡུ་བའོ། །བསྡུས་ནི་ཚར་བའོ། །བསྡུར་ནི་ཕན་ཚུན་བློ་སོགས་སོ། །ནས་ནི་ལྷག་བཅས་སོ། །བསྡད་ནི་འདུག་ཟིན་པའོ། །ཉེས་བསྡོམས་ནི་ཉེས་པ་མ་བྱས་པའོ། །བསྡོམས་ནི་ཕྱོགས་གཅིག་ཏུའོ། །ནས་ནི་སྔ་མ་ལྟར་རོ། །སྲོག་དང་བསྡོས་ནི་སྲོག་དང་བྲལ་ཡང་དོན་དེ་མི་གཏོང་བའོ། །འགོ་བསྡོགས་ཉེར་སྡོགས་{ཉེར་ བསྡོགས་ནི་བརྡ་རྙིང་སྟེ། སྟ་གོན། }དེ་སྔ་གྲབ་སྟ་གོན་དང༌། ཁྱད་པར་ཉེར་བསྡོགས་ནི་ཉན་རང་བྱང་སེམས་སོགས་ཀྱིས་ལམ་གྱི་རིམ་པ་སྦྱོང་བའི་སྐབས་ལམ་འོག་མ་ནས་གོང་མར་བར་ཆད་མེད་པར་བསམ་གཏན་སོགས་ལ་རིམ་པར་བསྒྲོད་པའི་གོང་དུ་འཇུག་མ་རག་པ་དེ་ལ་བཞེད་དོ། །གཞན་ལ་བསྡིགས་ནི་སྐྲག་པར་བྱེད་པའོ། །གྲོགས་དང་བསྡོངས་ནི་ཕན་ཚུན་མཉམ་པོར་རོ། །བསྡེབས་ནི་ལྷན་ཅིག་ཏུའོ། །སྣ་ཐག་བསྡོགས་ཕྱུགས་ཀྱི་སྣ་ནང་དུ་བཏུས་པའི་ཐག་པའོ། །འགལ་བསྡུམ་ནི་འགྲེས་པ་མཐུན་པར་བྱེད་པའོ། ། དེ་རྣམས་ནི་བས་འཕུལ་ས་མགོ་ལྡན་པའི་ད་ཡིག་གི་འཇུག་པའོ། །གས་འཕུལ་ན་ཡིག་གི་འཇུག་པ། ཕན་གནོད་ནི་ཕན་འདོགས་པ་དང༌། གནོད་སྐྱེལ་བའོ། །གནས་སྐབས་ནི་དུས་དེའི་ཚེའོ། །གནང་བཀག་ནི་སྔ་སོར་གནང་ཞིང་རྗེས་ནས་བཀག་པ་སྟེ། དཔེར་ན་རྒྱལ་པོས་གནང་ཡང་སློབ་དཔོན་གྱིས་བཀག་པ་ལྟ་བུའོ། ། ཡུལ་གྱི་བསོད་སྙོམས་ལེན་པ་གནང་ཞིང་མ་བྱིན་ལེན་བཀག་པ་ལྟ་བུའོ། །གནད་ནི་གལ་གནད་ཆེ་བའོ། །གནོད་སྦྱིན་ནི་ནོར་ལྷའོ། །གནག་ཕྱུགས་ནི་མཛོ་གཡག་ར་ལུག་སོགས་སོ། །གནམ་ནི་ནམ་མཁའོ། །ལྟར་ནི་ཚིག་གྲོགས་སོ། །གནག་ནོག་པའོ། །གནས་བརྟན་ནི་དགེ་སློང་རྒན་པོའོ། །ཉེ་གནས་ནི་སློབ་མའོ། །གནས་ཁང་ནི་སྡོད་ཁང་ངོ༌། །གནས་ནི་ས་དེ་ནའོ། །གནོད་བྱེད་ནི་གོ་སླའོ། །ཟིན་གནོན་ནི་རང་གིས་ཕར་ཟིལ་གྱིས་གནོན་པའོ། །གནའ་མི་{གནའ་ནི་བརྡ་རྙིང་སྟེ་ཐོག་མའམ་སྔོན། }ནི་སྔོན་གྱི་མི་དྲང་ཚུལ་ཅན་ནོ། །གནུབས་ནི་རུས་བརྒྱུད་དོ། ། {གསང་ སྔགས་སྔ་འགྱུར་གྱི་བཀའ་བབ་བོད་དུ་ གྲགས་ཆེ་བ་སོ་ཟུར་གནུབས་གསུམ་གྱི་ཕྱི་མ་ སྟེ། གདུང་རུས་ཀྱི་མིང་ངོ༌། །ཞེས་ཟེ་ཆེན་པས་ གསུངས་སོ། །}ཞི་གནས་ནི་རྣམ་རྟོག་ཞི་ཞིང་སེམས་དྭངས་བར་གནས་པའོ། །གནས་འགྱུར་ནི་ལྕགས་གསེར་དུ་འགྱུར་བ་ལྟར་སྔ་མར་མི་གནས་པར་གཞན་དུ་འགྱུར་བའོ། ། གནས་ལུགས་རྟོགས་ནི་རང་སེམས་ངོ་འཕྲོད་ནས་ཆོས་སྐུའི་རང་ཞལ་མཐོང་བའོ། །གནངས་གཞེས་ནི་ཞག་གཉིས་གསུམ་ནའོ། ། གནམ་རུ་{གནམ་རུ་ནི་བརྡ་རྙིང་སྟེ་གཞུ་}ནི་གཞུའོ། །རྐང་པས་གནོན་ནི་རྐང་པས་བརྫིས་པའོ། །ཞེ་གནོང་ནི་ཞེ་འགྱོད་དམ། ངོ་གནོང་ངོ༌། །གནད་གཅོད་ནི་གནད་དེ་རྩད་གཅོད་བྱེད་པའོ། །གནས་ངན་ལེན་ནི་ངན་སོང་དུ་སྐྱེ་བའོ། །གནོད་གནས་ནི་ཛམྦྷ་ལའི་མིང་ངོ༌། །ལ་སོགས་ནི་གཞན་རིགས་པས་དཔྱད་དེ་ཤེས་པར་བྱ་དགོས་ཞེས་པའི་དོན་ནོ། ། དེ་རྣམས་ནི་ གས་འཕུལ་ན་ཡིག་གི་འཇུག་པའོ། ། མས་འཕུལ་ན་ཡིག་འཇུག་པ། མནལ་གཟིམས་ནི་ཉལ་ཏེ་གཉིད་པའོ། །མནའ་མ་ནི་ཆུང་མའོ། །འོག་ཏུ་མནན་ནི་གླེབས་པའོ། །མནབ་བསྩལ་{མནབ་སྩལ་ནི་བརྡ་རྙིང་ཁ་ཟས། }ནི་དྲི་མ་བསལ་བའོ། །དྲི་མནམ་ནི་སྣས་མྱོང་བའོ། །མནར་མེད་ནི་དམྱལ་བ་སྟེ་སྡུག་བསྔལ་དེ་ལས་གཏད་རྒྱུ་མེད་པ་མྱོང་བའོ། །མནར་ནི་ལས་ཀྱི་སྡུག་བསྔལ་གཏད་པའོ། ། མནར་སེམས་ནི་ཕ་རོལ་པོ་ལ་གནོད་པར་འདོད་པའོ། །ཟས་མནོག་ནི་མང་བའོ། །མནོག་ཆུང་བ་{མནོག་ཆུང་བ་ནི་བརྡ་རྙིང་སྟེ། ཁེ་ཆུང་བ། }ནི་ཉམས་ལ་མི་ཕན་པ་ལྟ་བུའམ། ཉུང་བའོ། །མནོལ་རིག་ནི་མི་གཙང་བ་སོགས་འབག་བཙོག་གོ། །མནའ་བསྐྱལ་ནི་དབུ་སྙུང་ངམ་བྲོ་བོར་རོ། །ན་བཟའ་མནབས་ ནི་གོས་གྱོན་པའོ། ། {མནབས་པ་ནི་བརྡ་རྙིང་སྟེ་གྱོན་པ། } མནོ་བསམ་ནི་སེམས་ཀྱི་བསམ་མནོའོ། །མནོས་ནི་བསམ་པ་དང༌། ཆོས་སོགས་གདམ་ངག་ཞུས་པའང་ངོ༌། །སོགས་ནི་གཞན་ཡང་རིགས་པས་དཔྱད་དེ་ཤེས་དགོས་པའི་དོན་ནོ། །དེ་རྣམས་ནི་མས་འཕུལ་ན་ཡིག་འཇུག་པའོ། ། ར་མགོ་ལྡན་པའི་ན་ཡིག་གི་འཇུག་པ། རྣམ་ཤེས་ནི་དངོས་པོའི་རྣམ་པ་མང་པོ་ཤེས་པས་ན་རྣམ་ཤེས་ཏེ་ཚོགས་དྲུག་གམ་བརྒྱད་དོ། །རྣོན་པོ་ནི་བློ་རིག་མཚོན་རྩེ་སོགས་སོ། །འི་ནི་འབྲེལ་སྒྲའོ། །རྣལ་འབྱོར་ནི་དོན་མ་ནོར་པར་རྣལ་མ་ཉིད་འབྱོར་བའོ། །རྣམས་ནི་མང་ཚིག་གོ། །རྣམ་རྟོག་ནི་སེམས་ཀྱི་འཕྲོ་འདུའོ། །རྣམ་གྲངས་ནི་དོན་གཅིག་ལ་མིང་རྣམ་པ་མང་པོའོ། །རྣ་གཤོག་ནི་འབག་མགོ་སོགས་ཀྱི་རྣ་རྒྱན་ནོ། །རྩེ་རྣོ་ནི་གྲི་མདུང་ཁབ་སོགས་ཀྱི་དབལ་ལོ། །རྣལ་མའི་དོན་ནི་མ་བཅོས་པའམ། མ་ནོར་ བའི་དོན། ཁུག་རྣ་ནི་དབྱར་དུས་ཆར་སེར་བབས་པའི་ས་རླངས་སམ་སྨུག་པའོ། །རྣག་ཁྲག་ནི་ལུས་ཀྱི་རྨ་སྐྲངས་ལས་ཟག་པའོ། །ཞིང་རྣང་མ་ནི་ཞིང་ཆུ་མའམ་ཡུར་མ་དུར་ནས་བཟང་བའོ། །ཚིག་ཕྲད་ནི་དཔེར་ན་དག་པ་མཛེས་པ་སོགས་ལ་རྣམ་དག་རྣམ་མཛེས་ལྟ་བུའོ། །རྣམ་པར་ཡང་རྣམ་མཁྱེན་རྣམ་ཀུན་ལྟ་བུ་སོགས། དེ་རྣམས་ནི་ར་མགོ་ལྡན་པའི་ན་ཡིག་གི་འཇུག་པའོ། ། ས་མགོ་ལྡན་པའི་ན་ཡིག་གི་འཇུག་པ། སྣར་མ་དང༌། སྣྲོན་དང༌། སྣུབ་གསུམ་ནི་ནམ་མཁའི་རྒྱུ་སྐར་རོ། །སྣག་ཚ་ནི་ཡི་གེ་འབྲི་བྱེད་དོ། །སྣུར་ནི་འདུལ་བའོ། །སྣང་བ་ནི་མིག་སེམས་ཀྱི་འཆར་སྒོ་དངོས་སྣང་དང༌། འོད་སྣང་སོགས་སོ། །སྣ་ཚོགས་ནི་རྣམ་པ་མང་པོའོ། །སྣ་ཡི་སྣབས་ནི་སྣ་ལུད་དོ། །སྣམ་བུ་ནི་ལུག་སོགས་ཀྱི་སྤུ་ཁལ་འཐག་བྱས་པའོ། །འི་ནི་འབྲེལ་སྒྲའོ། །སྣམ་སྦྱར་ནི་དགེ་སློང་གི་ཆོས་གོས་ལེའུ་མང་པོ་ཅན་ནོ། །སྣལ་མ་ནི་བལ་འཁལ་བའི་སྐུད་པའོ། །འི་ནི་སྔ་མ་བཞིན་ནོ། །སྣེ་ནི་སྐུད་ཐག་སོགས་ཀྱི་རྩེ་མོའོ། །བར་སྣང་ནི་གནམ་སའི་བར་སྟོང་ངོ༌། །སྣང་གསལ་ནི་ཉི་ཟླ་མར་མེ་སོགས་ཀྱི་འོད་ཟེར་རོ། ། སྣུམ་ནི་མར་ཚིལ་ལོ། །དྲི་སྣམ་ནི་སྣས་མྱོང་བའོ། །ལམ་སྣ་ནི་ལམ་དུ་འགྲོ་བའི་སྣ་ཤན་ལྟ་བུའོ། །ར་ནི་གནས་གཞིའོ། ། སྣ་བོ་{སྣ་བོ་ནི་བརྡ་རྙིང་སྟེ་གཙོ་བོ། }ནི་གཙོ་བོའོ། །འི་ནི་འབྲེལ་སྒྲའོ། །སྣག་དཔོན་ནི་སྣག་ཚ་སྟེ། སྲིང་མོའི་བུ་ སོགས་དབོན་རིགས་སོ། །སྣང་ནི་ཡོད་པའོ། །ལྟར་སྣང་ནི་འཇིག་རྟེན་པའི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའོ། །སྣ་མང་ནི་འདྲ་མིན་མང་པོའོ། །སྣྲེལ་ཞི་འཕྲེད་{སྣྲེལ་ཞི་ནི་བརྡ་རྙིང་སྟེ། ལེགས་སམ་འཕྲེད་དམ་འཆོལ་བ་གོ་རིམ་མི་གནས་པའི་དོན་ནོ། །}ནི་གྱེན་ཐུར་མེད་པའི་འཕྲེད་དེ། མདོ་སྡེ་ས་བཅུ་པའི་འགྲེལ་བ་ལས། སྣྲེལ་ཞིའི་དོན་འཆོལ་བའམ། གོ་རིམ་དུ་མི་གནས་པ་ལ་བཤད་ཅེས་སྨྲ་རྒྱན་ལས་གསུངས་ཤིང༌། སྣྲེལ་ཞིའི་འཇིག་རྟེན་པ་གྱང་ལོགས་ལ་རྐང་པས་འགྲོ་བའང་ཡོད་པར་སྣང་ངོ༌། །ཡུག་སྣམ་ནི་བཙག་རྡོ་དམར་པོའོ། ། སྣམ་ཕྲན་ནི་མེ་ཏོག་དང༌། ཆོས་གོས་ཀྱི་སྣམ་ཕྲན་ལའང་འཇུག་སྟེ། སྣམ་ཕྲན་ལྔ་པ་དང༌། བདུན་པ་ལྟ་བུའོ། །སྣ་མ་ནི་ཛ་ཏིའི་མེ་ཏོག་གོ། །སྣེའུ་ནི་སྔོ་སྨན་ནོ། །སྣད་ཡར་ནི་སྐྱོན་གྱིས་སོ། །སེར་སྣ་ནི་འཛིན་པ་ཆེ་བའོ། །འི་ནི་འབྲེལ་སྒྲའོ། །སྣོན་མ་ནི་ཡང་ཡང་བསྐྱར་བ་སྟེ། བརླ་བརྐན་ཡང་ཟེར་རོ། །ར་ནི་གནས་གཞིའོ། །སྣོལ་ནི་ཕན་ཚུན་འཛོལ་བའོ། །རྒྱབ་ཀྱི་སྣམ་ལོག་{སྣམ་ལོག་ནི་བརྡ་རྙིང་སྟེ་ཟུར། }ནི་རྒྱབ་ཟུར་རོ། ། དེ་རྣམས་ནི་ས་མགོ་ལྡན་པའི་ན་ཡིག་གི་འཇུག་པའོ། ། བས་འཕུལ་ར་མགོ་ལྡན་པའི་ན་ཡིག་གི་འཇུག་པ། བརྣབ་སེམས་ནི་གཞན་ནོར་ལ་ཆགས་ཞེན་ནོ། །ལྟོ་ལ་བརྣན་ཡང་ནས་ཡང་དུ་ཟ་བ། ཡང་བརྣངས་ནི་ཕོ་བར་ཟས་སོགས་ཁ་བསྣན་ནས། ཡིད་མི་ཐུབ་པར་གྲེ་བར་ཐོགས་པའོ། །བརྣག་དཀའ་ནི་སྲན་དཀའ་བ་དང༌། བཟོད་དཀའ་བའོ། །འི་ནི་འབྲེལ་སྒྲའོ། །བརྣག་པ་{བརྣག་པ་ནི་བརྡ་རྙིང་སྟེ་བསམ་པ། }ནི་ཡིད་ལ་བསམ་པའི་དོན་ཏེ། བཀའ་བཅད་ཆེན་མོ་ལས། རང་གི་བརྣག་པ་རྫོགས་པ་བྱ་ཕྱིར་དང༌། ། ཞེས་གསུངས་པས་སོ། །ས་ནི་བྱེད་སྒྲའོ། །མདུན་དུ་བརྣར་{དཔལ་སྤུངས་པར་མར་མདུན་དུ་བརྣུར་ཞེས་འདུག}ནི་འཐེན་པའམ། སྨན་སོགས་ཕྱེ་མར་ཞིབ་མོར་བྱེད་པ་ལའང་ངོ༌། ། སྦས་པའི་བརྣོགས་{བརྣོགས་པ་ནི་བརྡ་རྙིང་སྟེ་སྦས་པ། }ནི་གསང་བའམ། བསྡོམས་པའོ། །དང་ནི་སྡུད་ཚིག་གོ། །ངེས་བཟུང་བརྣན་ནི་ངེས་བཟུང་སྟེ། དབུ་མ་བདེན་གཉིས་འགྲེལ་བ་སོགས་ལས། {སུམ་ཅུ་པར། གང་མིང་མཐའ་དང་མཐུན་པ་ཡི། ། བཞི་པ་ལ་ནི་ཨི་སྦྱར་བ། ། དགར་དང་བརྣན་པའི་ཚིག་ཏུ་འགྱུར། །ཞེས་སོ། ། }ནི་ཞེས་པ་ནི་བརྣན་པའི་དོན་ཏོ། །ཞེས་སོ། །དེ་རྣམས་ནི་བས་འཕུལ་ར་མགོ་ལྡན་པའི་ན་ཡིག་གི་འཇུག་པའོ། ། བས་འཕུལ་ས་མགོ་ལྡན་པའི་ན་ཡིག་གི་འཇུག་པ། གནད་བསྣུན་ནི་བྱ་བ་སོགས་གནད་ཐོག་ཏུ་ཁེལ་བར་བྱེད་པའོ། །མཚོན་བསྣུན་ནི་གྲི་མདུང་སོགས་ཀྱིས་རྒྱབ་པའོ། །ནུ་མ་བསྣུན་ནི་ཁྱེའུ་སོགས་ལ་མས་ནུ་མ་ནུ་བཅུག་པའོ། །སྲོལ་བསྣུབས་ནི་སྔར་ཡོད་ཀྱི་ལུགས་སྲོལ་དེ་མེད་པར་བྱེད་པའོ། །གོང་འོག་བསྣོར་ནི་གོ་རིམ་དཀྲུགས་པའོ། །ཞིང་ནི་ཚིག་ཕྲད་དོ། །བསྣོལ་ནི་ཕན་ཚུན་བསྣོལ་མ་བྱེད་པ་སྟེ། དཔེར་ན་ཇ་སྤོམ་བརྩེགས་པ་ལྟ་བུའོ། །མཚོན་བསྣམས་མཚོན་བཟུང་བའི་ཞེ་སའོ། །དུས་བསྣུར་ནི་དུས་བསྒྲིགས་པ་དེ་ཕྱིར་འགྱངས་བྱེད་པ། ཞིབ་མོར་བསྣུར་ནི་སྨན་སོགས་ཞིབ་ཏུ་འདུལ་བའོ། །འཇུག་བསྣར་{ལྕགས་སོགས་བརྡུང་ནས་རིང་བར་བྱེད་པ་ལ་བསྣར་ཞེས་ཟེར་སྲོལ་ཡོད་པ་ལྟ་བུའོ། ། }ནི་མཇུག་མ་ཕྱིར་རྐྱང་ཏེ་མནར་བའོ། །དྲི་བསྣམས་ནི་སྣས་མྱོང་བ་སྟེ་འདས་པའོ། །ནེམ་ནེམ་བསྣེམས་ནི་མནན་པའི་ཚེ་མཉེན་ཆ་ཅན་ཏེ། མནན་ན་ནེམ་ཞིང་བཏེགས་ན་སྤར་བྱེད་པའོ། །མང་དུ་བསྣན་ནི་ཡང་ཡང་ཁ་སྣོན་བྱེད་པའོ། །ནས་ནི་ལྷག་འདྲེན་ནོ། །འདྲེས་པར་བསྣོས་ནི་ཕན་ཚུན་བསྲེས་ཏེ་ཕྱོགས་གཅིག་ཏུ་འཐག་པའོ། ། དེ་རྣམས་ནི་བས་འཕུལ་ས་མགོ་ལྡན་པའི་ན་ཡིག་གི་འཇུག་པའོ། །པ་རྐྱང་གི་འཇུག་པ། པང་པ་ནི་རང་གི་ལུས་ཀྱིའོ། །ར་ནི་གནས་གཞིའི་དོན་ཏོ། །པར་བུ་ནི་སྣོད་ཟ་མ་ཏོག་གོ། །པི་ཝང་ནི་རྒྱུད་མངས་ཀྱི་བྱེ་བྲག་གོ། །འཛིན་ནི་བཟུང་བ་སྟེ་ཚིག་གྲོགས་སོ། །གཅིག་པུར་ནི་གྲོགས་མེད་པའོ། །པིར་ནི་རི་མོ་འབྲི་བྱེད་དོ། །ཀྱིས་ནི་བྱེད་སྒྲའོ། །པ་ཏྲ་ནི་རྩི་པ་ཏྲ་སོགས་རྒྱན་གྱི་རི་མོའོ། །བྲིས་ནི་ཤོག་བུ་སོགས་ཀྱི་ངོ་ལ་བྲིས་ཟིན་པ་སྟེ་ཚིག་གྲོགས་སོ། །པུ་ཤུ་ནི་མདའ་ཡབ་བམ་སྤེན་རྒྱའོ། །འི་ནི་འབྲེལ་སྒྲའོ། །པུ་ཤུད་ནི་བྱ་གཙུག་ཕུད་ཅན་ནོ། །པུར་གྱིས་པུར་ནི་འཕུར་བའོ། །པུཎྜ་རཱི་ཀ་ནི་མེ་ཏོག་པད་དཀར་རོ། །པི་པི་ལིང་{ལེགས་སྦྱར་གྱི་སྐད་དུ། པིསྤ་ལཱི་ཞེས་པ་བོད་སྐད་དུ་གྲོག་མ་ལ་འཇུག་ཅིང༌། དེ་དང་འདྲ་བའི་སྨན་ནག་པོ་ལ་ཟུར་ཆག་པས་པི་པི་ལིང་ཞེས་གྲགས་སོ། ། }ནི་དྲོད་སྨན་ནོ། །པ་ཤི་ནི་བོད་ཀྱི་བཙུན་པ་རྒྱ་ནག་ཏུ་ཕྱིན་པའི་མིང་སྟེ། ཀརྨ་པཀྵིའང་འདི་ཀ་དང༌། རྒྱ་ནག་པས་སྒྱུ་མ་མཁན་ལའང་སྣང་ངོ༌། །པདྨ་ནི་མེ་ཏོག་གོ། །པ་ལ་ཤ་ནི་ས་རྩི་སྟེ་མེ་ཏོག་དམར་སེར་གྱི་རིགས་སོ། །པུས་བཙུགས་ནི་ལུས་ཀྱི་པུས་མོ་ས་ལའོ། །པོག་ནི་སྤོས་དང༌། པོར་ནི་དེའི་སྣོད་དེ་སྤོས་ཕོར་རོ། །ག་པུར་ནི་སྨན་ནོ། །འཐུལ་ནི་དྲི་སོགས་འཐུལ་བ་སྟེ་ཚིག་གྲོགས་པར་མ་ནི་པར་དུ་བཏབ་པའོ། །འི་ནི་འབྲེལ་སྒྲའོ། །པོ་ཏི་ནི་གླེགས་བམ་གྱི་སྐད་དོད་དུ། པུསྟ་ཀ་ཟུར་ཆག་པའོ། །པཎྜི་ཏ་ནི་མཁས་པའམ། བྱང་བའོ། །ཟེ་པྲོག་ནི་རིགས་ལྔའམ་རྩེ་གསུམ་སྟེ། ཟེ་པྲོག་ལྔ་པ་དང་གསུམ་པའོ། །པྲོག་ཞུ་ནི་ཟེ་པྲོག་དང་གཅིག་གོ། །འོག་པག་ནི་སྐ་རགས་ཀྱི་རྒྱན་འཕྱང་བའི་ཚར་ཚར་དེ་ཡིན་པར་སྨྲ་རྒྱན་ལས་གསུངས་ཤིང༌། སྟག་ལྤགས་ཀྱི་ཤམ་ཐབས་ལ་བཤད་པའི་སྐབས་ཀྱང་སྣང་ངོ༌། །དང་ནི་སྡུད་ཚིག་གོ། །པུར་ཁང་ནི་རོ་སྒྲོམ་མོ། ། གདུང་ཁུང་ངོ༌། །པར་ཏང་{དིང་སོང་གྲུམ་རྩེ་ཞེས་རྒྱ་ནག་གི་སྐད་དུ་བཏགས་སོ། ། ཞེས་ཞ་ལུ་ལོ་ཆེན་གྱི་གསུངས། }ནི་གདན་ཁྲ་བོ་ཁ་ཚར་ཅན་ཏེ་གྲུམ་རྩེ་ལྟ་བུའོ། །པོ་ཊ་ལ་ནི་རི་བོ་གྲུ་འཛིན་ནོ། །པུ་ས་ལ་དང་པུཥྤ་ལ་ནི་རྣམ་གྲངས་ཏེ་སྨན་མེ་ཏོག་གོ། །དང་ནི་སྔ་མ་ལྟར་རོ། །པུ་ཤེལ་རྩེ་ནི་སྨན་ནོ། །པ་སངས་ནི་གཟའོ། །པྲ་ཕབ་ནི་མེ་ལོང་ལ་བརྟེན་པའི་མོ་བཏབ་པའོ། ། པྲི་ཡངྐུ་ནི་སྨན་ནོ། །པགས་པ་{སྟག་ལྤགས་ཞེས་དྲུག་སྒྲ་མེད་པའི་ཚེ་ལ་མགོ་ཅན་དང༌། སྟག་གི་པགས་པ་ཞེས་དྲུག་སྒྲ་ཡོད་ཚེ་པ་རྐྱང་དང༌། པགས་པ་ཞེས་་གཞི་དང་མ་འགྲེལ་བའི་ཚེའང་པ་རྐྱང་སྟེ། དཔེར་ན་པགས་པ་ནི་མི་ལྤགས་དང༌། སེང་གེའི་པགས་པ་དང༌། གཟིག་གི་པགས་པ་དང༌། དོམ་ལྤགས་དང་ཞེས་སོགས་ཀྱིས་འགྲེལ་ལོ། །ཞེས་ཞ་ལུ་ལོ་ཆེན་གྱིས་གསུངས། }ནི་ཤུན་པའོ། ། ལག་པོད་ནི་ལས་ཀྱི་ལག་ཚབ་བོ། །པོ་ཟོས་ཀྱང་{པོ་ཟོས་ཀྱང་ནི་བརྡ་རྙིང་སྟེ་ཇི་ལྟར་ཐོགས་ཀྱང༌། }ནི་ཇི་ལྟར་ཐོགས་ཀྱང་ཞེས་པའོ། །པར་གྱིས་འཕར་ནི་པར་བ་དང་འཕར་བ་དོན་གཅིག་སྟེ། མནན་ནེམ་བཏེག་འཕར་སོགས་སོ་དང༌། སོགས་ནི་གཞན་ཡང་རིགས་པས་དཔྱད་དེ་ཤེས་དགོས་པའི་དོན་ཏོ། ། དེ་རྣམས་ནི་པ་རྐྱང་ངོ༌། ། དས་འཕུལ་པ་ཡིག་གི་འཇུག་པ། དཔག་ཚད་ནི་རྒྱང་གྲགས་བརྒྱད་ཀྱི་མཚམས་སོ། །རྗེས་དཔག་{དུ་བ་ལས་མེ་དང༌། ཆུ་བྱ་ལས་ཆུར་ཡོད་པ་དཔག་ནུས་པ་བཞིན་ནོ། ། }ནི་ལྐོག་གྱུར་ལ་རྟགས་ཀྱིས་དཔྱད་པའོ། །དཔག་བྱ་ནི་དོན་སོགས་དཔྱད་བྱ་སྟེ། དཔོག་ནི་བློས་བསམ་པས་ཚད་དང་གཏིང་སོགས་རྟོགས་པའོ། །དཔྱལ་བ་ནི་རུས་སོ། །འི་ནི་འབྲེལ་སྒྲའོ། །དཔྱ་ཁྲལ་ནི་ཁྲལ་ཐོབ་པའོ། །དཔྱང་ཐག་ནི་སྣོད་སོགས་དངོས་པོ་འཕྱང་བྱེད་ཀྱི་ཐག་པའོ། །དཔྱངས་ནི་མཐོ་ས་ནས་མར་འཕྱངས་པའོ། །དཔག་མེད་ནི་གྲངས་སམ། ཚད་དཔེ་མེད་དོ། ། དམག་དཔུང་ནི་དཔུང་ཚོགས་ཡན་ལག་བཞིའི་སྤྱི་མིང་ངོ༌། །དཔུང་བུ་ཆུང་ནི་རྐང་དམག་གོ། །དཔེར་ན་ནི་དཔེ་དང་དཔེ་ཅན་སྦྱར་བ་སྟེ་མཛེས་པའི་དཔེ་པདྨ་ལྟ་བུའོ། །དཔེ་བྱེད་ནི་སངས་རྒྱས་ཀྱི་དཔེ་བྱད་བརྒྱད་ཅུ་ལྟ་བུའོ། །དཔེར་བྱ་ནི་དོན་མཛེས་པ་སོགས་སོ། །དཔེན་{དཔེན་པ་ནི་བརྡ་རྙིང་སྟེ། ཡིད་དུ་འོང་བ། }པ་ནི་མི་རྟག་པ་ཉིད་ཀྱི་མདོ་སོགས་ལས། འཕགས་པ་དང་ཡིད་དུ་འོང་བ་དང༌། མཁོ་བ་སོགས་ཀྱི་དོན་དུ་བཤད་དོ། །རྣམ་དཔྱོད་ནི་མཁས་པའི་དཔྱོད་ཚུལ། ཁྱད་འཕགས་ཀྱི་བྱ་བ། བློ་མིག་ཡངས་པའི་ཤེས་རབ་ཅན་སོགས་སོ། །རྟོག་དཔྱོད་ནི་རྟོག་པ་བློ་རྩིངས་པོ་བུམ་པ་ཤེས་པ་ལྟ་བུ། དཔྱོད་པ་བློ་ཞིབ་མོ་བུམ་པའི་རྒྱུ་མཚན་ཉིད་ལེགས་པར་ཤེས་པ་ལྟ་བུའོ། །བརྟག་དཔྱད་ནི་བཟང་ངན་ཡིན་མིན་ལེགས་པར་བརྟག་ཤིང་དཔྱད་པའོ། །དང་ནི་སྡུད་ཚིག་གོ། །རྗེ་དཔོན་ནི་རྒྱལ་པོ་སོགས་རྗེ་བོ་དང་དཔོན་པོའོ། །སློབ་དཔོན་ནི་བསླབ་བྱ་སྟོན་པའི་གཙོ་བོའོ། །སེམས་དཔའ་ཆེ་ནི་ཉོན་མོངས་འཇོམས་པས་འཁོར་བར་མི་སྐྲག་པའི་རང་དབང་ཐོབ་པའི་བྱང་སེམས་ལྟ་བུའོ། །དཔྱིད་དུས་ནི་སོས་ཀའོ། །དཔྲལ་བ་ནི་ལུས་ཀྱི་མགོའོ། །དཔྱིད་མགོ་ནི་ལུས་ཀྱི་ཚང་མཇུག་གོ། །དཔྱོངས་མར་འཕྱང་བའོ། །ཤིང་ང་དཔུང་བཅད་ནི་དགེ་སློང་མའི་གོས་ ཀྱི་བྱེ་བྲག་ཅིག་སྟེ། ཕུ་ཐུང་དཔུང་པ་ནས་བཅད་པའི་ནང་འཇམ་གྱི་ཚུལ་དུ་གྱོན་པར་བཤད་དོ། །དཔུང་རྒྱན་ནི་སྒྲ་ཇི་བཞིན་པའོ། །དང་ནི་སྡུད་ཚིག་གོ། །དར་དཔྱངས་ནི་དར་གྱི་རྒྱན་ནོ། །དཔངས་མཐོ་ནི་མི་དམའ་བའོ། །དཔག་བསམ་ཤིང་ནི་འདོད་དགུ་འབྱུང་བའི་ལྗོན་པའོ། །དཔའ་བོ་ནི་སྙིང་སྟོབས་ཆེ་བའམ། རྣལ་འབྱོར་གྱི་དཔའ་བོའོ། །དཔའ་བ་ནི་སེམས་ཅན་གདོས་ཅན་ནོ། །འི་ནི་འབྲེལ་སྒྲའོ། །དཔང་པོ་ནི་བདེན་གཟུའོ། །ས་ནི་བྱེད་སྒྲའོ། །དཔོད་ནི་ཡི་གེ་སོགས་སོ། །གསོ་དཔྱད་ནི་སྨན་དཔྱད་དོ། །དཔྱིས་ཕྱིན་{དཔྱིས་ཕྱིན་པ་ནི་བརྡ་རྙིང་སྟེ་མཐར་ཕྱིན་པ། }ནི་མཐར་ཕྱིན་པའམ། གཏིང་ཕྱིན་པའམ། རྟོགས་པའི་དོན་ཏེ། རྩེར་ཕྱིན་དང༌། རྩེར་ཕྱིབས་ཀྱང་ཟེར་རོ། །དཔྱས་མི་འདོགས་ནི་གཞན་ལ་བསྙད་མི་འདོགས་སམ། མི་འཕྱ་བའོ། །དཔལ་ལྡན་ནི་གཉིས་མེད་ཡེ་ཤེས་ཀྱི་དཔལ་མཚུངས་ལྡན་ནམ། ཚད་ལྡན་ནོ། །དཔང་ལོ་ནི་བློ་གྲོས་བརྟན་པ་སོགས་རུས་སོ། ། དེ་རྣམས་ནི་དས་འཕུལ་པ་ཡིག་གི་འཇུག་པའོ། ། ས་མགོ་ལྡན་པའི་པ་ཡིག་གི་འཇུག་པ། ཕ་སྤད་ནི་ཆོས་ཀྱི་ཡབ་སྲས་དང༌། རུས་ཀྱི་ཕ་བུ་ལྟ་བུའོ། །སྤུན་ཟླ་ནི་ཕ་མ་གཅིག་གི་བུ་རྒྱུད་དོ། །སྤང་བྱ་ནི་ཉོན་མོངས་པ་སྡིག་པ་མི་དགེ་བའི་རིགས། སྤངས་ནི་འདས་ཚིག་གོ། །སྤྲང་པོ་ནི་དབུལ་པོའོ། །འི་ནི་འབྲེལ་སྒྲའོ། །སྤར་མོ་ནི་ལག་པའི་འོ། །ར་ནི་གནས་གཞིའོ། །སྤ་དབྱུག་སྤྲད་ནི་ཤིང་སྤ་མའི་དབྱུགས་པ་གཏད་ཟེར་རོ། །སྤོས་སྤྲིན་ནི་བདུག་སྤོས་ཀྱི་དུད་པ་སྤྲིན་ལྟར། སྤྲོ་ནི་འཕྲོ་བ་དང༌། སྤྲོས་ནི་འཕྲོས་པའོ། །ལོངས་སྤྱོད་ནི་ཡོ་བྱད་དོ། །སྤྱོད་ནི་རང་གིས་སོ། །སྤང་སྤོས་ནི་སྤང་སྐྱེས་ལྡུམ་རྩའོ། །སྤར་ནི་རྒྱ་ཆེ་བ་དང༌། གྲངས་མང་དུ་བཏང་བའོ། ། མེ་སྦར་བ་སོགས་དང༌། སྤོར་ནི་སྐུལ་ཚིག་གོ། །སྤེན་ནི་ཤིང་སྤེན་མའོ། །སྤྱིལ་ནི་ཁང་པ་སྤྱིལ་པོའོ། །སྤྲོ་ནི་སེམས་ཡིད་དགའ་བའོ། །སྤེན་ཏོག་{སྤེན་ཏོག་ནི་བརྡ་རྙིང་སྟེ་རྒྱན། }ནི་ཕྲ་རྒྱན་ནོ། །སྤུག་ནི་རིན་པོ་ཆེའོ། །གི་ནི་དྲུག་སྒྲའོ། །སྤུད་པས་སྤ་{སྤ་བ་ནི་བརྡ་རྙིང་སྟེ་མཛེས་པའམ་བྱིན་ཆགས་པ། }ནི་རྒྱན་པས་མཛེས་པའོ། །གནས་སྤར་ནི་ལུས་གནས་སྙིང་ག་ནས་སྤྱི་བོར་དང༌། སྐྱེ་གནས་ངན་སོང་ནས་མཐོ་རིས་སུ་རྣམ་ཤེས་སྤར་བའོ། །བྱ་སྤུར་ནི་བྱ་འཕུར་བའོ། །གཞན་དུ་སྤགས་ནི་གནས་ནས་ཕར་ཕུད་པའོ། །མགོ་སྤུ་ནི་སྐྲའོ། །སྤྲུག་སྤྲུགས་ནི་རྡུལ་སྤྲུག་པ་ལྟ་བུའོ། །ཐགས་ཀྱི་སྤུན་ནི་རྣལ་རྐྱང་ངོ༌། །སྤེའུ་ནི་མཁར་གྱིའོ། །འི་ནི་འབྲེལ་སྒྲའོ། །གཅེས་སྤྲས་ནི་མས་བུ་ལ་བྱེད་པ་བཞིན་དང༌། བསླབ་པ་ལ་གཅེས་སྤྲས་བྱེད་པ་ལྟ་བུའོ། །སྤྱད་དངོས་ནི་ལོངས་སྤྱོད་བྱའི་དངོས་རྫས་ཡོ་བྱད་སྤྱིའོ། །སྤེལ་ནི་ཁེ་སོ་ནམ་སོགས་ཀྱིས་མང་པོར་རོ། །སྤ་མ་ནི་ཤིང་ཤུག་པའི་རང་བཞིན་ཅན་ཏེ། སྤྲ་མའང་ཟེར་རོ། །སྤྲུ་མ་ནི་སྔོ་སྨན་ནོ། །སྤྲ་བ་ནི་ལྕགས་རྡོའི་བར་གྱི་མེ་འཇུ་བྱེད་དོ། །སྤུངས་ནི་མང་པོ་ཕྱོགས་གཅིག་ཏུའོ། །སྤྲ་ཆལ་{རྐྱག་ལང་ངམ་ངན་ལང་ལ་སོང་བའི་གཏམ་ཞེས་ཟེ་ཆེན་པས་གསུངས་སོ། ། }ནི་ཉམས་དགའ་བའམ་འགྱུར་བྱེད་ཀྱང་ངོ༌། སྤོད་ནི་སྒ་གཡེར་སོགས་ཟས་སྨན་ནོ། །དང་ནི་སྡུད་ཚིག་གོ། །ཞོ་སྤྲིས་ནི་འོ་ཞོའི་ཁར་ཆགས་པའོ། །སྤགས་ནི་འདྲ་མིན་སྦགས་པའོ། །འཐབ་མོ་སྤྲད་ནི་འཛིངས་བཅུག་པ་དང༌། སྤྲོད་ནི་སྐུལ་ཚིག་གོ། །སྤྱོས་{སྤྱོ་བ་ནི་བརྡ་རྙིང་སྟེ་འཐབ་པའམ་སྨད་པ། }ནི་སྐྱོན་མཚང་ངོར་བརྗོད་ནས། སྤྱུགས་ནི་ཡུལ་གཞན་དུ་ཕུད་པའོ། །སྤྱི་སྒོས་ནི་ཐུན་མོང་དང་ཐུན་མིན་ནོ། །སྤེལ་མ་ནི་འདྲ་མིན་རེས་མོས་སོ། །ར་ནི་ལ་དང་ཆོས་མཚུངས་པའོ། །འཕྲིན་སྤྲིང་ནི་ཆ་ངག་བསྐུར་བའོ། །སྤྲིངས་ནི་བསྐུལ་འདས་པའོ། །མུན་སྤྲུལ་ནི་རྨོངས་པ་མཁས་རློམ་ཅན་ནོ། །སྤོང་བ་ནི་འཇིག་རྟེན་པའི་བྱ་བཞག་ཐམས་ཅད་བཞག་ནས་བསམ་གཏན་ནོ། ། སྤོངས་ནི་སྐུལ་ཚིག་གོ། །སྤྱོད་པ་བ་ནི་མུ་སྟེགས་ཀྱི་བྱེ་བྲག་གོ། ། ཚུར་སྤྱོན་ནི་འབོད་པའི་བརྡ་སྤྱོན་ཞེས་པ་འདི་ཁོ་ན་ཡིན་ལ། བྱོན་ཞེས་པ་འདས་པ་སོགས་གནས་སྐབས་གཞན་བསྟན་ནོ། །དཀའ་སྤྱད་ནི་ལྟོ་གོས་སྲོག་ལའང་མ་ལྟོས་པར་བྱ་དཀའ་བའི་སྤྱད་བྱ་དེ་སྤྱོད་པའོ། །ཆོས་སྤྱོད་ནི་དགེ་སྦྱོར་གྱི་རིམ་པའོ། །སྤོར་ནི་མར་མེ་སྤར་བ་སོགས་དང༌། གོང་ནས་གོང་དུ་བསྐྱེད་པ་སྟེ་སྐུལ་ཚིག་གོ། །སྤྲོས་བྲལ་ནི་བྱ་བྱེད་དམ། སྤྲོས་པ་དང་བྲལ་བའི་གང་ཟག་གིས་བདག་མེད་རྟོགས་པའི་སྟེང་དུ་ཆོས་ཀྱི་བདག་མེད་རྟོགས་པ་ལྟ་བུ། སྤྲུལ་པ་ནི་དངོས་གཞི་མིན་པའི་སྒྱུ་འཕྲུལ་ལོ། །གཟའ་སྤེན་པ་ནི་གཟའ་བདུན་གྱི་ནང་ཚན་ནོ། ། གོས་སྤོ་ནི་སྔོན་མ་ཕུད་ནས་གཞན་གྱོན་པའོ། །ཆུར་སྤྱིངས་ནི་བྱིངས་སུ་བཅུག་པའི་དོན་ཏེ། གྲུ་སྤྱིངས། གཤན་སྤྱིངས་སོགས་ཀྱང་སྣང་ངོ༌། ། སྤྲ་ཚིལ་ནི་སྦྲང་སྙིགས་སོ། །སྤྱིན་ནི་འབྱར་བྱེད་ཀོ་བ་ལས་བྱུང་བ་སྟེ། ཁ་སྐད་ལ་བསིན་དང་སིན་ཡང་ཟེར་རོ། །ཁེ་སྤོགས་ནི་འཕེལ་ཁའི་ཚོགས་ཕུན་ནོ། །སྤྱང་ཀི་ནི་སྲོག་ཆགས་གཅན་གཟན་ནོ། །སྤྲ་དང་སྤྲེའུ་ནི་ཆ་མཐུན་ཙམ་ཏེ༌། སྤྲེའུ་ནི་གངས་ཅན་པའི་མེས་པོའོ། །སྤྱང་པོ་ནི་གྲུང་པོའམ། འི་ནི་འབྲེལ་བའི་སྒྲའོ། །སྤོབས་པ་ནི་གདེངས་ལྡན་ནོ། །ས་ནི་བྱེད་སྒྲའོ། །དགེ་མི་སྤྱོམས་{སྤྱོམས་པ་བརྡ་རྙིང་སྟེ་ངོམས་པའམ་བདག་བསྟོད། }ནི་དགེ་བ་བྱས་པ་གཞན་ལ་མི་ངོམ་པའོ། །སྤྱི་བླུགས་ནི་ཆབ་བུམ་མམ་རིལ་བའོ། །ཁ་སྤུབ་ནི་ཁ་སྦུབས་སོ། །རྒྱན་གྱིས་སྤྲས་ནི་རྒྱན་ཆས་བརྒྱན་པའོ། །སྤྱི་བོ་ནི་མགོ་དཀྱིལ་ལོ། །རྡུལ་སྤྲུགས་ནི་རྡུལ་མེད་བྱེད་པའོ། །རྡུལ་གྱི་སྤབས་ནི་བརྩིགས་དང༌། དྲེགས་པ་ལ་འཇུག་སྟེ་རྣ་བའི་དྲེགས་པ་ལ་རྣ་སྤབས་ཞེས་པ་ལྟ་བུའོ། །སྤྱོད་པ་ནི་ཟ་འཆགས་ཉལ་འདུག་སོགས་སོ། །སྤ་བཀོང་ནི་ཕ་རོལ་གྱི་སྟོབས་ཉམས་པར་བྱེད་པ་སྟེ། ང་རྒྱལ་བསྐྱེད་ན་ཟིལ་གྱིས་གནོན་པའི་དོན་ཏོ། །རི་ཡི་སྤོ་ནི་རྩེ་མོའམ། ངོས་ལ་འཇུག ། མིག་གི་སྤྱན་ནི་གདོང་གི་མིག་ལ་ཞེ་སའི་ཚིག་སྦྱར་བའོ། །སོགས་ནི་གཞན་བློས་དཔྱད་དེ་ཤེས་དགོས་པའི་དོན་ཏོ། །དེ་རྣམས་ནི་ས་མགོ་ལྡན་པའི་པ་ཡིག་གི་འཇུག་པའོ། ། ལར་བཏགས་པ་ཡིག་གི་འཇུག་པ། སྟག་ལྤགས་ནི་གཞི་དང་མ་འབྲེལ་བའི་ཚེ་དང༌། དྲུག་སྒྲ་ཡོད་ཚེ་པ་རྐྱང་དང༌། དྲུག་སྒྲ་མེད་ཅིང་གཞི་དང་འབྲེལ་བའི་ཚེ་ན་ལ་མགོ་ཅན་ཏེ། དཔེར་ན། པགས་པ་ནི། ཞེས་དང༌། སེང་གེའི་པགས་པ་ཞེས་པ་ལྟ་བུ་དང༌། སྟག་ལྤགས་སེང་ལྤགས་ཞེས་པ་ལྟ་བུའོ། ། ལ་སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་པར་བྱ་དགོས་པའི་དོན་ཏོ། །དེ་ནི་ལ་མགོ་ལྡན་པའི་པ་ཡིག་གི་འཇུག་པའོ། །ཕ་རྐྱང་གི་འཇུག་པ། ཕང་ཕར་ནི་པང་དུའོ། །ཕུན་ཚོགས་ནི་འདོད་རྒུ་ཐམས་ཅད་འཛོམས་པའོ། །ཕུན་ཚུགས་ཤིང་ནི་བརྡ་རྙིང་སྟེ་གཞི་ཚུགས་པའོ། ། ཕྲུ་གུ་ནི་བྱིས་པའོ། །དང་ནི་སྡུད་ཚིག་གོ། །ཕྲད་ནི་ཕན་ཚུན་ཐུག་པའོ། །རྡུལ་ཕྲན་ནི་ཉི་རྡུལ་ལྟ་བུ་མིག་གིས་མཐོང་རུང་ཙམ་མོ། །ཕྲ་ནི་ཤིན་ཏུ་ཆུང་བ་ལྟ་བུའོ། །བརྒྱ་ཕྲག་ནི་གྲངས་ཏེ་བརྒྱ་ཐམ་པའོ། །ཕྱང་འཕྲུལ་ནི་ལྟེ་བའི་བར་འཕྱང་བའི་རྒྱན་ནོ། ། ཕྱལ་ནི་གསུས་པའོ། །ཕྱང་ངེ་{ཕྱང་ངེ་བརྡ་རྙིང་སྟེ། འཇོལ་ལེ། }ནི་འཇོལ་ལེ་བའོ། །ཕྱུག་པོ་ནི་ཟས་ནོར་ལོངས་སྤྱོད་འཛོམས་པའོ། །འི་ནི་དྲུག་སྒྲའོ། །ཕྱིར་དུ་ནི་དོན་དེའི་ཆེད་དུའོ། །ཕྱོགས་བཅུ་ནི་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་དང་བཅུའོ། །ར་ནི་ལ་དང་མཚུངས་པའོ། །ཕྱིན་ནི་འགྲོ་སར་སླེབ་པའོ། །ཕྱག་དར་ནི་རྡུལ་ཕྱག་གོ། །ཕྱི་ས་ནི་སྐྱག་པའོ། །འི་འབྲེལ་སྒྲའོ། །ཕྱེ་མ་ནི་རྡུལ་ཕྲན་ནོ། །ཕྱེ་ནི་རྩམ་པའོ། །ཕྱ་མཁན་ནི་ལོ་མའོ། །ཕོངས་པ་ནི་དབུལ་པོའོ། །ས་ནི་བྱེད་སྒྲའོ། །ཕྱིང་རྡུལ་ནི་བལ་ཤིང་རུལ་བའོ། །ཕྱར་ནི་ནམ་མཁར་བཀྱག་པའོ། །ཕྱི་བདར་ནི་དྲི་རྡུལ་མེད་པར་བྱེད་པའོ། །གྱིས་ནི་བྱེད་སྒྲའོ། །ཕྱིས་ནི་བསྐུལ་འདས་སོ། །ཕྱགས་མ་ནི་སྡུད་མའོ། །ས་ནི་བྱེད་སྒྲའོ། །ཕྱགས་ནི་ཐལ་རྡུལ་བསལ་བའོ། །ནམ་ཕྱེད་ནི་མཚན་གཞུང་ངོ༌། །ཕྱེན་ནི་འོག་རླུང་ངོ༌། །གཏོང་ནི་ཚིག་གྲོགས་སོ། །ཕྱི་རྡོ་ཕང་ནི་རྗེས་ནས་འཕངས་བྱུང་ལྟ་བུ། དབང་ཕྱུག་ནི་ཡོན་ཏན་བརྒྱད་དེ། ལྷ་དབང་མི་དབང་སོགས་སོ། །དབུགས་ཕྱུངས་ནི་འཇིག་སྐྲག་སྡུག་བསྔལ་ལས་སྐྱབས་པའོ། །སྒོ་ཕྱེ་ནི་ཁང་པའི་འོ། །ནས་ནི་ལྷག་འདྲེན་ནོ། །ཕྱགས་ལྷམ་ནི་ཞབས་ལྷམ་མོ། །ཕྲན་ཚེགས་ནི་ཉུང་ངུའོ། །ཕྲེང་བ་ནི་མུ་ཏིག་སོགས་སྐུད་པར་བརྒྱུས་པའོ། །ཕྲོགས་ནི་བཅོམ་པའོ། །ཕྲ་མེན་ནི་ངན་སྔགས་འཆང་བའི་ཤ་ཟ་མཁའ་འགྲོའོ། །ཕྲིན་ལས་ནི་བྱ་བའོ། །ས་ཕྱོད་ཆེ་ནི་ལས་ཀ་ཐོན་ཤུགས་ཆེ་བའོ། །ཕྱུགས་ནི་རྐང་བཞིའོ། །ཀྱི་ནི་འབྲེལ་སྒྲའོ། །ཕྲུ་མ་ནི་ཤ་མ་སྟེ། བུ་རོག་ཞེས་ཀྱང་ཟེར། ཕྱེ་མ་ལེབ་ནི་འབུ་འདབ་ཅན་ནོ། །ཕྲུ་བ་ནི་རྫ་ཁོའོ། །འི་ནི་སྔ་མ་ལྟར་རོ། །ཕྱིར་བྱུང་ནི་ནང་ནས་རྒྱབ་ཏུ་བཏོན་པའོ། ། ཕྱག་ནི་ལག་པའོ། །གིས་ནི་བྱེད་སྒྲའོ། །ཕྱོར་ནི་ནམ་མཁར་བཏེགས་པའོ། །སྨིན་ཕྲག་ནི་སྨིན་མཚམས་སོ། །ཕྱག་འཚལ་ནི་འདུད་པའོ། །ཉིན་མཚན་ཕྱེད་ནི་ཕྱེད་པར་ནི་རྒྱུན་དུ་ཞེས་པའི་དོན་ཏེ། དགེ་འདུན་མི་ཕྱེད་འདུན་པའི་ཞེས་སོགས་ཀྱིས་ཤེས་སོ། །ཕྲ་མ་ནི་དབྱེན་ཐན་ཁ་འབྱེད་པའོ། །ཕྲག་དོག་ནི་གཞན་ལ་མཐོ་དོག་དང་དམས་དགའི་རུ་ངའོ། །ཕྲག་པ་ནི་ལུས་ཀྱི་སོག་མགོའམ། དཔུང་མགོའོ། །ཕྲལ་ནི་ཁ་སོ་སོར་རོ། །ཕྱིན་ཆད་ནི་ད་ཕྱིས་སོ། །ཡིད་ཕྱུང་ནི་སེམས་མི་དགའ་བ་སྡུག་ཏུ་བཅུག་པའོ། །སུན་ཅི་ཕྱིན་ནི་རང་གིས་རང་སུན་འབྱིན་པའོ། ། ཕྱིར་འབྲངས་ནི་རྗེས་འབྲང་ངོ༌། །ཕྱིར་ཕྱོགས་ནི་ཁ་ཕྱིར་གྱུར་རམ། སེམས་ཕྱིན་ཅི་ལོག་ཏུ་གྱུར་པའོ། །ཕྱིན་ཅི་ལོག་ནི་དོན་རྣལ་མ་མིན་པར་གོ་ལྡོག་གོ། །མི་ཕམ་ནི་བདུད་ལས་རྒྱལ་བ་བྱམས་པ་ལྟ་བུའོ། ། ཚིག་ཕྲད་ནི་རྣམ་དབྱེ་འབྱེད་སྡུད་སོགས་སོ། །རྣམ་དབྱེ་ཕྱེད་ནི་གནད་རྣམས་ཤེས་པའོ། །ཕྲུ་མ་{ཕྲུ་མ་ནི་བརྡ་རྙིང་སྟེ། དམག་སྒར། }ནི་དམར་སྒར་རོ། །ཕྱར་གཡེང་{ཕྱར་གཡེང་ནི་བརྡ་རྙིང་སྟེ་རྣམ་གཡེང་ངོ༌། ། }ནི་རྣམ་གཡེང་ངོ༌། ། དེ་རྣམས་ནི་ཕ་རྐྱང་ངོ༌། །འས་འཕུལ་ཕ་ཡིག་གི་འཇུག་པ། གཞན་ལ་འཕྱ་ནི་སྨད་རས་སྨོད་པའོ། །འཕྱས་ནི་འདས་ཚིག་གོ། །འོད་འཕྲོ་ནི་སྣང་བ་འགྱེད་པ་དང༌། འཕྲོས་ནི་བཀྱེས་པའོ། །འཕྱི་བ་ནི་སྲོག་ཆགས་སོ། །འཕྱེ་བོ་{འཕྱེ་བོ་ནི་བརྡ་རྙིང་སྟེ་ཡན་ལག་མེད་པར་ལྟོ་བས་འགྲོ་བ། }ནི་རྐང་མེད་སྦྲུལ་སོགས་ལྟོ་འགྲོའི་རིགས། དུས་འཕྱི་ནི་འགྱངས་པའོ། །འཕྱིས་ནི་འདས་ཚིག་གོ། །རྣམ་འཕྲུལ་ནི་རྣམ་པར་རོལ་པའི་སྒྱུ་འཕྲུལ་ལོ། །སྒྱུ་འཕྲུལ་ནི་སྒྱུ་མ་མིག་འཕྲུལ་ལོ། །མདའ་འཕེན་ནི་འབེན་ལ་འཕེན་བཞིན་པ་དང༌། འཕངས་ནི་ཚར་བའོ། །ནམ་འཕང་ནི་བྱའི་ནམ་འཕང་གཅོད་པ་ལྟ་བུའོ། །ཁྲི་འཕང་ནི་བཞུགས་ཁྲིའོ། །གོ་འཕང་ནི་སའོ། །འཕྲོག་ནི་བཙན་ཤེད་ཀྱི་མ་བྱིན་པ་ལེན་པའོ། །མཚོ་འཕྱུར་ནི་མཚོ་ཁ་ལུད་པའོ། །དུང་ཕྱུར་ནི་གྲངས་བྱེ་བ་བཅུའོ། །ལམ་འཕྱུག་ནི་ལམ་ནོར་བ་དང༌། འཕྱུགས་ནི་བྱ་བ་ཉེས་པའོ། །སྙིང་འཕྱོ་{འཕྱོ་བ་ནི་ལྡིང་བ་སོགས་རང་བཞིན་དུ་མི་གནས་པའོ། ། }ནི་སེམས་དྲང་པོར་མི་གནས་པ་སོགས་སོ། །འི་ནི་འབྲེལ་སྒྲའོ། །འཕྱོན་མ་ནི་བུད་མེད་སྨད་འཚོང་སྣང་གཡེལ་ཅན་ཞིག་གོ། །ས་ནི་བྱེད་པའི་སྒྲའོ། །འཕྱི་ནི་དེ་རིང་འཕྱིས་སོང་སང་ཉིན་སྔ་ཙམ་བྱས་ནས་འགོ་འཛུགས་དགོས་སོ་ལྟ་བུ། འཕྱར་ནི་རླུང་ལ་བསྐུར་བ། ནམ་མཁར་གདེངས་པ། གཞན་ལ་ངོམ་པ་སོགས་སོ། །འཕངས་ནི་ཆུད་ཟོས་པའི་ཕངས་དང༌། འཕེན་པའི་འདས་ཚིག་ཀྱང་ངོ༌། །འཕོངས་ནི་རྐུབ་ཚོས་ཚང་ར་དང༌། ཀྱི་ནི་དྲུག་སྒྲའོ། །འཕག་འཕག་སྟང་སྟབས་སོ། །མགོ་ཐུམ་འཕུར་ནི་གོས་སོགས་ཀྱིས་མགོ་བསྟུམས་ནས་འཕུར་བ་དང༌། ནམ་མཁར་འཕུར་བ་ཀྱང༌། འཕོང་ནི་སྒྱུ་རྩལ་ལས་བྱུང་བའི་སྒྱོགས་དང་མདའ་སོགས་སོ། །གིས་ནི་བྱེད་སྒྲའོ། །གཞན་འཕམ་ནི་ཕ་རོལ་པོའོ། །འཕལ་ཀ་{འདི་ལེགས་སྦྱར་གྱི་སྐད་ལ་ཕལྐ་ ཞེས་པ་རི་མོའི་སྐད་དོད་ཟུར་ཆག་སྟེ་འཕལ་ཀ་བརྗོད་པས། དེས་ན་རི་མོ་འགྲིག་ཅེས་པའོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། །}ནི་རི་མོའོ། །འགྲིག་ནི་ཚིག་གྲོགས་སོ། །འཕྱན་{འཕྱན་པ་ནི་བརྡ་རྙིང་སྟེ་འཁྱམས་པ། }ནི་འཁྱམས་པའོ། །ཞིང་ནི་ཚིག་ཕྲད་དོ། །འཕྱམ་ལྡིང་ནི་བར་སྣང་ལའོ། །དར་འཕྱར་ནི་བསྒྲེང་བའོ། །འཕྲལ་ནི་ལེའུར་རམ། ལ་མོར་རོ། །འཕྲིན་ནི་ཆ་ངག་གོ། །འཕྲོད་ནི་ཐེངས་པའོ། །འཆི་འཕྲས་ནི་ཆགས་པའོ། །སེམས་ལ་འཕྲེང་ནི་ཡིད་ལ་འཐས་པའོ། །འཕྲལ་བ་ནི་དཔྲལ་བའོ། །སྐྲ་འཕྱིངས་ནི་འཛིངས་ནས་ལངས་པའོ། །ཕྱག་དར་འཕྱག་ནི་ཐལ་རྡུལ་སྡུད་པའོ། །འཕྱང་ནི་ཐུར་དུའོ། །དང་ནི་སྡུད་ཚིག་གོ། །འཕྱེ་བ་{འཕྱེ་བ་ནི་བརྡ་རྙིང་སྟེ་འགྲོ་བ། }ནི་འདོགས་བའོ། ། དེ་རྣམས་འས་འཕུལ་ཕ་ཡིག་གི་འཇུག་པའོ། ། བ་རྐྱང་གི་འཇུག་པ། བླ་མའི་ནི་སྟེང་མའི་གཞིའོ། །བླ་ན་ནི་སྟེང་ནའམ། གོང་ནའོ། །བླ་བྲེ་བྲེས་ནི་གནམ་རྒྱན་བཤམས་པའོ། །བྱམས་པ་སེམས་ཅན་གཞན་ལ་བརྩེ་བའོ། །ས་ནི་བྱེད་སྒྲ་སྦྱར་བའོ། །བྱད་ནི་མཐུ་ངན་སྔགས་སོ། །བྱུར་ནི་རྐྱེན་ཆག་སྒོའོ། །བྱབས་ནི་གཡབ་པའོ། །པས་ནི་བྱེད་སྒྲའོ། །བྱེར་{བྱེར་བ་ནི་བརྡ་རྙིང་སྟེ། སོང་བ། }ནི་སོ་སོར་གྱེས་པའོ། །བྲེ་ནི་འབྲུ་སོགས་འཇལ་བྱེད་དོ། །ཡི་ནི་འབྲེལ་སྒྲའོ། །བྱེ་མ་ནི་ཆུ་ངོགས་ཀྱིའོ། །ས་ནི་བྱེད་སྒྲའོ། །བྲབས་ནི་བྱེ་ཡུངས་དང་རྡོ་དབྱུག་སོགས་ཀྱིས་བརྡེག་པའོ། །པས་ནི་སྔ་མ་ལྟར་རོ། །བྱང་ནི་སྡིག་སྒྲིབ་དང༌། སྦྱང་བྱ་སོགས་སོ། །བྲན་གཡོག་ནི་ཁོལ་པོའོ། །བྱེས་ནི་གཞི་རུ་མིན་པའོ། །བྱོན་ནི་འགྲོ་བ་དང༌། འོངས་པ་ལ་ཞེ་སའི་ཚིག་གོ། །བྱུག་པ་ནི་དྲི་བཟང་མར་སོགས། བྱིན་ནི་སྟེར་བའོ། །བྱིས་པ་ནི་བུས་པའོ། །ས་བྱེད་སྒྲའོ། །བྱ་ར་ནི་བལྟ་རྟོག་མཁན་ནོ། །འི་ནི་དྲུག་སྒྲའོ། །བྱ་བ་ནི་ལས་སོ། །བྱོས་{བྱོས་ཤིག་ནི་བརྡ་རྙིང་སྟེ། གྱིས་ཤིག ། བྱོས་ནི་གྱིས། }ནི་གྱིས་སོ། །བྲམ་ཟེ་ནི་གཙང་སྦྲ་ཅན་ནོ། །བྲག་རི་ནི་རྡོའོ། །འི་ནི་སྔ་མ་ལྟར་རོ། །བྱང་ནི་ཕྱོགས་སོ། །དུ་ནི་སྨྲ་སྒོ་ལས། དུ་ནི་ལ་དང་མཚུངས་པའོ། །ཞེས་པ་ལྟར་རོ། །བྱོལ་ནི་གཞན་དུ་བྲོས་པའོ། །བྱ་ནི་འདབ་ཆགས་སོ། །བྱིའུ་ནི་བྱ་ཕྲུག་གོ། །བྱི་བ་ནི་སྲོག་ཆགས་ཆོག་ཤེས་མེད་པའི་རྐུན་བུའོ། །བྱི་ལ་ནི་བྱི་བའི་གཉེན་པོ་ལི་ལིའོ། །འི་ནི་འབྲེལ་བའི་སྒྲའོ། །བྱད་ནི་བཞིན་ནོ། །བྱོལ་སོང་ནི་བདེ་འགྲོ་ལས་བྱོལ་ཞིང་ངན་ འགྲོར་སོང་བའི་དུད་འགྲོ་རྣམས་སོ། །བྲང་འགྲོ་ནི་སྦྲུལ་སོགས་སོ། །འི་ནི་སྔ་མ་ལྟར་རོ། །བྲང་ནི་སྙིང་ཁའི་ངོས་སོ། །བྱིལ་བྱིལ་ནི་ལག་པས་བྱུག་ལུ་དང༌། སྤུ་བྱིལ་བྱིལ་པོར་འཇུག་གམ་སྙམ། བླ་གབ་{བླ་གབ་ནི་བརྡ་རྙིང་སྟེ་སྟེང་གཡོགས། }ནི་སྟེང་གཡོགས། བླ་གོས་ནི་སྟོད་གོས། བླུས་ནི་བསླུས་པའོ། །ཀྱང་ནི་སྡུད་ཚིག་གོ། །བླ་ནི་སླའོ། །བླུན་པོ་ནི་རྨོངས་པའོ། །འདམ་བྱིང་ནི་འདམ་རྫས་ཀྱི་ནང་དུ་ཟུག་པའོ། ། བློ་བློང་བློང་{བློ་བློང་བློང་ནི་བརྡ་རྙིང་སྟེ། ཡིད་མུག་གམ་རིག་པ་མི་གསལ་བ། }ནི་ཡི་མུག་པའམ་བློ་རྨུགས་པས་མི་གསལ་བའོ། །བྲོ་ནད་ནི་ན་ཚའོ། །ཐབས་བྲལ་ནི་ཅི་བྱ་གཏོལ་མེད་པའོ། །བྲོ་བོར་{བྲོ་ནི་བརྡ་རྙིང་སྟེ། མནའ་ཡིན་ནོ། །}ནི་མནའ་བསྐྱལ་བའོ། །བྲོས་ནི་གཞན་དུའོ། །བྱན་མོ་ནི་{ནང་བྱན་ནི་བརྡ་རྙིང་སྟེ་གཡོག}ནང་བྱན་ཞེས་ཀྱང་བྱ་སྟེ་གཡོག་མོའོ། །འི་ནི་འབྲེལ་བའི་སྒྲའོ། །བྱི་བོ་ནི་སྐྱེས་པས་རང་གི་ཆུང་མ་མ་ཡིན་པའི་ལྐོག་ཏུ་བུད་མེད་གཞན་ཚོལ་བའོ། །ར་ནི་ལ་དང་མཚུངས་པའོ། །རང་བྱན་ཚུད་ནི་རང་དབང་དུ་གྱུར་བའོ། །བྱག་མཁན་ནི་ཤིང་མགོའི་རས་པའོ། །བྲོ་གར་ནི་སྟང་སྟབས་སོ། །བྱེ་བ་ནི་གྲངས་སོ། །ས་ནི་བྱེད་སྒྲའོ། །བྲེལ་ནི་མི་ཁོམ་པའོ། །སོས་སླད་ནི་སོས་འཆའ་བའོ། །ཆུ་བླུད་ནི་འཐུང་བཅུག་པའོ། །ཟས་བྲིམས་ནི་འགྲིམས་པའོ། །བྲོད་ནི་སེམས་གཟེངས་མཐོ་བའོ། །བྱ་ན་{ལེགས་སྦྱར་དུ། བྱཉྫ་ན་ཚིག་བསྡུས་པས། བྱ་ན་ཞེས་ཚོད་མའོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། ། བྱ་ནི་བརྡ་རྙིང་སྟེ་ཚོད་མའམ་སྦགས་མ། }ནི་ཚོད་མ་སོགས་ཀྱི་སྤགས་མ་སྟེ། རྒྱ་རིའང་ཟེར། འི་ནི་འབྲེལ་སྒྲའོ། །ཡོ་བྱད་ནི་ཉེ་མཁོའོ། །བྱུར་བུར་ནི་སྣོད་སོགས་བཅུད་ཀྱིས་ཁྲིག་གེར་གང་བའོ། །བྱུགས་ནི་དངོས་པོ་སྣོད་དུའོ། །ད་བྱིད་ནི་རྩ་ལངས་པར་བྱེད་པའི་སྨན་ནོ། །རོ་བྲོ་ནི་ལྕེ་མྱང་བྱའོ། །བྲ་བ་ནི་ཨབ་བྲའོ། །འི་ནི་སྔ་མ་ལྟར་རོ། །བྲུན་ནི་རྟུག་པའོ། །དོང་བྲུབས་ནི་ས་བྲུས་པའོ། །ཆུ་བྲུགས་{ཆུ་བྲུབ་དང་བྲུགས་ནི་བརྡ་རྙིང་སྟེ་ཆུ་ཁོལ་བའམ་ཆུ་རྒྱས་པའོ། ། }ནི་རྒྱས་པའོ། །བྲུ་བ་ཚ་{བྲུ་བ་ཚ་ནི་བརྡ་རྙིང་སྟེ། བཀྲེས་པ། } ནི་ཕོ་བ་ལྟོགས་པའོ། །གོས་བྱེད་ནི་སྣམ་བུ་སོགས་ལ་གོས་བྱེད་པའོ། ། བཙོ་བླག་ནི་སྣམ་ཕྲུག་རས་སོགས་ཚོས་ཀྱི་ཁ་བསྒྱུར་བའོ། །གོས་ཀྱིས་བྱིབས་ནི་ལྕིབས་པའམ་བསྒྲིབ་པའོ། ། གཡོགས་པའམ་བཀབ་པའི་མིང་ངོ༌། །བྱ་ཚེ་ནི་སྒོ་ལྕགས་{ཁོག་བུ། }གཟེ་མའོ། །བྱང་བུ་ནི་མིང་གཟུགས་བྲི་བའོ། །ར་ནི་གནས་གཞིའོ། །བ་བླ་ནི་རྡོ་ཚོན་སེར་པོའོ། །བྱུགས་ནི་ཡུགས་ཀྱང་ཟེར་རོ། །ཁས་བླངས་ནི་དམ་བཅས་པའོ། །བླ་ཐབས་{བླ་འདི་བརྡ་རྙིང་སྟེ། རུང་བཟོད། ཆོག་གསུམ་ལ་འཇུག་པས་དེས་ན་ཐབས་དང་འབྲེལ་ཚེ་རུང་ཐབས་བཟོད་ཐབས་ཆག་ཐབས་ཟེར་བ་གང་རིགས་ལ་གོ་དགོས་ཀྱང༌། སྒྲ་རྒྱན་དུ། གློ་བུར་དྲི་མ་སེམས་ལ་ནི། ། བླ་ཐབས་བྱུང་བར་ཤེས་གྱིས་ལ། ། ཞེས་འབྱུང་བས་གློ་བུར་གྱི་དོན་ཡིན་ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། །}ནི་གློ་བུར་ རམ། ལྷན་ཐབས་སོ། །ས་བླས་ཁྱེར་ནི་ནམ་མཁའི་དབྱིངས་ལ་གནས་ པའི་མཁའ་འགྲོ་སོགས་ཀྱིས་ཁྱེར་བའོ། །བློ་བྲིད་ནི་སྐྲག་སྔངས་འདོན་པའམ་བསླུས་པའི་མིང༌། བླ་དྭགས་ནི་རུས་མིང་ལྟ་བུའི་ངན་མིང་ངོ༌། །ཡི་གེར་བྲིས་ནི་རེག་ཟིག་གོ། །སྤུ་བྱི་ནི་རྔོ་སོགས་ཀྱིས་སོ། །ཆ་བྱད་ནི་རང་གི་ཆ་ལུགས་སོ། །གཟི་བྱིན་ནི་བཀྲག་མདངས་སོ། །བྲི་ནི་ཡར་འགྲིབས་པའོ། །བྱི་བཞིན་དང༌། བྲ་ཉེ་ནི་རྒྱུ་སྐར་རོ། །ར་ནི་བདུན་པའོ། །བྲ་ཕྱེ་ནི་བྲ་བོའི་རྩམ་པའོ། །བྱོར་ནི་ཕྱོར་ཞེས་སྐུལ་ཚིག་གམ། སྣོད་གཞན་དུ་བྱུང་བའོ། །བྱུག་རིས་{བྱུག་རིས་ནི་བརྡ་རྙིང་སྟེ་གྲལ}ནི་གྲལ་ལོ། །བྱ་བ་ནི་ལས་ཀྱི་དོན་ནོ། །འི་ནི་འབྲེལ་སྒྲའོ། །བྱེ་བྲག་ནི་སྤྱི་ལས་དགོས་སུ་གྱུར་པའོ། །ལ་ནི་གནས་གཞི། རྒྱལ་བློན་ནི་རྒྱལ་པོ་དང་དེའི་བློན་པོའོ། །བློ་མིག་ནི་ཤེས་རབ་བོ། །བདེ་བླག་{ངེས་པར་ཞེས་པའམ་ཐེ་ཚོམ་མེད་པའམ་ཐབས་ཟབ་མོས་ཞེས་བྱ་བའི་དོན་དུ་གཟུང་ངོ༌། ། ཞེས་ཞ་ལུ་ལོ་ཆེན་གྱིས་གསུངས་སོ། །}ནི་དཀའ་ཚེགས་མེད་པའོ། །བྱེད་ནི་བྱ་བ་དེ་བྱེད་པའོ། །བླང་དོར་ནི་བཟང་ངན་ནོ། །བློན་འདེབས་{བློན་འདེབས་ནི་བརྡ་རྙིང་སྟེ་གྲོས་འདེབས་} ནི་གྲོས་འདེབས་པའོ། །བླ་བོ་ནི་གཏམ་སྐད་ཆའོ། །ལ་ནི་བདུན་པའོ། །རབ་བྱུང་ནི་ཁྱིམ་མེད་པའོ། །སྐྲ་བྲེགས་ནི་ཅོ་ཏོ་གཅོད་པའོ། །རྣ་བ་བླགས་{རྣ་བ་བླགས་ནི་བརྡ་རྙིང་སྟེ་རྣ་བ་གཏད་པ། }ནི་རྣ་བ་གཏད་ནས་ཉན་པའོ། །ལྟོ་གོས་བྲང་བྲེང་{གཟའ་རྒྱུའི་ལྟོ་དང་གྱོན་རྒྱུའི་གོས་དག་བྲང་ངེ༌། བྲང་ངེ་སྟེ་ཆད་མ་ཤོར་ཙམ་གྱི་མིང་ཡིན་ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། ། }ནི་ཟ་གྱོན་ངན་ངོན་ཐབས་མ་ཆགས་ཙམ་བྱེད་པའོ། །བྱ་དགའ་སྦྱིན་ནི་ལས་བྱེད་པ་གླ་རྔན་སྦྱིན་ པའོ། །སྨན་བླ་ནི་སངས་རྒྱས་སོ། །བྱང་ཆུབ་ནི་ཉོན་མོངས་པ་བྱང༌། ཡེ་ཤེས་ཁོང་དུ་ཆུབ་པའོ། །བླ་ན་མེད་ནི་སྟེང་ངམ་གོང་ན་མེད་པའོ། །བྱིན་བརླབས་ནི་ཐུགས་རྗེའོ། །བྱུ་རུ་ནི་རིན་ཆེན་དམར་པོའོ། ། དེ་རྣམས་ནི་བ་རྐྱང་ངོ༌། །དས་འཕུལ་བ་ཡིག་གི་འཇུག་པ། དབྱེན་ནི་མཐུན་པོ་གཉིས་དབྱེ་བའི་ རྫུན་ཁའོ། །དང་ནི་སྡུད་ཚིག་གོ། །དབྱེ་བྲལ་ནི་ཕན་ཚུན་དབྱེ་བའོ། །ཆོས་དབྱིངས་ནི་འཁོར་འདས་སྤྱི་ལ་ཁྱབ་པའི་ཆོས་སྐུའི་རང་བཞིན་ཅན་སྟོང་ཉིད་དོ། །དབྱིབས་ནི་གྲུ་བཞི་སོགས་ཏེ་ཡིབ་ཀྱང་ཟེར་རོ། ། དབྱེར་མེད་ནི་ཐ་དད་མེད་པའོ། །དབུ་མ་ནི་རང་སྟོང་སོགས་སོ། །དབུ་དང་དབུས་ནི་དཀྱིལ་ལོ། །དབྱུ་གུ་ནི་ཆུ་ཚོད་དང༌། ཤིང་བུ་གཉིས་ཀ་ལ་འཇུག་སྟེ། དེ་གཉིས་ཀའི་སྐད་དོད་དཎྜ་ཞེས་ ཡོད་པའི་ཕྱིར། དབྱིག་པ་དང༌། དབྱུག་པ་ནི་ཤིང་བེར་ཀའི་མིང་ངོ༌། །དབྱུགས་ནི་འཕེན་པའོ། །རྫིང་དབོ་ནི་རྫིང་བུ་བཟོ་བཅོས་སོ། །ཆུ་དབོ་ནི་ཆུ་ཕོ་བའོ། །སྐར་མ་དབོ་ནི་རྒྱུ་སྐར་རོ། །ཕྱིར་དབྱུང་ནི་ཕྱུང་བའོ། །སུན་དབྱུང་ནི་ཟག་པ་གསོག་པའོ། །མཚོན་གྱིས་དབུག་ནི་ཕུག་པའོ། །དབུལ་པོ་ནི་སྤྲང་པོའོ། །ས་ནི་བྱེད་སྒྲའོ། །དབུགས་དབྱུང་ནི་འཇིགས་སྐྲག་སྐྱེ་བའི་གཞི་བཟློག་པའོ། །ནོར་མི་དབྲོག་{དབྲོག་པ་ནི་བརྡ་རྙིང་སྟེ་འཕྲོགས་པའོ། ། }ནི་མི་འཕྲོག་པའོ། །ཚོན་དབྱི་ནི་རྩི་ཕྱི་བའོ། །དབྱིག་མོ་{དབྱིག་མོ་ནི་ནོར་གྱི་བདག་མོ་དང༌། དཔལ་མོ་སོགས་ལ་འབོད་ཆོག་གོ ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད། } ནི་སྲ་མཁྲང་འོད་དང་ལྡན་པའོ། །ར་ནི་གནས་གཞིའོ། །དབྱིག་ནི་རིན་ཆེན་དང༌། དབྱིག་དབུར་ནི་ཤོག་བུ་དང་རས་གཞི་སོགས་རིན་ཆེན་དབྱིག་གིས་འཇམ་འདོན་པའོ། །དབོན་པོ་ནི་རུས་སྣག་གང་རུང་གི་ཚ་བོའོ། །ས་ནི་བྱེད་སྒྲའོ། །དབྱངས་ནི་ངག་གླུའོ། །དབུལ་ནི་འབུལ་བའོ། །སྨ་མི་དབབ་ནི་མཚང་མི་བྲུ་བའོ། །དབྱིག་གཉེན་ནི་རྒྱ་གར་གྱི་པཎ་གྲུབ་བོ། །དབུ་ནི་མགོའོ། །ལ་ནི་གནས་གཞིའོ། །གདུག་ཀྱང་དབུབས་ནི་གདུག་ཕུབ་པའོ། །དབང་བསྐུར་ནི་ལྷ་སྒྲུབ། སྔགས་བསྙེན། ཏིང་ངེ་འཛིན་བསྒོམས། རྒྱུད་ལུང་མན་ངག་སྟོན་པ་སོགས་ཆོག་པར་བྱས་པའོ། །བྱིན་དབབ་ནི་བླ་མ་ལྷས་བྱིན་རླབས་བསྒྲུབ་བྱར་ཕབ་པའོ། །གཏན་ལ་དབབ་{དབབ་པ་ནི་བརྡ་རྙིང་སྟེ་འབེབས་པ། }ནི་དཀའ་གནད་ཅན་གྱི་ཚིག་དོན་མ་ནོར་བར་ཕབ་སྟེ་ཡིད་བརྟན་ཕེར་བར་བྱས་པའོ། །ལུང་དབོག་{ངག་སྒྲོན་སྡེ་དགེ་དང༌། དཔལ་སྤུངས་པར་མ་གཉིས་ཀའི་དཀྱུས་སུ་ལུང་ནོད་ཁུར་དབོག་ཅེས་བྲིས་ཏེ་དེའི་མཆན་བུར་དཔོག་ཅེས་བྲིས་འདུག་རུང༌། འདིར་དས་འཕུལ་ཅན་གྱི་བ་ཡིག་གི་སྡེ་ཚན་འཆད་པའི་སྐབས་ཡིན་ཕྱིར་དབོག་ཅེས་པ་དཀྱུས་སུ་བཀོད་ན་དགའ་བར་སེམས་ས། }ནི་ལུང་སོགས་འབོགས་པའོ། ། ཁུར་དབོག་ནི་ལས་ཁུར་འགན་གུས་སམ། རྒྱས་ཁུར་ཕོག་པའོ། །དབེན་སར་དཔྲལ་ནི་སུ་མེད་པར་ཕྲལ་བའོ། ། དབང་ཕྱུག་ནི་སྲིད་ཞིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་དག་ཐོབ་ཅིང་ཕྱུག་པའོ། །དབང་ལྡན་ནི་རང་དབང་དང་ལྡན་པའོ། །དབང་ཐང་ནི་རང་ལ་དབང་བའི་ཡུལ་ལོ། །དབྱར་ནི་དུས་སོ། །དབང་པོ་ནི་མིག་དབང་སོགས་དྲུག་དང་ལྷ་དབང་ངོ༌། །དབྱིག་མང་{དབྱིག་ནི་བརྡ་རྙིང་སྟེ་ནོར། }ནི་རིན་ཆེན་སོགས་ནོར་རྫས་མང་བའོ། །དཔྲལ་དབྱེས་ཆེ་ནི་དཔྲལ་བ་ཞེང་ཆེ་བའོ། །དབའ་རླབས་ནི་ཆུའི་འོ། །དབུ་བ་ནི་ཆུ་སྦུར་རོ། །སྐྱོན་གྱིས་དབགས་ནི་དྲི་མས་འབགས་པའོ། ། དབྲེ་བཙོག་{དབྲེ་བཙོག་གི་དབྲེ་ནི་བསེ་མོག་ལྟ་བུའི་དྲི་ངན། བཙོག་ནི་དེ་ལས་བྱུང་བའི་གྲིབ་ཡིན་ནོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། ། }ནི་ངན་སྐྱུག་གོ། །ཁ་དབྲི་ནི་ཁ་བྲི་བའོ། ། ཞེས་སའི་དབའ་{ཞེ་སའི་དབའ། འདི་རྗེས་ཞ་ལུ་པའི་ཟ་མ་ཏོག་ཏུ། ཞེ་སའི་དབའ་དང་ཆུའི་དབའ་རླབས། ཞེས་པ་གཙང་གི་ཡུལ་སྐད་འགར་ཞེ་ས་ལ་ལགས་ཞེས་པའི་ཚབ་ཏུ་དབའ་ཞེས་ཟེར་བ་དང༌། ཆུའི་རླབས་དང་འབྲེལ་ཚེ་ལའང་དབའ་འཇུག་པ་སྐབས་ཐོབ་ རྩི་དགོས་ཞེས་ལེགས་ཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། ། }ནི་ཞེ་སའི་ཡུལ་གྱི་མདུན་དུ། ངག་ནས་དཔའ་ཞེས་བརྗོད་པའོ། ། དབལ་{དབལ་ནི་བརྡ་རྙིང་སྟེ་ཏོག་དང་རྩེ་མོ་དང་ཤ་ཉམས་དང་མེའི་དྲོད་སོགས་ལ་འཇུག་གོ། །ཞེས་འཇམ་མགོན་ཨ་མེས་ཞབས་ཀྱིས་གསུངས་སོ། །}ཞེས་པ་ནི་རྟའི་དབལ་བཟང་ངན་ལྟ་བུ་དང་གཞན་ཡང་ཤ་ཉམ་རྩེ་མོ་དྲོད་རྟོག་རྣམས་ལ་འཇུག་སྟེ། ཤ་ཉམ་ལ་ཤ་དབལ་བཟང་ངན་ཟེར་བ་དང༌། རྩེ་མོའི་དབལ་ནི་ཕུར་བུའི་དབལ་ལྟ་བུ་དང༌། དྲོད་ཀྱི་དབལ་ནི་མེའི་དབལ་ཚ་བ་དང༌། ཏོག་གི་དབལ་ནི་གདུགས་རྒྱལ་མཚན་ཞྭ་སོགས་ཀྱི་ཏོག་ལ་ཡང་འཇུག་གོ། ། ཞ་ཉེའི་དབྱར་བདབ་ནི་སྣོད་ཀྱི་སྟེགས་ཏེ། དགེ་སློང་མའི་ལྷུང་བཟེད་ཀྱི་ཞབས་གདན་ནོ། ། དེ་རྣམས་ནི་དས་འཕུལ་བ་ཡིག་གི་འཇུག་པའོ། ། འས་འཕུལ་བ་ཡིག་གི་འཇུག་པ། རབ་འབྱམས་དང༌། འབྱམས་ཀླས་ནི་མང་པོའོ། །འབྱུང་བཞི་ནི་ས་ཆུ་མེ་རླུང་ངོ༌། །འབྲུག་ནི་སྤྲིན་སྒྲའམ། དབྱར་རྔའམ་སྒྲ་བརྒྱ་པ་སོགས་སོ། །འབྲལ་མེད་ནི་རྟག་ཏུ་འགྲོགས་པའོ། །དང་ནི་སྡུད་ཚིག་གོ། །འབྲེལ་ནི་ཕན་ཚུན་སྦྲེལ་བའོ། །འབྲས་བུ་ནི་སྙིང་པོའོ། །འབྲུ་ནི་ནས་འབྲས་སོགས་སོ། །འབྲིང་པོ་ནི་རབ་ཐའི་བར་རོ། །འདམ་འབྱིང་{དཔལ་སྤུངས་པར་མ་སོགས་སུ། བྱིང་ཞེས་སྔོན་འཇུག་མེད་པར་སྣང་ཡང༌། སྔོན་འཇུག་འ་ཡོད་པར་འཐད་དེ་དེའི་སྡེ་ཚན་བཤད་པའི་སྐབས་ཡིན་ཕྱིར་རོ། །}ནི་འདམ་གྱི་ནང་ལྷུང་བའོ། །འབྲུམ་ནད་འབྱང་ནི་བྱང་བའོ། །འབྲོག་གི་འབྲི་ནི་འབྲོག་པའི་གནག་ཕྱུགས་གོ། །འབྲོང་ནི་བྱང་གཡག་གོ། །རུས་ཀྱི་འབྲོམ་ནི་འབྲོམ་སྟོན་རྒྱལ་བའི་འབྱུང་ གནས་སོགས་སོ། །འབྱུང་འགྱུར་ནི་ད་ཕྱིས་སོ། ། ཚེ་འབྱིད་{ངག་སྒྲོན་སྡེ་དགེ་དང༌། དཔལ་སྤུངས་པར་མ་གཉིས་ཀར། ཚེ་བྱིད། ཞེས་སྔོན་འཇུག་མེད་པར་སྣང་ཡང༌། ངག་སྒྲོན་མཆན་མ་འགའ་ཞིག་ཏུ། ཚེ་འབྱིད། ཅེས་སྔོན་འཇུག་འས་འཕུལ་ཅན་དུ་བཅོས་འདུག་པ་ནི་ལེགས་པར་མཐོང་སྟེ། འདིར་འས་འཕུལ་ཅན་གྱི་བ་ཡིག་གི་འཇུག་པ་བཤད་པའི་སྐབས་ཡིན་པའི་ཕྱིར་རོ། །}ནི་ཚེ་ཆོད་ཐབས་ཀྱིས་ཚེ་མཐར་ཕྱེད་པའོ། །འདྲེད་པའི་འབྱེད་ནི་ཞེད་པའམ། དྲེད་པའི་ཕྱིར་རོ། །སྐྲ་འབལ་ནི་ལག་པས་སོ། །འབེལ་གཏམ་ནི་ཡང་དག་པའི་གཏམ་མོ། །སྒོ་འབྱེ་འབྱེད་ནི་མཛོད་དང་ཁང་པའི་སྒོ་ཕྱེ་བའི་དོན་ནོ། །འབྲས་ཆན་ནི་འབྲས་བཙོས་པའོ། །ལྕེས་འབྱོག་ནི་བལྡག་པའོ། །ཆང་འབྱོ་ནི་སྣོད་གཞན་དུ་བྱོ་བའོ། །འབྱངས་ནི་ལྟོ་བ་འཁྲུ་བ་སྟེ། འབྱམས་ཞེས་པ་ནོར། འབྲོམ་སྟོན་འབྱོན་ནི་རྒྱལ་བའི་འབྱུང་གནས་སོགས་བྱོན་པའོ། །དུས་ནི་ཚིག་གྲོགས་སོ། །འབྲོས་ནི་བྲོས་པའོ། །ཤིང་ནི་ཚིག་གི་ཕྲད་དོ། །འབྲང་ནི་རྗེས་སུའོ། །འབྲུབ་ཁུང་ནི་བྲུབ་ཁུང་ངོ༌། །ཁ་འབྱེད་ནི་ཕྱེ་བའོ། །འབྱོལ་ནི་བྱོལ་བའོ། །ཞིང་ནི་ཚིག་ཕྲད་དོ། །འབྱེར་{འབྱེར་ནི་བརྡ་རྙིང་སྟེ་བྱེར་པའམ་འགྲོ་བ། }ནི་བྱེར་བའོ། །མཚང་འབྲུའི་ཚིག་འབྱིན་ནི་སྐྱོན་ཁས་བརྗོད་པའོ། །ཚོན་འབྱུག་ནི་བྱུག་པའོ། །འབྱོངས་{མཚོན་འབྱུག་འབྱོངས་ཞེས་པའི་ཚིག་གྲོགས་ཀྱིས་དངོས་བསྟན་ཚོན་བཀྱེ་ཚར་་བའི་མིང་ངོ༌། །དེས་མཚོན་ནས་འཕོ་བ་འབྱོངས་པ་དང༌། བློ་ལ་འབྱོངས་པའང༌། འཕོ་བ་ཐེབ་ པ་དང༌། བློ་ལ་ཟིན་པའི་མིང་ཡིན་ཕྱིར། མདོར་ན་རང་དབང་ཐོབ་པ་ཞིག་ལ་བཞག་ཆོག་ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། ། }ནི་གོམས་ཤིང་འདྲིས་ནས་རྒྱུད་ལའོ། །ཁ་འབྲི་ནི་བྲི་བའོ། །ཆུ་འབྲུབ་ནི་རྒྱས་པའོ། །སྦྱར་བའི་འབྱར་ནི་སྤྱིན་གྱིས་ཕན་ཚུན་འཐམ་པའོ། །འབྱུང་པོ་ནི་སྲོག་ཆགས་ཀུན་དང༌། རྒྱུ་བའི་མི་མ་ཡིན་ནོ། །འི་ནི་འབྲེལ་སྒྲའོ། །འབྱོར་བ་ནི་དགོས་རྒུའོ། ། དེ་རྣམས་ནི་འས་འཕུལ་བ་ཡིག་གི་རྣམ་པར་བཤད་པའོ། །ར་མགོ་ལྡན་པའི་བ་ཡིག་གི་འཇུག་པ། ཁྱི་རྦད་ནི་ཁྱི་བཀྱེ་བའོ། །རྦ་འགྲིལ་ནི་རི་མགོ་འམ། གཡང་ས་ནས་སོ། ། ཁ་རྦད་ཆེ་ནི་ཁ་ཧོབ་ཆེ་བའོ། ། ནད་ཀྱི་སྐྱ་རྦབ་ནི་སྐྲང་ནད་དོ། །སྐྲ་རྦད་ནི་རིགས་པའམ་བྲེགས་པར་རོ། ། རྦོད་ནི་བྱད་མ་རྦོད་གཏོང་ངོ༌། །རྦོད་མ་སྐྱེལ་ནི་སྔོ་ལོ་མ་འཕྱར་ཏེ་རྦུད་མ་རག་ཀྱང་ངོ༌། །སོགས་ནི་གཞན་ཡང་རིགས་པས་དཔྱད་དེ་ཤེས་དགོས་སོ་ཞེས་པའོ། ། དེ་རྣམས་ནི་ར་མགོ་ལྡན་པའི་བ་ཡིག་གི་འཇུག་པའོ། །ལ་མགོ་ལྡན་པའི་བ་ཡིག་གི་འཇུག་པ། ལྦུ་བ་ནི་ཆུ་བུར་རོ། །ལྦ་བ་ནི་འགྲིན་པ་སོགས་ཀྱི་དབལ་བའོ། ། ལྟོ་ སྦོས་པ་དང་སྐྱ་སྦབ་ཀྱང་ངོ༌། ། དེ་དག་ནི་ལ་ མགོ་ལྡན་པའི་བ་ཡིག་གི་འཇུག་པའོ། །ས་མགོ་ལྡན་པའི་བ་ཡིག་གི་འཇུག་པ། ནོར་སྦྱིན་ནི་རྣམ་སྲས་སོགས་ནོར་ལྷའི་རིགས་སོ། །གནོད་སྦྱིན་ནི་དེའི་འཁོར་རོ། །སྦྱིན་བདག་ནི་ཡོན་སྦྱོར་བ་པོའོ། །སྦྲོན་ནི་ར་མདར་རོ། །སྦུན་པ་ནི་འབྲུ་ཤུན་ནོ། །སྦངས་དང་ནི་རྟ་བོང་སོགས་ཀྱི་ལུད་དོ། ། སྦངས་མ་ནི་ཆང་རོའོ། །ས་ནི་བྱེད་སྒྲའོ། །སྦངས་ནི་ཆུས་སོ། །སྦུག་ནི་ཁང་ཕུག་གོ། །ཏུ་ནི་ཚིག་གྲོགས་སོ། །ནོར་སྦ་ནི་དངོས་པོ་བསྐུང་བའི་བྱ་ཚིགསྦས་ནི་བསྐུང་བའི་འདས་ཚིག ། སྦོས་ནི་བསྐུང་བའི་སྐུལ་ཚིག ། སྦེད་ནི་བྱེད་ཚིག་གོ། །ཉིས་སྦྲག་ནི་ཉིས་རིམ་མོ། །སྦྲ་འབུབས་ནི་རེ་བའི་ནག་ཚང་ཕུབ་པའོ། །སྦྲེལ་ནི་ལུ་གུ་རྒྱུད་དུའོ། །ནས་ནི་ལྷག་འདྲེན་ནོ། །སྦྱར་ནི་ཐ་དད་གཅིག་ཏུའོ། །སྦྲེབ{སྦྲེབ་པ་ནི་གྲང་སྦྲེབ་པ་སྟེ་འཁྱག་པའི་མིང་གཞན་ནོ་ཞེས་ཟེ་ཆེན་པས་བཤད། ངག་སྒྲོན་དཔལ་སྤུངས་པར་མ་འདི་བཞིན་ཡོད་ཅིང༌། སྡེ་དགེ་པར་མར། སྦྲེས། ཞེས་ས་སྦྱར་བ་སྣང་ངོ༌། །དོན་དུ་སྦྲེབ་ནི་བརྡ་རྙིང་སྟེ། གསར་ བཅད་ལྟར་ན་སྐེམ་པའོ། །}ནི་གྲང་ནས་སོ། །ནས་ནི་སྔ་མ་ལྟར་རོ། །སྦུར་མ་ནི་ཕུར་མའོ། །ར་ནི་གནས་གཞིའོ། །མེ་སྦར་ནི་མེ་བཀྱེ་འོ། །སྦོར་{ངག་སྒྲོན་དཔལ་སྤུངས་སྤར་མར། སྦོས། ཅེས་ཡོད་པ་ནི་ཡིག་སྐྱོན་དུ་སྣང་ངོ༌། ། འདི་སྡེ་དགེ་སྤར་མ་བཞིན་བྲིས་པའོ། ། }ནི་བསྐུལ་ཚིག་གོ། །ཆུས་བྲུས་ནི་ས་དང་ཙམ་པ་སོགས་ཆུ་དང་ཇས་བརླན་པ་ལྟ་བུའོ། །ཟས་སྦྲུས་ནི་ཕྱོགས་གཅིག་ཏུ་བསྣོ་བའོ། །ཕྱོགས་གཅིག་སྦོམ་ནི་ཕྱོགས་གཅིག་ཏུ་སྤོམ་པའོ། །སྦྲུམ་མ་ནི་བུད་མེད་མངལ་དུ་ཕྲུ་གུ་ཅན་ནོ། །ལྟོ་སྦོས་ནི་ཕོ་བ་དབུགས་ཀྱིས་བརྒྱངས་པའོ། །སྲོག་ཆགས་སྦྲེ་ནི་སྦེའོ། །ཕྱག་སྦལ་{ཕྱག་སྦལ་ནི། ལག་པའི་སྤར་མོ་དོམ་པའི་དོན་ནོ་ཞེས་ཟེ་ཆེན་པས་གསུངས་སོ། །}ནི་བཙོན་དོང་ངོ༌། །གྲོག་སྦུར་ནི་གྲོག་མོའོ། །སྦལ་བ་དང༌། སྦྲུལ་ནི་ཡོངས་གྲགས་སོ། །གྲོགས་སྦྲན་ནི་རོགས་རམ་འགུག་པའོ། །སྦུངས་བསྐྱེད་ནི་བུངས་བསྐྱེད་པའོ། །སྦུད་པ་ནི་ཁོས་མོའོ། །འི་ནི་འབྲེལ་སྒྲའོ། །སྦུབས་སྙུག་དོང་ལྟ་བུའོ། །སྦྱིག་མོ་ནི་དགེ་སློང་མའི་གོས་འགགས་ཕུ་དུང་མེད་པའོ། །ར་ནི་གནས་གཞིའོ། །སྦྱིག་ཅིང་སྦེ་ག་སྦྱོར་ནི་ཤེད་ཚད་པ་སྟེ། གཅེར་བུར་འཛིངས་པར་བཞེད། འདི་བརྟགས་དགོས། སྦྱག་ཚ་ནི་ལུས་ཉམས་ཞེན་པའོ། །ལུས་སྦྲིད་ནི་རྐང་ལག་སོགས་སྦྲིད་པའོ། །སྦ་མཁར་ནི་སྦ་དབྱུག་གོ། །སྦོམ་ནི་ཕྲའུ་མིན་པའོ། །ཤ་སྦྲང་ནི་ལུས་ལ་མཆུས་འབུགས་པའི་འབུའོ། །སྦྲང་མ་ནི་སྦྲང་རྩི་གསོག་པའི་འབུའོ། །སྦྲང་ནི་རྩི་བཅུད་དོ། །དང་ནི་སྡུད་ཚིག་གོ། །སྦྲགས་ནི་མཉམ་དུའོ། །སྦེད་བྱེད་{སྦེད་བྱེད་ནི་བརྡ་རྙིང་སྟེ་རྡོ་བ། }ནི་རྡོའི་མིང༌། གསེར་སྦྲམ་ནི་གསེར་བཟང་ཤོས་སོ། །ས་ལེ་སྦྲམ་ནི་ས་ལས་བྱུང་བའི་དོན་ནམ་པ་ཅན་ནོ། །སྦྱོར་བ་ནི་སྟ་གོན་ནོ། །སྦྱང་བྱ་ནི་སྡིག་སྒྲིབ་གཉིས་སོགས། །སྦྱོང་བྱེད་ནི་རིམ་གཉིས་སོགས་སོ། །སྦྱངས་ནི་ཚར་བའོ། །དགེ་སྦྱོང་ནི་རབ་བྱུང་ངོ༌། །གསོ་སྦྱོང་ནི་ཞི་མཐུན་གྱི་གསོ་སྦྱོང་དང་བསྙེན་གནས་སོགས་སོ། །གཙང་སྦྲ་ནི་བྱ་སྤྱོད་དེ་བྲམ་ཟེ་ལྟ་བུའོ། །སྦྱོར་ནི་བསྐུལ་ཚིག་གོ། །འདོམས་ཀྱི་སྦ་བ་ནི་གསང་གནས་སོ། ། དེ་རྣམས་ནི་ས་མགོ་ལྡན་པའི་བ་ཡིག་གི་འཇུག་པའོ། །མ་རྐྱང་གི་འཇུག་པ། རོ་མྱགས་ནི་མི་རོ་རུལ་བའི་འདམ་རྫབ་བོ། །མྱག་མྱོག་ནི་གཏམ་སོགས་ཉག་གེ་ཉོག་གེ་ལབ་པའོ། །ནགས་མྱུལ་ནགས་ཚོལ་བའོ། །མྱུར་ནི་མགྱོགས་པའོ། །ཉམས་མྱོང་ནི་སེམས་ཀྱིས་སོ། །མྱུ་གུ་ནི་ས་བོན་ལས་འདབ་མ་དང་པོར་འཁྲུངས་པའི་ལྗང་བུའོ། །འི་ནི་འབྲེལ་སྒྲའོ། །རོ་མྱང་ནི་ལྕེས་རེག་བྱའོ། །མྱོས་ནི་བཟི་བའོ། །མྱང་འདས་ནི་མྱ་ངན་ལས་འདས་པའོ། །མྱང་མྱང་ནི་ལུས་ཀྱི་བྱེད་སྟངས་སོ། ། མྱུག་མྱུག་ནི་ཁུང་བུར་ལག་པས་སོ། །དང་ནི་སྡུག་ཚིག་གོ། །མྱ་ངན་ནི་སྡུག་བསྔལ་ལོ། །མྱ་ངམ་ནི་ཆུ་མེད་པའམ། གྲོགས་མེད་པའི་བྱང་ཐང་ལྟ་བུའོ། ། དེ་རྣམས་ནི་མ་རྐྱང་ངོ༌། ། དས་འཕུལ་མ་ཡིག་གི་འཇུག་པ། དམག་ནི་ཕན་ཚུན་འཁྲུགས་པའི་དཔུང་ངོ༌། །གི་ནི་འབྲེལ་སྒྲའོ། །ཉེས་དམིགས་ནི་ཉེས་པ་དམིགས་སུ་བསལ་བའོ། །དམངས་རིགས་ནི་མ་རབས་སོ། །དམན་ནི་མཆོག་མིན་པའོ། །དམེ་ཕོ་ནི་རུས་གཅིག་པ་གསོད་མཁན་ནོ། །དམུས་ལོང་ནི་མིག་མེད་པའོ། །དམིགས་བུ་{དམིགས་བུ་ནི་བརྡ་རྙིང་སྟེ་ལོང་ཁྲིད། }ནི་ལོང་སྣ་ཁྲིད་མཁན་ནོ། །མེད་ནི་ཚིག་གི་ཁ་སྐོང་ངོ༌། །དམུ་རྒོད་ནི་སེམས་མ་དུལ་བའོ། །དམུ་ཆུ་ནི་ནད་དོ། །འདྲེ་སྲིན་དམུ་ནི་འདྲེ་དང་སྲིན་པོ་དམུའོ། །བློ་དམུན་ནི་བླུན་པོ་ལྟ་བུའོ། །དམུས་བྱུང་ནི་ཚེ་ཆད་པའོ། །བུ་གའི་དམིག་ནི་ཁུང་བུའོ། །གཙང་དམེ་ནི་གཙང་འདས། འཛུམ་དམུལ་ནི་བགད་པའོ། །དམིགས་པ་གཏོད་ནི་སེམས་དཔའོ། །ལག་དམར་ནི་མི་གསོད་པ་པོའོ། །ཁ་དམར་ཁག་ཁུར་བ་དང༌། ཁ་ཚོན་གཅོད་པའོ། །ཁ་དོག་དམར་ནི་མདོག་གོ། །ཉམས་དམས་ནི་ཁན་པའོ། །དམོད་བཙུགས་ནི་ལྷ་ལ་དཔང་བཙུགས་པའོ། ། དམོད་པ་འདོར་ནི་དགྲ་ལ་སྨོན་ལམ་ངན་པ་སྙིང་ནས་འདེབས་པ་དང༌། ཕྱི་རོལ་པའི་དམོད་པ་གྲུབ་པས་དམོད་པ་འདོར་བ་རྣམས་སོ། །དམྱལ་བ་ནི་ཡོངས་གྲགས་སོ། ། གནས་དམའ་ནི་མི་མཐོ་བའོ། །དམིགས་བསལ་ནི་མང་པོའི་ནང་ནས་ངོས་བཟུང་བའོ། །དང་ནི་སྡུད་ཚིག་གོ། །མྱུག་མྱུག་དམྱུག{མྱུག་མྱུག་ནི་ཡུན་རིང་མ་ཡིན་པར་རིབ་ཙམ་ལ་མྱུག་ཙམ་ཞེས་ཟེར་བ་དང༌། དམྱུགས་ནི་མདོ་སྡེ་ཚངས་པའི་དྲ་བར། ཉ་རྒྱས་ཉ་སྟོང་དུ་བཏོན་པའི་དོན་ལ་དམྱུགས་པ་ཞེས་བཤད་པ་སོགས་མང་དུ་ཡོད་པས་བཏོན་པའི་མིང་ཡིན། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། ། }ནི་མདོ་སྡེ་ཚངས་པའི་དྲ་བ་སོགས་མང་པོར་འབྱུང་ངོ༌། །སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་པར་བྱ་དགོས་སོ། ། དེ་རྣམས་ནི་དས་འཕུལ་མ་ཡིག་གི་འཇུག་པའོ། །ར་མགོ་ལྡན་པའི་མ་ཡིག་གི་འཇུག་པ། རྨད་བྱུང་ནི་ཁྱད་པར་འཕགས་པའམ། ངོ་མཚར་བའམ་ཕུལ་དུ་བྱུང་བའོ། །རྨུགས་འཛིན་ནི་ཛམྦྷ་ལ་ཡིན་ནོ། །རྨི་ལམ་རྨིས་ནི་གཉིད་ཞབས་སུ་སྣ་ཚོགས་འཆར་བའོ། །རྨང་ནི་གདན་གཞིའོ། །ནས་ནི་ལྷག་འདྲེན་ནོ། །རྨོ་དང་རྨོས་ནི་ཞིང་འཕྲུ་རློག་པ་སྟེ་རིམ་བཞིན་ད་ལྟ་དང་བསྐུལ་ཚིག་གོ། །རྨོན་དོར་ནི་འཛོ་གླང་རྙ་བཅའ་བའོ། །དང་ནི་སྡུད་ཚིག་གོ། །རྨོངས་{རྨོངས་བརྟུལ་ནི་བརྡ་རྙིང་སྟེ། བླུན་པོ་མོང་བརྟུལ་ཀྱང་འབྱུང༌། }ནི་བླུན་པོའོ། །རྨུགས་ནི་བྱིངས་འཐིབས་སོ། །ཁྱིས་རྨུར་ནི་རུས་པ་སོགས་ཕུར་བའོ། །རྨུགས་པའི་རྨ་ནི་ཁྱི་སོགས་ཀྱི་སོས་འབུགས་པའོ། །རྨེན་པ་ནི་ཤ་ཚིལ་ལ་ཡོད་པའོ། །རྟ་རྨིག་ནི་རྟའི་རྐང་ལག་གི་ར་ཁའོ། ། སྒ་ཡི་རྨེད་ནི་རྟ་སྒའི་ཕྱི་ཐག་གོ། །རྨོངས་བུ་ནི་འཕོངས་སམ་གསང་གནས་ཀྱི་སྤུའོ། །རྨེག་མེད་{རྨིག་མེད་ནི་བརྡ་རྙིང་སྟེ། གཏན་མེད། }ནི་གཏན་མེད་དོ། །སུན་པའི་རྨུས་དཀའ་ལས་སོགས་ཀྱིས་ཡིད་ཆད་དེ་སུན་པའོ། །སེར་རྨེ་ནི་སེར་སྣའོ། །བསྲིས་རྨེ་{ཟས་ནོར་སོགས་མི་ཟད་པའི་ཐབས་སུ་ཉུང་ངུར་བྱེད་ནས་བསྲི༷་བ་དང་བསྲིས་པ་དེ་སྤྱད་ཀྱང་མི་ཟད་པས་རྨེ༷་བའོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། །}ཟས་ཕུག་ཡུན་བསྲི་བའོ། ། ངོ་མཚར་རྨད་ནི་ཡ་མཚན་རྨད་བྱུང་ངོ༌། །རྨོ་མོ་ནི་ཨ་ཕྱིའོ། །བལ་རྨེ་ནི་རྐུད་པ་རྨེད་པའོ། །དྲིས་པའི་རྨིང་ནི་གཏམ་སྐད་ཆ་དྲིས་པའོ། །རྨ་བྱ་ནི་བྱའོ། །ཁམས་རྨྱ་ནི་ཁམས་ལུས་སེམས་ཉོབ་པའོ། ། བྱ་རྨྱང་བྱེད་ནི་ལུས་ཀྱི་སྟང་སྟབས་སོ། །རྨོག་ནི་ལྕགས་ཞྭ་སྟེ། གོ་ཆ་སྤྱི་ལ་འཇུག་གོ། །དང་ནི་སྡུད་ཚིག་གོ། །དབུ་རྨོག་{དབུ་རྨོག་ནི་བརྡ་རྙིང་སྟེ་དབུ་འཕང༌། } ནི་དབུ་འཕང་ངོ༌། །དེ་རྣམས་ནི་ར་མགོ་ལྡན་པའི་མ་ཡིག་གི་འཇུག་པའོ། ། ས་མགོ་ལྡན་པའི་མ་ཡིག་གི་འཇུག་པ། སྨན་ནི་ནད་ཀྱི་གཉེན་པོའོ། །དང་ནི་སྡུད་ཚིག་གོ། །སྨན་པ་ནི་འཚོ་བྱེད་དོ། །འི་ནི་འབྲེལ་སྒྲའོ། །གཏམ་སྨྲ་ནི་སྐད་ཆ་བཤད་པ། སྨྲོས་ནི་སྐུལ་ཚིག་གོ། །སྨིག་རྒྱུ་ནི་ཆུ་རེད་སྙམ་པའི་འཁྲུལ་གཞི་དེའོ། །སྨག་རུམ་{སྨག་ནི་བརྡ་རྙིང་སྟེ་མུན་པའོ། །རུམ་ཡང་བརྡ་རྙིང་སྟེ་ནང་དུའོ། ། }ནི་མུན་པའོ། ། ཟོང་མིན་སྨར་སོས་ཀ་མིན་པའི་དམར་མར་ནས་ལྟ་བུའོ། །སྨན་ལྗོངས་ནི་སྨན་མང་པོ་སྐྱེ་བའི་ཡུལ་ལོ། །སུག་སྨེལ་ནི་སྨན་ནོ། །སྨྱག་ཤད་ནི་ཤིང་སྨྱ་གའམ། སྙུག་གི་སོ་མང་ངོ༌། །དང་སྡུད་ཚིག་གོ། །སྨྱུག་མ་ནི་ཤིང་ཁོང་སྟོང་ངོ༌། །སྨྱི་གུ་ནི་ཡི་གེ་བྲི་བའི་སྨྱུ་གུའོ། །སྨྱིག་མ་ནི་འདམ་རྩའམ་ཤིང་སྨྱུག་མའོ། །སྨིན་ནི་འབྲས་བུ་སོགས་སྨིན་པའོ། །ཚེ་སྨད་ནི་ཚེ་སྟོད་ཡོལ་བའོ། །སྨ་ཕབ་ནི་སྐྱོན་འཚང་བརྗོད་པའོ། །སྨད་རས་སྨོད་ཀྱང་ཇ་མ་དང་དོན་གཅིག་གོ། །མགོ་སྨྱུང་{སྨྱུང་བ་ནི་བརྡ་རྙིང་སྟེ་བརྐྱང་བ། }ནི་ཆུང་བའི་དོན་ནོ། །སྨྲང་{སྨྲེང་ཞེས་ཀྱང་འཐད་སྨྲིང་དང་སྨྲེང་དག་བརྡ་རྙིང་ངོ༌། །}ནི་གསང་ཚིག་གམ་ལོ་རྒྱུས་སམ་གཏམ་རྒྱུད་དོ། །དང་ནི་སྡུད་ཚིག་གོ། །སྨྲེ་སྔགས་{སྨྲེ་སྔགས་ནི་བརྡ་རྙིང་སྟེ། ཉམས་ཐག་པའི་ཚིག་}ནི་སྡུག་བསྔལ་གྱི་ཚིག་གོ། །སྨྲས་ནི་གཏམ་བྱས་པའོ། །བུ་སྨད་ནི་བུ་དང་ཆུང་མའོ། །མིང་སྨོས་ནི་མིང་གང་ཡིན་བརྗོད་པའོ། ། {བལ་དག་སྣམ་གསུམ་ལྟ་བུ་ཟོང་པ་མ་ཡིན་པའི་ཚོང་རྫས་ཇ་དངུལ་ལྟ་བུའི་འགྲིམ་སྒོ་ཆེ་བའི་རིགས་ཡིན་པར་ཟེ་ཆེན་པས་གསུངས་སོ། །འདི་གང་གི་མཆན་ཡིན་དཔྱད་དགོས། }སྨྱན་ཀ་བྱེད་{སྨྱན་ཀ་ནི་བརྡ་རྙིང་སྟེ་གཉེན་ཀའོ། །}ནི་བག་མ་གཏོང་ལེན་བྱེད་པའོ། །ངུར་སྨྲིག་ནི་དམར་སེར་རོ། །རྣམ་སྨིན་ནི་ལས་འབྲས་སོ། །སྨོས་ཅི་དགོས་ནི་ཟེར་མ་དགོས་པའོ། །སྨྱུང་གནས་ནི་ཟས་མི་ཟ་བའི་དཀའ་སྤྱད་དོ། །དུས་སྨྱུར་ནི་མྱུར་བའོ། །སྨྱོན་པ་སྨྱོ་ནི་སེམས་འཁྲུལ་བའོ། །སྨོན་འདྲིན་{སྨོན་འདྲིན་ནི་བརྡ་རྙིང་སྟེ་གྲོགས་སོ། ། }ནི་མཐུན་པའི་གྲོགས་པོའོ། །དྲི་རྨེད་ནི་གཏམ་དྲི་བའོ། །སྨོན་ལམ་ནི་གསོལ་གདབ་བོ། །སྨན་ནི་ཕན་པའི་དོན་ནོ། །སྨིན་དྲུག་དང༌། སྨལ་པོ་ནི་རྒྱུ་སྐར་རོ། །སྨིན་དྲུག་བུ་ནི་ལྷའི་བྱེ་བྲག་མདུང་ཐུང་ཅན་ནོ། ། སྨེ་བ་ནི་ལུས་ཀྱི་ནག་ཐིག་གོ། །སྨུག་རྩི་ནི་འབྲི་མོག་གོ། །ཁ་དོག་སྨུག་ནི་ནག་ཤས་ཅན་ནོ། །སྨ་ར་ནི་ཁ་སྤུའོ། །སྨིན་མ་ནི་མིག་གི་རྫི་མའོ། །སྨེ་ཤ་ཅན་ནི་ཁྱི་ཕག་གསོད་མཁན་ལྟ་བུ་མ་རབས་ཀྱི་རིགས་སོ། །རྩིས་ཀྱི་སྨེ་བ་ནི་གཅིག་དཀར་སོགས་དགུ་པོ་ཡིན་ནོ། ། དེ་རྣམས་ནི་ས་མགོ་ལྡན་པའི་མ་ཡིག་གི་འཇུག་པའོ། །ཙ་རྐྱང་གི་འཇུག་པ། ཙབ་ཙུབ་མི་བྱ་ནི་བརྟགས་ཤིང་དཔྱད་ནས་བྱ་བའོ། །ཙོག་ཙོག་པུ་ནི་ལུས་ཀྱི་འདུག་སྟངས་སོ། །ཙན་དན་ནི་ཤིང་ངོ༌། །ཙུ་ཏ་ནི་ཤིང་དང་ཡུལ་ཙུ་ཏ་ལའང་བཤད་དོ། །ཙམ་པ་ཀ་ནི་མེ་ཏོག་གོ། །ཙ་ཀོ་ར་ནི་བྱ་གོང་མ་སྲེག་གོ། །དང་ནི་སྡུད་ཚིག་གོ། །ཙི་ཏི་མོ་ནི་བྱེའུ་ཞིག་གོ། །ནེ་ཙོ་ནི་བྱའོ། །དེ་ཙམ་ནི་ཚོད་ཀྱི་མིང་ངོ༌། །དེ་ཙུག་ལགས་ནི་དེ་ག་རང་ལགས། ཙེ་ནེ་ནི་རང་ངོ་རྐྱང་པ་ལྟ་བུའོ། །ཙེ་རེ་ནི་གནམ་ལ་ཁྲ་ལི་པུ་བཏགས་པ་ལྟ་བུ། ཙ་རི་བ་ནི་གནས་དེར་སྡོད་མཁན་ནོ། །ཙཱ་རུའི་བཟའ་བ་ནི་མཆོད་པའི་བྱེ་བྲག་གོ། །ཙ་ན་ཀ་ནི་སྲན་མའོ། །ཙུག་ཙུག་སྒྲ་ནི་ཟས་ཟ་དུས་ཁའི་སྒྲའོ། །སོགས་ནི་གཞན་ཡང་ཤེས་པར་བྱ་དགོས་པའི་དོན་ཏོ། ། དེ་རྣམས་ནི་ཙ་ཀྱང་ངོ༌། །གས་འཕུལ་ཙ་ཡིག་གི་འཇུག་པ། གཙུག་ཏོར་ནི་ཐོར་ཅོག་གོ། །སྤྱི་གཙུག་ནི་མགོའི་མཐིལ་ལོ། །གཙང་ཁང་ནི་ལྷ་ཁང་གི་དྲི་གཙང་ཁང་ངོ༌། །གཙང་ནི་མི་གཙང་བ་མེད་པའོ། །མི་གཙིགས་སྤྱོད་པ་ནི་མི་རིགས་པའི་སྤྱོད་པའོ། །གཙུག་ལག་ཁང་{གཙུག་ལག་ནི་བརྡ་རྙིང་སྟེ་སྡེ་སྣོད}ནི་ལྷ་ཁང་ངོ༌། །གཙོ་རུ་ནི་རི་དྭགས་གཙོད་ཀྱི་རྭའོ། །ས་ནི་བྱེད་སྒྲའོ། །གཙེས་ནི་གནོད་པར་བྱེད་པའོ། །ཤིང་ནི་ཚིག་ཕྲད་དོ། །གཙེར་བས་གཙེས་ནི་མི་རིགས་པའི་ལས་བྱེད་པའོ། །མཆེ་གཙིགས་ནི་སོ་གཙིགས་པའོ། །གཙུབ་ཤིང་ནི་སྟེང་གི་དྲུད་བྱེད་དོ། །གཙུབ་སྟན་ནི་འོག་གི་དྲུད་བྱའོ། །གཙུབས་ནི་དྲུས་པ་སྟེ་ཤིང་གཉིས་དྲུད་པའི་ དོན་ཏོ། །གཙོ་བོ་ནི་མཆོག་གམ་མགོ་དཔོན་ནོ། ། གཙིགས་ཆེ་ནི་ཐུགས་གཙིགས་ཆེ་བ་སོགས་དོན་དམར་ཆེ་བའོ། །གཙག་བུས་གཙགས་ནི་གཙག་ཁབ་ཀྱིས་རྨ་གཏོང་བའོ། །གཙང་ཕྱོགས་ནི་ཡུལ་ལོ། །གཙང་ཆུ་ནི་གཙང་བོ་ཞེས་པའི་ཆུ་ཆེན་པོ་དེའོ། ། དེ་རྣམས་ནི་གས་འཕུལ་ཙ་ཡིག་གི་འཇུག་པའོ། །བས་འཕུལ་ཙ་ཡིག་གི་འཇུག་པ། བཙན་པོ་ནི་སྲོང་བཙན་ལྡེའུ་བཙན་སོགས། །བཀའ་བཙན་ནི་བཀའ་གཅོག་མི་ནུས་པའོ། །རྫོང་བཙན་ནི་མཁར་རོ། །དང་ནི་སྡུད་ཚིག་གོ། །བཙུན་མོ་ནི་རྒྱལ་པོའི་ཆུང་མའོ། །བུ་བཙས་ནི་ཁྱེའུ་སྐྱེ་བའོ། །གྲུ་བཙས་{གྲུ་བཙས་ནི་བརྡ་རྙིང་སྟེ། གྲུ་གླ་}ནི་གླ་གྲུའོ། །བཙལ་ནི་ཚོལ་བའོ། །བཙུན་པ་ནི་བན་དེའོ། །མིག་བཙུམ་ནི་མི་ལྟ་བའོ། །བཙོན་རར་བཙུད་ནི་ཁྲི་མུན་དུ་བཅུག་པའོ། །གོས་བཙེམས་{ངག་སྒྲོན་དཔལ་སྤུངས་སྤར་མར། གོས་གཙེམས་ཞེས་གས་འཕུལ་ཡོད་པ་ནི་ཡིག་སྐྱོན་ཏེ། འདིར་བས་འཕུལ་ཅན་གྱི་ཙ་ཡིག་གི་འཇུག་པ་བཤད་པའི་སྐབས་ཡིན་པའི་ཕྱིར་རོ། །}ནི་བུག་རལ་དྲུབ་པའོ། །བཙག་ནི་རྡོའམ་ས་དམར་པོའོ། །དང་ནི་སྡུད་ཚིག་གོ། །བཙོད་ནི་ཚོས་དམར་པོ། ཀྱིས་ནི་བྱེད་སྒྲའོ། །བཙོས་ནི་སྣམ་རས་སོགས་དཀར་པོ་ཁ་བསྒྱུར་བའོ། །བཙན་དུག་ནི་ཧ་ལ་དང་བོང་ང་ལྟ་བུའོ། །ཚོགས་ཀྱིས་བཙགས་ནི་རོ་མ་རས་སོགས་ཀྱིས་བཙགས་པའོ། །ཤིང་ནི་ཚིག་ཕྲད་དོ། །བཙིར་ནི་ལག་པས་འཚིར་བའོ། །བཙས་ཁྱེར་ནི་ལོ་ཏོག་དང་ལྕགས་སོགས་བཙའ་ཟེར་བ་དམར་པོ་དེས་ཟོས་པའོ། །འབགས་བཙོག་ནི་མི་གཙང་བས་གོས་པའོ། ། བཙོ་བླག་མཁན་ནི་ཚོས་མཁན་ནོ། །མཐོ་བཙམས་ནི་གནོད་པ་སྐྱེལ་བའོ། །རྡེག་བཙོག་ནི་རྒྱེབ་བརྡུང་བྱེད་པའོ། །བཙོག་པོར་རྡེག་ནི་མགྱོགས་པོར་བརྡུང་བའོ། ། བཙན་རྒོད་ནི་འདྲེའོ། །བཙན་ཐབས་ནི་གློ་བུར་བདེ་བླག་ཉིད་དུའོ། །གསེར་གཙོ་མ་ནི་ཛམྦུ་ཆུ་གསེར་རོ། ། སྲོལ་བཙུགས་ནི་སྔར་མེད་ཀྱི་ལུགས་སྲོལ་གསར་དུ་བཙུག་པའོ། །ཤིང་བཙུགས་ནི་སྐྱེ་ཤིང་ངོ༌། །སྒོག་གཙང་ནི་སྒོག་པའི་རིགས་སོ། ། བཙད་པོ་ནི་བོད་ཆོས་རྒྱལ་ལོ། །བཙས་མ་ནི་ལོག་ཏོག་གོ། །དེ་རྣམས་ནི་བས་འཕུལ་ཙ་ཡིག་གི་འཇུག་པའོ། །ར་མགོ་ལྡན་པའི་ཙ་ཡིག་གི་འཇུག་པ། རྩ་ལག་{བརྡ་རྙིང༌། }ནི་གཉེན་ཉེ་བའོ། །རྩ་རྩེ་ནི་རྩབ་དང་རྩེ་མོའོ། །ཚོན་རྩི་ནི་ལྷ་འདྲི་བྱེད་དོ། །རྩིང་ནི་ཞིབ་མོར་མིན་པའོ། །རྩི་མར་ནི་རྩི་ཐོག་ཟོས་པའི་མར་རོ། །རྩི་ཤིང་ནི་ས་ལས་སྐྱེས་པའོ། །རྩི་ཐོག་ནི་རྩ་འབྲས་སོ། །རྩྭ་ནི་སྔོའོ། །འཐབ་རྩོད་ནི་འཛིང་མོའོ། །རྩེད་མོ་རྩེ་ནི་བྱིས་པ་སོགས་ཀྱིས་སོ། །རྩེས་ནི་འདས་སྐུལ་ལོ། །རྩེན་{རྩེན་པ་ནི་བརྡ་རྙིང་སྟེ། རྩེ་བའམ་རོལ་པ། }ནི་རྩེ་བའམ་རོལ་བའོ། །ལྔས་རྩན་ནི་མི་སྟེ། སྐྱེ་བ། གཞོན་པ། གནས་པ། རྒས་པ། འཆི་བ་སྟེ་ལྔ་ལ་རོལ་པའི་ཕྱིར། སུམ་རྩེན་ནི་ལྷ་སྟེ། སྔ་མ་ལྔ་པོའི་ནང་ནས་གཞོན་རྒས་གཉིས་མེད་པའོ། །རྩིས་ནི་དཀར་ནག་གོ། །རྩིས་མཁན་ནི་རྩིས་ཤེས་པའོ། །རྩིབ་མ་ནི་སེམས་ཅན་གྱི་རྩིབ་རུས་སོ། །འི་ནི་འབྲེལ་སྒྲའོ། །རྩ་རྒྱུས་ནི་ཤ་རུས་སྦྲེལ་ཐག་གོ། །རྩིད་པ་ནི་འབྲི་གཡག་གི་སྤུའོ། །རྩུབ་ནི་འཇམ་པོ་མིན་པའོ། །ཁ་རྩང་ནི་ཁ་སང་ངོ༌། །རྩེ་རྒོད་{རྩེ་རྒོད་ནི་བརྡ་རྙིང་སྟེ་ལྷ་འབངས་སམ་གཡོག་}ནི་ནང་བྱན་{གཡོག་}ནོ། །རྩམ་རིན་ནི་རྩམ་པའི་རིན་པའོ། །རྩེག་ནི་ཊམ་ག་སོགས་སོ། །རྩབ་རྩོབ་ནི་གྲིས་གཏུབ་པའི་དོན་ནོ། །རྩ་གཅོད་ནི་རྩ་བ་ནས་གཅོད་པའོ། །ཚེར་མའི་རྩང་ནི་མདོས་གཏོར་ལ་འཛུགས་པའི་ཐུར་མའོ། །སྟོབས་རྩལ་ནི་སྒྱུར་རྩལ་ལོ། །འབད་རྩོལ་ནི་ལས་ལ་བརྩོན་པའོ། །རྩོམ་པ་རྩོམ་ནི་བསྟན་བཅོས་སོགས་སོ། །ཞོ་རྩབས་{ཞོ་བསྙལ་བའི་རུ་མའམ། རི་རྩི་ལ་འཇུག་ཅེས་ཟེ་ཆེན་པས་གསུངས་སོ། །}ནི་སྐོམ་རྩི་སྐྱུར་ཅན་སླ་མོ་ཤིང་ཐོག་གི་ཁུ་བ་ལྟ་བུའོ། །རྩབ་མོ་ཡང་སྔ་མ་དང་དོན་གཅིག་གོ། །སེར་རྩའི་གོས་ནི་ལྷ་ཤིང་སེར་རྩ་ཞེས་པའི་དཔག་བསམ་གྱི་ཡལ་འདབ་ལས་བྱུང་བའི་གོས་ལ་བཤད་དོ། །རྩིག་པ་ནི་ཁང་པའི་འོ། །རྩིག་མཁན་ནི་རྡོ་རྩིག་སོགས་བྱེད་པོའོ། །འཁོར་ལོའི་རྩིབས་ནི་བརྒྱད་སོགས་སོ། །རྩངས་པ་ནི་སྲོག་ཆགས་འབུ་སྐྱིན་གོར་རོ། །སྲོག་རྩོལ་ནི་རླུང་ངོ༌། ། དེ་རྣམས་ནི་ར་མགོ་ལྡན་པའི་ཙ་ཡིག་གི་འཇུག་པའོ། །ས་མགོ་ལྡན་པའི་ཙ་ཡིག་གི་འཇུག་པ། བཀའ་སྩོལ་ནི་བཀའ་གནང་ཞུ་བའོ། ། དངོས་གྲུབ་སྩལ་ནི་སྦྱིན་པའོ། །དང་ནི་སྡུད་ཚིག་གོ། །སྩོལ་ནི་སློང་བའོ། །སྦྱིན་པ་སྩལ་བགྱི་ནི་ལན་ལ་མི་རེ་བར་བཏང་བྱའོ། །བགྱིད་དུ་སྩལ་ནི་བྱེད་དུ་འཇུག་པའོ། །སྩལ་དུ་གསོལ་ནི་གནང་རོགས་ཞུ་བའོ། །སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་པར་བྱ་དགོས་ཞེས་པའོ། །དེ་རྣམས་ནི་ས་མགོ་ལྡན་པའི་ཙ་ཡིག་གི་འཇུག་པའོ། ། བས་འཕུལ་ར་མགོ་ལྡན་པའི་ཙ་ཡིག་གི་འཇུག་པ། བརྩོན་འགྲུས་ནི་ལེ་ལོ་མེད་པའོ། །སྙིང་བརྩེ་ནི་གྲོགས་སམ་སེམས་ཅན་ལ་སྙིང་ནས་བརྩེ་བའོ། །བརྩེ་བ་ཅན་ནི་གདུང་སེམས་དང་ལྡན་པའོ། །བརྩད་ཅིང་དྲིས་ནི་རྒྱུ་མཚན་ཞིབ་པར་དང་བཅས་པས་བསྙད་ནས་དྲིས་པའོ། །ནས་ནི་ལྷག་འདྲེན་ནོ། །བརྩམ་བྱ་ནི་བསྟན་བཅོས་ནས་སོགས་སོ། ། ཁང་བརྩེགས་ནི་རྨང་ནས་ཡར་ཁང་བུའི་སྟེང་ཁང་བུའོ། །བརྩེགས་ནི་རྩིགས་པ་བྱས་པའོ། །ཤིང་ནི་ཚིག་ཕྲད་དོ། །བརྩི་བྱ་ནི་ནོར་སོགས་སོ། །བརྩིས་ནི་འདས་ཚིག་གོ། །སོ་བརྩེ་ནི་ཤིང་ཐོགས་སོགས་ཀྱིས་སོ་ལྡིང་བའོ། ། ཧ་ཅང་བརྩེངས་པའི་གོས་ནི་སྣམ་བུ་སོགས་ཁྲལ་ཁྲོལ་ཤིན་ཏུ་འཐུག་པོའི་གོས། དེ་རྣམས་ནི་བས་འཕུལ་ར་མགོ་ལྡན་པའི་ཙ་ཡིག་གི་འཇུག་པའོ། །ཚ་རྐྱང་གི་འཇུག་པ། ནགས་ཚལ་ནི་ཤིང་ཚང་ཚིང་ངོ༌། ། སྐྱེད་ཚལ་ནི་མེ་ཏོག་གི་ར་བའོ། །ཚི་གུའི་ཚིགས་{ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས། ཚི་གུ་ནི་འབྲུའི་སྙིང་པོ་སྟེ། དཔེར་ན་ཨ་རུ་རའི་རུས་པ་སོགས་ཤིང་ཐོག་ཕལ་ཆེ་ལ་ནང་སྙིང་ཡོད་པ་དེའོ། །ཞེས་གསུངས་སོ། ། རས་ཚི་གུ་ནི་བྱང་སེམས་སོགས་ལྷ་ཞིག་གི་སྨད་གཡོགས་ནས་ཁྲ་བོ་ཡོད་པ་དེ་ཡིན་ནོ། ། ཚིག་གུ་ནི་བརྡ་རྙིང་སྟེ་འབྲུའི་སྙིང་པོ། }ནི་སྨྱུག་ཚིག་ལྟ་བུའོ། །འབྲུའི་སྙིང་པོ་ལའང་བཤད། ཚོགས་པ་ནི་མང་པོ་ཕྱོགས་གཅིག་ཏུ་འདུས་པའོ། །འི་ནི་འབྲེལ་སྒྲའོ། །སྡེ་ཚན་ཚན་པ་སོ་སོར་ཕྱེ་བའོ། །ལུས་ལང་ཚོ་ནི་གཞོན་ནུའོ། །ཚོན་རྩི་ནི་ལྷ་རིས་འདྲི་བྱེད་ཁ་དོག་དཀར་དམར་སོགས་སོ། །ཕྲ་ཚོམ་ནི་རྒྱན་ནོ། །ཚར་དུ་དངར་ནི་རྒྱུན་མ་ཆད་པར་གྲལ་བསྒྲིགས་པའོ། །ཐེ་ཚོམ་ནི་ཡིད་གཉིས་སོ། །ཚོམ་རྔམས་{ཚོམ་རྔམ་ནི་བརྡ་རྙིང་སྟེ། འཇིགས་སྟངས་ཚམ་ངོམ་ཞེས་ཀྱང་འཐད། }ནི་འཇིགས་ཉམས་སྟོན་པའོ། །འཇུ་བྱེད་ཚྭ་ནི་ཟས་སོགས་ཞུ་བྱེད་དོ། །ཁང་པའི་ཚོམས་{བླ་བྲང་ཆེ་ཁག་འགས་མདུན་གྲལ་སོགས་བྱེད་པའི་ཁང་པ་ཚོམས་ཆེན་རྒྱ་མཐོང་ཅན་དེ་འདྲ་ལ་ཟེར་ཞེས་ཟེ་ཆེན་པས་གསུངས་སོ། །}ནི་ཁྱམས་སོ། །སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་དགོས་ཞེས་པའོ། ། དེ་རྣམས་ནི་ཚ་རྐྱང་ངོ༌། ། མས་འཕུལ་ཚ་ཡིག་གི་འཇུག་པ། ངོ་མཚར་ནི་ཁྱད་འཕགས་སོ། །མཚན་དཔེ་ནི་སངས་རྒྱས་ཀྱི་སྐུ་ལ་མངའ་བའོ། །མཚོ་ནི་རྒྱ་མཚོ་སོགས། དང་ནི་སྡུད་ཚིག་གོ། །མཚེའུ་ནི་ཆུའི་རྫིང་བུའོ། །མཚེ་མ་ནི་མ་གཅིག་ལ་བུ་གཉིས་དུས་གཅིག་ཏུ་སྐྱེས་པའོ། །མཚམས་བཅད་ནི་ས་མཚམས་དེ་ལས་མི་འདའ་བར་བྱས་པའོ། །མཚན་གཞི་ནི་མེ་ཏོག་དང་གསེར་སོགས་དངོས་པོ་དེའོ། །དང་ནི་སྡུད་པའི་ཚིག་གོ། །མཚན་ཉིད་ནི་ཁ་དོག་དཀར། དབྱིབས། མཛེས་མི་མཛེས་ལྗིད་ཆེ་ཆུང་སོགས་སོ། །མཚོན་བྱ་ནི་དཔེའོ། །མཚན་མས་མཚན་ནི་རྒྱས་བཏབ་པའོ། །ཕྱོགས་མཚམས་ནི་ཤར་སོགས་ཕྱོགས་བཞི་དང༌། ཤར་ལྷོ་སོགས་མཚམས་བཞི་སྟེ་བརྒྱད་དོ། །སྐྱོན་མཚང་ནི་ངན་བྱས་སོ། །མཚན་མོ་ནི་མུན་རུབ་ནས་སོ། །མཚོན་ནི་བརྡས་ཕྱོགས་ཙམ་གོ་བའོ། །མཚུར་སྟོན་ནི་རུས་ཏེ། དབང་གི་རྡོ་རྗེ་སོགས་སོ། །ཁ་མཚུལ་ནི་རྐན་ཕུག་གོ། །མཚལ་ནི་དམར་པོའོ། །དང་ནི་སྡུད་པའི་ཚིག་གོ། །མཚུངས་ནི་འདྲ་བའོ། །རྒྱལ་མཚན་ནི་ཕ་རོལ་གཡུལ་ལས་རྒྱལ་བའི་རྒྱལ་མཚན་རྟགས་སོ། །མཚའ་མེ་{མཚའ་མེ་ནི་གཅན་གཟན་འཕར་བ་ཡིན་པར་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། །}གཅན་གཟན་ནོ། །རྟ་མཚའ་ལུ་{མཚལ་ལུ་ནི་བརྡ་རྙིང་སྟེ་རྟིང་དཀར་རོ། །}ནི་རྟ་དམར་རྟིང་དཀར་རོ། །མཚར་སྡུག་ནི་མཛེས་བཀྲག་མིག་ལམ་དུ་མཚར་ཞིང་སྙིང་དུ་སྡུག་པའོ། ། ཁྱིམ་མཚེས་ནི་སྡུམ་མཚེས་ཀྱང་ཟེར་རོ། །{སྡུམ་མཚེས་ནི་བརྡ་རྙིང་ངོ༌། །}མཚེ་ནི་སྔོ་ལྡུམ་ཟ་མར་བྱེད་པའོ། །དང་ནི་སྔ་མ་ལྟར་རོ། །མཚན་ནི་སྔོའོ། །མཚམས་མེད་ནི་ཕ་མ་སོགས་གསོད་པའོ། །ལ་ནི་ཚིག་གྲོགས་སོ། །མཚེར་ནི་དོགས་པར་བྱེད་པའོ། །དུས་མཚེད་ནི་ཕ་མེས་ཀྱི་དུར་མིང་ངོ༌། །མཚུན་{མཚུན་ནི་བརྡ་རྙིང་སྟེ་ཕ་མེས་ཀྱི་བླ། }ནི་ཕ་རབས་ཀྱི་བླའོ། །མཚོན་ཆ་ནི་རལ་གྲི་སོགས་སོ། །འི་ནི་འབྲེལ་སྒྲའོ། །ཕྱག་མཚན་ནི་རྡོ་རྗེ་སོགས་སོ། །མཚོག་མ་ནི་མགོའོ། །ར་ནི་ལ་སྒྲ་བསྡུས་པའོ། །འཕྱར་ནི་གཤམ་ལ་ཤར་བའོ། །མིང་གི་མཚན་ནི་བླ་མ་སོགས་ཀྱི་མིང་ལ་ཞེ་ས་སྦྱར་ཏེ་བླ་མའི་མཚན་ཞེས་པ་ལྟ་བུའོ། །སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་དགོས་ཞེས་པའོ། ། དེ་རྣམས་ནི་མས་འཕུལ་ཚ་ཡིག་གི་འཇུག་པའོ། ། འས་འཕུལ་ཚ་ཡིག་གི་འཇུག་པ། བློ་འཚབས་{སྡུག་བསྔལ་དང་སྔངས་སྐྲག་སོགས་ཀྱིས་བློ་རྟབ་རྟབ་པོར་གྱུར་བའོ། །ཞེས་ཟེ་ཆེན་པས་གསུངས་སོ། ། }ནི་སྐྲག་ནས་སོ། །ཆུ་འཚག་ནི་རས་ཀྱིས་སོ། །ནང་དུ་འཚངས་ནི་གང་སྟེ་མི་ཐར་པའོ། །རིལ་མཚིར་ནི་བཙིར་བའོ། །མེས་འཚིག་ནི་བསྲེག་པའོ། །དུ་བ་འཚུབས་ནི་དུ་བ་འཁྲིགས་པའོ། །ཟས་འཚེད་ནི་བཙོ་བའོ། །ལུས་འཚོ་ནི་མ་ཤི་པའོ། །འཚོ་བྱེད་ནི་སྨན་པའོ། །འཚེངས་ནི་སེམས་རངས་པའོ། །འཚེ་མེད་ནི་དབེན་པར་གནས་པའོ། །འཚག་བཟང་ནི་ལུས་ཉམས་བཟང་བའོ། །འཚལ་ནི་ཤེས་པ་ཆོག་པ། ཡོད་པ་སོགས་སོ། །མ་འཚལ་{ཡང་ན་འཚལ་མ་ཞེས་ཡར་བཅད་ན། ཁ་ཟས་སམ་ལྟོ་བ་ལའང་འཇུག་ཅིང༌། འཚལ་རྗེས་མ་གོང་བཞིན་འགྲེལ་ནའང་ཆོག་པར་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། ། འཚལ་མ་ནི་བརྡ་རྙིང་སྟེ་ཟས། འཚལ་ནི་བརྡ་རྙིང་སྟེ་ཤེས་པའམ་ཆོག་པ། }ནི་མ་ཤེས། མ་ཆོག་མི་འདོད། མེད་སོགས་སོ། ། ནོར་འཚོལ་ནི་བཙལ་བའོ། །ཕྱུགས་འཚོ་ནི་སྐྱོང་བའོ། །འཚོག་ཆས་{གྲྭ་མང་གི་ཆས་ཡོ་བྱེད་དམ། གསོལ་ཆས་སོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད་དོ། །}ནི་ཡོ་ བྱད་དོ། ། འཚོང་ནི་ཀ་ཅ་བརྗེ་ལེན་བྱེད་པའོ། །རྡེག་འཚོག་ནི་རྒྱེབ་བརྡུང་ངོ༌། ། ངལ་འཚོ་ནི་ངལ་གསོ་བའོ། །འོད་འཚེར་ནི་ཉི་མའི་ཟེར་ལྟ་བུའོ། །ཞིང་ནི་ཚིག་ཕྲད་དོ། །བློ་དང་འཚམས་པ་ནི་སེམས་དང་མཐུན་པའོ། །ར་ནི་གནས་གཞིའོ། །སྐྱིན་པ་འཚབ་ནི་ནོར་རྫས་སྐྱིས་པའི་སྐྱིན་པོ་ འཇལ་བའོ། །གདུང་འཚོབ་ནི་རྒྱལ་བའི་བསྟན་འཛིན་ནོ། །འཚང་རྒྱ་ནི་མ་འོངས་པར་སངས་རྒྱ་བའོ། །ལོངས་པའི་འཚར་{ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་ལོངས་པའི་མཚར་ནི། རྒྱུ་བཅའ་དེས་ཁ་ལོངས་པའི་ལྷག་མོར་མཚར་བུ་ཟེར་རོ། ། ཞེས་གསུངས་སོ། ། }ནི་བྱིས་པའི་ལུས་ཡར་འཕེལ་བ་ལྟ་བུའོ། །ཕྱག་འཚལ་ནི་གུས་པས་འདུད་པའི་དོན་ནོ། །ཤེས་པའི་འཚལ་དང་ཆོག་པའི་འཚལ་ཏེ་འཚལ་གྱི་དོན་ནི་གོང་དུ་སྨོས་པ་ལྟར་རོ། །འཛོམ་པའི་འཚག་{འཚག་བཟང་བ་ནི་བརྡ་རྙིང་སྟེ་ཉམས་རྒྱས་པའོ། ། འཚག་ངན་པའང་འགྲེ་}ནི་འཚག་བཟང་ངན་ནོ། །སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་པར་བྱ་དགོས་པའི་དོན་ཏོ། ། དེ་རྣམས་ནི་འས་འཕུལ་ཚ་ཡིག་གི་འཇུག་པའོ། ། ཛ་རྐྱང་གི་འཇུག་པ། ཛ་རབ་ནི་དངུལ་གྱི་བྱེ་བྲག་གོ། །ཛ་ལང་{ངན་པ་ལང་ཤོར་གྱི་མིང་ཡིན་པར་ཟེ་ཆེན་པས་གསུངས་སོ། །}ནི་ཧམ་པ་དང༌། ངན་ལང་ངོ༌། །ཛ་བོ་ཤིང་ནི་ཤིང་གི་བྱེ་བྲག་གོ། །ཛ་མ་ཅན་ནི་རྒྱལ་བ་ཅན་ནོ། །སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་པར་བྱ་དགོས་ཞེས་པའི་དོན་ཏོ། ། དེ་རྣམས་ནི་ཛ་རྐྱང་ངོ༌། ། མས་འཕུལ་ཛ་ཡིག་གི་འཇུག་པ། དཔའ་མཛངས་ནི་ཕོ་རྒོད་བཟང་པོའོ། ། མཛའ་བོ་ནི་མཐུན་གྲོགས་སོ། །འི་ནི་འབྲེལ་སྒྲའོ། །བང་མཛོད་ནི་རྒྱུ་རྫས་མང་པོ་ཡོད་པའི་ཁང་པའོ། །མཛེས་ནི་ཡིད་འོང་ངོ༌། །གནོད་མཛེས་ནི་ཁྲོ་བོ་བཅུའི་ནང་ཚན་དང༌། ཛམྦྷ་ལའི་མིང་ངོ༌། །འཛུབ་མོ་ནི་ཉིང་ལག་གོ། །མཛོད་སྤུ་ནི་དཔྲལ་བའི་སྤུའོ། །དཀར་ནི་ཚིག་གྲོགས་སོ། །མཛོ་རྟ་ནི་དུད་འགྲོའོ། །འི་ནི་འབྲེལ་བའི་ཚིག་གོ། །མཛེས་པ་ནི་ལུས་ལ་ཤ་ནུའོ། །མཛེ་ནད་ནི་རྨ་ཐོར་རོ། །དང་ནི་སྡུད་ཚིག་གོ། །མཛོལ་བུ་ནི་རི་དྭགས་བཟུང་བའི་རྒྱའོ། །བསྲུང་བའི་མཛད་པ་ནི་བར་ཆད་སོགས་བཟློག་པའི་བྱ་ལས་སོ། །མཛོད་ནི་གྱིས་ཀྱི་ཞེ་ས། ཡ་རབས་མཛངས་ནི་ཁྲེལ་དང་ངོ་ཚ་ཤེས་པའི་བཟང་པོའོ། །སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་པར་བྱ་དགོས་པའི་ཚིག་གོ། ། དེ་རྣམས་ནི་མས་འཕུལ་ཛ་ཡིག་གི་འཇུག་པའོ། །འས་འཕུལ་ཛ་ཡིག་གི་འཇུག་པ། འཛིངས་པས་གོས་འཛར་ནི་ཕན་ཚུན་འཐབ་རེས་བྱས་པས་གོས་རལ་སོང་བའོ། ། ལག་པས་འཛིན་ནི་འཇུ་བའོ། །འཛག་ནི་ཟག་པའོ། །དང་ནི་སྡུད་ཚིག་གོ། །འཛིར་བ་ནི་བཙིར་བའོ། །འི་ནི་འབྲེལ་སྒྲའོ། །སྣོད་འཛད་ནི་ཟད་པའོ། །འཛེམ་ནི་དོག་བྱོལ་ལོ། །འཛུར་ནི་གཟུར་བའོ། །ཞིང་ནི་ཚིག་ཕྲད་དོ། །སྒོར་འཛུལ་ནི་སྒོ་ནང་དུ་འགྲོ་བའོ། །འཛེག་སྐས་འཛུགས་ནི་ཐེམ་སྐེས་བཙུག་པའོ། །བཞིན་འཛུམ་ནི་ཁ་ངོ་དགོད་པའོ། ། འཛིན་པ་སྣོད་འཛུད་ནི་སྔོ་འཛིན་བུ་སྣོད་དུ་བཙུད་པའོ། །འཛམ་གླིང་ནི་གླིང་གཞིའི་ནང་ཚན་ལྷོ་ཕྱོགས་སོ། །དུ་ནི་ལ་དང་ཆོས་མཚུངས་པའོ། །འཛོམ་ནི་ཆོས་ནོར་སོགས་སོ། །ནོར་འཛངས་{ངག་སྒྲོན་སྡེ་དགེ་པར་མར། རྫིའུ་བྱིན། ཞེས་ཡོད་པ་ནི་ཡིག་སྐྱོན་ཡིན་པར་སེམས་ལ་འདི་དཔལ་སྤུངས་པར་མ་ལྟར་རོ། ། }ནི་ཡོད་པ་དང༌། འཛད་ནི་ཟད་པའོ། །འཛབ་བཟླས་ནི་སྔགས་བསྙེན་པ་འདོན་པའོ། ། སྐད་འཛེར་ནི་གྲེ་བ་འགག་པའོ། །ནོར་བའི་འཛོལ་ནི་ནོར་འཁྲུལ་ལོ། །འདུ་འཛི་ནི་རྣམ་གཡེང་ངོ༌། །ཆུད་འཛའ་ནི་ཆུད་ཟོས་པའོ། །རྡོ་ཡི་འཛེང་ནི་རྡོ་རྗེའི་བྱེ་བྲག་གོ། །འཁྲུག་པའི་འཛག་འཛོག་{འཁྲུག་པའི་སྐབས་ཀྱི་འུར་ཟིང་ཁོལ་བའོ། ། ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ་}ནི་འཛིངས་མོར་བྱེད་སྐབས་འཁྲུངས་སྟངས་སོ། ། དེ་རྣམས་ནི་འས་འཕུལ་ཛ་ཡིག་གི་འཇུག་པའོ། །ར་མགོ་ལྡན་པའི་ཛ་ཡིག་གི་འཇུག་པ། ཀུན་རྫོབ་ནི་སྣོད་བཅུད་དོ། །རྫུན་ནི་ལོག་སྨྲའོ། །གྱི་ནི་འབྲེལ་སྒྲའོ། །རྫོབ་རྫུབ་ {འདི་དཔལ་སྤུངས་པར་མ་བཞིན་ཏེ། ངག་སྒྲོན་སྡེ་དགེ་ལ་རྫབ་རྫུབ་ཅེས་ན་རོ་མེད་པར་སྣང་ངོ༌། །}ནི་ཟོབ་རྐྱལ་གཡོ་གསུམ་བྱེད་པ་སྟེ། སྐྱག་ཟོག་གམ། རྫུན་མ་བསྒྲིགས་པའོ། །དང་ནི་སྡུད་ཚིག་གོ། །ཕྱུགས་རྫི་{རྫི་ནི་བརྡ་རྙིང་སྟེ་རླུང༌། }ནི་རྟ་ནོར་ར་ལུག་སྐྱོང་མཁན་ནོ། །འི་ནི་འབྲེལ་སྒྲའོ། །རྫོངས་སུ་ནི་སྐུ་རྫོངས་ཟེར་བ་ལྟ་བུའོ། །རྫིའུ་ཕྱིན་{ངག་སྒྲོན་སྡེ་དགེ་པར་མར་རྫིའུ་བྱིན་ཞེས་ཡོད་པ་ནི་ཡིག་སྐྱོན་ཡིན་པར་སེམས་ལ་འདི་དཔལ་སྤུངས་པར་མ་ལྟར་རོ། །}ནི་ཕྱུགས་འཚོ་མིའོ། །རྫིང་བུ་ནི་ཆུ་དོང་ངོ༌། །ར་ནི་གནས་གཞིའི་དོན་ནོ། །རྫུས་སྐྱེས་ནི་མ་མ་བསྒྲོད་པ་ལ་མ་བརྟེན་པར་གློ་བུར་དུ་བྱུང་བའོ། །འདམ་རྫབ་ནི་འཇིམ་བག་གོ། །རྫོགས་ནི་མཐར་ཕྱིན་པའོ། །རྫི་ཕྱོགས་ནི་རླུང་གིས་དྲི་ཁྱེར་ཕྱོགས་སོ། །རྫ་མ་ནི་སྣོད་དོ། །འི་ནི་འབྲེལ་སྒྲའོ། །བུ་རྫི་ནི་མ་མའོ། །དང་ནི་སྡུད་ཚིག་གོ། །རྫི་མེད་ནི་གཞན་གྱིས་མི་ཐུབ་པའོ། །རྫི་མ་ནི་མིག་གིས་སོ། །ཟིན་པའི་རྫོགས་ནི་ཚར་བའོ། །མཁར་རྫོང་ནི་དགྲ་མཁར་བཙན་པོའོ། །ནོར་རྫས་ནི་རྟ་ཟོག་རྒྱུ་ཟས་སོ། །རྫུ་འཕྲུལ་ནི་སྟོན་པའི་ཆོ་འཕྲུལ་སོགས་སོ། །དང་ནི་སྡུད་པའི་སྒྲའོ། །རྫོགས་སངས་རྒྱས་ནི་སྤང་རྟོགས་མཐར་ཕྱིན་པའོ། །སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་དགོས་ པའི་དོན་ཏོ། །དེ་རྣམས་ནི་ར་མགོ་ལྡན་པའི་ཛ་ཡིག་གི་འཇུག་པའོ། །བས་འཕུལ་ར་མགོ་ལྡན་པའི་ཛ་ཡིག་གི་འཇུག་པ། གཞན་གྱིས་མི་བརྫི་ནི་གཞན་སྟོབས་ཀྱིས་རང་ཚུར་མི་ནོན་པའོ། །ཁྲོ་བོར་བརྫུས་ནི་ལྷ་ཞི་བ་རྣམས་དྲག་པོར་བསྟན་པའོ། །རལ་པ་གྱེས་བརྫེས་ནི་སྐྲ་གཟེངས་པའོ། །སྲོག་ཆགས་བརྫིས་ནི་རྐང་པས་སོ། །ཟན་བརྫིས་{ངག་སྒྲོན་སྡེ་དགེ་པར་མར་ཟས་བརྫིས་ཞེས་ཡོད་ཀྱང༌། དཔལ་སྤུངས་པར་མར་ཟན་བརྫིས་ཞེས་པ་འདི་འཐད་པར་སྣང་ངོ༌། །} ནི་བསྣོ་བའོ། །ཡུལ་གཞན་བརྫངས་པ་ནི་ཕོ་ཉ་བག་མ་ སོགས་བཏང་བའོ། །སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་པར་བྱ་དགོས་པའི་དོན་ཏོ། ། དེ་རྣམས་ནི་བས་འཕུལ་ར་མགོ་ལྡན་པའི་ཛ་ཡིག་གི་འཇུག་པའོ། །ཝ་རྐྱང་གི་འཇུག་པ། ཝ་སྐྱེས་ནི་གཅན་གཟན་གྱི་རིགས་སོ། ། ཕ་ཝང་ནི་བྱ་ཕ་ཝང་དང༌། རྡོ་ཕ་ཝང་སོགས་སོ། ། ཆུའི་ཝ་ཁ་ནི་ཆུ་འབབ་པའི་ཁང་པའི་ཝ་ལྟ་བུའོ། ། འགིའུ་ཝང་ནི་གླང་ཆེན་སོགས་ལ་ཡོད་པའི་སྨན་ནོ། །པི་ཝང་ནི་སྒྲ་སྙན་ནོ། །འཛུམ་ཝང་ཝང་ནི་བཞེད་པའི་རྣམ་འགྱུར་རོ། ། ཡིད་ལ་ཝ་ལེ་ནི་གསར་པོར་འཆར་བའོ། །ཝང་ལོང་{རྟ་སྲབ་ཀྱི་ཝང་ལོང་སོགས་ལ་འཇུག་པ་ཟེ་ཆེན་པས་གསུངས་སོ། ། }ནི་རྣ་ལུང་ངོ༌། །དང་ནི་སྡུད་ཚིག་གོ། །ཝ་ཏ་ཡུག་ནི་རྒྱ་ནག་གི་སྐད་དུ་ཝཱ་ཏང་ཞེས་རས་ཞེང་ཆེ་བ་ལ་འཇུག་པས། དེ་ཟུར་ཆག་པ་ཝ་ཏ་ཞེས་ཏེ། ཡུག་ནི་རས་ཡུག་གོ། །སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་པར་བྱ་དགོས་པའི་དོན་ཏོ། ། དེ་རྣམས་ནི་ཝ་རྐྱང་ངོ༌། །ཞ་རྐྱང་གི་འཇུག་པ། ཞ་བོ་ནི་རྐང་ཐེངས་སོ། །འི་ནི་འབྲེལ་སྒྲའོ། །ཞྭ་མོ་ནི་མགོ་ལ་གྱོན་རྒྱུའོ། ། དེ་རྣམས་ནི་ཞ་རྐྱང་ངོ༌། ། གས་འཕུལ་ཞ་ཡིག་གི་འཇུག་པ། མཉམ་གཞག་{ངག་སྒྲོན་སྡེ་དགེ་པར་མར་མཉམ་བཞག་ཅེས་བས་འཕུལ་ཡོད་པ་ནི་མི་འཐད་དེ་འདིར་གས་འཕུལ་ཅན་གྱི་ཞ་ཡིག་གི་སྡེ་ཚན་བཤད་པའི་སྐབས་ཡིན་པའི་ཕྱིར་དེས་ན་འདི་དཔལ་སྤུངས་པར་མ་ལྟར་བྲིས་སོ། །}ནི་བསམ་གཏན་ལ་གནས་ཏེ་ཏིང་ངེ་འཛིན་སྒོམ་པའོ། །གཞལ་བྱ་ནི་ཚད་སོགས་འཇལ་རྒྱུའོ། །གཞལ་མེད་ཁང་ནི་ཚད་འཇལ་མི་ནུས་པའི་ལྷའི་གཞལ་མེད་ཁང་པའོ། །ཀུན་གཞི་ནི་རྣམ་ཤེས་ཚོགས་བརྒྱད་ཀྱི་གཞི་རྟེན་ཉིད་དོ། །རྣམ་གཞག་ནི་མང་འགྱེད་སོགས་དང༌། ཆོས་འཇིག་རྟེན་གྱིའོ། །ནམ་གཞག་རྟེན་ནི་ཕུགས་ཀྱི་འདུན་པའོ། །གཞོན་ནུ་ནི་ལོ་ཉུང་ངོ༌། །གཞུང་བཟང་ནི་ཕྱི་རྗེས་རིང་པོར་བལྟ་བའོ། །གཞའ་ཚོན་{གཞའ་ཚོན་ནི་བརྡ་རྙིང་སྟེ། འཇའ་ཚོན། }ནི་འཇའ་ཚོན་ནོ། །གཞུ་ནི་དཔང་གཞུ་དང༌། མདའ་རྟེན་ནོ། །གཞོགས་སློང་ནི་ནོར་སོགས་ཐོབ་ཐབས་ཀྱི་ངོ་སྲུང་བྱེད་པ། བདུད་གཞོམ་ནི་བཅོམ་པའོ། །སྦོ་གཞོགས་{ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་སྦོ་གཞོགས་ཀྱི་སྦོ་ནི་ཤིང་སྡོང་གི་ལྟོ་བ་ལ་སྦོ་ཞེས་མིང་དུ་གྲགས་ལ། གཞོགས་ནི་(ད་ལྟ་གཞོགས་བཞིན་པ་སྟེ། འདས་པ་ནི་བ་བཞོགས་ཡིན་པའི་ཕྱིར་རོ། །)ཤིང་གི་སྦོ་དེ་ཉིད་མཚོན་གྱིས་བཅད་པའོ། ། ཞེས་གསུངས་སོ། ། }ནི་ཁང་པའི་ཟུར་ལྟ་བུ་བཞེད་དོ། །ཀྱང་ནི་སྡུད་ཚིག་སྟེ་སྦོ་གཞོགས་ཀྱི་གཞོགས་དེའི་བརྡ་དག་ཀྱང་གས་འཕུལ་ཡིན་པར་སྟོན་པའི་ཚིག་གོ། །གནས་གཞི་ནི་དགོན་གནས་ལྟ་བུའོ། །གཞོང་པ་ནི་སྣོད་སྤྱད་དོ། །གཡང་ཞི་ནི་མི་པགས་ཚང་མའོ། །གཞན་ནི་ཕ་རོལ་ལོ། །མངག་གཞུག་ནི་བྲན་གཡོག་གོ། །ཁུ་བ་གཞིབ་{གཞིབ་ནི་བརྡ་རྙིང་སྟེ་འཇིབ་པ། }ནི་འཇིབ་པའོ། །ལ་ནི་གནས་གཞིའི། གཞོལ་{གཞོལ་བ་ནི་བརྡ་རྙིང་སྟེ་འབབ་པ། }ནི་འཇུག་པའོ། །གཞའ་གསང་{གཞའ་གསང་ནི་བརྡ་རྙིང་སྟེ་གཡུང་དྲུང་ངམ་ཕྲིན་ལས། }གཡང་དྲུང་ངོ༌། །གཞོངས་སུ་{གཞོངས་ནི་བརྡ་རྙིང་སྟེ་ ལྗོངས། }ནི་ལྗོངས་སུའོ། །ལྕགས་ཀྱི་གཞུ་ནི་མདའ་སྟན་ནོ། །གཞི་གྲུབ་ནི་གཞིར་བཅས་ལྟ་བུའོ། །གཞུང་ལུགས་ནི་གཞུང་བཀའ་བསྟན་བཅོས་གང་ཡིན་དེའི་ལུགས་སོ། །བརྟག་གཞིག་ནི་རྟག་དཔྱད་དོ། །གཞུག་ནི་བཅུག་པའོ། །གཞོགས་ནི་ལུས་ཀྱི་གཡས་གཡོན་ནོ། །ཀྱི་ནི་འབྲེལ་སྒྲའོ། །ནད་གཞི་ནི་སྔོན་ནས་རྒྱུན་དུ་ཡོད་པའི་ནད་དོ། ། གཞང་འབྲུམ་ནི་འཐོར་ནད་དོ། །གཞོལ་ནི་འཇོམས་པའི་དོན་ནོ། །གཞར་ཡང་{གཞར་ཡང་ནི་བརྡ་རྙིང་སྟེ་ནམ་ ཡང་ངོ༌། ། }ནི་ནམ་ཡང་ངོ༌། །གཞོམ་མེད་ནི་གཞུར་མེད་ཞེས་འོད་ཟེར་ཅན་གྱི་མདོར་འབྱུང་ལ་སྲ་ཞིང་འཐས་པའི་རང་བཞིན་ཅན་གཞོམ་བཞིགས་བྲལ་བ་ཡང་ངོ༌། ། ཡིད་གཞུང་ནི་གཤིས་བཟང་ངོ༌། ། གཞོབ་ནི་མེས་འཚིག་པའོ། །གཞིས་ཀ་{དཔེར་ན། བཀའ་བློན་རག་ཁ་ཤག་ལ། མདོ་མཁར་གཞིས་ཀ་གཡག་རོང་གཞིས་ཀ་སོགས་ཡོད་པ་བཞིན་ནོ། ། ཞེས་སོགས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་གསུངས་སོ། །}ནི་གནས་གཞིའོ། །གླུ་གཞས་ནི་གླུ་བྲོ་བཞད་སོགས་སོ། །འཚོ་ཞིང་གཞེས་{གཞེས་པ་ནི་བརྡ་རྙིང་སྟེ་སྡོད་པའམ་བཞུགས་པ། }ནི་སྡོད་པའམ་བཞུགས་པའོ། །དྲན་པ་ཉེར་གཞག་ནི་ལུས་སེམས་ཚོར་ཆོས་བཞི་ལྟ་བུའོ། །བསྒྲིགས་པའི་གཞིབས་ནི་རེ་རེ་བཞིན་གྲལ་དུ་བསྒྲིགས་ཏེ་གཤིབས་པའོ། །གཞེན་བསྐུལ་{གཞེན་བསྐུལ་ནི་བརྡ་རྙིང་སྟེ་དྲན་བསྐུལ། }ནི་དྲན་བསྐུལ་ལོ། །ནང་གཞུག་ནི་ནང་དུ་བཅུག་པའོ། ། དེ་རྣམས་ནི་གས་འཕུལ་ཞ་ཡིག་གི་འཇུག་པའོ། །བས་འཕུལ་ཞ་ཡིག་གི་འཇུག་པ། བཞག་ཟིན་ནི་བཞག་ཟིན་པའོ། །བཞད་གད་ནི་ཧ་དགད་དོ། །བཞད་དཀར་ནི་ཆུ་བྱ་དཀར་པོའོ། །བཞི་ནི་གྲངས་སོ། །བཞབས་{བཙག་པའམ་དལ་བུས་དེད་པའི་མིང་ངོ༌། ། ཞེས་ཟེ་ཆེན་པས་གསུངས་སོ། །} ནི་འཇབས་པའོ། །ནས་ནི་ལྷག་འདྲེན་ནོ། །སྐྲ་བཞར་ནི་ཅོ་ཐོ་རྩ་བ་ནས་བཀོག་པའོ། །བཞམས་སྒོ་བྱེད་ནི་དྲན་བསྐུལ་འཇམ་པོས་བྱེད་པའོ། །གསོལ་བཞི་ནི་འདུལ་བའི་ལས་ཆོག་གི་སྐབས་སོ། །འི་ནི་འབྲེལ་སྒྲ་ལ། དགོངས་བཞེད་ནི་ཐུགས་བཞེདདེ། དེ་བཞིན་ཉིད་ནི་དེ་ཁོ་ན་ཉིད་དོ། །བཞེངས་ནི་ཡར་རོ། །བཞུགས་ནི་མར་རོ། །འབྱོན་བཞུད་ནི་བྱོན་པ་དང་གཤེགས་པའོ། །བཞོན་པ་ཞོན་ནི་རྟ་གླང་ཤིང་རྟ་སོགས་ཁྱེར་བའོ། །བཞོན་མ་ནི་བཞོ་རྒྱུ་དང་བཞོ་མི་གཉིས་ཀའི་མིང་ངོ༌། །བཞོ་ནི་བྱེད་པའོ། །བཞོས་ནི་འདས་པའོ། །བརླན་བཞའ་{ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས། བརླན་ཞེས་ཡར་བཅད། གཞན་གྱིས་མི་མཐོང་བའི་ཕྱིར་ཕག་ཏུ་གབ་སྟེ་བཞའ་བའོ། ། ཞེས་སོ་སོར་ཕྲལ་ནས་འགྲེལ་འདུག་གོ}ནི་ཆུས་བརླན་ཡོད་པའོ། །བཞོགས་ནི་{གཞོགས་ཚར་བའི་འདས་ཚིག}ཤིང་སོགས་སོ། །གཡོག་བཞུན་ནི་ཁས་ཉན་པར་བཅོས་པའོ། །མར་བཞུ་ནི་མེར་རོ། །བཞུར་ནི་ཆུང་ངུར་བྱ་བ་དང་{དཔེར་ན་ཤིང་གི་ ལོ་མ་དང་ཡལ་ག་སོགས་འཆད་པ་ལ། ཤིང་གི་ལོ་མ་དང་ཡལ་ག་བཞུར་ཞེས་ཟེར་རོ། །ཞེས་ཟེ་ཆེན་པས་གསུངས་སོ། །}དྭངས་སྙིགས་{མར་ཁུ་ལྟ་བུ་དང་འབྲེལ་སྐབས་མར་ཁུའི་སྙིགས་སོགས་ཕྱིར་དབྱེ་བ་ལ་བཞུར་ཞེས་ཐོབ་ཅེས་ཟེ་ཆེན་པས་གསུངས་སོ། །}འབྱེད་པའི་གཞུར་རོ། །ནས་ནི་ལྷག་འདྲེན་ནོ། །བཞེས་ནི་ཕྱག་དང་ཞལ་དུའོ། །བཞིན་རས་ནི་གདོང་ཁ་ངོའོ། །མེ་བཞི་དང༌། གྲོ་བཞིན་དང༌། བྱིན་བཞིན་རྣམས་ནི་སྐར་མའོ། །འདི་བཞིན་ནི་འདི་ལྟར་རོ། །ཁུར་བཞེས་ནི་འགན་ལེན་པའོ། །དབང་ཆེ་བཞི་ནི་བདེན་པའི་མི་ཆེ་བཞི་ཟེར་བ་དེའོ། །གཞི་མཉམ་ནི་རྒྱུད་ཀྱི་སྐད་སྒྲོས་སུ་དྲི་ཆེན་ཏེ། རོ་མངར། སྐྱུར། ཁ། བསྐ་བསྟེ་བཞི་ཀ་མཉམ་པའི་དོན་དང༌། ཡོངས་གྲགས་ལྟར་ན། ཕྱི་རོལ་ཉི་ཟླ། སྒྲ་གཅན་དུས་མེ་བཞི་གཅིག་ཏུ་འཛོམས་པ་ལའང་ནང་གི་དག་བྱ་དག་བྱེད་སྦྱར་བ་དང༌། བརྟག་གཉིས་སུ་རྣལ་འབྱོར་ནུས་པ་ཅན་གྱི་ལུས་ཀྱི་ཟག་པ་བཤང་བ་ཡིན་པར་བཞེད་དོ། ། བཞག་ནི་སེམས་ཅན་གྱི་བཞག་{རྐང་ལག་གི}གོ། །སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་པར་བྱ་དགོས་པའི་དོན་ཏོ། ། དེ་རྣམས་ནི་བས་འཕུལ་ཞ་ཡིག་གི་འཇུག་པའོ། ། ཟ་ཡིག་རྐྱང་པའི་འཇུག་པ། ཟྭ་ཚོད་ནི་སྔོ་ལྡུམ་རེག་བྱ་རྣོ་རྩུབ་ཅན་དེ་ཉིད་ཐུགས་པ་རྒྱུའི་ཚོད་མ་བྱས་པའོ། ། མི་ཟད་ནི་མི་འཛད་པ་སྟེ། ཟད་པ་མེད་པའོ། །གཞན་ལ་ཟློ་ནི་གཞན་ལ་སྐད་ཆ་ལབ་པའོ། །སྔགས་ཟློས་ནི་སྔགས་འདོན་པའོ། །ཟློས་གར་ནི་གླུ་གར་དང་ལག་པའི་སྟང་སྟབས་ སོགས་ཀྱི་རྩེད་མོའོ། །ཟླ་བ་ནི་ཞག་སུམ་ཅུ་དང༌། ནམ་མཁའི་ཆུ་ཤེལ་གྱི་དཀྱིལ་འཁོར་ཡང་ངོ༌། །ཟླུམ་ནི་གོར་གོར་རོ། །ཟླ་གམ་ནི་ཟླ་ཕྱེད་དོ། །ཟླས་དབྱེ་བ་{ཕས་ཟླས་མའམ་འདུས་བྱས་ཀྱི་ཟླས་འདུས་མ་བྱས་སམ། ཕ་རིའི་ཟླས་ཚུ་རི་འབྱེད་པ་ལྟ་བུ་ཡིན་ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད་དོ། །}ནི་ནི་སྒྲའི་རྣམ་དབྱེའོ། །ཟློག་པ་ནི་ཕ་རོལ་གྱི་བྱེད་ཟློག་གོ། །དང་ནི་སྡུད་ཚིག་གོ། །ཟླ་གྲོགས་ནི་མཐུན་གྲོགས་སོ། །ལོ་ཟླ་ནི་དུས་སོ། །མྱ་ངན་ཟློ་ནི་སྡུག་བསྔལ་བཤད་པའོ། །བསྐྱར་བའི་ཟློས་ནི་འོར་ལོག་བྱེད་པའོ། །སོགས་གཞན་ཡང་བློས་དཔྱད་དེ་ཤེས་དགོས་པའི་དོན་ཏོ། ། དེ་རྣམས་ནི་ཟ་ཡིག་རྐྱང་པའི་འཇུག་པ་ཉིད་དོ། །གས་འཕུལ་ཟ་ཡིག་གི་འཇུག་པ། གཅན་གཟན་ནི་སེང་གེ་དང་སྟག་སོགས་ཀྱི་མིང་ངོ༌། །གཟིག་ནི་གཅན་གཟན་གྱི་བྱེ་བྲག་ཐིག་ལེ་ཅན་ནོ། །གི་ནི་འབྲེལ་སྒྲའོ། །གཟུགས་བརྙན་ནི་མེ་ལོང་སོགས་ཀྱི་ནང་དུ་འཆར་བའོ། །གཟིགས་ནི་སྤྱན་གྱིས་སོ། །གཟའ་སྐར་ནི་ནམ་མཁའི་འོ། །འོད་གཟེར་ནི་འོད་ཀྱི་ཟེར་རོ། །གཟི་བརྗིད་ནི་བཀྲག་མདངས་ཀྱི་འོད་རྔམས་ཆེ་བའོ། །གཟི་ནི་རིན་ཆེན་ཁྲ་བོའོ། །རྔུལ་གཟན་{རྔུལ་གཟན་བྱས་ན་སྟེང་ནས་རྡུལ་ལེན་པའི་གོས་དེ་སྣམ་སྦྱར་རོ། ། ཞེས་ངག་སྒྲོན་མཆན་མ་འགའ་ཞིག་ཏུ། རྔུལ་གཟན་དང༌། རྡུལ་གཟན་གཉིས་ཀ་བྱས་ཏེ་འགྲེལ་འདུག}ནི་ནང་འཇམ་མོ། །ཕྲག་པར་གཟེད་ནི་ལུས་ཀྱི་སོག་པར་བཀལ་བའོ། །ཅིང་ནི་ཚིག་ཕྲད་དོ། །གཟར་ནི་ཐུར་དུ་འཕྱང་བའོ། །གཟོང་ནི་རྡོ་ཤིང་རྐོ་བའི་ལྕགས་སྤྱད་དོ། །གིས་ནི་བྱེད་པའི་སྒྲའོ། །གཟེར་{ངག་སྒྲོན་མཆན་མ་འགའ་ཞིག་ཏུ་གཟེབ་ཅེས་བཅོས་ནས་སྣོད་སག་པོ་ལྟ་བུའོ། །ཞེས་འགྲེལ་འདུག་གོ། །}ནི་ཤིང་འཛེར། ལ་ནི་གནས་གཞིའོ། །གཟེར་བུ་ནི་འཛེར་རུའོ། །གཟུགས་ནི་བཙུགས་པའོ། །གཟེགས་མ་ནི་ཆུའི་ཟེགས་མའོ། །གཟེགས་ཟན་ནི་མུ་སྟེགས་ཀྱི་བྱེ་བྲག་གོ། །གཟིར་བར་གཟས་ནི་རྡེག་པར་{དཔེར་ན་ལིངྒ་ལ་ཕུར་བ་འདེབས་པའི་སྟང་ཀ་བྱེད་པ་ལྟ་བུའོ་ཞེས་ལེགས་བཤད་སོམ་ཉིའི་མདུད་གྲོལ་ལས་བཤད། }རྩོམ་པའོ། །ད་གཟོད་ནི་ད་ཆར་རོ། །དྲིན་གཟོ་ནི་བཟང་ལན་སྤྲོད་པའོ། །ཆུད་མི་གཟོན་ནི་དོན་མེད་འཕྲོ་རླག་མི་བྱེད་པའོ། །གཟུ་ལུམ་ནི་མ་བཏགས་པར་བྱ་བ་བབ་ཅོལ་ལམ་རང་བཟོ་སྟེ་བཏུན་ངེས་པའང་ཟེར་རོ། །གཟུང་འཛིན་ནི་གཉིས་སྣང་ངོ༌། ། གཟེག་ཆ་ཆུང་ནི་རྡོའི་ཟེག་མའོ། །ཟུག་གཟེར་ནི་ན་ཚའོ། །ལ་ནི་སྔ་མ་ལྟར་རོ། །གཟེམ་ནི་འཛེམས་པའོ། །གཟིམ་མལ་ནི་ཉལ་སའོ། །གཟུད་ནི་བཙུད་པའོ། །གཟེད་མ་ནི་སྨན་གཟེ་མ་ར་མགོ་དང༌། ཁོག་བུ་ལའོ། །ཚེར་མ་གཟང་རིང་ནི་ཚེར་མ་ཆེ་རིང་རྣོ་བའི་སོའོ། །གཟན་ནི་རྐང་པ་སོགས་ལ་གནོད་པའམ། གོན་གཟན་ནོ། །གྲུ་གཟེངས་ནི་གྲུ་ཆེན་ནོ། །ཤ་གཟུག་ནི་ཕྱི་ཤ་གཟུག་དྲུག་ལས་གང་ཡིན་པའོ། །ཟས་ཀྱི་གཟན་ནི་རྙི་རྒྱ་བཙུགས་པ་ལས་ཟས་ཀྱི་གཟན་ནོ། །ཕྱིང་གཟར་ནི་རྟ་གཟར་དང་ཕྱིང་གཟར་སོགས་རྟ་སྟན་ནོ། །གཟར་བུ་ནི་ཤིང་སྐྱོག་གོ། ། དགང་བླུགས་གཟར་ནི་བསྲེག་རྫས་འབུལ་སྤྱད་དོ། །གཟེངས་བསྟོད་ནི་ངོ་སྲུང་ངོ་བསྟོད་བྱེད་པའོ། །གཟི་མདངས་ནི་བཀྲག་བརྗིད་དོ། །གཟོད་མའི་དུས་{གཟོད་མ་ནི་བརྡ་རྙིང་སྟེ་དང་པོ། }ནི་དང་པོའོ། །རི་གཟར་ནི་ཐང་མི་བདེ་བའོ། །གཟུགས་མོ་བྱི་དུར་{ངག་སྒྲོན་དཔལ་སྤུངས་པར་མར་འདི་བཞིན་ཡོད་ཅིང༌། སྡེ་དགེ་པར་མར་རི་གཟར་གཟུགས་མེད་བྱི་དུར་གཟུགས། ཞེས་འདུག་གོ། ། }ནི་བྱ་སྤུ་དཀར་པོར་ནག་ཁྲ་ཡོད་པའོ། །གཟུགས་{དཔལ་སྤུངས་པར་མར་གཟུགས་ལོ་བྱི་དུར་དེ་ཟུག་པའི་དོན་དུ་གསུངས་སོ། །}ནི་དངོས་པའི་གང་ཡིན་པའོ། །གཟར་ཐག་{གཟར་ཐག་ནི་བརྡ་རྙིང་སྟེ་བྱང་ཐག}ནི་གོས་ཀྱི་གདང་བུའོ། །གཟུངས་ཐག་ནི་ལྷ་བུམ་གྱི་གཟུངས་རྡོར་འཇུ་ཐག་གོ། །གཟབས་ནི་སྤྲོས་པ་རྒྱས་རྒྱས་སོ། །ཀྱང་ནི་མི་མཐུན་པའི་རྒྱན་ནོ། །གཟགས་{གཟགས་པ་ནི་བརྡ་རྙིང་སྟེ་གསར་བཅད་ལྟར་ན་ཟགས་པ། }ནི་ཆུ་སོགས་གཟར་བས་སོ། །གཟུངས་སྤོབས་ནི་མི་བརྗེད་པའི་གཟུངས་དང་ཕོད་པའོ། །གཟུངས་སྔགས་ནི་མ་ཎི་སོགས་སོ། །ཐུགས་གཟུ་བོ་ནི་སེམས་ཤིན་ཏུ་དྲང་བའི་དོན། བསྒོ་བ་རྣར་གཟོན་ནི་བསླབ་བྱ་ལ་མི་ཉན་པའོ། །དེ་རྣམས་ནི་གས་འཕུལ་ཟ་ཡིག་གི་འཇུག་པའོ། །བས་འཕུལ་ཟ་ཡིག་གི་འཇུག་པ། བཟའ་བ་ནི་ཤ་དང་ཟན་སོགས་སོ། །བཟའ་ནི་ཁ་རུའོ། །བཟས་ནི་ཟོས་ཟིན་པའོ། །བུད་མེད་བཟའ་ནི་རྒྱ་མོ་བཟའ་དང་བལ་མོ་བཟའ་ལྟ་བུ་དང༌། བཟའ་ཤིང་གི་ར་བ་སོགས་མདོར་ན་ལོངས་སྤྱད་རྒྱུའི་དོན་ནོ། །བཟའ་མི་ནི་ཁྱོ་ཤུག་གོ། །བཟི་ནི་ཆང་གིས་སོ། །ཞིང་ནི་ཚིག་ཕྲད་དོ། །མ་བཟླུགས་ནི་མ་དྲིས་པའོ། །ཀྱང་ནི་སྡུད་པའོ། །ན་བཟའ་ནི་གོས་སོ། །བཟང་པོ་ནི་ལེགས་པའོ། །ལག་པས་བཟུང་ནི་འཇུས་པའོ། །བཟོ་བོ་ནི་གོས་དང་ལྕགས་ཤིང་སོགས་བཟོ་མཁན་ནོ། །ས་ནི་བྱེད་སྒྲའོ། །ལྷུང་བཟེད་ནི་དགེ་སློང་གི་གསོལ་སྣོད་དོ། །བཟེད་ཞལ་ནི་མཆོད་ཡོན་སྦྲེང་སྣོད་དང༌། ཆོལ་ཟངས་ཟེར་བ་མཆིལ་སྣབ་འདོར་སྣོད་དོ། །བཟེད་ནི་འོག་ཏུ་ཟེད་པའོ། །བཟེ་ཆུང་{སྤྱིར་བཟེ་ལ་ལག་པ་བཟེ་བ་དང༌། བློ་བཟེ་བ་སོགས་ཡོད་ཀྱང༌། འདིར་གཟེ་ཆུང་མི་བཟད་ལས་ལ་བཟུར། ཞེས་ཚིག་གྲོགས་མི་བཟད་པ་ལ་བཟུར་ཞེས་པ་དང་འབྲེལ་སྐབས། སྲན་ཆུང་བ་ལ་བཟེ་རེ་ཆུང་བ་ཞེས་ཟེར་བ་དེ་ཡིན། ཞེས་ཟེ་ཆེན་པས་གསུངས་སོ། །}ནི་ལག་བཟེ་ཆུང་བའོ། །མི་བཟད་{མི་བཟད་པ་ནི་བརྡ་རྙིང་སྟེ་གསར་བཅད་ལ་དཀྱུས་ཀྱི་འགྲེལ་བ་ལྟར་རོ། །}ནི་ ཁྲོ་ཞིང་གཏུམ་པ་དང༌། དྲག་པོ་དང༌། དྲག་ཤུལ་དང༌། མི་སྡུག་པ་སོགས་སོ། །ལས་ལ་བཟུར་ནི་ལས་ལ་བྱོལ་བའོ། །བཟོད་པ་ནི་སྡུག་བསྔལ་དང་གནོད་པ་ལ་ཇི་མི་སྙམ་པའོ། །ཚོགས་བཟླུམས་ནི་མང་པོའི་ཚོགས་གཅིག་ཏུ་བཟླུམས་པའོ། །སྔགས་བཟླ་ནི་སྔགས་འདོན་པའོ། །བཟླས་ནི་འདས་པའོ། །མི་བཟློག་ནི་རྐྱེན་གྱིས་སོ། །གཡུལ་བཟློག་ནི་དགྲ་དམག་སོགས་ཕར་ཐུབ་པའོ། །མྱ་ངན་བཟླ་ནི་མྱ་ངན་ལས་འདས་པའོ། །གཅིག་ཏུ་བཟླུམས་ནི་ཕྱོགས་གཅིག་ཏུ་བསྡུས་པའོ། །སོགས་ནི་གཞན་ཡང་ཤེས་དགོས་པའི་དོན་ཏོ། །དེ་རྣམས་ནི་བས་འཕུལ་ཟ་ཡིག་གི་འཇུག་པའོ། །འ་རྐྱང་གི་འཇུག་པ། འམ་བུ་{ངག་སྒྲོན་དཔལ་སྤུངས་དང༌། སྡེ་དགེའི་པར་མར། གཅིག་ཏུ་བཟླུམས་སོགས་བས་འཕུལ་ཟའོ། །ཞེས་པའི་འཕྲོར་ཡི་རང་ཡི་ཆད་ཡི་དྭགས་དང༌། ཞེས་སྦྲེལ་པ་ལས། འ་ཡིག་གི་རྣམ་བཤད་གཏན་ནས་མེད་ཀྱང༌། འདིར་ཁ་སྐོང་གི་ཚུལ་དུ་ཅུང་ཟད་བཀོད་པའོ། །}ནི་ཤིང་འོ་མ་ཅན་ནོ། །འོ་མ་ནི་བ་སོགས་ཀྱི་ནུ་མ་ལས་བྱུང་བའོ། །འོད་ནི་ཉི་ཟླ་མར་མེ་སོགས་ཀྱི་སྣང་བའོ། །འུབ་ནི་སྦུར་མ་རླུང་གིས་སྡུད་པར་ལྟར་རོ། །འོལ་བ་ནི་བྱའོ། །འོང་ནི་ཚུར་རོ། །འོས་ནི་འཐད་པའོ། །འོར་ནི་ལན་གྲངས་སོ། །འོག་ནི་ཞབས་སོ། །འུག་པ་ནི་བྱའོ། །འོན་པ་ནི་རྣ་བས་མི་ཐོས་པའོ། །འུར་ནི་སྒྲ་སྐད་དོ། །འོན་ཀྱང་ནི་འོན་ཏེ་དང་འོན་ཏང་{འོན་ཏང་ནི་བརྡ་རྙིང་སྟེ། འོན་ཀྱང༌། }རྣམས་དོན་གཅིག་གོ། །ལ་སོགས་ནི་གཞན་ཡང་དཔྱད་དེ་གོ་དགོས་པའི་དོན་ནོ། ། དེ་རྣམས་ནི་འ་རྐྱང་ངོ༌། །ཡ་རྐྱང་གི་འཇུག་པ། ཡི་རངས་{རངས་པ་ནི་བརྡ་རྙིང་སྟེ། དགའ་བ། }ནི་དགའ་བའོ། །ཡི་ཆད་ནི་རེ་བ་དང་བྲལ་བའོ། །ཡི་དྭགས་ནི་ངན་སོང་གི་སེམས་ཅན་ནོ། །དང་ནི་སྡུད་ཚིག་གོ། །མདའ་ཡབ་ནི་ཁང་པའི་སྟེང་ཁེབ་ཀྱི་རྒྱན་ནོ། །རྔ་ཡབ་ནི་འབུ་སྐྲོག་བྱེད་དོ། །དེ་རྣམས་ནི་ཡ་རྐྱང་ངོ༌། །གས་འཕུལ་ཡ་ཡིག་གི་འཇུག་པ། གཡོར་མོ་ནི་གྲུའི་དར་པོ་ཆེའོ། །གཡོན་ནི་གཡས་གཡོན་གྱི་ཟླས་ཕྱེ་བའི་ཕྱི་མའོ། །གཡོས་ནི་བསྐྱོད་པའི་འདས་བསྐུལ་ལོ། །གཡབ་མོ་གཡབས་ནི་རྒྱང་རིང་ནས་ཤོག་ཟེར་བའི་ལག་བརྡའམ། དར་སོགས་གཡུག་པའོ། །གཡོར་པོ་ནི་ཡུལ་གྱི་མིང་ངོ༌། །གཡུར་ཟ་{ལོ་ཏོག་སྨིན་ནས་གུག་པའི་སྙེ་མ་དང་གང་བུ་ལྟ་བུ་ཡིད་དུ་འོང་བའི་དོན་ཡིན་ཞེས་ཟེ་ཆེན་པས་གསུངས་སོ། ། }ནི་འབྲས་བུ་འཕྱང་བའོ། །གཡན་པ་ནི་ཟ་འཕྲུག་སྟེ། དགབ་ནི་དེ་ཉིད་འགེབ་པའི་རས་སོ། །གཡང་ས་ནི་གཅོང་རོང་ངོ༌། །མི་གཡོ་ནི་མི་འགུལ་བའོ། །གཡུང་དྲུང་ནི་མི་འགྱུར་བའོ། །གཡང་ནི་ཚེ་དཔལ་ལོངས་སྤྱོད་སོགས། གཡེལ་མེད་ནི་ལེ་ལོ་མེད་པའོ། །གཡུར་ཟ་ནི་འབྲས་བུ་རྒྱས་ཤིང་འཕྱང་བའོ། །ཟས་གཡོ་ཟ་མ་བཟོ་བའོ། །གཡོས་ནི་ཟས་བཟོས་པའོ། །གཡང་གཞི་ནི་མི་ལྤགས་སོ། །གཡོག་ནི་བྲན་གཡོག་གོ། །གཡོགས་ནི་ཀོ་བས་དེས་གཡོགས་པ་སོགས་སོ། །གཡེར་མས་གཡིགས་{རོ་ཚ་བས་ཁ་ལྕེ་བསྡུ་འགྲོ་བ་ལྟ་བུ་ལ་གཡིགས་ཀྱང་ཟེར་སྲོལ་འདུག་ཅེས་ཟེ་ཆེན་པས་གསུངས་སོ། ། }ནི་ དྲོད་སྨན་ཁ་ཚ་བས་སྐྱིགས་བུ་བྱུང་བའོ། །གཡི་ལྤགས་གཅན་གཟན་གཡིའི་ཤུན་པའོ། །གཡར་ནས་ནི་གཞན་ལ་བརྙན་པའོ། །གཡབ་ཡུག་གཡོབ་གསུམ་ནི་གཡར་དར་ལྟ་བུ་གཡབ་པའི་བྱ་བྱེད་སྐུལ་ཚིག་གོ། ། གཡོན་མ་ནི་སྨད་འཚོང་མའོ། །ལོག་གཡེམ་ནི་འདོད་ལོག་གོ། །གཡེང་བས་གཡེངས་ནི་དོན་མེད་ལ་སེམས་ཡེངས་པའོ། །གཡའ་སྒོག་ནི་མཆན་ཁུང་སོགས་སུ་རེག་པས་གད་མོ་སློང་བའོ། །སྐྱི་གཡའ་ནི་འཇིགས་སྐྲག་སྔངས་གསུམ་གྱིས་བ་སྤུ་ཟེངས་པའོ། །ལྕགས་གཡའ་ནི་བཙའ་སྟེ་དམར་པོ་ལྟ་བུ་སོང་བའོ། །གཡུ་ནི་དྲུག་དཀར་སོགས་སོ། །གཡུང་མོ་ནི་རིགས་ངན་ནོ། །གཡོ་སྒྱུ་ནི་བློ་གྱ་གྱུ་ཅན་ནོ། །གཡེར་བག་{གཡེར་བག་ནི་བརྡ་རྙིང་སྟེ། སྣང་གཡེར། } ནི་སྣང་གཡེར་ཅན་ནོ། །གཡག་ནི་གནག་ཕྱུགས་ཕོའོ། །གཡས་དང་གཡོན་ནི་ཕྱོགས་དང་རྐང་ལག་གིའོ། །གཡུལ་སྤྲོད་ནི་དམག་འཐབ་འཁྲུག་བྱེད་པའོ། །གཡུལ་ལས་གཡོག་ནི་དགྲ་དམག་སོགས་ལ་འགྲན་པའོ། །མིག་གཡོར་ནི་གཟུགས་གཅིག་པུ་ལ་བལྟ་ལུགས་སོགས་ཀྱིས་{སྒྱུ་མའི་དཔེ་བརྒྱད་ཀྱི་ནང་ཚན་གྱི་མིག་ཡོར་ཏེ། མིག་བཙིར་བའམ་མ་བཙིར་ཡང་ཟློག་སྟེ་ལྟ་བ་ལ་སོགས་པའི་ལྟ་ལུགས་འགའ་ཞིག་ལ་བརྟེན་ནས་མར་མེ་ལ་སོགས་པའི་དངོས་པོ་གཅིག་གཉིས་སུ་མཐོང་བའོ། །ཞེས་ཟེ་ཆེན་པས་གསུངས་སོ། །} གཉིས་སུ་སྣང་བ་སོགས་འདོད་ཚུལ་མང་ངོ༌། །ཁ་གཡལ་ནི་གླལ་བ་བྱུང་སྟེ་ཁ་གདངས་པའོ། །གཡར་ངོ་ཚ་{གཡར་ནི་བརྡ་རྙིང་སྟེ། ཁའམ་གདོང་ངམ༌། མདུན་ནོ། །}ནི་ཁ་ངོ་ཚ་བའོ། །གཡར་ཁྲལ་ནི་ཁ་ཁྲལ་ལོ། །གཡར་དམ་ནི་དམ་བཅའ་བའོ། །གཡར་ཁམས་ནི་སྐུ་ཁམས་སོ། །དང་ནི་སྡུད་ཚིག་གོ། ། སྣང་གཡེལ་ནི་སྣང་བ་གཡེལ་བ་སྟེ་རྣམ་གཡེང་ཆེ་བའོ། །གཡེར་ཁ་ནི་ཁྲོ་ལོའོ། །དེ་རྣམས་ནི་གས་འཕུལ་ཡ་ཡིག་གི་འཇུག་པའོ། །ར་ཀྱང་གི་འཇུག་པ། ར་ལུག་ནི་དུད་འགྲོའོ། །རྭ་ཅོ་ནི་མགོའི་རྭའོ། །ར་བ་དང་{ངག་སྒྲོན་སྡེ་དགེ་དང༌། དཔལ་སྤུངས་པར་མ་རྣམས་སུ་ར་ལུག་ར་ཅོ་རྡུལ་དུ་རློག །ཞེས་སྒྲེལ་བ་ལས། ར་བ་དང་རིབས་ལ་སོགས་ར་ཡིག་རྐྱང་པའི་འཇུག་པ་འདི་དག་མེད་ཀྱང༌། འདིར་ཁ་སྐང་གི་ཚུལ་དུ་བཀོད་པའོ། །}རིབས་མ་ནི་འགོག་བྱེད་ཀྱིས་ཁོར་ཡུག་ཏུ་བསྐོར་བའོ། །རིལ་པོ་{རིལ་པོ་ནི་བརྡ་རྙིང་སྟེ་ཐམས་ཅད། }ནི་ཡོད་ཚད་དོ། །རོགས་ནི་དཔུང་གྲོགས་སོ། །རུབ་ནི་མང་པོ་ཕྱོགས་གཅིག་ཏུའོ། །རན་པ་ནི་ཚད་དོ། །རུམ་{རུམ་ནི་བརྡ་རྙིང་སྟེ་ལྟོ་བའམ་ཕག}ནི་ནང་དུའོ། །རབ་རིབ་ནི་མིག་ལམ་དུ་སྣང་ཚུལ་ལོ། །རབ་ཆད་ནི་རུས་རྒྱུད་མེད་པའོ། །རིལ་བ་ནི་སྤྱི་བླུགས་སོ། །རིད་{རིད་པ་ནི་བརྡ་རྙིང་ཡིན་ལ། གསར་གཅད་ ལ་ཤ་ཆུང་བའམ་སྐེམ་པའོ། ། }ནི་ལུས་སྐེམས་པའོ། ། རིག་ནི་མཐོང་བའོ། །མ་རིག་ནི་མ་མཐོང་བའོ། །ལུང་རིགས་ནི་རྒྱལ་བའི་བཀའ་སོགས་ཀྱི་ལུང་དང༌། ཚད་མའི་རིག་པ་སོགས་སོ། །རུང་ནི་འོས་ཤིང་འཐད་པའོ། །མ་རུངས་ནི་གདུག་པ་ཅན་ནོ། །ཡུན་རིང་ནི་དུས་འགྱངས་པའོ། །རིངས་པར་ནི་མྱུར་བའོ། །རེག་ནི་ཐུག་པའོ། །རམ་པ་ནི་རྩི་ཐོག་དང༌། རམས་ནི་ཚོན་སྔོ་ནག །རིམ་ནི་ཅིག་ཅར་མིན་པའོ། །རིམ་པ་ནི་ནད་དོ། །རུལ་བམ་ཞིང་མྱག་པའོ། །རླ་ཡིག་དང་བས་འཕུལ་བརླ་ཡིག་གི་འཇུག་པ། རྡུལ་དུ་རློག་ནི་དུམ་བུར་རྡུལ་ཕྲན་ཙམ་དུ་འཇོམས་པའོ། །མངོན་རློམ་ནི་ཡིན་མིན་མ་རྟོགས་པར་མངོན་དུ་བྱེད་པའོ། །རློམ་སེམས་ནི་གཞན་ནོར་ལ་ཨ་རེ་འདི་ལོན་ན་དགའ་བ་ལ་སྙམ་པའོ། །བྱིན་རླབས་ནི་བླ་མ་དཀོན་མཆོག་ལ་མངའ་བའོ། །རློབས་ནི་སྐུལ་ཚིག་གོ། །རློན་པ་ནི་གཤེར་བའོ། །རླག་བྱེད་ནི་ལོ་ཏོག་ལ་སེར་བ་ལྟ་བུའོ། །འདོམས་ཀྱི་རླིག་པ་ནི་གསང་གནས་འབྲས་བུའོ། །རླབས་ཆེན་བྱ་ལས་ཁྱབ་ཆེན་ནོ། །དབའ་རླབས་ནི་ཆུའིའོ། །རླངས་པ་ནི་ཆུ་ཚན་ཁའིའོ། །རླུང་ནི་སྐྱི་སེར་རོ། །རླམ་ཁྱེར་{རློམ་ཁྱེར་ནི་བརྡ་རྙིང་སྟེ། ཧམ་ཁྱེར། }ནི་ཧམ་པས་ཁྱེར་བའོ། །ཁྲག་རླངས་ནི་ཁྲག་གྲང་ནས་ཆགས་པའོ། །རླན་རློན་ནི་དོན་གཅིག་སྟེ་གཤེར་བའོ། །ཆང་ནི་ཚིགས་གྲོགས་སོ། །རླག་མོ་ནི་སླ་མོའོ། །རླུགས་པ་{རླུགས་པ་ནི་བརྡ་རྙིང་སྟེ། ལུག་པའོ། །ཟས་མ་ཞུ་བ་ཕྱུར་བྱུང་བ། }ནི་ཟས་མ་ཞུ་བར་འོག་ནས་འཐོན་པའི་མིང༌། ཁང་བུའི་རླུབས་ནི་སྦུབས་ལྟ་བུའོ། །དུད་འགྲོའི་རླིད་བུ་ནི་པགས་པ་མགོ་རྐང་ཚང་མ་སྦུབ་བཤུས་བྱས་པའོ། །དེ་རྣམས་ནི་བས་འཕུལ་མེད་པའི་རླའོ། །བཅོམ་བརླག་ནི་རྒྱ་གར་ཡུལ་གྱི་བྱེ་བྲག་གོ། །ཚིག་བརླང་{བརླང་པོ་ནི་བརྡ་རྙིང་སྟེ་རྩུབ་པོ། }པོ་ནི་ཚིག་རྩུབ། བརླག་བྱ་ནི་ཕ་རོལ་དགྲ་བོ་སོགས་སོ། །བརླགས་པ་{ངག་སྒྲོན་སྡེ་དགེ་པར་མར་བརླག་ཅེས་ཡང་འཇུག་ས་ཡིག་མེད་པ་ནི་མི་འཐད་དོ། །འདས་པ་ཡིན་པའི་ཕྱིར་ན་དཔལ་སྤུངས་པར་མ་ལྟར་ས་མཐའ་ཅན་ལེགས་སོ། །}ནི་ཚར་བཅད་ཟིན་པའོ། །བརླ་ཤ་ནི་ལུས་ཀྱི་རྐང་པའི་བརླ་ཁུག་གི་ཤའོ། །ཆུས་བརླན་ནི་ཆུས་སྦངས་པའོ། །ཡ་མ་བརླ་{ཡ་མ་བརླ་ནི་བརྡ་རྙིང་སྟེ། སྙིང་པོ་མེད་པའམ་མི་བདེན་པ། }ནི་སྙིང་པོ་མེད་པའོ། །བློ་བརླག་ནི་གྲོགས་ལ་བློ་གཏོད་པའོ། །བརྟན་བརླིང་ནི་མི་འགྱུར་བ་སྲ་བ་སོགས་དང༌། སྤྱོད་པ་དུལ་བ་ལའང་འཇུག་གོ། །བྱིན་གྱིས་བརླབས་ནི་བླ་མ་དཀོན་མཆོག་གི་ཐུགས་རྒྱུད་ཀྱིས་སོ། །གདོན་གྱིས་བརློམས་ནི་འདྲེ་གདོན་གྱིས་རྒྱུད་བསྒྱུར་བའོ། །སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་པར་བྱ་དགོས་ཞེས་པའོ། །དེ་རྣམས་ནི་བས་འཕུལ་རླའོ། །ལ་རྐྱང་གི་འཇུག་པ། ལྭ་ནི་གོས་ཀྱི་བྱེ་བྲག་ཡིན་ཞེས་པའི་ལྭ་བ་ནི་སྣམ་བུའོ། །ལང་ཚོ་{ངག་སྒྲོན་སྡེ་དགེ་དང༌། དཔལ་སྤུངས་པར་མར། ལྭ་ནི་གོས་ཀྱི་བྱེ་བྲག་ཡིན། ཞེས་ལ་ཡིག་གི་འཇུག་པ་ལ་ཚིག་རྐང་དེ་ཉིད་གཅིག་པུ་ལས་མེད་ཀྱང༌། ལང་ཚོ་མན་ཤ་ཡིག་གི་བར་གྱི་ལ་ཡིག་གི་འཇུག་པ་རྣམས་འདིར་ཁ་སྐོང་གི་ཚུལ་དུ་བཀོད་པའོ། །}ན་ཚོད་དོ། །ལོངས་སྤྱོད་ནི་ནོར་རྫས་སོགས། །ལོངས་ནི་ལག་པས་སོ། །ལངས་ནི་འདུག་པ་ལས་གྱེན་དུའོ། །མེ་ལོང་ནི་གཟུགས་བརྙན་འཆར་གཞིའོ། །མིག་ལོང་ནི་མིག་མེད་པའོ། །མིག་ལྡོངས་ཀྱང་མིག་མེད་པའོ། །ལྡང་ནི་ཉལ་བ་ལས་ཡར་ལངས་པའོ། །ནམ་ལངས་ནི་མཚན་མོ་འདས་ནས་ཉིན་མོའི་མགོར་ཟིན་པའོ། །ལེའུ་ནི་གཞུང་གི་སྡེ་ཚན་གྱི་མཚམས་ཚིག་གོ། །ལད་མོ་ནི་གཞན་གྱི་སྟངས་ཀའོ། །ལབ་ནི་གཏམ་བཤད་པའོ། །ལག་ལོན་ནི་བཟང་ངན་གྱི་ལན་བྱུང་བའོ། །ལག་ལེན་ནི་ཤེས་བྱ་ལག་ཏུ་ལེན་པའོ། །ལགས་སོ་ནི་ཞེ་སའི་ཚིག་ལན་ནོ། །དེ་རྣམས་ནི་ལ་ཡིག་རྐྱང་ངོ༌། ། ཤ་རྐྱང་གི་འཇུག་པ། ཤར་ནི་ཉི་ཟླ་གཟའ་སྐར་ཐོག་མར་འཆར་ཕྱོགས་སོ། །གྱི་ནི་འབྲེལ་ཚིག་སྒྲའོ། །ཤིང་ཁ་ནི་ཤིང་གི་ཁ་ལའོ། །ཤང་ཤང་ནི་བྱའོ། །ཤི་ནི་ལུས་སེམས་བྲལ་བའོ། །ཤུལ་དུ་ནི་མལ་དུའམ་རྗེས་སུའོ། །ཤིད་ཟན་{ཤིད་ཟན་ནི་བརྡ་རྙིང་སྟེ། རོ་ཟས་སམ་གཤིན་ཟས། }ནི་གཤིན་པོ་ལ་དམིགས་པའི་དགེ་བ་བསྒྲུབ་པའི་ཟས་འགྱེད་པ་ལ་རོ་ཟན་ནམ་གཤིན་ཟས་ཟེར་བ་དེའོ། །ཤེལ་ནི་རིན་པོ་ཆེ་ཕྱི་ནང་མི་སྒྲིབ་པའོ། །གྱི་ནི་འབྲེལ་སྒྲའོ། །ཤུབས་ནི་གྲི་སོགས་འཛུད་སྣོད་དོ། །ཤེད་བུ། ཤེད་བདག་ཤེད་ལས་སྐྱེས་རྣམས་ནི་དོན་གཅིག་སྟེ། བསྐལ་བ་དང་པོའི་སེམས་ཅན་སྤྱིའི་མིང་ངོ༌། །ཤུན་ལྤགས་ནི་ལུས་ཅན་རྣམས་ཀྱི་ཕྱི་ཤུན་ནོ། །ཤམ་ཐབས་ནི་དགེ་སློང་གི་སྨད་གོས་སོ། །ཤུར་བུ་{ཤུར་བུ་ནི་བརྡ་རྙིང་སྟེ། སྐ་རགས། } ནི་སྐ་རགས་སོ། །ས་ནི་བྱེད་སྒྲའོ། །བཅིངས་ནི་ཚིག་གྲོགས་སོ། །ཤེས་ལྡན་ནི་མཁས་ཤིང་མཛངས་པའོ། །ཤིན་ཏུ་ནི་རབ་ཏུ་ལྟ་བུ་ནན་ཚིག་གོ། །ཤུབ་བུར་སྨྲ་ནི་སྐད་ཆུང་ངུས་བརྗོད་པའོ། །ཤན་པ་ནི་སྲོག་གཅོད་མཁན་ཡ་བོའོ། །ཤྭ་འོད་ནི་ཆུ་ལོག་རྒྱུག་པའོ། །དེ་རྣམས་ནི་ཤ་རྐྱང་ངོ༌། །གས་འཕུལ་ཤ་ཡིག་གི་འཇུག་པ། བདེ་གཤེགས་ནི་སངས་རྒྱས་ཀྱི་མཚན་ནོ། །གཤིས་ལུགས་ནི་སེམས་ཉིད་གཉུག་མའི་གནས་ཚུལ་ལོ། །དེ་བཞིན་གཤེགས་པ་ནི་སངས་རྒྱས་སོ། །གཤིན་པོ་ནི་ཤི་བོའོ། །འི་ནི་འབྲེལ་སྒྲའོ། །གཤགས་འབྱེད་ནི་བཟང་ངན་ཡིན་མིན་སོ་སོར་ཕྱེ་བའོ། །གཤིན་རྗེའི་གཤེད་ནི་ལྷོ་ཕྱོགས་རིམ་པ་བདུན་གྱི་ས་འོག་ན་གནས་པའི་འཆི་བདག་ལས་ཀྱི་གཤིན་རྗེ་དམ་ཅན་ཆོས་ཀྱི་རྒྱལ་པོ་དང༌། དེའི་གཤེད་མའམ། གཉེན་པོ་ནི་དམར་ནག་འཇིགས་གསུམ་སོགས་སོ། །གཤེན་རབས་ནི་བོན་གྱི་སྟོན་པའོ། །གཤང་དཀྲོལ་ནི་འཁྲི་ལོ་དཀྲོལ་བའོ། །དབུ་སྐྲ་གཤོར་ནི་བཅུས་པའོ། །གཤིས་ངན་ནི་སེམས་རྒྱུད་མ་དག་པའོ། །གཡུལ་གཤམ་ནི་དམག་སོགས་ཆས་པའོ། །གཤུང་ནི་ཤུབ་བུར་སྨོད་པའོ། །དང་ནི་སྡུད་ཚིག་གོ། །གཤེད་ནི་ཁ་འཐབ་བོ། །མོ་གཤམ་ནི་བུད་མེད་བུ་མི་འབྱུང་བའོ། །གཤའ་མ་ནི་དོན་མ་ནོར་བ་ཇི་བཞིན་པའོ། །ཡིན་དུ་གཤའ་ནི་ཡིན་ཚོད་དུ་གདའོ། །གཤོར་གྱིས་ཆུ་གཤོ་{ངག་སྒྲོན་དཔལ་སྤུངས་པར་མར། གཤོར་གྱི་ཆུ་གཤོ་ཞེས་ས་མཐའ་མེད་པའི་འབྲེལ་སྒྲ་བྱས་འདུག་ལ། སྡེ་དགེ་པར་མར། གཤོར་གྱིས་ཆུ་གཤོ་ཞེས། ས་མཐའ་སྦྱར་བའི་བྱེད་སྒྲ་བྱས་འདུག་ཀྱང༌། དོན་ལ་གཤོར་ནི་ཐོང་པ་ཡིན་ཞིང་ཆུ་གཤོ་ནི་ཆུ་བཏབ་པ་ཡིན་པས་ཐོང་པའི་ཆུ་བཏབ་དང༌། ཐོང་པས་ཆུ་བཏབ་ཅེས་པ་འགྱུར་རོ། ། }ནི་ཐོང་པས་ཆུ་བཏབ་པའོ། །ཤིང་གཤོག་ནི་ཤིང་བཀས་པའི་སྐུལ་ཚིག །གཤགས་ནི་བཀས་ཚར་བའོ། །ཐོང་གཤོལ་ནི་ཞིང་རྨོ་བྱེད་དོ། །གཤག་ནི་ཁ་གཉིས་སུའོ། །ཅིང་ནི་ཚིག་ཕྲད་དོ། །འདབ་གཤོག་ནི་བྱའི་འདབ་མ་དང་གཤོག་པའོ། །གཤིབས་ནི་མཉམ་པོར་བསྒྲིབས་པའོ། །རླན་གཤེར་ནི་ཆུས་བངས་པའོ། །བྲེས་གཤོར་ནི་འབོ་དང་འདོགས་ལྟ་བུས་འབྲུ་འཇལ་བའོ། །འཕྲང་ལ་གཤོར་ནམ་ལམ་འཕྲང་དོག་པོར་རེ་རེ་སོང་ཟེར་བའོ། །གཤམ་ནི་དངོས་པོ་གང་ཡིན་གྱི་སྨད་དོ། །གྱི་ནི་འབྲེལ་སྒྲའོ། །སྤང་གཤོངས་ནི་ཡུལ་ལྗོངས་སོ། །ཞིང་ས་གཤིན་ནི་ཞིང་དུལ་ནས་ལོ་ཐོག་བཟང་པོ་སྐྱེ་བའོ། །གཤོང་བུ་ནི་ལུང་ཆུང་ལྟ་བུའོ། །ལ་སོགས་ནི་དེས་མཚོན་ནས་རྒྱ་ཆེར་སྤྲོས་ཏེ་ཤེས་པར་བྱ་དགོས་པའི་དོན་ཏོ། ། དེ་རྣམས་ནི་གས་འཕུལ་ཤ་ཡིག་གི་འཇུག་པའོ། ། བས་འཕུལ་ཤ་ཡིག་གི་འཇུག་པ། མཛའ་བཤེས་ནི་ཕན་འདོགས་མཁན་ནོ། །དགེ་བཤེས་ནི་དགེ་བའི་གྲོགས་པོའོ། །ལྷ་བཤོས་ནི་ཞལ་ཟས་སོ། །བཤམས་ནི་ལེགས་པར་བཞག་པའོ། །སྡིག་བཤགས་ནི་མི་དགེ་བ་བྱས་པ་སྟོབས་བཞིའི་སྒོ་ནས་བཤགས་པའོ། །ཕྱི་བཤོལ་ནི་ཕྱིར་འགྱངས་པའོ། །བཤུལ་ལམ་{བཤུལ་ནི་བརྡ་རྙིང་སྟེ། ལམ། }ནི་འགྲོ་ལམ་མོ། །བཤར་ནི་སོང་བའོ། །བཤུམ་ནི་ངུ་བའོ། །བཤུམས་ནི་ངུས་ཟིན་པའོ། །བཤལ་དྲུད་ནི་ས་ལ་དྲུད་པའོ། ། བཤུད་ནི་རྐང་ལས་ལྷམ་ཕུད་པ་ལྟ་བུའོ། །ནས་ནི་ལྷག་འདྲེན་ནོ། །བཤགས་ནི་དུམ་བུར་རོ། །བཤའ་ཚེ་ནི་ཞ་ནེ་ལྟ་བུའོ། །བགོ་བཤའ་ནི་ནོར་རྫས་སོགས་ཐོབ་སྐལ་དུ་བགོས་པའོ། །རི་དྭགས་བཤར་ནི་རྔོན་པས་སོ། །རྒྱབ་བཤུལ་ནི་རྒྱབ་གཞུང་ངོ༌། །ལྤགས་བཤུས་ནི་ཤུན་པ་བཀོག་པའོ། །བཤན་པས་བཤས་ནི་ཤན་པས་ར་ལུག་སོགས་ཀྱི་གཟུགས་ལྷུ་སོ་སོར་ཕྱེས་པའོ། །མེར་བཤུར་ནི་ཤིང་རློན་སོགས་མེར་གཤེན་པའོ། །ཆུས་བཤལ་ནི་སྣོད་སོགས་ཆུས་སྦྱང་བའོ། །བཤང་གཅི་བཤོ་ནི་གཅིན་སྐྱག་གཏོང་བའོ། །མཁར་བཤིག་ནི་ཁང་པ་བཤིག་པའོ། །བྲེས་བཤར་ནི་འབོ་འདོང་སོགས་ཀྱིས་འབྲུ་འཇལ་བའོ། །འཕྲང་ལ་བཤར་ནི་ལམ་འཕྲང་དོག་པོར་རེ་རེ་བཞིན་སོང་བའོ། །སྦུབས་བཤངས་ནི་ཁང་བུའི་ནང་ནས་ལྗན་ལྗིན་མེད་པར་བྱས་པའོ། །དེས་བཤད་ནི་གཏམ་ཆོས་གང་ཡང་དཔེ་དང་དཔེ་ཅན་སྦྱར་ནས་བཤད་པའོ། །དེ་རྣམས་ནི་བས་འཕུལ་ཤ་ཡིག་གི་འཇུག་པའོ། །ས་རྐྱང་གི་འཇུག་པ། སངས་རྒྱས་ནི་མ་རིག་པའི་གཉིད་ལས་སངས་པ་དང་ཤེས་བྱ་ཐམས་ཅད་ལ་བློ་གྲོས་རྒྱས་པའོ། །སོར་མོ་ནི་ལག་པ་དང་རྐང་པོའི་མཛུབ་བུ་རྣམས་སོ། །སེན་མོ་ནི་སོར་རྩེའི་རའོ། །སོ་ནི་ཁའི་རུས་པའོ། །སིལ་སྙན་ནི་རོལ་མོ་སྤྱིའི་མིང་ངོ༌། །སིལ་སིལ་ནི་སྒྲ་སྐད་དོ། །སེ་མོ་དོ་ནི་སེ་རལ་ཁའི་དོ་ཤལ་ལོ། །ཚེ་སྲོག་ནི་སེམས་ཅན་གྱི་རྣམ་ཤེས་དྲོད་ཀྱི་རྟེན་ནོ། །སྲུང་ནི་འཚོ་སྐྱོང་ངོ༌། །ཞིང་ནི་ཚིག་ཕྲད་དོ། །འོད་སྲུང་ནི་སྔོན་བྱུང་གི་སངས་རྒྱས་བྱང་སེམས་ཀྱི་མཚན། སྲས་ནི་རིགས་དང་ཆོས་ཀྱི་སྲས་སོ། །སྲིད་པ་ནི་འཁོར་བའོ། །ར་ནི་གནས་གཞིའོ། །དྲང་སྲོང་ནི་གང་ཟག་དཀའ་ཐུབ་ཅན་དྲང་པོའི་ལམ་ལ་གནས་ཤིང་བདེན་པར་སྨྲ་བའི་གཞུང་སྲོང་བའོ། །སྲོལ་ཚུགས་ནི་སྔར་མེད་གསེར་འགྱུར་གྱི་བཤོ་བཞག་པའོ། །སྲིད་ནི་ཡིན་དར་ལྟ་བུའོ། །སྲོད་དུས་ནི་མཚན་མོའོ། །ས་སྲོས་ནི་མུན་རུབ་བོ། །བསྲེ་ནག་ནི་རྫ་ནག་གོ། །སྲབ་ནི་འཐུག་པོ་མིན་པ་སྟེ། རྒྱ་དར་དང་རྒྱ་ཤོག་ལྟ་བུའོ། །སྲིན་པོ་ནི་མིའི་ཤ་ཁྲག་བཟའ་བའི་སེམས་ཅན་ནོ། །ལུས་སྲུལ་ནི་ལུས་རུལ་བ་ལྟ་བུའི་དྲི་ངན་ཅན་གྱི་སེམས་ཅན་ནོ། །ས་སྲུང་བུ་ནི་གླང་པོ་ཆེའོ། །སྲུབས་ནི་རི་གསེབ་ལྟ་བུའོ། །ཀྱི་ནི་འབྲེལ་སྒྲའོ། །ལམ་སྲང་ནི་ལམ་ཀའོ། །སྲིད་དུ་ནི་དཀྱུས་སུའོ། །སྲིངས་ནི་ཕར་རིང་དུ་གཏོང་བའོ། །ཡིད་སྲུབས་ནི་བདུད་སྡིག་ཅན་ནོ། །ཀྱིས་ནི་བྱེད་སྒྲའོ། །སྲོག་ནི་མེ་ལྟ་བུས་སོ། །སྲིང་མོ་ནི་སྤུན་ཟླ་མོའོ། །ར་ནི་གནས་གཞིའོ། །སྲེད་ནི་ཞེན་ཅིང་ཆགས་པའོ། །སྲུ་མོ་ནི་མའི་སྤུན་ཡ་མའོ། །འི་ནི་འབྲེལ་སྒྲའོ། །སྲིད་ཞུ་ནི་ཕ་མ་སོགས་ལ་བཀུར་བསྟིའོ། །སྲིའུ་ནི་བུ་རྒྱུད་དོ། །འི་ནི་འབྲེལ་སྒྲའོ། །སྲི་ནི་དམ་སྲི་དང༌། དུར་སྲི་སོགས་སོ། །སྲེ་མོ་ནི་ཏིག་ལོ་དང་ནེའུ་ལེའོ། །སྲེག་པ་ནི་སྲག་པའོ། །སྲིན་བྱ་ནི་འུག་ཆུང་ངོ༌། །སྲམ་ནི་ཆུ་གནས་སོ། །སྲིན་བུ་ནི་ལུས་ལ་གནས་པ་དང༌། འབུ་སྲིན་གྱི་སྤྱི་མིང་ངོ༌། །སྲོ་མ་ནི་ཤིག་སྒང་ངོ༌། །སྲད་བུ་ནི་སྐུད་པའོ། །སྲ་ནི་མཁྲང་བའོ། །ཇི་སྲིད་ནི་ཡུན་ཚད་དོ། །དེ་སྲིད་ནི་དེའི་བར་རོ། །སྲན་མ་ནི་འབྲུའོ། །སྲུས་ནི་གྲོ་ནས་ཆེར་མ་སྨིན་པར་བཙོས་པའོ། །བསྙེན་སྲིང་{བསྙེན་སྲིང་ནི་བརྡ་རྙིང་ངོ་}ནི་གོ་རིམ་ལྟར་ཉེ་བ་དང་རིང་བའི་དོན་ནོ། །སྲེག་བྱེད་ནི་མེའོ། །སྲེག་བླུགས་ནི་བསྲེག་རྫས་མེར་བླུགས་པའོ། །དང་ནི་སྡུད་ཚིག་གོ། །རྒྱལ་སྲིད་ནི་རྒྱལ་པོའི་ཆབ་སྲིད་དོ། །མུན་སྲིབས་ནི་མཚན་མོ་ལྟ་བུའོ། །རྟ་ཡི་སྲབ་ནི་རྟ་ཁའི་སྲབ་སྐྱོག་གོ། །སྲུབ་ཤིང་ནི་འོ་མ་སོགས་སྲུབ་ཤིང་དང༌། སྲུབ་ཐག་ནི་ཐག་པའོ། །འཇལ་བྱེད་སྲུང་ནི་རྒྱ་མའོ། །སློབ་དཔོན་ནི་ཤེས་པ་ཡོན་ཏན་སློབ་པའི་དཔོན་པོའོ། །སློབ་མ་བསླབ་བྱ་ཉན་མཁན་ནོ། །སློབ་གཉེར་ནི་བསླབ་བྱ་སློབ་སྦྱོང་དོན་དུ་གཉེར་བའོ། །སླ་ནི་དཀའ་ཚེགས་མེད་པའོ། །སློབ་པ་ནི་ཤེས་བྱ་གང་ཡིན་པའོ། །སློ་མ་ནི་ཤིང་སྣོད་འབོ་ལྟ་བུ་ཁ་ཁེབ་ཅན་ནོ། །ར་ནི་ལ་དང་ཆོས་མཚུངས་པའོ། །སློང་མོ་སློང་ནི་སྤྲང་པོས་ཟས་སྤྲུ་བའོ། །སླེ་བ་ནི་ཡན་ལག་སྐྱོན་ཅན་ནོ། །གྱེན་སློང་ནི་ཀ་བ་སོགས་གྱེན་དུ་སྒྲེང་བའོ། །སློག་ཀྱང་སླེབ་ནི་ཕར་བཏང་ཡང་ཚུར་རང་གནས་སུ་སླེབ་པའོ། །སླེ་ཏྲེས་ནི་སྨན་ཏེ་ཞང་ཞང་གི་སྐད་དོ། །སླུ་གུ་ནི་ཇ་ཆང་སོགས་ཀྱི་སྣོད་རྫ་བུམ་ལྟ་བུའོ། །ས་ནི་བྱེད་སྒྲའོ། །ཆུ་སླ་མོ་ནི་བསྐ་མོ་མིན་པའོ། །ཀུན་སློང་ནི་སེམས་ཀྱིས་སོ། །སླེ་ཡོན་ནི་སེམས་གྱ་གྱུ་ཅན་ནོ། །བསད་པའི་སློ་ནི་བསད་པ་ནི་སྲོག་གཅོད་པ་སྟེ་ཚིག་གྲོགས་ཡིན་ལ། སློ་ནི་སེམས་ཅན་གྱི་དྲོད་པའི་ནང་གི་རྩའོ། །སླར་ཞིང་ནི་ད་དུང་ཡང་ངོ༌། །སླར་ཡང་ནི་རྗེས་སུ་ཡང་ངོ༌། །སླུ་མེད་ནི་བརྫུན་མི་མངའ་བ་དཀོན་མཆོག་གསུམ་པོའོ། །སླད་ནི་ཕྱིར་རམ། ཆེད་དུའོ། །སླེའུ་ནི་ཕྱར་བའོ། །སློག་པ་{སློག་པ་ནི་བརྡ་རྙིང་སྟེ་པགས་པའི་གོས། }ནི་ལྤགས་ཙག་གོ། །ཕྱི་ནང་སློག་ནི་ཕྱི་ནང་བསྒྱུར་བའོ། །སླ་ང་ནི་ཡོས་རྔོ་སྣོད་དོ། །འི་ནི་འབྲེལ་སྒྲའོ། །སླད་རོལ་{སླད་ནི་བརྡ་རྙིང་སྟེ་ཕྱི། }ནི་ཕྱི་རོལ་ལོ། །ཕྱོགས་སུ་སློན་ནི་ལྷན་པོ་ལྟ་བུའོ། །ཕྱི་སླད་མར་ནི་རྗེས་མར་རོ། །ཕྱི་སླད་ནས་ནི་རྗེས་ནས་སོ། །དུག་རོ་སློང་སྔར་ཡོད་དུག་གི་རོ་མ་ཟས་སྤྱོད་ཀྱིས་སྦྲན་ནས་ལངས་པའོ། །སྲ་རྐྱང་བཏིང་ནི་དབྱར་དགག་དབྱེའི་ཕྱི་དེ་ཉིན་སྲ་རྐྱང་བཏིང་ནས་དགེ་འདུན་རྣམས་ཟླ་བ་དྲུག་གི་རིང་འཆང་འབྲལ་འཇོག་གསུམ་བག་ཡངས་སུ་གནང་བ་སོགས་སོ། །སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་དགོས་པའི་དོན་ཏོ། ། དེ་རྣམས་ནི་ས་ཡིག་རྐྱང་པ་ཉིད་དོ། །གས་འཕུལ་ས་ཡིག་གི་འཇུག་པ། གསར་བུ་ནི་ལས་དང་པོ་པའམ་སོ་མའོ། །གསར་ནས་ནི་སྔོན་མེད་གསར་བྱུང་ངོ༌། །མཁར་གསིལ་ནི་དགེ་སློང་གི་ཕྱག་ཆའོ། །གསོར་ནི་འཕྱར་བའོ། །ཁ་གསག་ནི་རང་ཉིད་རྙེད་པ་ཚོལ་བའི་ཕྱིར་གཞན་ལ་ངོ་བསྟོད་བྱེད་པའོ། །གསོག་གསོབ་ནི་སྦུན་པ་ལྟ་བུར་སྙིང་པོ་མེད་པའོ། །གསད་བྱ་གསོད་ནི་དུད་འགྲོ་སོགས་སྲོག་གཅོད་པའོ། །གསང་སྔགས་ནི་མདོ་མིན་པའི་རྒྱུད་སྡེའོ། །སྙན་གསན་ནི་སྔར་ཞུས་པའོ། །གསུང་རབ་ནི་རྒྱལ་བའི་བཀའ་དང་བསྟན་བཅོས་སོ། །གསུངས་ནི་ཞལ་ནས་བརྗོད་པའོ། །གསོང་པོའི་ཚིག་{གསོང་པོར་སྨྲ་བ་ནི་བརྡ་རྙིང་སྟེ་སྔར་སྨྲ་བའམ། དྲང་པོར་སྨྲ་བ། }ནི་དྲང་པོར་སྨྲ་བའམ། སྔར་སྨྲས་པའི་ཚིག་གོ། །གསོལ་ནི་ཞུ་བའོ། །གསོལ་འདེབས་ནི་ཞེ་སའི་ཞུ་ཚིག་གོ། ། གསོན་ནི་ཉོན་ལ་ཞེ་ས་སྦྱར་བའོ། །གསེར་མདོག་ནི་སེར་པོའོ། །ནེའུ་གསེང་ནི་སྤང་སྔོན་དང་ཆུ་འཛོམས་པའོ། །གསེག་མ་ནི་རྡོ་ཕྱེ་གསག་མའོ། །འི་ནི་འབྲེལ་སྒྲའོ། །གསེབ་ནི་ཕག་ཏུའོ། །གསེབ་ནི་རྟ་གསེབ་སོགས་སོ། །དང་ནི་སྡུད་ཚིག་གོ། །གསའ་ནི་གཅན་གཟན་ནོ། །ཡིས་ནི་བྱེད་སྒྲའོ། །གསག་ནི་ནོར་རྫས་སོགས་འཚག་པའོ། །གསིར་ནི་ཟས་ཀྱི་ལྡེ་གུའོ། །ཏེ་ནི་ལྷག་བཅས་སོ། །ཤིང་གསོམ་ནི་ཐང་ཤིང་ངོ༌། །གསོར་ནི་བསྒྲིལ་འབུག་གོ། །གྱིས་ནི་བྱེད་སྒྲའོ། །གསིལ་ནི་དུམ་བུར་མང་པོར་རོ། །ཞིང་ནི་ཚིག་ཕྲད་དོ། །གསོས་ནི་ཉམས་པ་སོར་ཆུད་པར་བྱས་པའམ། སེམས་ཅན་ལ་ཟས་སྦྱིན་པ་སོགས་ཀྱིས་སོ། །གསས་མོ་ནི་ཤི་ལོག་ལྟ་བུའི་འདྲེ་བབས་པའོ། །གསོག་འཇོག་ནི་ཆུད་མི་གསོན་པར་ཉར་ཚགས་བྱེད་པའོ། །གསང་གཏམ་གསོང་ནི་གཞན་ལ་གོ་ཉན་པ་མི་བཤད་པའོ། །གསོ་རས་ནི་གསོ་མ་རས་ཀྱི་གོས་སོ། །སྤུ་གསེད་ནི་བལ་རྩིད་སོགས་སོ། །གསེང་ནི་ཁོང་གསེང་ལྟ་བུའོ། །གི་ནི་འབྲེལ་སྒྲའོ། །གསུར་ནི་དྲི་གསུང་འཐུལ་བར་བྱེད་པའོ། །གསོས་པ་ནི་ཕོ་བའོ། །གསོ་ཕྱིར་ནི་འགེངས་སྤྱད་དོ། །གསོལ་ནི་ཟ་བའོ། །ཡང་ནི་སྡུད་པ། གསུད་{གསུད་པ་ནི་བརྡ་རྙིང་སྟེ། སྒྲེགས་པ། } ནི་སྒྲེག་པ་བྱུང་བའོ། །སོ་གསོད་ནི་སོས་དལ་བའོ། །ལུས་གསིག་ནི་ལུས་ཀྱིས་ཡར་སིག་སིག་བྱེད་པའོ། །དྲིལ་གསིལ་ནི་དྲིལ་བུ་གསིལ་བའོ། །གསུམ་ནི་གྲངས་སོ། །སྐད་གསང་ནི་སྐད་གདངས་སོ། །གསེག་གཤང་{གསེང་ཤང་དང་གསིལ་བྱེད་ནི་བརྡ་རྙིང་སྟེ་མཁར་གསིལ་ལོ། །}ནི་མཁར་བསིལ་ལོ། །གསེག་ཀ་ལི་{ངག་སྒྲོན་དཔལ་སྤུངས་པར་མར་འདི་བཞིན་ཡོད་ཅིང༌། སྡེ་དགེ་པར་མར་གསེལ་ཀ་ལེ། རྗེས་འཇུག་ལ་ཡིག་སྦྱར་བར་སྣང་ངོ༌། །}ནི་དཔེ་ཆའི་སྣོད་དེ། དཔེ་རལ་ལོ། ། གསོན་པོ་ནི་ཚེ་ལྡན་ནོ། །སྐད་གསང་ནི་རྣ་བས་ཐོས་པ་སླ་བའོ། །ཆུད་མ་གསོན་ནི་དོན་མེད་པར་མེད་བརླག་མ་གཏོང་བའོ། །འོད་གསལ་ནི་ཉི་ཟླ་མར་མེ་སོགས་ཀྱི་སྣང་བ་ལྟ་བུའོ། །ནང་གསེས་ནི་སྤྱི་ལས་བྱེ་བྲག་གོ། །དྲི་ཆུ་གསིལ་གཅིན་གཏོང་བའོ། །གསལ་ཤིང་ནི་རྒྱ་གར་ཡུལ་གྱི་ཁྲིམས་ཤིང་ངོ༌། ། ཆུད་གསན་ནི་དོན་མེད་ཕྲོག་རླག་སོང་བའོ། །དེ་རྣམས་ནི་གས་འཕུལ་ས་ཡིག་གི་འཇུག་པའོ། །བས་འཕུལ་ས་ཡིག་གི་འཇུག་པ། སྔོ་བསངས་ནི་ནམ་མཁའ་ལྟ་བུའོ། །འབགས་བསངས་ནི་དྲི་མ་མི་གཙང་བ་དག་པར་བྱས་པའོ། །ཚོགས་བསག་ནི་བསོད་ནམས་དང་ཡེ་ཤེས་བསྒྲུབ་པའོ། །བསགས་ནི་འདས་ཚིག་གོ། ། དམིགས་བསལ་ནི་མང་པོའི་ནང་ནས་གལ་ཆེ་བ་དེ་ལོགས་སུ་བཀར་བའོ། །སྐྱོན་བསལ་ནི་ངན་པ་མེད་པར་བྱས་པའོ། །བསམ་བྱ་བསམས་ནི་བསམ་པར་བྱ་རྒྱུའི་དོན་དེ་སེམས་ཀྱིས་བསམ་པར་བྱས་ཟིན་པའོ། །བསེ་ཁྲབ་ནི་ཚོན་རྩི་དམར་པོ་རྒྱབ་པའི་དབྱིག་ལས་བཟང་ཤོས་ཞིག་གོ། །བསོད་ནམས་ནི་རྒྱུ་ཚོགས་གཉིས་བསགས་པའོ། །བསོད་སྙོམས་{བསོད་སྙོམས་ནི་བརྡ་རྙིང་སྟེ། འདོད་པ་ལ་ལྷག་པར་ལོངས་སྤྱོད་པའི་མིང༌། }ནི་རོ་སྙོམས་ཀྱི་ལྡོམ་བུའོ། །ཚེ་བསྲིང་བཅུད་ལེན་དང་ཚེ་ལྷ་བསྒྲུབ་པ་སོགས་ཀྱིས་སོ། །བསམ་བློ་ནི་རྟོག་དཔྱོད་དོ། །དྲིན་ལན་བསབས་{ངག་སྒྲོན་པར་མ་ལ་ལ། དྲིན་བསབ་བསབས། ཞེས་པ་ལྟ་ན་བསབ་ནི་མ་འོང་པ་དང༌། བསབས་ནི་འདས་པའོ། །}ནི་དྲིན་ལན་འཇལ་བའི་བྱ་བ་དང་འདས་ཚིག་གོ། ། ཡོ་བསྲང་ནི་ཡོ་བ་དྲང་པོར་བྱ་བའོ། །ནོར་བསྲི་ནི་ཟད་དོག་གིས་ཉུང་ངུར་སྤྱོད་པའོ། །རྒྱང་བསྲིང་ནི་རིང་དུ་གཏོང་བའོ། །བསྲིངས་ནི་ཚར་བའོ། །དྲི་བསུང་ནི་སྤོས་དང་མེ་ཏོག་སོགས་ཀྱི་དྲི་ཞིམ་ མོ། །གིས་ནི་བྱེད་ཚིག་གོ། །བསྡུས་ནི་མདུན་ནས་སོ། །བསེ་རུ་ནི་གཅིག་པུར་གནས་པའི་རི་དྭགས་རྭ་གཅིག་གོ། །བསད་ནི་སྲོག་འཕྲོག་པའོ། །བསྲུངས་པ་ནི་དམ་ཚིག་དང་སྡོམ་པ་སོགས་ཏེ་འདས་ཚིག་གོ། །བསྲུང་བྱ་ནི་དམ་སྡོམ་སོགས་བསླབ་བྱའོ། །བསྲེག་བྱ་ནི་ཤིང་སོགས་སོ། །བསྲེགས་ནི་འདས་ཚིག་གོ། །བཟོད་བསྲན་ནི་སྡུག་བསྔལ་སོགས་ཁུར་ཐེག་པའོ། །བསྲོ་ཁང་ {བསྲོ་ཁང་ནི་བརྡ་རྙིང་སྟེ། ལུས་མེར་བསྟན་པའི་ཁང་པ། }ནི་ཁྲུས། བསྐུ་མཉེ། དྲིལ་ཕྱིས། མེ་བརྟེན་སོགས་བྱེད་པའི་མེ་ཁང་གི་མིང་ངོ༌། །ཞོ་བསྲུབས་ནི་འོ་ཞོ་དཀྲོགས་ནས་མར་འདོན་པའོ། །བསྲེས་ནི་ཕན་ཚུན་མང་པོ་ལྷན་ཅིག་ཏུ་འདྲེས་པར་བྱས་པའོ། །བསོད་པའི་ཟས་{བསོད་པ་ནི་བརྡ་རྙིང་སྟེ་བཟང་པོའོ། །} ནི་ཟས་བཟང་པོའོ། །བསྲེལ་ནི་འཆང་བའོ། །རིང་བསྲེལ་ནི་འཕེལ་གདུང་ངོ༌། །བསྲིངས་ནི་ངང་བསྲིངས་པ། ཡུན་བསྲིངས་པ། རྒྱང་བསྲིངས་པ། ཕྲིན་བསྲིངས་པ་སོགས་སོ། །བྱ་བའི་བསྲལ་ནི་མི་བློ་བསྲལ་ཅན་ཞེས་པ་ལྟ་བུའོ། །དང་ནི་སྡུད་པའི་ཚིག་གོ། །སྒྲིབ་པ་བསྲབས་ནི་དག་པར་བྱས་པའོ། །བསེལ་བའི་བསོ་སྒྲ་ནི་འཇིག་སྐྱོབ་ཀྱི་སྐྱེལ་མས་ཀི་བསོ་ཧོ་སོགས་སོ། །ངལ་བསོས་བུ་ནི་རྣམ་སྲས་སོ། །ཁ་བསུམ་ནི་སྣོད་སོགས་ཀྱི་ཁ་བཅིངས་པའོ། །རྗེས་བསྲུབས་ནི་རྗེས་ཤུལ་མེད་པར་བྱས་པའོ། །བསེར་བུ་ནི་རླུང་སེར་རོ། །བསིལ་ནི་གྲང་ཞིང་འཁྱགས་པའོ། །ལྷ་བསངས་ནི་བཟང་ཤིང་དང་མཆོད་རྫས་མེར་བསྲེགས་ནས་མགྲོན་བཞི་བརྔན་པའོ། །མེ་བསངས་ནི་བསུར་རོ། །སྐྱོ་བསངས་ནི་རི་ཁ་སོགས་སུ་ཕྱིན་ནས་ཁམས་བསང་བའོ། །དང་ནི་སྡུད་ཚིག་གོ། །བློ་བསྲུན་ནི་ཞི་དུལ་ཅན་ནམ། གཤིས་བཟང་བའོ། །བསམ་བསེའུ་ནི་ནང་དོན་སྣོད་དྲུག་གི་ཡ་གྱལ་ སྐྱེས་པའི་ཁམས་ཀྱི་ཡ། བུད་མེད་ཀྱི་བུ་སྣོད་དོ། །སྦ་བསྲིས་མེད་ནི་བསྐུང་བཞག་མེད་པའོ། །བསང་གཏོར་ནི་ཚ་གདུང་སེལ་ཆེད་ཆུ་གཙང་འཐོར་བའོ། །ཞབས་བསིལ་ནི་རྐང་པ་འཁྲུ་བའི་ཆུའོ། །ཞལ་བསིལ་ནི་ངོ་གདོང་འཁྲུ་བའི་ཆུའོ། །བསྲོ་ནི་འཁྱགས་པ་དང༌། གྲང་པ་དེ། མེ་དང་ཉི་མ་སོགས་ཀྱིས་དྲོས་སུ་གཞུག་པའོ། །བསླད་བྱ་ནི་དངོས་པོ་བཟང་པོ་ཞིག །བསླད་ནི་བྱེད་ལས་ངན་པའོ། །ནས་ནི་ལྷག་འདྲེན་ནོ། །བསླུ་བྱ་ནི་ཕ་རོལ་པོའོ། །བསླུས་ནི་གཡོ་སྒྱུས་སོ། །བསླང་བྱ་ནི་གཞན་གྱི། འི་ནི་འབྲེལ་སྒྲའོ། །ནོར་བསླངས་ནི་ནོར་རྫས་བདག་གིར་བྱས་པའོ། །ཕྱོགས་སུ་བསླན་ནི་ཕྱོགས་གཅིག་ཏུ་བསྡུས་པའམ་འཐེན་པའོ། །བསླབ་བྱ་ནི་སྡོམ་པ་གསུམ་སོགས། བསླབ་པ་ནི་སྦྱང་བའོ། །གྱེན་དུ་བསླངས་ནི་མར་འགྱེལ་ནས་ཡོད་པ་ཡར་བསླངས་ནས་ལང་བའོ། །འདོད་པའི་བསོད་སྙོམས་ནི་འདོད་པ་ལ་ལྷག་པར་སྤྱོད་པའི་མིང་ཡིན་གྱི་བསོད་སྙོམས་སོགས་དང་མ་འདྲེན་པར་བྱའོ། ། དེ་རྣམས་ནི་བས་འཕུལ་ས་ཡིག་གི་འཇུག་པའོ། །ཧ་ཡིག་གི་འཇུག་པ། ཧྲལ་ཧྲལ་ནི་ཚག་མི་དམ་པའི་དོན་དང༌། གོས་སོགས་ཧྲལ་པོའོ། །ཧྲུལ་ཧྲུལ་གོས་རྙིང་སོགས་སོ། །མིག་ཧྲིག་ཧྲིག་ནི་མིག་གིས་ལྟ་སྟངས་ཁྲ་ཧྲིག་ཧྲིག་གོ། །ཧྭ་ཤང་ནི་རྒྱ་ནག་གི་སྐད་དུ་བཙུན་པ་སྟེ་བནྡེའི་མིང་ངོ༌། །ཧྭགས་{ཧྭགས་ནི་བརྡ་རྙིང་སྟེ་བུ་རམ་གྱི་དྭངས་མའམ་ཤ་ཁ་ར། }ནི་བུ་རམ་གྱི་ཁ་བུན་བཟང་ ཤོས་ཤ་ཁ་ར་ཟེར་བ་དེའོ། །དང་ནི་སྡུད་ཚིག་གོ། །གོས་ཀྱི་ཧྭ་ནི་གོས་ཀྱི་གཤམ་དུ་སྒོ་ཡོད་པ་རྒྱ་གོས་ལྟ་བུའོ། །རྩབ་ཧྲལ་ནི་སྤྱོད་པ་རྩིངས་པའོ། །ལ་སོགས་ནི་གཞན་ཡང་བློས་དཔྱད་དེ་ཤེས་དགོས་པའི་དོན་ནོ། ། དེ་རྣམས་ནི་ཧ་ཡིག་གི་འཇུག་པ་ཉིད་དོ། །{ངག་སྒྲོན་པར་མ་རྣམས་སུ། རྩབ་ཧྲལ་ལ་སོགས་ཧ་ཉིད་དོ། །ཞེས་པའི་འཕྲོར་ཨ་ཀ་རུ་དང༌། ཨ་རུ་ར། ཞེས་སོགས་སྒྲེལ་བ་ལས་མེད་དོ། །}ལ་མགོ་ལྡན་པའི་ཧ་ཡིག་གི་འཇུག་པ། ལྷོ་ཕྱོགས་ནི་ཕྱོགས་བཞིའི་ནང་ཚན་གཤིན་རྗེའི་གནས་སོ། །ལྷུན་པོ་ནི་ལྷུན་ཆགས་པའི་རི་སོགས་མཐོན་པོ་རི་རབ་ལྟ་བུའོ། །ལྷ་ནི་སངས་རྒྱས་བྱང་སེམས་ལ་ལྷ་ཞེས་གྲགས་ཤིང༌། མཐོ་རིས་ཀྱི་ལྷ་རྣམས་དང༌། གཞན་ཡང་རིའི་ལྷ་དང༌། ཤིང་གི་ལྷ་སོགས་མང་ངོ༌། །ལྷ་རྗེ་ནི་སྨན་པ་སྟེ་འཚོ་བྱེད་དང༌། ཨེམ་ཆི་སོགས་མིང་གི་རྣམ་གྲངས་སོ། །ལྷན་ནེ་ནི་སྐུའོ། །ལྷང་ངེ་གསུངས་སོ། །ལྷམ་མེ་ནི་ཐུགས་སོ། །{ལྷམ་མེ་ལྷང་ངེ་ལྷན་ནེ་ཞེས་པ་སྐུའི་བཞུགས་ཚུལ་རྒྱལ་བའི་སྐུ་འོད་ཟེར་གྱི་དཔལ་གྱིས་ལྷམ་མེ་བ་དང༌། གསུང་ཅ་ཅོ་མེད་པས་ལྷན་ནེ་བ་དང༌། ཐུགས་དྲི་མ་མེད་པ་ལྷང་ངེར་གསལ་བ་རྡོ་རྗེ་ལྟར་རྟག་པ་རྣམས་ཡིན་ནོ། །ཞེས་ལེགས་བཤད་སོམ་ཉིའི་མདུད་ གྲོལ་ལས་གསུངས་སོ། །}ལྷག་ནི་འདུས་པའོ། །ལྷན་ཅིག་ནི་མང་པོ་ཚོགས་པའམ་ཕན་ཚུན་ཕྱོགས་གཅིག་པའི་དོན་ཏོ། །ལྷུན་གྲུབ་ནི་འབད་རྩོལ་མ་བྱས་པར་རང་བྱུང་གི་དོན་ཏོ། །ལྷམ་ནི་རྐང་པར་གྱོན་རྒྱུའོ། །ལྷབ་ལྷུབ་ནི་རྒྱན་གོས་དང་འཕན་གདུགས་ལྟ་བུའོ། །ལྷུམས་ནི་རུམ་སྟེ་མངལ་ལོ། །ལྷུང་ནི་སྟེང་ནས་འོག་ཏུ་འབབས་པའོ། །ཚིག་ལྷུག་ནི་གསུང་རབ་བསྟན་བཅོས་སོགས་ཚིགས་བཅད་མིན་པའོ། །ལྷས་ནི་སྐྲའམ་སྐུད་པ་སོགས་ཕན་ཚུན་ལྷས་པའོ། །ལྷག་པ་ནི་གཞན་ལས་ཆེས་ཁྱད་པར་དུ་འཕགས་པ་ལྟ་བུའོ། །ལྷག་མ་ནི་བྱ་བའི་འཕྲོ་མ་ལུས་པའོ། ། དེ་རྣམས་ནི་ལ་མགོ་ལྡན་པའི་ཧ་ཡིག་གི་འཇུག་པའོ། །ཨ་ཡིག་གི་འཇུག་པ། ཨ་ཀ་རུ་ནི་སྤོས་ཤིང་ངོ༌། །དང་ནི་སྡུད་པའི་སྒྲའོ། །ཨ་རུ་ར་ནི་སྨན་འབྲས་སོ། །ཨུ་དུམྦ་ར་ནི་སངས་རྒྱས་དང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཁྲུངས་པའི་མ་གཏོགས་མི་འབྱུང་བའི་མེ་ཏོག་གོ། །ཨུཏྤལ་ནི་ཆུ་སྐྱེས་སོ། །ཨོ་རྒྱན་ནི་ཨ་ཡཱ་ན་ཞེས་པ་འཕུར་འགྲོ་སྟེ། ཟུར་ཆག་པས་ཨོ་རྒྱན་ནོ། །ཨུ་མ་ནི་ལྷ་དབང་ཕྱུག་ཆེན་པོའི་ཡུམ་ཨུ་མ་དེ་ཝིའོ། །ཨཎྜ་རྙིལ་ནི་ཨིནྡྲ་ནཱི་ལ་ཞེས་དབང་པོ་སྔོན་པོ་སྟེ་ཟུར་ཆག་པའོ། །ཤིང་ཐོག་ཨ་སྨྲ་ནི་ཤིང་གི་འབྲས་བུ་ཆེ་ཞིང་མངར་བའོ། །ཨེ་ལའི་འདབ་ནི་ཀླུ་སྟེ་སྔོན་སངས་རྒྱས་འོད་སྲུང་གི་སྟོན་པའི་སྒོ་ཞུགས་པའི་དགེ་སློང་ཞིག་དགོན་པར་བསམ་གཏན་བྱེད་པ་ན། ཤིང་ཨེ་ལེའི་སྡོང་པོའི་ཡལ་ག་ཞིག་ལ་ཆོས་གོས་ཐོགས་ཏེ་ཅུང་ཟད་རལ་པ་ན་ཁོང་ཁྲོས་ཏེ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེས་སྲོག་གི་མ་བཟུང་བའི་དངོས་པོ་འདི་ལྟ་བུར་གཅོད་པ་ལའང་ཉེས་བྱས་ཀྱི་བསླབ་པ་འཆའ་བ་ནི་དོན་མེད་དོ་ཞེས་ཁྱད་བསད་ཀྱིས་ཤིང་སྡོང་གི་ཡལ་ག་བཅག་པའི་ཉེས་ལྟུང་དེས་ཤིང་ཨེ་ལའི་སྡོང་པོ་མགོ་བོར་སྐྱེས་པའི་ཀླུའི་སྐྱེ་གནས་སུ་སྐྱེས་པར་འདུལ་བ་ལུང་ལས་གསུངས་པ་དེའོ། ། ཨེ་ཎྱ་ཡ་ན་ནི་ཤ་བ་སོགས་འདོད་པ་མང་ཡང༌། འི་ཀབ་ཀོབ་ཤ་བའི་རྒྱབ་འདྲ་བ་ཞིག་ཡོད་པའི་དོན་ཡིན་པར་གསུངས་སོ། །དེ་རྣམས་ ནི་ཨ་ཡིག་གི་འཇུག་པ་ཉིད་དོ། །བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་ཞེས་བྱ་བ་ལས། སྔོན་འཇུག་སོགས་ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་སྟེ། ལེའུ་དང་པོ་མཆན་གྱིས་རབ་ཏུ་གསལ་བར་བྱས་པའི་རྣམ་བཤད་ཡོངས་སུ་རྫོགས་པའོ།། །།