Jump to content

སློབ་ཆེན་གྱི་འཚོ་བ།

ཡོང་ཁུངས་Wikipedia

སློབ་ཆེན་གྱི་འཚོ་བར་གོམ་པ་དང་པོ་དེ་སྤོས་མ་ཐག་སེམས་ནང་དགའ་བ་དང་འཇིགས་སྣང་ཞིག་གཅིག་བཅར་དུ་བྱུང་།གོང་དུ་ངས་སློབ་གྲོགས་གཞན་པ་རྒྱུད་མེད་པར་བརྟེན་རང་ཉིད་ཁེར་རྐྱང་དུ་གཞན་ཡུལ་ལ་འཚོ་བ་བསྐྱེལ་གྱི་ཡོད་པ་དང་འདྲ་པོ་འདུག སྐབས་དེ་དུས་ཕ་ཡུལ་ལ་འདོད་མེད་ཀྱི་འཚོ་བར་རོལ་བའི་འཚོར་སྣང་དེ་ཚོ་བྱུང་དུས་ད་ལྟ་ཉིད་དུ་ཕ་ཡུལ་དུ་ལོག་རྒྱུ་བྱུང་ན་སྙམ་པའི་རེ་བ་བཅངས།ཡང་སྐབས་འགར་མལ་ཁྲིའི་སྟེང་ཉལ་ནས་མནོ་བསམ་རེ་གཏོང་དུས་ད་ཆ་རང་ཉིད་ནི་སོ་སོའི་མི་ཚེའི་འོད་ཟེར་གྱི་ཆེད་དུ་དཀའ་ལས་བརྒྱབ་པ་ཡིན་བསམ་པའི་སྣང་བ་ཕྲན་ཙམ་ཡོད།དེ་དུས་ཀྱི་ང་རང་ནི་བསམ་བློ་རྗེས་ལུས་ཐེབས་པའི་སློབ་མ་ཞིག་ཡིན།ཡིན་ཀྱང་ང་ལ་དུས་རབས་ཀྱི་ཕོ་ཉས་རྟག་པར་ཨུ་ཚུགས་ཀྱིས་བྱེད་མི་འདོད་པའི་ལས་ཐ་དག་བྱེད་དུ་བཅུག ཟ་མི་འདོད་པའི་ཟས་ཐ་དག་ཟ་རུ་བཅུག ལྟ་མི་འདོད་པའི་གནས་ཚུལ་ཐ་དག་ལྟ་རུ་བཅུག ཐ་ན་དུས་ཀྱི་ཕོ་ཉས་ངས་དེ་ཚོ་དང་ལེན་ཐུབ་པའི་ཆེད་དུ་ང་ལ་སྙིང་སྟོབས་ཀྱང་ཤུགས་ཆེན་སྤྲད། ཉི་མ་གཅིག་སོང་གཉིས་སོང་། ཟླ་བ་གཅིག་སོང་གཉིས་སོང་། ད་ཆ་ལོ་ཡི་བང་རིམ་དེ་ཡང་ངའི་སློབ་ཆེན་གྱི་འཚོ་བའི་དཀྱིལ་ཙམ་དུ་སླེབས་དུས་ངའི་སེམས་ཀྱིས་དེ་དག་ཡོངས་སུ་དང་ལེན་བྱས་ནས་གཞོན་ནུའི་དུས་སྐབས་དེ་སྤྲོ་སྣང་གི་འཇིག་རྟེན་དུ་ཁ་ཕྱོགས་སྒོ་བརྩམས་སོང་། ང་དང་ང་འདྲ་བའི་གཞོན་ནུ་མང་ཆེ་བ་སྤྲིན་པའི་སྟེང་དུ་བཞོན་ནས་བསྡད་ཡོད་པ་ལྟ་བུའི་སྤྲོ་སྣང་གིས་རང་ཉིད་ཀྱི་རྩ་བའི་དམིགས་ཡུལ་ཡོངས་སུ་གཏིང་རྗེས་སུ་བཏང་། འགའ་རེ་བརྩེ་དུང་གི་བཞག་པས་དམ་པོར་བཅིངས་ནས་ལུས། འགའ་རེ་ནི་ཆང་རག་གིས་བཟི་ནས་ཉིན་མཚན་དབྱེ་བ་ཆོད་རྒྱུ་མེད། འགའ་རེ་ནི་དྲ་ཐོག་གི་རོལ་རྩེད་འཇོག་རྟེན་དུ་རང་ཉིད་ཡོངས་སུ་འཐིམས་ནས་ཕྱིར་ཐོན་པའི་སྒོ་མ་བརྙེད་པར་ལུས།

ད་ཆ་ངས་ཕྱིར་བསམ་ཞིག་གཏོང་དུས་དུས་རབས་ཀྱིས་ཕོ་ཉས་ང་ལ་གནད་དོན་གཅིག་གི་ཐད་ལ་ཨུ་ཚུགས་རྩ་བ་ནས་བརྒྱབ་མ་བྱུང་། མ་གཞི་ཡིན་སྲིད་བྱེད་ཚུལ་དེ་འདྲ་ཡང་དག་པ་ཞིག་ཡིན་སྲིད། དེང་སང་འཛམ་གླིང་དར་རྒྱས་ཆེ་བའི་དུས་རབས་དེ་ཡིན་ཙང་། དོན་དག་གང་འདྲ་ཞིག་འགྲུབ་དགོས་རུང་། ཚང་མ་གཟི་བརྗིད་ཁོག་སྟོང་གི་ངོ་བོ་ཤ་སྟག་ཡིན་སྟབས། དུས་རབས་ཀྱི་ཕོ་ཉས་བྱས་པའི་ལས་དེ་ཡང་དག་པ་ཞིག་ཡིན་སྲིད།