Jump to content

ཧང་ངེ་ལྷ་སྡེ

ཡོང་ཁུངས་Wikipedia

ཧང་ངེ་ནི་ཧང་ངེ་རྫ་ལུང་ཐང་གསུམ་གྱི་སྤྱི་མིང་སྟེ། མདོ་སྨད་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་གནས་ཤིང་། ཧང་ཆུ་བསིལ་མ་ཧང་ངེ་རི་རྒན་གྱི་གཡོན་ལུང་བརྒྱུད་ནས་རྨ་ཀློང་ཕྱུག་མོར་དལ་གྱིས་འབབ་བཞིན་ཡོད། ཡུལ་འདིར་འབྲོག་སྡེ་ཆེན་པོ་མང་བོ་གནས་སྡོད་བྱས་ཡོད། དཔེར་ན། ཤ་བྲང་ཚོ་དྲུག་དང་སྒོ་མེ་སྟོད་མ། ད་དུང་ཧང་ངེ་རྫོང་ཁུངས་སུ་བོང་སྟག་གོང་མ། རྒྱ་བཟའ་དང་ལོ་བ། སྔགས་ས་དང་སྟོད་པ། རྟོགས་ལྡན་སོགས་གང་མང་ཡོད།

དེའི་ཁྲོད་དུ་ཧང་ངེ་ལྷ་སྡེའམ། ཨ་ཚོགས་ལྷ་སྡེ་ནི་ཧང་ངེ་ཐང་ངམ། རྩ྄ི་ཀོར་ཐང་རྟེན་གཞིར་གྱུར་བའི་འབྲོག་སྡེ་ཆེན་པོ་གཅིག་ཡིན་ལ། རྒྱའི་ཡིག་ཚང་ཁག་ཏུ་མཚོ་སྔོན་པོའི་ནང་ལུང་ཤོག་བརྒྱད་ཀྱི་གྲས་སུ་འདུག སྐབས་དེར་ལྷ་སྡེའམ། གོང་བ་ལྷ་སྡེ་གང་རུང་དུ་འབོད།

གནས་འདིར་རྒྱལ་བ་བསོད་ནམས་རྒྱ་མཚོ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་མྱོང་བར་མ་ཟད། རྒྱལ་དབང་ལྔ་བ་ཆེན་མོ་མཆོག་གིས་ཧང་ངེ་སྟོད་ལུང་ཆུ་འགག་ཏུ་བཀའ་ཆོས་ཀྱང་བསྩལ་མྱོང་བས། ཆུ་འགག་བཞུགས་ཁྲི་ནི་གནས་འགངས་ཆེན་ཞིག་དང་། ད་དུང་མདོ་སྨད་རྫོང་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་ཡང་གནས་འདིར་ཡོད།