སྲིབ་ཁྲི་བཙན་པོ།
སྲིབ་ཁྲི་བཙན་པོ་ནི་བོད་ཀྱི་བཙན་པོ་ཞིག་རེད། (དྲི་གུམ་བཙན་པོ་ཞེས་པའང་སྣང)བོད་རྒྱལ་བརྒྱད་པ། བར་རམ་སྟོད་ཀྱི་སྟེང་གཉིས་ཀྱི་ཡ་གྱལ། ཡོངས་གྲགས་ཀྱི་རྒྱལ་རབས་ཆོས་འབྱུང་མང་ཆེ་བའི་ནང་འདི་ཉིད་ཡབ་སྲིབ་ཁྲི་བཙན་པོ་དང་ཡུམ་ས་བཙུན་རླུང་རྗེའི་སྲས་ཡིན་ཞེས་འཁོད་རུང༌། ལོ་རྒྱུས་ཡིག་ཚང་འགར་འདི་ཉིད་ཡཱབ་ཁྲི་སྤེ་བཙན་པོ་དང་ཡུམ་སྨན་ཁྲི་ཕྱུག་མོ་གཉིས་ཀྱི་སྲས་དང༌། གནམ་གྱི་ཁྲི་བདུན་གྱི་ཐ་མ་ཡིན་པར་གསུངས། འདི་ཉིད་ཐོག་མར་འཁྲུངས་སྐབས་མ་མས་མཚན་འདོགས་ཉེས་ཤོར་ཏེ་གྲི་གུམ་བཙན་པོ་ཞེས་བཏགས་པས་ནར་སོན་སྐབས་ཐུགས་ལ་གདོན་འདྲེ་ཞུགས་ཤིང་ཐུགས་རྒྱལ་དང་ཁེངས་དྲེགས་གནོན་མ་ཐུབ་པར་ཡབ་འབངས་ཕ་ཚན་དགུ་དང༌། ཡུམ་འབངས་རུས་ཚན་གསུམ་ཀུན་ལ་བཙན་བཤེད་ཀྱིས་ངའི་དགྲ་ཟླར་ལངས་ཏེ་འཐབ་ཕོད་པ་སུ་ཡོད་ཅེས་བཀའ་ཕབ། ལོ་ངམ་རྟ་རྫི་བྱ་བས་འཐབ་མི་ཕོད་ཅེས་ཇི་ལྟར་གསོལ་ཡང་མ་གསན་པར་མཐར་ལོ་ངམ་རྟ་རྫིས་ཐབས་ལ་བརྟེན་ནས་བཙན་པོ་བཀྲོངས་པ་དང༌། སྤུར་ཟངས་ཆེན་ཁ་སྦྱོར་གྱི་ནང་དུ་བཅུག་སྟེ་གཙང་ཆུའི་གཞུང་ལ་བསྐྱུར་བ་ཀོང་པོར་ཐོན་ཏེ་དེར་བང་སོ་བརྩིགས་པ་དེ་བང་སོའི་ཐོག་མ་ཡིན། བོན་གྱི་ལོ་རྒྱུས་ནང་དེ་སྐབས་བཙན་པོའི་གོང་དུ་སྐུ་གཤེན་ཆེ་བའི་སྲོལ་ཆགས་པར་བརྟེན་བློན་པོ་ལི་བཙན་བཤེར་སོགས་ཀྱིས་ཡང་ཡང་གསོལ་བ་ལྟར་བཙན་པོ་འདིས་སྐུ་སྲུང་བའི་བོན་ཙམ་ལས་གཤེན་པོ་ཐམས་ཅད་མཐའ་ལ་སྤྱུགས་ནས་བོན་བསྣུབས་ཚུལ་འཁོད་ཡོད། རྒྱལ་པོ་འདིའི་སྐུ་དུས་སུ་གོ་ཁྲབ་རལ་གྲི་ཐོག་མར་དར་ཞེས་གྲགས། སྐུ་གཤེན་ཅོའུ་ཚེམས་དཀར་གྱིས་བྱས། གསས་མཁར་ས་ལེ་བྱེལ་ཚང་བཞེངས། གླུ་སྲིང(ཀླུ་བཙན་ཞེས་པའང་སྣང)མེར་ལྕམ་མམ་དབལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས་པར་སྲས་ཤ་ཁྲི(གཅེན་པོ་ཤ་ཁྲིས་ཀོང་པོའི་རྒྱལ་པོ་མཛད)བྱ་ཁྲི(འབྲིང་པོ་བྱ་ཁྲིས་སྤུ་བོའི་རྒྱལ་པོ་མཛད་དེ་ཡར་ལུང་དུ་གདན་དྲངས་ཏེ་སྤུ་དེ་གུང་རྒྱལ་ཞེས་མཚན་གསོལ)ཉ་ཁྲི(གཅུང་པོ་ཉ་ཁྲིས་ཉང་པོའི་རྒྱལ་པོ་མཛད)སྲིང་མོ་གཅིག་བཅས་ལྕམ་སྲིང་བཞི་འཁྲུངས་ཞེས་དང༌། གཞན་ཡང་སྲས་ཉ་ཁྱི་དང་ཤ་ཁྱི་གཉིས་འཁྲུངས་ཞེས་གསུང་ཚུལ་མི་འདྲ་བའང་མཆིས། དེ་ལས་ཅུང་རྒྱས་ཙམ་གཟིགས་པར་འདོད་ན་<<བོད་ལྗོངས་ཞིབ་འཇུག>> ༡༩༨༥ ལོའི་དུས་དེབ་ཨང་བཞི་པར་གཟིགས། དུང་དཀར་ཚིག་མཛོད་ལས་བཤུས།