ཧོར་གཙང་ཤོག་པ་བཞི་

ཡོང་ཁུངས་Wikipedia

ཧོར་གཙང་ཤོག་པ་བཞི་ནི་བསང་ཆུ་དང་གཡོན་ཆུ་གཉིས་འདྲེས་མཚམས་མན་གྱི་མར་ཐང་དང་ཆུ་སྔོན་ཞང་ཁག་གཉིས་ཀྱི་ཁོངས་སུ་གནས་ཤིང་། བྱང་ཤར་དུ་ཀ་ཅུ། ལྷོ་བྱང་དུ་ཁ་གྱ་དང་གནམ་ལྷ། ནུབ་བྱང་དུ་རྒན་གྱ་བཅས་དང་ས་མཚམས་འདྲེས། ད་ལྟའི་ཧོར་གཙང་གི་མི་རྒྱུད་ཀྱི་ཐོག་མ་ལྷ་རྒྱལ་འབུམ་གྱིས་རོང་བོ་ཧོར་ནག་བླ་ཁ་ནས་འབྲོག་ཁྱིམ་ཁ་ཤས་ཁྲིད་དེ་ཆུ་སྔོན་སྒོ་བརྒྱད་ཐང་ལ་སླེབས་པ་དང་། རིམ་བཞིན་དེར་གཞི་ཆགས། འགྲོ་མགོན་འཕགས་པས་གཙང་ནས་ལྷ་རྗེ་བྲག་སྣ་བ་ཞེས་པའི་རྣལ་འབྱོར་བ་ཞིག་ཡུལ་འདིར་མངགས་ཏེ་ཆོས་སྤེལ། ཀུན་གྱིས་དད་པས་མཆོད་བཀུར་བྱས་ཤིང་བླ་མར་བསྟེན། ཧོར་ནགས་ཚོ་ཁག་དང་མཆོད་ཡོན་གྱི་འབྲེལ་བ་བཙུགས། ཐོག་མར་ཡུལ་འདིར་གཞིས་ཆགས་པའི་ཧོར་ནག་བླ་ཁའི་ཧོར་དང་། གཙང་ནས་བྱོན་པའི་རྣལ་འབྱོར་བའི་གཙང་གཉིས་སྦྱར་བས་ཧོར་གཙང་ཞེས་ཡུལ་ཚོའི་མིང་བྱུང་ངོ་། །ལྷ་རྒྱལ་འབུམ་ལ་བུ་བཞི་བྱུང་། ནར་སོན་ཏེ་དུད་ཁྱིམ་བཞིར་གྱེས། སོ་སོས་ཡུལ་རེ་བཟུང་སྟེ་བསྡད་པས་བུ་ཆེ་བ་དཀོན་མཆོག་རྒྱ་ཕྱུག་ཡར་ཐང་གི་དཔོན་པོ་དང་། བུ་གཉིས་པ་ཞ་དཀར་དོན་འགྲུབ་སེང་གེ་གོ་གཉེན་སྡེ་དགུའི་དཔོན་པོ། བུ་གསུམ་པ་སྦྱིན་པ་སེང་གེ་ཧོར་གཙང་གི་དཔོན་པོ། ཆུང་བ་ཆུ་སྔོན་གྱི་དཔོན་པོ་བཅས་སུ་གྱུར། མིང་གོང་མ་ཡུང་ལོ་རྒྱལ་པོའི་ཁྲི་ལོ་བཅུ་པར་ཞ་དཀར་དོན་འགྲུབ་སེང་གེ་ལ་གོང་མ་ཡུང་ལོ་རྒྱལ་པོས་དཔོན་པོའི་ཐོབ་དང་འཇའ་ས། ཐམ་ཀ་བཅས་བསྩལ་བ་དེའི་རྒྱུད་པ་རྣམས་རིམ་བཞིན་ཤོག་བཞིར་དགྱེས་སོ། །

གོ་གཉེན་ཤོག་པ།[རྩོམ་སྒྲིག]

དེར་དཔོན་སྐོར་རྒྱལ་བརྒྱུད། སྟེར་སྟེང་། ཞབས་དཀར། ཚིང་ཅུ། སྒང་ཚང་། བན་དཀར། ཕ་བོང་ནག་རིས། ཞོ་བུ་དགའ་ལྡན་ལ་ཁ། ཞོ་བུ་མཁས་པ་ཚང་བཅས་སྡེ་ཚོ་བཅུ་གཅིག་ཡོད།

འབྲུ་འདྲེན་ཤོག་པ།[རྩོམ་སྒྲིག]

ཡར་ཐང་ཤོག་པ་ཞེས་ཀྱང་ཟེར། དེར་ཡ་ཤུལ་དང་། ཁྱིམ་ཆེན། འགྲོག་རྙིང་། ཐང་དཀར། མ་ཡེ་ཀླད། མར་ཐང་། ཡར་ཐང་དཔོན་ཚང་། ཧོར་སྟེང་ཀླད་བཅས་སྡེ་ཚོ་བརྒྱད་ཡོད།

དཀོན་མཆོག་རྒྱ་ཕྱུག་ཤོག་པ།[རྩོམ་སྒྲིག]

འོ་སེ་ཤོག་པའང་ཟེར། དེར་ཚ་དགེ་སྟག་རིང་དང་། ཚ་མདོ། ཚི་ལུང་། མ་རུ། བསང་ལུང་། ཤིང་ཆེན་ནང་། འོ་སེ། དཀོན་མཆོག་རྒྱ་ཕྱུག་བཅས་སྡེ་ཚོ་བརྒྱད་མངའ། གོང་གི་ཤོག་པ་གསུམ་གྱི་སྡེ་ཚོ་རྣམས་དེང་སང་མར་ཐང་ཞང་གི་ཁོངས་སུ་གཏོགས་སོ། །

མ་ཎི་ཤོག་པ།[རྩོམ་སྒྲིག]

ཆུ་སྔོན་ཤོག་པ་ཞེས་ཀྱང་བྱ། དེར་རྩ་ཐང་ཆེ་ཆུང་། ཆུ་སྔོན་དཔོན་ཚང་། ཡི་གེ་ཐང་། དཔོན་གཡོག རུ་གོང་མའི་སྡེ་གསུམ། རུ་འགབ་མ། ཨོ་འོག སེང་གེ་ཐང་བཅས་སྡེ་ཚོ་བཅུ་གཉིས་ཡོད།