Jump to content

སློབ་དཔོན་དབྱིག་གཉེན་

ཡོང་ཁུངས་Wikipedia
སློབ་དཔོན་དབྱིག་གཉེན།
འགྲོ་བ་མི།
ཁོངས་གཏོགས།རྒྱན་དྲུག་མཆོག་གཉིས་ རྩོམ་སྒྲིག
ཕོ་མོ།ཕོ། རྩོམ་སྒྲིག
ཕ་སྐད་ཐོག་གི་མིང་།वसुबन्धु, Родич Достатку རྩོམ་སྒྲིག
སྐྱེ་ཚེས།3. century རྩོམ་སྒྲིག
སྐྱེ་ཡུལ།Peshawar, Gupta Empire, Gandhara རྩོམ་སྒྲིག
འདས་ཚེས།4. century རྩོམ་སྒྲིག
མིང་སྲིང་།སློབ་དཔོན་ཐོགས་མེད། རྩོམ་སྒྲིག
སྐད་ཡིགལེགས་སྦྱར་སྐད། རྩོམ་སྒྲིག
འཚོ་ཐབས།མཚན་ཉིད་རིག་པ་བ།, རྩོམ་པ་པོ།, དགེ་སློང།, འགྲེལ་བྱེད་མཁན་པོ།, རྩོམ་པ་པོ། རྩོམ་སྒྲིག
ལས་གནས།Zen Patriarch རྩོམ་སྒྲིག
དགེ་རྒན།པཎ་ཆེན་མི་ཝང་འགའ། རྩོམ་སྒྲིག
སློབ་མ།སློབ་དཔོན་གང་བ་སྤེལ།, སློབ་དཔོན་བློ་གྲོས་བརྟན་པ།, སློབ་དཔོན་ཕྱོགས་གླང་།, དགྲ་བཅོམ་པ་ཆོས་སྐྱོབ།, འཕགས་པ་རྣམ་གྲོལ་སྡེ། རྩོམ་སྒྲིག
ལས་དུས།4. century རྩོམ་སྒྲིག
ཆོས་ལུགས་གྲུབ་མཐའ།ནང་བསྟན།, ཡོ་གའི་སྒོམ་སྒྲུབ་ཉམས་ལེན་སློབ་གྲྭ། རྩོམ་སྒྲིག
ཚབ་མཚོན་བརྩམས་ཆོས།Abhidharmakośa, Vimśatikāvijñaptimātratāsiddhi, སྙིང་གཏམ་སུམ་ཅུ་པ་, Vajracchedikāprajñāpāramitāsūtra Śāstra, Sukhāvatīvyūhopadeśa རྩོམ་སྒྲིག
Subject has roleco-founder, founder རྩོམ་སྒྲིག
པར་སྐྲུན་བདག་དབང་གནས་བབ།copyrights on works have expired རྩོམ་སྒྲིག

སློབ་དཔོན་དབྱིག་གཉེན་(ཕྱི་ལོ་དུས་རབས་ ༤ པར་བྱོན།) ནི་འཕགས་ཡུལ་གྱི་མཁས་པའི་རྒྱན་དྲུག་མཆོག་གཉིས་ཀྱི་ཡ་གྱལ་ཞིག་ཡིན། ཁོང་ནི་སངས་རྒྱས་ཀྱི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཞིག་སྟེ། ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་ལ་མཁས་ཤིང་། ལྷག་པར་དུ་ཆོས་མངོན་པའི་བསྟན་པ་གསལ་བར་མཛད་པས་ "མངོན་པ་གོང་འོག་གི་ཤིང་རྟའི་སྲོལ་འབྱེད་" ཅེས་པའི་མཚན་སྙན་གྱིས་འཛམ་གླིང་ཡོངས་ལ་གྲགས།

༡ རིགས་རྒྱུད་དང་འཁྲུངས་རབས།

[རྩོམ་སྒྲིག]

སློབ་དཔོན་དབྱིག་གཉེན་ནི་རྒྱ་གར་བྱང་ཕྱོགས་པུ་རུ་ཤ་པུ་ར་ (Purushapura) ཞེས་པའི་ཡུལ་དུ་འཁྲུངས། ཁོང་གི་ཡབ་ནི་བྲམ་ཟེའི་རིགས་ (ཡང་ན་རྒྱལ་པོའི་རིགས་) དང་། ཡུམ་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་གཉིས་ཀྱི་སྲས་སུ་འཁྲུངས། ཁོང་ནི་འཕགས་པ་ཐོགས་མེད་དང་ཡུམ་གཅིག་པའི་གཅུང་པོ་ཡིན། དགུང་ལོ་ཆུང་ངུའི་དུས་ནས། ཡུམ་གྱིས་བུ་འདི་ཉིད་བསྟན་པའི་བདག་པོ་ཞིག་ཏུ་འགྱུར་བར་དགོངས་ཏེ། བློ་རྣོ་བའི་ཆོ་ག་དང་ཁྲུས་དང་གཙང་སྤྲ་ལ་གནས་པའི་སྒོ་ནས་བསྐྱེད་བསྲིངས་ཤིང་། ཡི་གེ་དང་། རྩིས། རིག་བྱེད་བཞི་ལ་སོགས་པ་ཐུན་མོང་བའི་རིག་གནས་རྣམས་ལེགས་པར་བསླབས་ཏེ་ཁོང་དུ་ཆུད་པར་བྱས།

༢ རབ་ཏུ་བྱུང་ཞིང་སློབ་གཉེར་མཛད་ཚུལ།

[རྩོམ་སྒྲིག]

དེ་ནས་ཡུམ་གྱིས་སྲས་ལ་ "བུ་ཁྱོད་བསྐྱེད་པ་ནི་རིགས་སྤེལ་བ་སོགས་འཇིག་རྟེན་གྱི་བྱ་བའི་ཆེད་མ་ཡིན་གྱི། རྒྱལ་བའི་བསྟན་པ་སྤེལ་བའི་ཕྱིར་ཡིན་པས་རབ་ཏུ་བྱུང་ལ་སྡེ་སྣོད་གསུམ་ལ་སྦྱངས་ཏེ་རྒྱལ་བའི་བསྟན་པ་དར་བར་གྱིས་ཤིག་" ཅེས་བསྐུལ་མ་མཛད་པ་ལྟར། ན་ལེནྡྲའི་གཙུག་ལག་ཁང་དུ་རབ་ཏུ་བྱུང་ཞིང་། ཐེག་པ་ཆུང་ངུའི་སྡེ་སྣོད་གསུམ་ལ་སྦྱངས་པ་མཐར་ཕྱིན་པར་མཛད། དེ་ནས་ཁ་ཆེའི་ཡུལ་ (Kashmir) དུ་ཕེབས་ནས་མཁས་པ་ཆེན་པོ་འདུལ་བཟང་གི་དྲུང་དུ་བྱེ་བྲག་བཤད་པ་ཆེན་མོ་ (Mahavibhasha) གཞུང་འབུམ་ཕྲག་གཅིག་ཏུ་ལོངས་པ་དེ་ཉིད་ལེགས་པར་སྦྱངས།

ཕྱིས་སུ་རྒྱ་གར་དུ་འབྱོན་པར་བཞེད་པའི་ཚེ། བདུད་སྡིག་ཏོ་ཅན་གྱིས་བསྟན་པ་ལ་གནོད་པའི་བསམ་པས་སློབ་དཔོན་གྱི་ལྷ་རྟེན་དང་གླེགས་བམ་སོགས་ལན་གསུམ་གྱི་བར་དུ་ཕྲོགས་པས། མཐར་སློབ་དཔོན་གྱིས་ཆོས་ཐམས་ཅད་བློ་ལ་བཟུང་བས་སུས་ཀྱང་དབྲོག་མ་ཐུབ་པར་ཕེབས་ཏེ་ན་ལེནྡྲར་བྱོན། དེར་སྡེ་སྣོད་འཛིན་པ་མང་པོར་ཆོས་རྒྱ་ཆེར་སྟོན་ཅིང་བཞུགས་པ་ན། ཐོག་མར་ཁོང་གིས་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་མདོ་ལྔ་བརྒྱ་ཙམ་ཐུགས་ལ་བཟུང་ནས་ལོ་རེར་ཐེངས་རེ་བློ་ཐོག་ནས་ཞལ་འདོན་གནང་བ་ཡིན།

༣ ཐེག་པ་ཆེན་པོར་ཞུགས་ཚུལ།

[རྩོམ་སྒྲིག]

སློབ་དཔོན་འདི་ཉིད་ཐོག་མར་ཐེག་པ་ཆུང་ངུའི་གྲུབ་མཐའ་ལ་བརྟེན་པས་ཐེག་པ་ཆེན་པོར་མ་དད་པར་བཞུགས། གཅེན་འཕགས་པ་ཐོགས་མེད་ཀྱིས་བསྟན་བཅོས་མང་དུ་བརྩམས་པ་གསན་ནས། "ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །" ཞེས་ཐེག་ཆེན་གྱི་ཆོས་ལ་སྐུར་བ་མཛད།

དེ་ནས་གཅེན་ཐོགས་མེད་ཀྱིས་གཅུང་པོ་འདི་ཉིད་ལོག་ལྟ་ལས་བཟློག་པའི་ཕྱིར། སློབ་མ་གཉིས་ལ་ *ས་བཅུ་པའི་མདོ་* དང་ *བློ་གྲོས་མི་བཟད་པས་བསྟན་པའི་མདོ་* གཉིས་བསྐྱོར་དུ་བཅུག་པས། སློབ་དཔོན་དབྱིག་གཉེན་གྱིས་གསན་ནས་ཐེག་པ་ཆེན་པོའི་དོན་ལ་ངེས་པ་རྙེད། སྔར་སྐུར་བ་བཏབ་པ་ལ་འགྱོད་པ་དྲག་པོས་རང་གི་ལྕེ་གཅོད་པར་བརྩམས་པ་ན། སློབ་མ་གཉིས་ཀྱིས་ "ལྕེ་བཅད་པས་ཕན་པ་མེད། དེ་སྒྲིབ་པ་སྦྱང་བའི་ཐབས་གཅེན་ལ་མངའ་བས་དེར་གཤེགས་པར་ཞུ་" ཞེས་བརྗོད་པ་ལྟར། གཅེན་གྱི་སར་བྱོན་ནས་ཉེས་པ་བཤགས་ཤིང་ཐེག་ཆེན་གྱི་ཆོས་རྣམས་རིམ་གྱིས་གསན། དེ་ནས་བཟུང་ཐེག་པ་ཆེན་པོའི་སྡེ་སྣོད་མཐའ་དག་ཐུགས་སུ་ཆུད་པར་མཛད།

༤ མཁས་པའི་མཛད་པ།

[རྩོམ་སྒྲིག]

སློབ་དཔོན་འདི་ཉིད་མང་དུ་ཐོས་པ་ལ་ཟླ་མེད་པ་ཞིག་སྟེ། ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་མདོ་ལྔ་བརྒྱ་དང་ཤོ་ལོ་ཀ་འབུམ་ཕྲག་གསུམ། ཐེག་པ་ཆེན་པོ་ལ་དཀོན་མཆོག་བརྩེགས་པ། འདུས་པ་རིན་པོ་ཆེའི་མདོ། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་སོགས་མདོ་ལྔ་བརྒྱ། གསང་སྔགས་ཀྱི་གཟུངས་རྒྱུད་སྡེ་ལྔ་བརྒྱ་རྣམས་ཐུགས་སུ་ཆུད་དེ། ལོ་རེར་ནང་དུ་ལན་རེ་ཁ་ཏོན་དུ་མཛད། ལྷག་པར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ནི་ཉིན་རེ་བཞིན་ཁ་ཏོན་དུ་མཛད་པས། འཕགས་ཡུལ་གྱི་མཁས་པ་རྣམས་ཀྱིས་ "རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་བདག་ཉིད་ཆེན་པོ་འདི་ལས་མང་དུ་ཐོས་པ་རྒྱ་ཆེ་བ་སུ་ཡང་མེད་དོ་" ཞེས་བསྔགས་བརྗོད་ཀྱི་གཏམ་དུ་གླེང་བར་གྲགས།

༥ སློབ་མའི་སྡེ།

[རྩོམ་སྒྲིག]

སློབ་དཔོན་འདི་བཞུགས་པའི་དུས་སུ་རྒྱ་གར་ཤར་ལྷོ་དབུས་གསུམ་དུ་སློབ་མ་ཐེག་པ་ཆེན་པོའི་དགེ་སློང་ཁྲི་དྲུག་ཙམ་བྱུང་། དེ་དག་གི་ནང་ནས་རང་ལས་མཁས་པའི་སློབ་མ་མཆོག་བཞི་ནི།

  1. སློབ་དཔོན་ཡོན་ཏན་འོད། (འདུལ་བ་ལ་མཁས་པའི་མཆོག)
  2. སློབ་དཔོན་བློ་གྲོས་བརྟན་པ། (མངོན་པ་ལ་མཁས་པའི་མཆོག)
  3. སློབ་དཔོན་ཕྱོགས་ཀྱི་གླང་པོ། (ཚད་མ་ལ་མཁས་པའི་མཆོག)
  4. སློབ་དཔོན་འཕགས་པ་རྣམ་གྲོལ་སྡེ། (ཕར་ཕྱིན་ལ་མཁས་པའི་མཆོག)

བརྩམས་ཆོས་ཀྱི་རྣམ་གྲངས།

[རྩོམ་སྒྲིག]

སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ཧ་ཅང་མང་པོ་ཡོད་ཀྱང་། བོད་ཀྱི་བསྟན་འགྱུར་ནང་བཞུགས་པ་གྲགས་ཆེ་བ་ཁག་ཅིག་ནི།

  1. ཆོས་མངོན་པའི་སྐོར། ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་དང་རང་འགྲེལ།
  2. སེམས་ཙམ་པའི་སྐོར། སུམ་ཅུ་པའི་ཚིག་ལེའུར་བྱས་པ། ཉི་ཤུ་པའི་རང་འགྲེལ། རང་བཞིན་གསུམ་ངེས་པར་བསྟན་པ། ཕུང་པོ་ལྔའི་རབ་བྱེད། ལས་གྲུབ་པའི་རབ་ཏུ་བྱེད་པ།
  3. འགྲེལ་པའི་སྐོར།མདོ་སྡེ་རྒྱན་གྱི་འགྲེལ་པ། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ། ཐེག་བསྡུས་ཀྱི་འགྲེལ་པ། བཟང་སྤྱོད་སྨོན་ལམ་གྱི་འགྲེལ་པ།
  4. གཞན་ཡང་།རྣམ་པར་བཤད་པའི་རིགས་པ། དཀོན་མཆོག་གསུམ་གྱི་བསྟོད་པ། ཚུལ་ཁྲིམས་ཀྱི་གཏམ། ས་བཅུ་བའི་རྣམ་པར་བཤད་པ སོགས་མང་དུ་བཞུགས།

༧ སྐུ་གཤེགས་ཚུལ།

[རྩོམ་སྒྲིག]

སྐུ་ཚེའི་སྨད་དུ་སློབ་མ་མཁས་པ་སྟོང་ཕྲག་ལྔ་ཙམ་ཁྲིད་ནས་བལ་ཡུལ་ (Nepal) དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར། མཐར་དགེ་སློང་ཞིག་གིས་རབ་ཏུ་བྱུང་བའི་ཆས་གྱོན་བཞིན་དུ་ཞིང་རྨོ་བ་གཟིགས་པས། དམ་པའི་ཆོས་ཉམས་པར་དགོངས་ཏེ་ཐུགས་ཕམ་ཆེན་པོས་བལ་ཡུལ་དུ་སྐུ་གཤེགས། དགུང་ལོ་བརྒྱ་ཙམ་བཞུགས་ཤིང་། དེར་སློབ་མ་རྣམས་ཀྱིས་མཆོད་རྟེན་ཡང་བཞེངས།

དཔྱད་གཞིའི་ཡིག་ཆ།

[རྩོམ་སྒྲིག]

1. ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། སྟོད་ཆ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡། ཤོག་ངོས། ༡༣༠།

2. དུང་དཀར་བློ་བཟང་འཕྲིན་ལས། *དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢། ཤོག་ངོས། ༡༥༤༠།

3. ཝི་ཀི་རིག་མཛོད། (Wikipedia) སློབ་དཔོན་དབྱིག་གཉེན་གྱི་ངོ་སྤྲོད།