སྲིད་པ་བར་དོའི་ངོ་སྤྲོད་གསལ་འདེབས་ཐོས་གྲོལ་ཆེན་མོ་

ཡོང་ཁུངས་Wikipedia
Jump to navigation Jump to search

༁ྃ༔ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ སྲིད་པ་བར་དོའི་ངོ་སྤྲོད་གསལ་འདེབས་ཐོས་གྲོལ་ཆེན་མོ་བཞུགས་སོ༔ བླ་མ་ཡི་དམ་ལྷ་ཚོགས་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ བར་དོ་གྲོལ་བར་མཛད་དུ་གསོལ༔ བར་དོ་ཐོས་གྲོལ་ཆེན་མོ་ལས༔ ཆོས་ཉིད་བར་དོ་གོང་དུ་བསྟན༔འདི་ནས་སྲིད་པ་བར་དོ་ཡི༔ གསལ་འདེབས་བྱ་བ་འདི་སྐད་དོ༔ དེའང་གོང་དུ་ཆོས་ཉིད་བར་དོའི་གསལ་འདེབས་མང་དུ་བྱས་ཀྱང་༔ ཆོས་ཀྱི་གོམས་འདྲིས་ཆེ་བ་དང་༔ ལས་འཕྲོ་བཟང་བ་མ་གཏོགས་པ༔ གོམས་འདྲིས་མེད་པ་དང་༔ སྡིག་ཅན་རྣམས་ལ་ནི་འཇིགས་སྐྲག་དང་༔ལས་ངན་གྱིས་དབང་གིས༔ ངོ་འཕྲོད་པར་དཀའ་བས༔ ཞག་བཅུ་མན་ཆད་དུ་སླེབ་ནས༔ ཡང་འདི་སྐད་གསལ་འདེབས་པར་བྱ་སྟེ༔ དཀོན་མཆོག་ལ་མཆོད་པ་འབུལ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདའ་སྦྲན་ལ་སྨོན་ལམ་བཏབ༔ དེ་ནས་ཡང་༔ ཚེ་འདས་ཀྱི་མིང་ནས་ལན་གསུམ་མམ༔ བདུན་དུ་འབོད་ལ་འདི་སྐད་བརྗོད་དོ༔ཀྱཻ་རིགས་ཀྱི་བུ༔ ཁྱོད་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག༔ དམྱལ་བ་དང་༔ལྷ་དང་༔ བར་དོའི་ལུས་ནི་བ རྫུས་སྐྱེས་སུ་འབྱུང་བ་ཡིན་ནོ༔ དེའང་ཁྱོད་ཆོས་ཉིད་ཀྱི་བར་དོ་ལ་ཞི་ཁྲོའི་སྣང་བ་ཤར་དུས་སུ༔ རང་ངོ་མ་ཤེས་པས་ཞག་ཕྱེད་དང་ལྔ་སོང་བ་དང་༔ སྐྲག་པས་བརྒྱལ་འགྲོ་སྟེ༔ བརྒྱལ་སངས་ཙ་ན་ཤེས་པ་ཇེ་གསལ་དུ་སོང་སྟེ༔ ལུས་སྔ་མ་ལྟ་བུ་ཞིག་དཀྲོང་ངེ་སྐྱེའོ༔ དེའང་རྒྱུད་ལས༔ སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན༔ དབང་པོ་ཀུན་ཚང་ཐོགས་མེད་རྒྱུ༔ ལུས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན༔ རིགས་མཐུན་ལྷ་མིག་དག་པས་མཐོང་༔ ཞེས་གསུངས་པས༔དེའང་སྔོན་འབྱུང་ཞེས་པ་ནི༔ ཁྱེད་སྔ་མའི་བག་ཆགས་ཀྱི་ལུས་ཤ་ཁྲག་གི་ཇི་ལྟ་བ་བཞིན་ཅིག་འོང་སྟེ༔ དེའང་བསྐལ་པ་བཟང་པོའི་ལུས་བཞིན༔ མཚན་དཔེ་ཅུང་ཟད་དང་འོད་ཡོད་པ༔ ཡིད་ལུས་ཀྱི་སྣང་བ་ཡིན་པས༔ བར་དོའི་སྣང་བ་ཡིད་ཀྱི་ལུས་དེའི་དུས་སུ་ལྷར་སྐྱེས་ན་ནི༔ ལྷ་ཡུལ་གྱི་སྣང་བ་འབྱུང་༔ ལྷ་མིན་དང་༔ མི་དང་༔དུད་འགྲོ་དང་༔ ཡི་དྭགས་དང་༔ དམྱལ་བ་དང་༔ གང་དུ་སྐྱེ་བ་དེ་ཉིད་ཀྱི་སྣང་བ་ཁྱོད་ལ་འབྱུང་བ་ཡིན་ནོ༔ དེའི་ཕྱིར་ན༔ སྔོན་ཞེས་བྱ་བ་ནི༔ ཞག་ཕྱེད་དང་བཞི་ཚུན་ཆད་སྔ་མའི་བག་ཆགས༔ སྲིད་པའི་ཤ་གཟུགས་ཡོད་པ་སྙམ་བྱེད་ལ༔ འབྱུང་ཞེས་བྱ་བ་ནི༔ དེ་ཕྱིན་ཆད་ཕྱི་མའི་གནས་གང་དུ་སྐྱེ་བའི་སྣང་བ་འབྱུང་བས་ན༔ སྔོན་འབྱུང་ཞེས་བྱ་བ་ཡིན་ནོ༔ དེ་ཙ་ན་སྣང་བ་གང་བྱུང་བ་དེའི་རྗེས་སུ་མ་འབྲངས་ཤིག༔ མ་ཆགས་ཤིག༔ མ་ཞེན་ཅིག༔ ཞེན་ཅིང་ཆགས་ན་ནི༔ ཁྱོད་རིགས་དྲུག་ཏུ་འཁྱམས་ཤིང་སྡུག་བསྔལ་བར་འགྱུར་བས༔ ཁར་ཙང་ཕན་ཆད་ཆོས་ཉིད་བར་དོ་ཤར་ཡང་༔ངོས་མ་ཟིན་པས༔ འདིར་འཁྱམས་དགོས་བྱུང་བ་ཡིན་ནོ༔ད་ནི་མ་ཡེངས་པར་ཁྱོད་རང་ངོ་བོ་སྐྱོང་རྒྱུ་ཡོད་ན་ནི༔ བླ་མས་ངོ་སྤྲོད་པའི་རིག་པ་འོད་གསལ་སྟོང་སེང་ངེ་བ༔ རྗེན་ནེ་ཅེར་རེ་བ་དེའི་ཐོག་ཏུ་འཛིན་མེད་བྱར་མེད་དུ་ལྷོད་ལ་ཞོག་ཅིག༔ མངལ་སྒོ་མི་འགྲིམ་པར་ཐར་པ་ཐོབ་པོ༔ ཁྱོད་རང་གི་རང་ངོ་མ་ཤེས་ན་ནི༔ ཡི་དམ་གང་ཡིན་པའམ༔ ཁྱོད་རང་གི་བླ་མ་སྤྱི་བོར་བསྒོམ་ལ༔ མོས་གུས་དྲག་པོ་དུང་དུང་གྱིས་ཤིག༔ གལ་ཆེའོ༔ མ་ཡེངས་ཤིག༔ ཅེས་བརྗོད་དོ༔ དེ་ལ་ངོས་ཟིན་ན་རིགས་དྲུག་ཏུ་མི་འཁྱམས་པར་གྲོལ་ཏེ༔ ཡང་ལས་ངན་གྱི་དབང་གིས་ངོས་ཟིན་པར་དཀའ་བས༔ ཡང་འདི་སྐད་བརྗོད་དོ༔ཀྱཻ་རིགས་ཀྱི་བུ༔ ཡང་མ་ཡེངས་པར་ཉོན་ཅིག༔ དེའང་དབང་པོ་ཀུན་ཚང་ཐོགས་མེད་རྒྱུ༔ ཞེས་བྱ་བ་ཁྱོད་གསོན་པོའི་དུས་ན༔ མིག་ལོང་བ་དང་༔ འོན་པ་དང་༔ ཞ་བ་ལ་སོགས་པ་ཡོད་ཀྱང་༔ ད་ལྟ་བར་དོར་མིག་གིས་གཟུགས་གསལ༔ རྣ་བས་སྒྲ་ཐོས་པ་ལ་སོགས་པ༔ དབང་པོ་ལ་སྐྱོན་མེད་པར་གསལ་ཞིང་༔ ཚང་བར་འོང་བས༔ དེའི་ཕྱིར་དབང་པོ་ཀུན་ཚང་ཞེས་གསུངས་པས༔ ཁྱོད་རང་ཤི་ནས་བར་དོ་འཁྱམས་པའི་རྟགས་ཡིན་པས༔ ངོ་ཤེས་པར་གྱིས་ཤིག༔ གདམས་ངག་དྲན་པར་གྱིས་ཤིག༔ཀྱཻ་རིགས་ཀྱི་བུ༔ ཐོགས་མེད་ལྡན་ཞེས་བྱ་བ༔ ཁྱོད་ཡིད་ཀྱི་ལུས་ཡིན་ཏེ༔ རིག་པ་རྟེན་དང་བྲལ་བས༔ གདོས་བཅས་ཀྱི་ལུས་མེད་དེ༔ དེའི་ཕྱིར་རི་རབ་དང་༔ ཁང་ཁྱིམ་དང་ས་རྡོ་ལ་སོགས་རི་བྲག་ཐམས་ཅད་ལ་ཐོགས་པ་མེད་པར་ཟང་ཐལ་དུ་འགྲོ་ནུས་པ་ཞིག་ད་ལྟར་ཁྱོད་ལ་ཡོད་དོ༔ འོན་ཀྱང་མའི་མངལ་དང་༔ རྡོ་རྗེ་གདན་མ་གཏོགས་པའི་རིའི་རྒྱལ་པོ་རི་རབ་ལའང་ཕར་ཐལ་ཚུར་ཐལ་དུ་འགྲོ་བ་ཞིག་ད་ལྟར་ཁྱོད་ལ་ཡོད་དོ༔ དེའང་ཁྱོད་སྲིད་པ་བར་དོར་འཁྱམས་པའི་རྟགས་ཡིན་པས་༔ བླ་མའི་གདམས་ངག་དྲན་པར་གྱིས་ཤིག༔ ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག༔ ཀྱཻ་རིགས་ཀྱི་བུ༔ ལུས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན༔ ཞེས་བྱ་བ་ནི༔ ཁྱོད་ལ་ད་ལྟར་ཡོན་ཏན་ནམ༔ ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གང་ཡང་མ་ཡིན་པ༔ ལས་ཀྱི་ཤུགས་ལས་བྱུང་བའི་རྫུ་འཕྲུལ་ལས་དང་མཐུན་པའི༔ སྐད་ཅིག་ཙམ་ལ་གླིང་བཞི་རི་རབ་དང་བཅས་པ་འཁོར་ནས༔ གང་འདོད་པའི་ཡུལ་དེ་དྲན་པ་ཙམ་གྱིས༔ སྐད་ཅིག་མ་དེ་ཉིད་ལ་སླེབ་ཟིན་པ་དང་༔ སྐྱེས་བུའི་ལག་པ་བརྐྱངས་བསྐུམ་ཙམ་དུ་སླེབ་པའི་ཤུགས་ཡོད་པས༔ རྫུ་འཕྲུལ་ཡ་མ་ཟུང་རྣམ་པ་སྣ་ཚོགས་པ་མ་དྲན་ན་མ་དྲན༔དྲན་པ་ཐམས་ཅད་ལ་འདི་དང་འདི་སྟོན་ནུས་དང་མི་ནུས་བྱ་བ་མེད་དེ༔ ཐོགས་པ་མེད་པར་སྟོན་ནུས་པ་ཞིག་ད་ལྟར་ཁྱོད་ལ་ཡོད་པས༔ ངོས་ཤེས་པར་གྱིས་ལ༔ བླ་མ་ལ་གསོལ་བ་ཐོབ་ཅིག༔ ཀྱཻ་རིགས་ཀྱི་བུ༔ རིགས་མཐུན་ལྷ་མིག་དག་པས་མཐོང་༔ཞེས་བྱ་བ༔ རིགས་མཐུན་ཞེས་པ་ནི༔ བར་དོར་སྐྱེ་བ་རིགས་མཐུན་པའི་ནང་ཚུན་རྣམས༔ གཅིག་གིས་གཅིག་མཐོང་བ་འོང་ངོ་༔ དེའང་ལྷར་སྐྱེ་བའི་རིགས་མཐུན་པ་ཡོད་ན ༔ གཅིག་གིས་གཅིག་མཐོང་ངོ་༔ དེ་བཞིན་དུ་རིགས་དྲུག་གང་དུ་སྐྱེ་བའི་རིགས་མཐུན་རྣམས༔ གཅིག་གིས་གཅིག་མཐོང་ནས་འོང་བས༔ དེ་ལ་མ་ཞེན་པར་ཐུགས་རྗེ་ཆེན་པོ་སྒོམས་ཤིག༔ དེའང་ལྷ་མིག་དག་པས་མཐོང་ཞེས་བྱ་བ་ནི༔ ལྷ་ལ་སོགས་པའི་བསོད་ནམས་ཀྱི་མཐུ་ལས་གྲུབ་པ་མ་ཡིན་ཏེ༔ བསམ་གཏན་ཡང་དག་པར་བསྒོམས་པའི་ལྷའི་མིག་རྣམ་པར་དག་པས་མཐོང་བའང་ཡོད་དོ༔ དེའང་དུས་ཐམས་ཅད་དུ་མཐོང་བ་མ་ཡིན་ཏེ༔ ལྟ་བའི་འདུན་པ་བཏང་ནས་མཐོང་ལ་མ་བཏང་ན་མི་མཐོང་སྟེ༔ བསམ་གཏན་གྱིས་ཡེངས་འགྲོ་བའང་ཡོད་དོ༔ ཀྱཻ་རིགས་ཀྱི་བུ༔དེ་འདྲའི་ལུས་ཅན་ཏེ༔ ཡུལ་དང་ཉེ་དུ་འབྲེལ་བ་རྣམས་དང་༔ རྨི་ལམ་དུ་འཕྲད་པ་ལྟ་བུ་འབྱུང་སྟེ༔ ཁྱོད་ཀྱིས་ཉེ་བ་དང་༔ འབྲེལ་བ་ཚོ་ལ་གཏམ་སྨྲས་ཀྱང་༔ གཏམ་ལན་མི་འོང་བ་དང་༔ ཉེ་བ་དང་གཟའ་ཚང་ངུ་བ་མཐོང་བས༔ ད་ང་ཤི་ནས་འདུག་པས་ཇི་ལྟར་བྱ་སྙམ་ནས༔ སྡུག་བསྔལ་དྲག་པོ་ཉ་བྱེ་ཚན་ལ་བསྒྲེས་པ་ལྟ་བུའི་སྡུག་བསྔལ་ཅིག་ཁྱོད་ལ་ད་ལྟར་ཡོད་པས་ད་ཁྱོད་རང་སྡུག་བསྔལ་བྱས་ཀྱང་ཕན་པ་མེད་དོ༔ ཁྱེད་རང་གི་བླ་མ་ལ་གསོལ་བ་ཐོབ་ཅིག༔ ཡི་དམ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག༔ ཁྱོད་ཉེ་འབྲེལ་ལ་ཆགས་ཀྱང་ཕན་པ་མེད་པས་མ་ཆགས་ཤིག༔ ཁྱོད་རང་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག༔ སྡུག་བསྔལ་དང་སྔངས་སྐྲག་མི་འོང་ངོ་༔ ཀྱཻ་རིགས་ཀྱི་བུ༔ ཁྱོད་གཡོ་བ་ལས་ཀྱི་རླུང་གིས་ནི་བསྡད་པའི་དབང་མེད་པར་རིག་པ་རྟེན་མེད་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟ་བུ༔ དབུགས་ཀྱི་རྟ་ལ་ཞོན་ནས༔ཕྱད་ཕྱོད་ལང་ལོང་དུ་འགྲོ་ཞིང་༔ ངུ་བ་ཀུན་ལ་ང་འདི་ན་ཡོད་པས་མ་ངུ་ཅིག་བྱས་པས༔ དེ་ཁོང་ཚོས་མ་ཐོས་པས༔ ཡང་ང་ཤི་ནས་འདུག་སྙམ་ནས༔ སྡུག་བསྔལ་ཤིན་ཏུ་ཆེ་བ་ཅིག་ད་ལྟར་ཁྱོད་ལ་ཡོད་པས༔ ཁྱོད་དེ་ལྟ་བུའི་སྡུག་བསྔལ་མ་བྱེད་ཅིག༔ཉིན་མཚན་མེད་པར་སྟོན་ནམ་སྐྱ་འོད་ལྟ་བུ་སྐྱ་ཐོམ་མེ་བ་ཞིག་རྒྱུན་དུ་འོང་ངོ་༔ དེ་ལྟ་བུའི་བར་དོ་ལ་ཞག་བདུན་ཕྲག་གཅིག་གམ༔ གཉིས་སམ༔ གསུམ་མམ༔ བཞིའམ༔ ལྔའམ༔ དྲུག་གམ༔ བདུན་ཕྲག་བདུན་ལ་སོགས་པ༔ ཞག་བཞི་བཅུ་ཞེ་དགུའི་བར་དུ་འོང་བའང་ཡོད་དོ༔ ཕལ་ཆེར་ནི་སྲིད་པ་བར་དོར་སྡུག་བསྔལ་བ༔ ཞག་ཉི་ཤུ་རྩ་གཅིག་འོང་གསུངས་ཏེ༔ ལས་ཀྱི་དབང་གིས་གཅིག་ཏུ་མ་ངེས་སོ༔ ཀྱཻ་རིགས་ཀྱི་བུ༔ དུས་དེ་ཙ་ན༔ ལས་ཀྱི་རླུང་དམར་ཆེན་པོ༔ ཤིན་ཏུ་འཇིགས་ཤིང་མི་བཟོད་པ་དྲག་ཏུ་ཚུབ་པས༔ རྒྱབ་ནས་ཕུལ་དུ་འོང་ངོ་༔ དེ་ལ་མ་འཇིགས་ཤིག༔ ཁྱོད་རང་གི་འཁྲུལ་སྣང་ཡིན་ནོ༔ ཤིན་ཏུ་འཇིགས་པའི་མུན་ནག་ཆེན་པོ༔རབ་ཏུ་མི་བཟོད་པས༔ མདུན་ནས་བསུ་ཞིང་༔ རྒྱོབ་ཅིག༔ སོད་ཅིག༔ ཅེས་པའི་ཀུ་སྒྲ་སྣ་ཚོགས་ཀྱིས་ཤིན་ཏུ་འཇིགས་པ་འོང་སྟེ་དེ་རྣམས་ཁྱོད་མ་འཇིགས་གཞན་ཡང་སྡིག་པོ་ཆེ་རྣམས་ལ་ནི་ལས་ཀྱི་ཤ་ཟ་སྲིན་པོ་མཚོན་ཆ་སྣ་ཚོགས་ཐོགས་པ་མང་པོས༔སོད་སོད༔ རྒྱོབ་རྒྱོབ་ལ་སོགས་པའི་ཀུ་སྒྲ་ཏི་རི་རི་ཧབ་ཤ་བྱེད་དུ་འོང་ངོ་༔ གཅན་གཟན་འཇིགས་སུ་རུང་བ་སྣ་ཚོགས་པས་དེད་པའི་སྣང་བ་འོང་ངོ་༔ ཁ་ཆར་དང་བུ་ཡུག་དང་༔ མུན་ནག་དང་༔ མི་མང་པོས་དེད་པའི་སྣང་བ་འབྱུང་ངོ་༔ རི་ཉིལ་བའི་སྒྲ་དང་༔ མཚོ་ལུད་པའི་སྒྲ་དང་༔ མེ་མཆེད་པའི་སྒྲ་དང་༔ རླུང་ཆེན་པོ་ལྡང་བའི་སྒྲ་འབྱུང་སྟེ༔ དེ་རྣམས་ལ་ཞེད་ནས་གར་བབ་བབས་སུ་བྲོས་པས༔ མདུན་དུ་གཡང་ས་གསུམ་གྱིས་ཆོད་དེ༔ དཀར་བོ༔ དམར་པོ༔ ནག་པོ་གཏིང་རིང་བ་ཉམ་ང་བ་གསུམ་ལ་བྲུལ་ལ་ཁད་ཁད་པ་འབྱུང་ངོ་༔ ཀྱཻ་རིགས་ཀྱི་བུ༔ དེའང་ཡང་དག་པར་ན་གཡང་ས་མ་ཡིན་ཏེ༔ ཞེ་སྡང་དང་༔ འདོད་ཆགས་དང་༔ གཏི་མུག་གསུམ་ཡིན་ནོ༔ དེའི་ཚེ་སྲིད་པ་བར་དོ་ཡིན་པར་ངོ་ཤེས་པར་གྱིས་ལ་ཐུགས་རྗེ་ཆེན་པོའི་མཚན་ནས་བརྗོད་ཅིག༔ ཇོ་བོ་ཐུགས་རྗེ་ཆེན་པོ་བླ་མ་དཀོན་མཆོག་ལ༔ བདག་མིང་འདི་ཞེས་བྱ་བ་ངན་སོང་གསུམ་དུ་མ་བཏང་ཤིག་གྱིས་ལ་གསོལ་བ་དྲག་ཏུ་ཐོབ་ཅིག༔ མ་བརྗེད་པར་གྱིས་ཤིག༔གཞན་ཡང་ཚོགས་བསགས་ཤིང་ཆོས་གཤའ་མར་བྱས་པ་རྣམས་ལ་ནི༔ ལོངས་སྤྱོད་ཕུན་སུམ་ཚོགས་པ་སྣ་ཚོགས་ཀྱིས་བསུས་ནས༔ བདེ་སྐྱིད་ཕུན་སུམ་ཚོགས་པ་རྣམ་པ་སྣ་ཚོགས་པ་ཉམས་སུ་མྱོང་བར་འགྱུར་རོ༔ དགེ་སྡུག་གང་ཡང་མ་བྱས་པའི་གཏི་མུག་བཏང་སྙོམས་པ་རྣམས་ལ་ནི༔ བདེ་སྡུག་གང་ཡང་མི་མྱོང་ཞིང་༔ གཏི་མུག་བཏང་སྙོམས་འབའ་ཞིག་འཆར་བར་འགྱུར་རོ༔ དེ་ལྟར་གང་བྱུང་ཡང་༔ ཀྱཻ་རིགས་ཀྱི་བུ༔ ཁྱོད་ལ་འདོད་ཡོན་དང་བདེ་སྐྱིད་ཇི་ལྟར་བྱུང་ཡང་དེ་ལ་མ་ཆགས་ཅིག༔ མ་ཞེན་ཅིག༔ བླ་མ་དཀོན་མཆོག་མཆོད་ཅིག་སྙམ་དུ་སོམས༔ ཆགས་ཞེན་སྤོངས་ཤིག༔ སྐྱིད་སྡུག་གི་སྣང་བ་མེད་པར་བཏང་སྙོམས་ཀྱི་སྣང་བ་ཤར་ནས་བྱུང་ཡང་༔ རིག་པ་བ སྒོམ་མེད་ཡེངས་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་ཞོག་ཅིག༔ དེ་གལ་ཆེའོ༔ ཀྱཻ་རིགས་ཀྱི་བུ༔ དུས་དེ་ཙམ་ན༔ ཟམ་སྡུར་དང་༔ ལྷ་ཁང་དང་༔ རྩ་སྤྱིལ༔མཆོད་རྟེན་ལ་སོགས་པ་ལ་ཡུད་ཙམ་རེ་བརྟེན་ཏེ༔ ཡང་ཡུན་རིང་པོར་མི་ཆགས་ཏེ༔རིག་པ་ལུས་དང་བྲལ་བའི་དབང་གིས༔ སྡོད་མི་ཚུགས་པར༔ བག་གྲང་ཞིང་ཚིག་པ་ཟ༔ སྐྱི་ཟིང་ཟིང་བྱེད༔ ཤེས་པ་བན་བུན་ཕྱད་ཕྱོད༔ ཡད་ཡུད་བྱེད་པ་འོང་ངོ་༔ དེའི་དུས་སུ་བསམ་བློ་གཅིག་བཏང་བས༔ ཨ་བ་ང་ཤི་བ་ཡིན་པར་འདུག་པས་ད་ཅི་ཚུག་བྱེད་སྙམ་པའི་ཤེས་པ་སྐྱེ་ཞིང་༔ སྙིང་གྲང་ལྷང་གིས་འགྲོ༔ སྡུག་བསྔལ་དྲག་པོ་དཔག་ཏུ་མེད་པ་འོང་ངོ་༔ ས་གཅིག་ཏུ་མི་ཆགས་པར་འགྲོ་དགོས་པས༔ ཡིད་ཀྱི་དྲན་པ་སྣ་ཚོགས་པ་མ་བྱེད་པར༔ རིག་པ་རྣལ་དུ་ཕོབ་ཅིག༔ ཁྱོད་ལ་ཟས་ཀྱང་བསྔོས་པ་མ་གཏོགས་ཟར་མེད་ཅིང་༔ གྲོགས་ལའང་ངེས་པ་མེད་པའི་དུས་འབྱུང་ངོ་༔ དེ་སྲིད་པ་བར་དོར་ཡིད་ལུས་འཁྱམས་པའི་རྟགས་ཡིན་ནོ༔ དེ་ཙ་ན་སྐྱིད་སྡུག་ཀྱང་ལས་ཀྱི་རྗེས་སུ་འབྲངས་སོ༔རང་གི་ཡུལ་འཁོར་ཉེ་དུ་དང་རང་གི་རོ་ལ་སོགས་པའང་མཐོང་ནས༔ ད་ནི་ང་ཤི་བར་འདུག་པས་ཅི་དྲག་སྙམ་སྟེ༔ ཡིད་ལུས་དེ་ནན་ཏར་སྐྱོ་བའང་འབྱུང་སྟེ༔ ང་ལུས་གཅིག་ཐོབ་ན་ཅི་མ་རུང་སྙམ་ནས༔ ཕྱོགས་ཐམས་ཅད་དུ་ལུས་ཚོལ་དུ་འགྲོ་བའི་སྣང་བ་ཁྱོད་ལ་འོང་ངོ་༔ རང་གི་རོ་དེ་ལ་ལན་དགུའི་བར་དུ་འཇུག་པར་བྱེད་ཀྱང་༔ཆོས་ཉིད་བར་དོར་ཡིན་རིང་བའི་གནད་ཀྱིས༔ དགུན་ནི་འཁྱགས༔ དབྱར་ནི་རུལ༔དེ་མ་ཡིན་ནའང་ཉེ་དུས་མེར་བསྲེགས་སམ༔ དོང་དུ་སྤོས་སམ༔ བྱ་གཅན་ལ་བྱིན་ནས༔ ཚུར་ཞུགས་ས་མ་རྙེད་པས༔ ཤིན་ཏུ་སྙིང་མ་དགའ་ནས༔ བྲག་དང་ས་རྡོ་ཐམས་ཅད་ཀྱི་གསེབ་ཏུ་བརྫངས་པའི་སྣང་བ་ཁྱོད་ལ་འོང་སྟེ༔ དེ་ལྟར་སྡུག་བསྔལ་བྱུང་བ་དེ་སྲིད་པ་བར་དོ་ཡིན་པས༔ ཁྱོད་རང་ལུས་ཚོལ་ཡང་སྡུག་བསྔལ་ལས་མི་འོང་གིས༔ ལུས་ཀྱི་ཞེན་པ་ཆོད་ལ༔ བྱར་མེད་ཀྱི་ངང་ལ་ཞོག ་ལ༔ མ་ཡེངས་པར་གྱིས་ཤིག༔ དེ་ལྟར་ངོ་སྤྲད་པས༔ བར་དོར་གྲོལ་བ་ཐོབ་པ་ཡིན་ནོ༔ ཡང་གལ་ཏེ་ལས་ངན་གྱི ས་དབང་གིས༔ དེ་ལྟར་ངོ་སྤྲད་ཀྱང་མི་འཕྲོད་པ་སྲིད་པས༔ ཡང་ཚེ་འདས་ཀྱི་མིང་ནས་འབོད་ལ༔ འདི་སྐད་བརྗོད་དོ༔ཀྱཻ༔ རིགས་ཀྱི་བུ་ཆེ་གེ་མོ་ཁྱོད་ཉོན་ཅིག༔ ཁྱོད་དེ་ལྟར་དུ་སྡུག་བསྔལ་བར་གྱུར་པ་དེ་ཁྱོད་རང་གི་ལས་ཡིན་པས༔ གཞན་སུས་ཀྱང་ལན་པ་མེད་དོ༔ ད་ནི་དཀོན་མཆོག་གསུམ་ལ་གསོལ་བ་དྲག་ཏུ་ཐོབ་ཅིག༔ དེས་སྐྱོབ་པར་འགྱུར་རོ༔ དེ་ལྟར་གསོལ་བའང་མ་བཏབ༔ ཕྱག་རྒྱ་ཆེན་པོའང་བསྒོམ་མ་ཤེས༔ ཡི་དམ་གྱི་ལྷའང་མ་བསྒོམས་ན་ནི༔ད་ནི་ལྷན་ཅིག་སྐྱེས་པའི་ལྷས་དགེ་བ་བྱས་ཚད་ཐམས་ཅད་བསོགས་ནས་རྡེལ་བུ་དཀར་པོ་འགྲེམས་སུ་འོང་ངོ་༔ མཉམ་པོར་འོང་བའི་འདྲེས༔ སྡུག་པ་བྱས་ཚད་ཐམས་ཅད་བསོགས་ནས་རྡེལ་བུ་ནག་པོ་འགྲེམས་སུ་འོང་ངོ་༔ དེའི་དུས་སུ་ཁྱོད་ཤིན་ཏུ་བྲེད་པ་དང་༔ སྔངས་པ་དང་༔ སྐྲག་པ་དང་༔ འདར་བར་བྱས་ནས་ངས་སྡིག་པ་མ་བྱས་ཟེར་ནས་བརྫུན་སྨྲས་ཀྱང་༔ དེར་གཤིན་རྗེ་ན་རེ༔ ངས་ལས་ཀྱི་མེ་ལོང་ལ་དྲིའི་ཟེར་ནས་ལུས་ཀྱི་མེ་ལོང་ལ་བལྟས་པས༔ དགེ་སྡིག་ཐམས་ཅད་མེ་ལོང་དུ་བཀྲ་ལམ་གྱིས་བྱུང་བས༔ བརྫུན་བྱས་ཀྱང་མ་ཕན་པས༔ གཤིན་རྗེས་སྐེ་ལ་ཐག་པ་བཏགས་ཏེ་ཁྲིད་ནས༔ སྐེ་བྲག་སྙིང་འདོན༔ རྒྱུ་མ་ཕྱུང་༔ ཀླད་པ་ལྡག༔ ཁྲག་འཐུང་༔ཤ་ཟ༔ རུས་པ་མུར་ཡང་༔ འཆིར་མི་བཏུབ་པས༔ ལུས་དུམ་བུར་གཏུབ་ཀྱང་༔ ཡང་སོས་ནས་འོང་ངོ་༔ཡང་ཡང་གཏུབ་པས་སྡུག་བསྔལ་ཆེན་པོ་འོང་བས༔ དེ་ཙ་ན༔ རྡེའུ་འགྲམ་ནས་འདུག་ཀྱང་ཁྱོད་རང་མ་ཞེད་ཅིག༔ མ་སྐྲག་ཅིག༔ བརྫུན་མ་ཟེར༔ གཤིན་རྗེ་ལ་མ་སྐྲག་ཅིག༔ ཁྱོད་ཡིད་ཀྱི་ལུས་ཡིན་པས༔ བསད་པ་དང་གཏུབ་པ་བྱུང་ཡང་༔ འཆི་རྒྱུ་མེད་དེ༔ དོན་ལ་ནི་ཁྱོད་སྟོང་པའི་རང་གཟུགས་ཡིན་པས༔ ཞེད་མི་དགོས༔ གཤིན་རྗེ་རྣམས་རང་སྣང་འཁྲུལ་ནས་སྟོང་པའི་རང་གཟུགས་ཡིན་པས༔ ཁྱོད་རང་བག་ཆགས་ཀྱི་ཡིད་ལུས་ཡིན་པས༔ སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད་དོ༔མཚན་མ་མེད་པས་མཚན་མ་མེད་པ་ལ་གླགས་མི་རྙེད་དོ༔ རང་གི་འཁྲུལ་སྣང་མ་ཡིན་པའི་ལོགས་སམ༔ ཕྱི་རོལ་ནས་གཤིན་རྗེ་དང་༔ ལྷ་དང་༔ འདྲེ་དང་༔ རཀྴ་གླང་མགོ་ལ་སོགས་དངོས་སུ་གྲུབ་པ་མེད་པས༔ ངོ་ཤེས་པར་གྱིས་ཤིག༔ དེ་ཙ་ན་ཐམས་ཅད་བར་དོ་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་སྒོམས་ཤིག༔ སྒོམ་མ་ཤེས་ན་ཁྱོད་རང་གིས་འཇིགས་སྐྲག་སྐྱེ་མཁན་གྱི་ངོ་བོ་དེ་ལ་ཅེར་གྱིས་ལྟོས་དང་༔ ངོ་བོ་ཅིར་ཡང་མ་གྲུབ་པའི་སྟོང་པ་ཞིག་ཡིན་ནོ༔ དེ་ནི་ཆོས་སྐུ་ཞེས་བྱ་བ་ཡིན་ནོ༔ སྟོང་པ་དེ་ཡང་སྟོང་པ་ཕྱལ་ཆད་དུ་མ་སོང་བ་སྟེ༔ སྟོང་པའི་ངོ་བོ་དེ་ལ་འཇིགས་སོ་སྙམ་པའི་རིག་པ་ཧྲིག་གེ་ས་ལེ་བ་ཞིག་ཡོད་ཀྱིས༔ དེ་ནི་ལོངས་སྤྱོད་རྫོགས་པའི་དགོངས་པ་ཡིན་ནོ༔ སྟོང་པ་དང་གསལ་བ་གཉིས་ཡ་མ་བྲལ་བར་སྟོང་པའི་ངོ་བོ་གསལ་བ༔ གསལ་བའི་ངོ་བོ་སྟོང་པ༔ གསལ་སྟོང་དབྱེར་མེད་པའི་རིག་པ་རྗེན་པ་ཐེར་ལ་བུད་པ་ཞིག་ད་ལྟ་རང་ལ་བཟོ་མེད་ཀྱི་ངང་ལ་གནས་ནས་ཡོད་དོ༔དེ་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ༔ དེའང་དེ་ཉིད་ཀྱི་རང་རྩལ་མ་འགགས་པར༔ ཅིར་ཡང་ཤར་བ་ཞིག་ཡོད་ཀྱིས༔ དེ་ནི་ཐུགས་རྗེ་སྤྲུལ་པའི་སྐུ་ཡིན་ནོ༔ ཀྱཻ་རིགས་ཀྱི་བུ༔དེ་ལྟར་མ་ཡེངས་པར་ལྟོས་ཤིག༔ ངོ་ཤེས་པ་ཙམ་གྱིས་སྐུ་བཞི་ཡོངས་རྫོགས་སུ་འཚང་རྒྱ་བར་ངེས་སོ༔ མ་ཡེངས་ཤིག༔ སངས་རྒྱས་དང་སེམས་ཅན་གཉིས་ཀྱི་ས་མཚམས་འདི་ནས་ཕྱེད་པ་ཡིན་ནོ༔ དུས་ད་ལྟ་གལ་པོ་ཆེ་འདིའི་དུས་ལ་ཡེངས་ན་ནི༔དུས་རྟག་ཏུ་སྡུག་བསྔལ་གྱི་འདམ་ནས་ཐོན་པའི་དུས་མི་འོང་ངོ་༔ སྐད་ཅིག་གཅིག་གིས་བྱེ་བྲག་བྱེད༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས༔ ཞེས་བྱ་བ་དེ་ད་རེས་ཡོད་པ་ཡིན་ནོ༔ ཁྱོད་རང་ཁར་སང་ཕན་ཆོད་ཡེངས་ཤོར་བས༔ བར་དོ་དེ་ཙམ་ཞིག་ཤར་ཡང་ངོ་མ་འཕྲོད་པས༔ འཇིགས་སྐྲག་དེ་ཙམ་ཞིག་བྱུང་བ་ཡིན༔ ད་ནི་ཡེངས་ཤོར་ན་ནི༔ ཐུགས་རྗེའི་དཔྱང་ཐག་ཆད་ནས༔ ཐར་མེད་ཀྱི་གནས་སུ་འགྲོ་བས་གཟོབ་ཅིག༔ཅེས་ངོ་སྤྲད་པས་གོང་དུ་ངོ་མ་འཕྲོད་ཀྱང་༔ འདིར་ངོ་འཕྲད་ནས་གྲོལ་བ་ཐོབ་པོ༔ དེ་ལྟར་བསྒོམ་མི་ཤེས་པའི་མི་ནག་པ་ཡིན་ན་འདི་སྐད་བརྗོད༔ ཀྱཻ་རིགས་ཀྱི་བུ༔ དེ་ལྟར་བསྒོམ་མ་ཤེས་ན་སངས་རྒྱས་དང་༔ ཆོས་དང་༔ དགེ་འདུན་དང་༔ ཡི་དམ་ཐུགས་རྗེ་ཆེན་པོ་རྣམས་དྲན་པར་གྱིས་ལ་གསོལ་བ་ཐོབ་ཅིག༔ འཇིགས་སྐྲག་གི་སྣང་བ་ཐམས་ཅད་ཐུགས་རྗེ་ཆེན་པོའམ་ཁྱོད་རང་གི་ཡི་དམ་དུ་སྒོམས་ཤིག༔ མི་ཡུལ་དུ་དབང་ཞུས་པའི་གསང་མཚན་གང་བཏགས་དང་༔ བླ་མ་དྲན་པར་གྱིས་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་ཤོད་ཅིག༔ གཡང་སར་བྲུལ་ཡང་༔ མི་གནོད་པས་སྔངས་སྐྲག་སྤོངས་ཤིག༔ ཅེས་བརྗོད་ནས་ངོ་སྤྲད་པས་གོང་དུ་མ་གྲོལ་ཡང་༔ འདི་ནས་གྲོལ་བར་འགྱུར་རོ༔ ཡང་ངོ་མ་འཕྲོད་མ་གྲོལ་བ་སྲིད་པས༔ ནན་ཆགས་གལ་ཆེ་བའི་ཕྱིར༔ ཡང་ཚེ་འདས་ཀྱི་མིང་ནས་འབོད་ལ༔ འདི་སྐད་བརྗོད་དོ༔ ཀྱཻ་རིགས་ཀྱི་བུ༔ ད་ལྟའི་སྣང་བ་ཡུད་ཙམ་རེས་བདེ་སྡུག་གི་གནས་རྔམ་པོ་ཆེར་འཕངས་ནས་འོང་བས༔ དཔེར་ན་སྒྱོགས་ཀྱི་འཁྲུལ་འཁོར་དང་འདྲ་བས༔ ད་ལྟར་ཆགས་སྡང་གི་སྣང་བ་ཡེ་ནས་མ་བྱེད་ཅིག༔ ཁྱོད་མཐོ་རུས་སུ་སྐྱེ་རྒྱུ་ཡིན་ན༔མཐོ་རིས་ཀྱི་སྣང་བ་འཆར་བའི་ཚེ༔ ཤུལ་དུ་ཉེ་བ་གསོན་པོ་རྣམས་ཀྱིས༔ གཤིན་པོའི་དོན་དུ་བསྔོས་ནས་སེམས་ཅན་མང་པོའི་སྲོག་གཅོད་དེ་མཆོད་སྦྱིན་བྱས་པས༔ཁྱོད་ལ་མ་དག་པའི་སྣང་པ་འཆར་ནས༔ ཞེ་སྡང་དྲག་པོ་སྐྱེས་ཏེ༔ དེས་མཚམས་སྦྱརནས༔ ་དམྱལ་བར་སྐྱེ་བར་འགྱུར་བས༔ ཤུལ་དུ་ལས་ཅི་བྱས་ནས་འདུག་ཀྱང་༔ ཁྱོད་རང་ཞེ་སྡང་མ་བསྐྱེད་པར་བྱམས་པ་སྒོམས་ཤིག༔ཡང་ཁྱོད་རང་གི་ཤུལ་གྱི་ནོར་རྫས་ལ་ཆགས་སེམས་སྐྱེ་བའམ༔ ཁྱོད་ཀྱི་ནོར་རྫས་གཞན་གྱིས་དབང་དུ་བྱས་ནས༔ སྤྱོད་ཅིང་འདུག་པ་ཤེས་ཏེ༔ ཁྱོད་ནོར་རྫས་དེ་རྣམས་ལ་ཆགས་ཤིང་ཤུལ་མི་དེ་རྣམས་ལ་ཞེ་སྡང་སྐྱེས་པས༔ དེས་མཚམས་སྦྱར་ནས༔མཐོ་རིས་འཐོབ་རྒྱུ་ཡང་༔ དམྱལ་བའམ༔ ཡི་དྭགས་སུ་ངེས་པར་སྐྱེ་བར་འགྱུར་བས༔དེ་བས་ཁྱོད་རང་ཤུལ་གྱི་ནོར་རྫས་ལ་ཆགས་སེམས་སྐྱེས་ཀྱང་ཐོབ་དབང་ནི་མེད༔ཁྱོད་རང་ལ་ཕན་མི་ཐོགས་པས་ཤུལ་གྱི་ནོར་ལ་ཆགས་པ་དང་ཞེན་པ་སྤོངས༔ ལིངས་ཀྱིས་བསྐྱུར༔ ཁོ་ཐག་ཆོད༔ ཁྱོད་རང་གི་ནོར་ལ་སུས་སྤྱོད་ནས་འདུག་ཀྱང་༔ སེར་སྣ་མ་བྱེད་ལ་བློས་ཐོངས་པར་གྱིས་ཤིག༔ བླ་མ་དང་དཀོན་མཆོག་གསུམ་ལ་འབུལ་སྙམ་པའི་འདུན་པ་རྩེ་གཅིག་གྱིས་ལ༔ ཆགས་མེད་ཞེན་མེད་ཀྱི་ངང་ལ་གནས་པར་གྱིས་ཤིག༔ ཡང་ཁྱོད་ཀྱི་ཕྱིར་དུ༔ གཤིན་པོའི་ཆོ་ག་ཀང་ཀ་ནི་འདོན་པ་དང་༔ ངན་སོང་སྦྱོང་བ་ལ་སོགས་པ་ཁྱོད་ཀྱི་དོན་དུ་བྱས་ཀྱང་༔ དེ་མ་དག་པ་དང་གཉིད་པ་དང་༔གཡེང་བ་ལ་སོགས་པས་བྱས་པ་དང་༔ དམ་ཚིག་དང་སྡོམ་པ་མི་གཙང་བ་དང་༔བག་མེད་པའི་སྤྱོད་པ༔ དེ་རྣམས་ཁྱོད་ཀྱི་ལས་ཀྱི་མངོན་ཤེས་ཕྲ་མོས་མཐོང་ནས་འོང་གིས༔ དེ་ལ་ཁྱོད་མ་དད་པ་དང་༔ ལོག་ལྟ་སྐྱེས་པ་དང་༔ འཇིགས་ཤིང་སྐྲག་ནས༔ ལས་ནག་པོ་རྣམས་དང་༔ ཆོས་སྤྱོད་དང་༔ ཆོ་ག་མ་དག་པ་རྣམས་ཀྱང་ཤེས་ནས་འོང་གི༔ དེར་ཁྱོད་ཀྱི་བསམ་པ་ལ༔ ཀྱཻ་མ་འདི་རྣམས་ཀྱིས་བདག་བསླུས་སོ་ངེས་པར་བསླུས་སོ་སྙམ་ནས༔ ཤིན་ཏུ་ཡི་མུག་སྟེ༔ མི་དགའ་བ་ཆེན་པོ་དང་བཅས་ནས༔ དག་སྣང་མོས་གུས་མི་སྐྱེ་བའི་སྟེང་དུ༔ ལོག་ལྟ་དང་མ་དད་པ་སྐྱེས་ནས་འོང་བས་དེས་མཚམས་སྦྱར་ནས་ངེས་པར་ངན་སོང་དུ་འགྲོ་བས༔ དེས་ན་ཕན་པ་བས་གནོད་པ་ཆེ་བ་ཡིན་གྱིས༔ ཁྱོད་རང་གི་ཤུལ་གྱི་བཤེས་གཉེན་རྣམས་ཀྱིས་ཆོས་སྤྱོད་མ་དག་པ་ཇི་ལྟར་བྱས་ནས་འདུག་ཀྱང་༔ ག་རེ་ང་རང་སྣང་བ་མ་དག་པ་ཡིན༔རྒྱལ་བའི་གསུང་ལ་མ་དག་པ་ག་ལ་སྲིད༔ རང་གི་བྱད་ཀྱི་དྲི་མ་མེ་ལོང་ན་མཐོང་བ་དང་འདྲ༔ བདག་རང་སྣང་མ་དག་པའི་སྟོབས་ཀྱིས༔ འདི་དག་བྱུང་གིས༔ འདི་རྣམས་སྐུ་དགེ་འདུན༔ གསུང་དམ་ཆོས༔ ཐུགས་སངས་རྒྱས་ཀྱི་ངོ་བོ་ཡིན་ནོ༔སྐྱབས་སུ་མཆིའོ་སྙམ་པའི་མོས་པ་དང་༔ དག་སྣང་ཞེ་ཐག་པ་ནས་གྱིས་ཤིག༔ དེས་ཁྱོད་རང་གི་ཤུལ་ན་ཅི་བྱས་རྣམས༔ ཁྱོད་རང་ལ་ཕན་པར་ངེས་པས༔ དེ་ལྟར་དག་སྣང་བྱེད་པ་གལ་ཆེ་བས༔ མ་བརྗེད་པར་གྱིས་ཤིག༔ ཡང་ཁྱོད་ངན་སོང་གསུམ་དུ་སྐྱེ་རྒྱུ་ཡིན་ན༔ ངན་སོང་གི་སྣང་བ་འཆར་བའི་ཚེ༔ ཤུལ་དུ་ཉེ་འབྲེལ་རྣམས་ཀྱིས་སྡིག་པ་དང་མ་འདྲེས་པའི༔ དཀར་པོའི་ཆོས་སྤྱོད་པ་དང་༔ བླ་མ་སློབ་དཔོན་རྣམས་ཀྱང་༔ ལུས་ངག་ཡིད་གསུམ་དགེ་བའི་ཆོ་ག་རྣམ་པར་དག་པ་བྱེད་པ་དེ་མཐོང་ནས༔ཁྱོད་ཀྱིས་དེ་ལ་དགའ་སྤྲོ་ཆེན་པོ་སྐྱེས་པ་ཙམ་གྱིས་ཀྱང་༔ དེས་མཚམས་སྦྱར་ནས༔ངན་སོང་དུ་ལྟུང་རྒྱུའང་༔ མཐོ་རིས་སུ་ངེས་པར་ལྡོག་པའི་ཕན་པ་ཡོད་པས༔ ཁྱོད་རང་མ་དག་པའི་སྣང་བ་མེད་པར༔ དག་སྣང་མོས་གུས་ཕྱོགས་མེད་དུ་བྱེད་པ་ཤིན་ཏུ་གལ་ཆེ་བས་གཟོབ་ཅིག༔ཀྱཻ་ཚམས་སྦྱར་ནས༔ ངན་སོང་དུ་ལྟུང་རྒྱུའང་༔ མཐོ་རིས་སུ་ངེས་རིགས་ཀྱི་བུ༔མདོར་ན་ད་ལྟར་ཁྱོད་བར་དོའི་རིག་པ་ལ་རྟེན་མེད་པས་ཡང་ཞིང་གཡོ་བ་དེ་ལ༔ དགེ་མི་དགེའི་སྣང་བ་གང་འཆར་བ་དེ༔ སྟོབས་ཆེ་བ་ཡིན་པས༔ མི་དགེ་བའི་ལས་གང་ཡང་ཡིད་ལ་མ་བསམ་པར༔ ཁྱོད་རང་དགེ་སྦྱོར་ཡོད་ན་དྲན་པར་གྱིས་ཤིག༔དགེ་སྦྱོར་མེད་ནའང་དག་སྣང་དང་མོས་གུས་གྱིས་ཤིག༔ ཡི་དམ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག༔ འདུན་པ་དྲག་པོས་སྨོན་ལམ་འདི་ཐོབ་ཅིག༔ ཀྱཻ་མ༔༔དགའ་བའི་གྲོགས་དང་བྲལ་ནས་གཅིག་པུར་འཁྱམས༔ རང་སྣང་སྟོང་པའི་གཟུགས་བརྙན་འཆར་དུས་འདིར༔ སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་ཤུགས་ཕྱུང་ནས༔ སྔངས་སྐྲག་བར་དོའི་འཇིགས་པ་མི་འབྱུང་ཤོག༔ལས་ངན་དབང་གིས་སྡུག་བསྔལ་མྱོང་ཙམ་ན༔ ཡི་དམ་ལྷ་ཡིས་སྡུག་བསྔལ་སེལ་བར་ཤོག༔ ཆོས་ཉིད་རང་སྒྲ་འབྲུག་སྟོང་ལྡིར་ཙམ་ན༔ ཐམས་ཅད་ཡིག་དྲུག་སྒྲ་རུ་འགྱུར་བར་ཤོག༔ སྐྱབས་མེད་ལས་ཀྱི་རྗེས་སུ་འབྲང་དུས་འདིར༔ ཐུགས་རྗེས་ཆེན་པོས་བདག་ལ་སྐྱོབས་ཏུ་གསོལ༔ བག་ཆགས་ལས་ཀྱིས་སྡུག་བསྔལ་མྱོང་དུས་འདིར༔འོད་གསལ་བདེ་བའི་ཏིང་འཛིན་འཆར་བར་ཤོག༔ དེ་སྐད་དུ་སྨོན་ལམ་དྲག་པོ་ཐོབ་ཅིག༔ ལམ་སྣ་འདྲེན་པར་ངེས༔ མི་བསླུ་ངེས་པར་ཐག་ཆོད་ཀྱིས་ཤིན་ཏུ་གལ་ཆེའོ༔ཞེས་བ རྗོད་པ་དྲན་པ་རྙེད་ནས་ངོས་ཟིན་ཏེ༔ གྲོལ་བ་ཐོབ་པར་འགྱུར་རོ༔ ཡང་དེ་ལྟར་ལན་མང་དུ་བྱས་ཀྱང་ལས་ངན་པ་ཤས་ཆེ་བའི་སྟོབས་ཀྱིས༔ ངོ་འཕྲོད་པར་དཀའ་བས་ད་རུང་ལན་མང་དུ་བསྐྱར་ན༔ ཕན་ཡོན་ཆེ་བས༔ ཡང་ཚེ་འདས་ཀྱི་མིང་ནས་ལན་གསུམ་བོས་ལ་འདི་སྐད་བརྗོད་དོ༔ ཀྱཻ་རིགས་ཀྱི་བུ༔ གོང་གི་དེ་རྣམས་ལ་དྲན་པས་མ་ཟིན་ན༔ དུས་འདི་ནས་ཚེ་སྔ་མའི་ལུས་དེ་མི་གསལ་དུ་འགྲོ་ཞིང་༔ ཕྱི་མའི་ལུས་དེ་ཇེ་གསལ་དུ་འགྲོ་བས༔ དེ་ལ་སྐྱོ་ནས་ང་འདི་ལྟ་བུའི་སྡུག་བསྔལ་བ་ད་ལུས་ཅི་འདྲ་བ་ཅིག་བྱུང་ཡང་ཚོལ་སྙམ་ནས༔གང་བྱུང་དུ་ཕྱད་ཕྱོད་ལང་ལིང་དུ་ཕྱིན་པས༔ འགྲོ་བ་རིགས་དྲུག་གི་འོད་དྲུག་འཆར་ཏེ༔ ལས་ཀྱིས་གང་དུ་སྐྱེ་བ་དེ་གཙོ་ཆེར་འཆར་ནས་འོང་ངོ་༔ ཀྱཻ་རིགས་ཀྱི་བུ་ཉོན་ཅིག༔ འོད་དྲུག་པོ་གང་ཞེ་ན༔ ལྷའི་འོད་དཀར་པོ་བཀྲག་མེད་འཆར་དུ་འོང་ངོ་༔དེ་བཞིན་དུ༔ ལྷ་མ་ཡིན་འོད་དམར་པོ་བཀྲག་མེད་འཆར་དུ་འོང་ངོ༔ མིའི་འོད་སྔོན་པོ་བཀྲག་མེད་འཆར་དུ་འོང་ངོ༔ དུད་འགྲོའི་འོད་ལྗང་གུ་བཀྲག་མེད་འཆར་དུ་འོང་ངོ༔ ཡི་དྭགས་ཀྱི་འོད་སེར་པོ་བཀྲག་མེད་འཆར་དུ་འོང་ངོ༔ དམྱལ་བའི་འོད་དུད་ཁ་སྟེ་འོད་དྲུག་པོ་དེ་དག་འབྱུང་ངོ༔ དེ་ཙ་ན༔ ལུས་ཀྱི་མདོག་ཀྱང་གང་དུ་སྐྱེ་བའི་འོད་ཀྱི་མདོག་དུ་འོང་ངོ་༔ ཀྱཻ་རིགས་ཀྱི་བུ་འདིའི་དུས་སུ་གདམས་ངག་གནད་ཤིན་ཏུ་གལ་ཆེ་སྟེ༔དེའི་དུས་སུ་འོད་གང་ཤར་བ་དེ་ཐུགས་རྗེ་ཆེན་པོར་སྒོམས་ཤིག༔ འོད་ནམ་བྱུང་དུས་ཐུགས་རྗེ་ཆེན་པོ་ཡིན་སྙོམ་དུ་སྒོམས་ཤིག༔ འདི་ཤིན་ཏུ་གནད་ཟབ་མོ་ཡིན་ཏེ་འདི་ཤིན་ཏུ་གལ་ཆེ་སྟེ་སྐྱེ་བ་ཁེགས་པར་འགྱུར་རོ༔ཡང་ན་ཁྱོད་རང་གི་ཡི་དམ་གྱི་ལྷ་གང་ཡིན་པ་དེ༔ སྒྱུ་མ་ལྟ་བུའི་སྣང་ལ་རང་བཞིན་མེད་པ་ཡུན་རིང་དུ་སྒོམས་ཤིག༔ དེ་ནི་དག་པའི་སྒྱུ་ལུས་ཞེས་བྱའོ༔ དེ་ནས་ཡི་དམ་དེ་མཐའ་ནས་ཡལ་ཏེ༔ ཅིར་ཡང་མ་གྲུབ་པའི་སྟོང་གསལ་འཛིན་པ་མེད་པའི་ངང་ལ་དར་ཅིག་ཞོག་ཅིག༔ ཡང་ཡི་དམ་སྒོམས༔ ཡང་འོད་གསལ་སྒོམས༔ དེ་ལྟར་རེས་མོས་སུ་སྒོམས་ལ་དེའི་རྗེས་སུ་རིག་པ་མཐའ་ནས་ཡལ་ཏེ༔ ནམ་མཁའ་གར་ཁྱབ་ཏུ་རིག་པས་ཁྱབ༔ རིག་པས་གར་ཁྱབ་དུ་ཆོས་སྐུས་ཁྱབ༔ ཆོས་སྐུ་བདག་མེད་སྤྲོས་བྲལ་གྱི་ངང་དུ་ཆེམ་མེ་ཞོག་ཅིག༔ དེའི་ངང་ལ་སྐྱེ་བ་ཁེགས་ནས་འཚང་རྒྱ་བར་འགྱུར་རོ༔ དེ་ཡང་སྦྱང་བ་ཤིན་ཏུ་ཞན་ནས་གོམས་འདྲིས་མེད་པ་རྣམས་ཀྱིས་མི་ཟིན་པས༔ ཡང་འཁྲུལ་ཏེ་མངལ་སྒོ་འགྲིམས་པར་འགྱུར་བས༔ མངལ་སྒོ་དགག་པའི་གདམས་ངག་ཤིན་ཏུ་གལ་ཆེ་བས༔ ཚེ་འདས་ཀྱི་མིང་ནས་འབོད་ལ་འདི་སྐད་དོ༔ ཀྱཻ་རིགས་ཀྱི་བུ༔ གོང་ལྟར་ངོས་མ་ཟིན་ན༔ འདིའི་དུས་སུ་ལས་ཀྱི་དབང་གིས་གྱེན་ལ་འགྲོ་བ་དང་༔ འཕྲེད་ལ་འགྲོ་བ་དང་༔ མགོ་ཐུར་ལ་བསྟན་ནས་འགྲོ་བའི་སྣང་བ་འཆར་ཏེ༔ དེ་ཙ་ན་ཁྱེད་རང་ཐུགས་རྗེ་ཆེན་པོ་སྒོམས་ཤིག༔ དྲན་པར་གྱིས་ཤིག༔ དེ་ནས་གོང་དུ་བཤད་པ་ལྟར༔ རླུང་འཚུབས་པ་དང་བུ་ཡུག་དང་༔ སེར་བ་དང་༔ གནམ་རྨུགས་པ་དང༔ མི་མང་པོས་དེད་པའི་སྣང་བ་ཤར་ནས༔ དེ་ལ་བྲོས་པ་དང༔ བསོད་ནམས་དང་མི་ལྡན་པ་རྣམས་ནི༔ སྡུག་བསྔལ་གྱི་གནས་སུ་བྲོས་པའི་སྣང་བ་འབྱུང༔ བསོད་ནམས་དང་ལྡན་པ་རྣམས་ནི༔ བདེ་བ་དང་ལྡན་པའི་གནས་སུ་སླེབ་པའི་སྣང་བ་འབྱུང་བས༔ དུས་དེ་ཙ་ན༔ རིགས་ཀྱི་བུ་གླིང་གང་དུ་སྐྱེ་བ་དང༔ གནས་གང་དུ་སྐྱེ་བའི་རྟགས་ཐམས་ཅད་དུས་འདིར་འཆར་དུ་འོང་བས༔ འདིའི་དུས་སུ་གདམས་ངག་གི་གནད་ཤིན་ཏུ་ཟབ་པ་མང་པོ་ཡོད་པས་མ་ཡེངས་པར་ཉོན་ཅིག༔ གོང་གི་ངོ་སྤྲོད་ཀྱི་གནད་དེ་རྣམས་མ་ཟིན་ནའང་༔ འདིར་སྦྱངས་པ་ཤིན་ཏུ་ཞན་པར་གྱུར་པས་ཀྱང་༔ གནད་དངོས་ཟིན་དུ་འོང་བས་ཀྱང་ཉོན་ཅིག༔ ད་ནི་འདིའི་དུས་སུ་མངལ་སྒོ་དགག་པའི་ཐབས་ལ་གཟབ་པ་ཤིན་ཏུ་གལ་ཆེ་བས༔ དེ་དགག་ཐབས་ལ་གཉིས་ཡོད་དོ༔ འཇུག་བྱེད་ཀྱི་གང་ཟག་དགག་པ་དང་༔ འཇུག་བྱའི་མངལ་སྒོ་དགག་པ་དང་གཉིས་ཡོད་དོ༔ དེ་ལ་འཇུག་བྱེད་ཀྱི་གང་ཟག་དགག་པའི་གདམས་ངག་ནི༔ ཀྱཻ་རིགས་ཀྱི་བུ༔ ཆེ་གེ་ཁྱོད༔ རང་གི་ཡི་དམ་གང་ཡིན་པ་དེ་ཉིད༔ སྒྱུ་མ་ལྟ་བུ་སྣང་ལ་རང་བཞིན་མེད་པར༔ཆུ་ནང་གི་ཟླ་བ་ལྟ་བུར་ཝལ་གྱིས་སྒོམས་ཤིག༔ ཡི་དམ་ངེས་པ་མེད་ན༔ ཇོ་བོ་ཐུགས་རྗེ་ཆེན་པོ་རང་ཡིན་ནོ༔སྙམ་དུ་ཝལ་གྱིས་སྒོམས་ཤིག༔ དེ་ནས་ཡི་དམ་མཐའ་ནས་ཡལ་ནས༔ ཅི་ཡང་མི་དམིགས་པ་འོད་གསལ་སྟོང་པར་སྒོམས་ཤིག༔ དེ་ནི་གནད་ཟབ་མོ་ཡིན་ནོ༔ དེས་ནི་མངལ་དུ་མི་འཇུག་གསུངས་པས༔ དེ་ལྟར་དུ་སྒོམས་ཤིག༔ གལ་ཏེ་དེས་ཀྱང་མ་ཁོགས་པར་མངལ་དུ་འཇུག་པའི་གྲབ་བྱུང་ན་ཡང་༔ འཇུག་བྱའི་མངལ་སྒོ་དགག་པའི་གདམས་ངག་ཟབ་མོ་ཡོད་པས༔ ཁྱོད་རང་ཉོན་ཅིག༔ བར་དོའི་རྩ་ཚིག་ནང་ནས་འདི་སྐད་གསུངས་ཏེ༔ ཁྱེད་རང་གིས་ངའི་ལན་མོ་གྱིས་ཤིག༔ ཀྱཻ་མ༔ བདག་ལ་སྲིད་པ་བར་དོ་འཆར་དུས་འདིར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་འཐུད༔ མངལ་སྒོ་བགགས་ནས་རུ་ལོག་དྲན་པར་བྱ༔ སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན༔ མིག་སེར་སྤངས་ལ་བླ་མ་ཡབ་ཡུམ་བསྒོམ༔ ཞེས་ཁ་ནས་ཀྱང་དེ་སྐད་ལྷང་ལྷང་བརྗོད་ལ༔ དྲན་བསྐུལ་གྱིས་ཤིག༔ དེའི་དོན་བསྒོམས་ལ་ཉམས་སུ་ལེན་པ་གལ་ཆེའོ༔ ད་དེའི་དོན་ནི༔ བདག་ལ་སྲིད་པ་བར་དོ་ཤར་དུས་འདིར༔ ཞེས་པ་ནི༔ ཁྱོད་རང་ད་ལྟར་སྲིད་པ་བར་དོར་འཁྱམས་ནས་ཡོ ད་པ་ཡིན་ཏེ༔ དེའི་རྟགས་སུ་ཁྱོད་རང་ཆུ་ནང་ལྟོས་དང༔ ཁྱོད་རང་གི་བྱད་མི་མཐོང་ངོ༔ ལུས་ལ་གྲིབ་མ་ཡང་མེད་དོ༔ དེ་ནི་གདོས་བཅོས་ཤ་ཁྲག་གི་ལུས་མེད་པས༔ སྲིད་པ་བར་དོ་ཡིད་ལུས་འཁྱམས་པའི་རྟགས་ཡིན་པས༔ ད་ནི་འདུན་པ་རྩེ་གཅིག་ཏུ་མ་ཡེངས་པར་སེམས་བཟུང་དགོས་ཏེ༔ ད་ལྟར་ནི་འདུན་པ་ཁོ་ན་གཙོ་ཆེ་བ་ཡིན་ནོ༔ རྟ་ཁ་སྲབ་ཀྱིས་བསྒྱུར་བ་དང་འདྲའོ༔ འདུན་པ་གང་ལ་གཏད་པ་དེ་གྲུབ་ནས་འོང་བས༔ ངན་པའི་ལས་རྣམས་ཡིད་ལ་མ་འགྱུ་བར༔ མི་ཡུལ་དུ་ཆོས་དང་གདམས་ངག་དབང་དང་བཀའ་ལུང་༔ བར་དོ་ཐོས་གྲོལ་ལ་སོགས་པ་གང་དང་འབྲེལ་བ་ཡོད་པ་དེ༔ ད་ལྟ་དྲན་པར་གྱིས་ལ༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་འཐུད་ཅིག༔ ཤིན་ཏུ་གལ་ཆེའོ༔མ་བརྗེད་ཅིག༔ མ་ཡེངས་ཤིག༔ ཡར་འགྲོ་མར་འགྲོའི་ས་མཚམས་ད་རེས་ཡིན་ནོ༔ལེ་ལོ་དར་ཅིག་ཤོར་བས༔ སྡུག་བསྔལ་གཏན་དུ་འོང་བའི་དུས་ད་རེས་ཡིན་ནོ༔འདུན་པ་སྐད་ཅིག་བཟུང་བས༔ བདེ་བ་གཏན་དུ་འོང་བའི་དུས་ད་རེས་ཡིན་ནོ༔འདུན་པ་རྩེ་གཅིག་སེམས་ལ་ཟུངས་ཤིག༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་འཐུད་ཅིག༔ ད་ནི་མངལ་སྒོ་དགག་པའི་དུས་ལ་བབ་པོ༔ མངལ་སྒོ་བགགས་ནས་རུ་ལོག་དྲན་པར་བྱ༔ སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན༔ ཞེས་གསུངས་པ་དེ་ད་ལྟ་དུས་ལ་བབ་པས༔ དང་པོ་མངལ་སྒོ་དགག་པར་བྱ་སྟེ༔ དེ་ཡང་དགག་ཐབས་རྣམ་པ་ལྔ་ཡོད་པས༔ སེམས་ལ་ལེགས་པར་ཟུངས་ཤིག༔ ཀྱཻ་རིགས་ཀྱི་བུ་འདི་དུས་སུ༔ ཕོ་མོ་ཆགས་པ་སྤྱོད་པའི་སྣང་བ་ཁྱོད་ལ་འོང་ངོ་༔ དེ་མཐོང་བའི་དུས་སུ་དེའི་བར་ན་མ་འཇུག་པར༔ དྲན་པས་ཟུངས་ལ༔ ཕོ་མོ་གཉིས་པོ་བླ་མ་ཡབ་ཡུམ་གཉིས་སུ་བསྒོམས་ལ༔ ཕྱག་འཚལ་ཡིད་ཀྱིས་མཆོད་པ་སྤྲུལ་ལ་ཕུལ་ཞིང་༔མོས་གུས་དྲག་པོ་གྱིས་ལ༔ ཆོས་ཞུ་སྙམ་པའི་འདུན་པ་དྲག་པོ་གཏད་པ་ཙམ་གྱིས༔མངལ་སྒོ་ངེས་པར་ཁེགས་པར་འགྱུར་རོ༔ གལ་ཏེ་དེས་ཀྱང་མ་ཁེགས་པར་མངལ་དུ་འཇུག་པའི་གྲབ་བྱུང་ན༔ བླ་མ་ཡབ་ཡུམ་གཉིས་པོ་དེ་ཡི་དམ་གང་རུང་བའམ༔ཡི་དམ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་བསྒོམས་ལ༔ དེ་ལ་མཆོད་པ་ཡིད་ཀྱིས་སྤྲུལ་ལ་འབུལ༔ བདག་ལ་དངོས་གྲུབ་ཞུ་སྙམ་པའི་འདུན་པ་དྲག་པོ་གྱིས་ཤིག༔ དེས་ནི་མངལ་སྒོ་ཁེགས་པར་འགྱུར་རོ༔ ཡང་དེས་ཀྱང་མ་ཁེགས་པར༔ མངལ་དུ་འཇུག་པའི་གྲབས་བྱུང་ན༔ གསུམ་པ་ཆགས་སྡང་བཟློག་པའི་གདམས་པ་བསྟན་ཏེ༔ དེའང་སྐྱེ་བ་རྣམ་པ་བཞི་ཡོད་པ་ལ༔ སྒོང་སྐྱེས་དང་༔ མངལ་སྐྱེས་དང་༔ བརྫུས་སྐྱེས་དང་༔དྲོད་གཤེར་ལས་སྐྱེས་པ་དང་བཞི་ཡོད་དོ༔དེ་ལ་སྒོང་སྐྱེས་དང་༔ མངལ་སྐྱེས་གཉིས་ཆ་མཐུན་ཏེ༔ གོང་ལྟར་ཕོ་མོ་གཉིས་འ ཁྲིག་པ་སྤྱོད་པ་མཐོང་ནས་འོང་སྟེ༔ དེའི་དུས་སུ་ཆགས་སྡང་གི་དབང་གིས་མངལ་དུ་འཇུག་ནས༔ རྟ་དང་བྱ་ཁྱི་མི་ལ་སོགས་པ་གར་སྐྱེས་ཀྱང་རུང་སྟེ༔ གལ་ཏེ་ཕོར་སྐྱེས་ན་ནི༔རང་ཉིད་ཕོ་ཡི་སྣང་བ་འཆར་ཏེ༔ ཕ་ལ་ཞེ་སྡང་དྲག་པོ་སྐྱེ་ཞིང་༔ མ་ལ་མིག་སེར་དང་ཆགས་པ་སྐྱེ་བའི་སྣང་བ་འོང་ངོ་༔ གལ་ཏེ་མོར་སྐྱེས་ན་ནི༔ རང་ཉིད་མོའི་སྣང་བ་འཆར་ཏེ༔ མ་ལ་མིག་སེར་དང་ཕྲག་དོག་དྲག་པོ་སྐྱེ་ཞིང་༔ ཕ་ལ་ཆགས་པ་དང་གདུང་སེམས་དྲག་པོ་སྐྱེས་པ་དང་༔ དེས་རྐྱེན་བྱས་ནས༔ ཁའི་ལམ་ནས་ཞུགས་ཏེ༔ཐིག་ལེ་དཀར་དམར་འཕྲད་པའི་དབུས་སུ་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བས༔ བདེ་བའི་ངང་ནས་ཤེས་པ་བརྒྱལ་ལོག་གིས་སོང་བ་སྟེ༔ མེར་མེར་པོ་དང་༔ ནུར་ནུར་པོ་ལ་སོགས་པས་ལུས་སྨིན་ནས༔ མའི་མངལ་ནས་ཕྱིར་ཐོན་ནས༔མིག་ཕྱེད་པ་དང་༔ ཁྱིའུ་གཅིག་ཏུ་ལོག་གིས་སོང་སྟེ༔ དང་པོ་མི་ཡིན་པ་ལ༔ དེ་དུས་ཁྱིར་སོང་སྟེ༔ ཁྱིའི་ཚང་ནང་ན་སྡུག་བསྔལ་བའམ༔ དེ་བཞིན་དུ་ཕག་གི་ཚང་ངམ༔གྲོག་སྦུར་གྱི་ཚང་ངམ༔ འབུ་སྲིན་གྱི་ཚང་ངམ༔ བ་གླང་ངམ༔ ར་ལུག་ལ་སོགས་པའི་ཕྲུ་གུར་སྐྱེ་སྟེ༔ ཚུར་ལོག་པ་ནི་མེད༔ ཤིན་ཏུ་བླུན་ཞིང་༔ རྨུགས་པའི་ངང་ནས༔སྡུག་བསྔལ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་བར་འགྱུར་རོ༔ དེ་ལྟར་དམྱལ་བ་དང་༔ཡི་དྭགས་ལ་སོགས་འགྲོ་བ་རིགས་དྲུག་ཏུ་འཁོར་ཏེ༔ སྡུག་བསྔལ་དཔག་ཏུ་མེད་པས་ཉམ་ཐག་པར་འགྱུར་རོ༔ འདི་ལས་སྟོབས་ཆེ་བའམ༔ འདི་ལས་ཞེ་འཇིགས་མེད་པ་ན༔ ཨ་རྩི༔ འཇིགས་པ༔ ཨ་རྩི་ཚི༔ ཨ་རྩི་ཚི༔ དེ་བས་ན༔ བླ་མ་དམ་པའི་གདམས་ངག་མེད་པ་རྣམས༔ ཚུལ་དེ་ལྟར་འཁོར་བའི་གཡང་ས་ཆེན་པོར་ལྟུང་སྟེ༔སྡུག་བསྔལ་རྒྱུན་ཆད་མེད་པ༔ བཟོད་པའི་གླགས་མེད་པས་མནར་བར་འགྱུར་བས༔དེ་བས་ན་ང་ཡི་ཁ་ལ་ཉོན་ཅིག༔ ངའི་གདམས་ངག་འདི་ཡིད་ལ་ཟུངས་ཤིག༔ ད་ནི་ཆགས་སྡང་བཟློག་ནས༔ མངལ་སྒོ་དགག་པའི་གདམས་ངག་གཅིག་བསྟན་ནོ༔ཉོན་ལ་ཡིད་ལ་ཟུངས་ཤིག༔ དེའང་༔ མངལ་སྒོ་བགགས་ནས་རུ་ལོག་དྲན་པར་བྱ༔སྙིང་རུས་དག་སྣང་དགོས་པའི་དུས་ཤིག་ཡིན༔ མིག་སེར་སྤངས་ལ་བླ་མ་ཡབ་ཡུམ་སྒོམས༔ ཞེས་གསུངས་པ་ཡིན་པས༔ གོང་ལྟར་ཕོ་རུ་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་སྡང་ངོ་༔ མོར་སྐྱེ་ན་ཕ་ལ་ཆགས་ཤིང་མ་ལ་སྡང་ནས་མིག་སེར་སྐྱེ་བའི་སྣང་བ་ལང་སྟེ༔ དེའི་དུས་སུ་གདམས་ངག་ཟབ་མོ་ཞིག་ཡོད་དོ༔ཀྱཻ་རིགས་ཀྱི་བུ༔ དེ་ལྟ་བུའི་ཆགས་སྡང་བྱུང་བའི་དུས་སུ་འདི་ལྟར་སྒོམས་ཤིག༔ ཀྱཻ་མ་བདག་ལྟ་བུའི་སེམས་ཅན་ལས་ངན་པ༔ དེ་སྔ་འཁོར་བར་འཁྱམས་པའང་ཆགས་སྡང་གཉིས་ལ་བརྟེན་ནས་འཁྱམས་པ་ཡིན༔ ད་རུང་འདི་ལྟ་བུའི་ཆགས་སྡང་བྱས་ན་ནི༔ འཁོར་བ་མཐའ་མེད་པར་འཁྱམས་ནས༔ སྡུག་བསྔལ་གྱི་རྒྱ་མཚོར་ཡུན་རིང་དུ་བྱིང་ཉེན་ཡོད་པས༔ ད་ནི་ཆགས་སྡང་ཡེ་ནས་མི་བྱེད་དགོས༔ ཨ་ཙ་མ༔ ད་ནི་ཆགས་སྡང་བྱེད་རེ་ཀན་སྙམ་པའི་འདུན་པ་དྲག་པོ་རྩེ་གཅིག་སེམས་ལ་བཟུང་བས༔དེ་རང་གིས་མངལ་སྒོ་ཁེགས་པར་རྒྱུད་ནས་གསུངས་འདུག་པས༔ ཀྱཻ་རིགས་ཀྱི་བུ་མ་ཡེངས་ཤིག༔ འདུན་པ་རྩེ་གཅིག་སེམས་ལ་ཟུངས་ཤིག༔ ཡང་དེ་ལྟར་བྱས་ཀྱང་མངལ་སྒོ་མ་ཁེགས་པར་མངལ་དུ་འཇུག་པའི་གྲབས་བྱུང་ན༔ ཡང་བདེན་མེད་སྒྱུ་མ་ལྟ་བུའི་གདམས་ངག་གིས་མངལ་སྒོ་དགག་པར་བྱ་སྟེ༔ དེའང་འདི་ལྟར་བསྒོམ་པར་བྱའོ༔ ཀྱཻ་མ་ཕ་མ་ཡབ་ཡུམ་གཉིས་དང་༔ ཆར་ནག་རླུང་འཚུབས་པ་དང་༔ འུར་ཆེམས་དང་༔ འཇིགས་སྐྲག་གི་སྣང་བ་དང་༔ སྣང་ཞིང་སྲིད་པའི་དངོས་པོ་འདི་རྣམ་པ་ཐམས་ཅད་རང་བཞིན་སྒྱུ་མ་ལྟ་བུ་ཡིན༔ ཇི་ལྟར་ཤར་ཡང་བདེན་པ་མེད༔དངོས་པོ་ཐམས་ཅད་མི་བདེན་པ་རྫུན་པ་ཡིན༔ སྨིག་རྒྱུ་དང་འདྲ་བ་རྟག་པ་མ་ཡིན༔ ཐེར་ཟུག་མ་ཡིན༔ ཆགས་ནས་ཅི་བྱེད༔ སྔངས་ཤིང་སྐྲག་ནས་ཅི་བྱེད༔ མེད་པ་ཡོད་པར་མཐོང་བ་ཡིན༔ འདི་རྣམས་ཐམས་ཅད་རང་གི་སྣང་བ་ཡིན༔ སེམས་ཉིད་སྒྱུ་མ་ལྟ་བུ་ཡེ་ནས་མེད་པ་ལ༔ ཕྱི་རོལ་ནས་དེ་ལྟ་བུར་འོང་བ་མ་ཡིན༔ བདག་གིས་སྔོན་ཆད་དེ་ལྟར་མ་རྟོགས་པས༔ མེད་པ་ལ་ཡོད་པར་བཟུང་༔ མི་བདེན་པ་ལ་བདེན་དུ་བཟུང་༔ སྒྱུ་མ་ལ་བདེན་དུ་བཟུང་བས༔ ཡུན་འདི་སྙེད་གཅིག་འཁོར་བར་འཁྱམས་པ་ཡིན༔ ད་རུང་ཡང་སྒྱུ་མར་མ་ཤེས་ན༔ འཁོར་བར་ཡུན་རིང་དུ་འཁྱམས་ནས༔སྡུག་བསྔལ་སྣ་ཚོགས་ཀྱི་འདམ་ལ་ཆུད་པར་ངེས༔ ད་འདི་རྣམས་ཐམས་ཅད༔ རྨི་ལམ་ལྟ་བུ༔ སྒྱུ་མ་ལྟ་བུ༔ བྲག་ཆ་ལྟ་བུ༔ དྲི་ཟའི་གྲོང་ཁྱེར་ལྟ་བུ༔ སྨིག་རྒྱུ་ལྟ་བུ༔གཟུགས་བརྙན་ལྟ་བུ༔ མིག་ཡོར་ལྟ་བུ༔ ཆུ་ཟླ་ལྟ་བུར༔ བདེན་པར་སྐད་ཅིག་ཙམ་ཡང་གྲུབ་པ་མེད༔ ངེས་པར་མི་བདེན་བརྫུན་པ་ཡིན་སྙམ་པའི་འདུན་པ་རྩེ་གཅིག་ཏུ་བཟུང་བས་བདེན་འཛིན་ཞིག་ནས༔ དེ་ལྟར་དུ་རྒྱུད་ལ་ཁེལ་ནས་བདག་འཛིན་ལྡོག་གོ༔ དེ་ལྟར་ཞེ་ཐག་པ་ནས་བརྫུན་པར་ཤེས་ན༔ ངེས་པར་མངལ་སྒོ་ཁེགས་པར་འགྱུར་རོ༔ཡང་དེ་ལྟར་བྱས་ཀྱང་བདག་འཛིན་མ་ཞིག་སྟེ༔ མངལ་སྒོ་མ་ཁེགས་པར་མངལ་དུ་འཇུག་པའི་གྲབས་བྱུང་ན༔ ཡང་གདམས་ངག་ཟབ་མོ་ཞིག་ཡོད་དོ༔ ཀྱཻ་རིགས་ཀྱི་བུ༔ ཁྱོད་དེ་ལྟར་བྱས་ཀྱང་མངལ་སྒོ་མ་ཁེགས་ན༔ ད་ནི་ལྔ་པ་འོད་གསལ་དུ་བསྒོམས་ནས་མངལ་སྒོ་དགག་པར་བྱ་སྟེ༔ དེ་ཡང་སྒོམ་ལུགས་འདི་ལྟར་བྱའོ༔ ཀྱཻ་མ༔དངོས་པོ་ཐམས་ཅད་རང་གི་སེམས་ཡིན་པས༔ སེམས་ཉིད་སྐྱེ་འགག་དང་བྲལ་བའི་སྟོང་པ་ཉིད་ཡིན་ནོ་སྙམ་དུ་བསམས་ལ༔ སེམས་ལ་བཅོས་སླད་མི་བྱ་བར༔དཔེར་ན་ཆུ་ལ་ཆུ་བཞག་པ་བཞིན་ཏུ་སེམས་ཁོ་རང་གི་ཐོག་ཏུ༔ རང་ལུགས་སུ་ཙན་ནེ༔ རང་བབས་སུ་ལྷོད་དེ༔ ཡེ་རེ༔ ཤིག་གེ༔ མ་བཅོས་པར་ལྷོད་དེ་བཞག་པས༔སྐྱེ་བ་རྣམ་པ་བཞི་ཀའི་མངལ་སྒོ་ངེས་པར་ཁེགས་པར་ཐག་ཆོད་དོ༔ དེ་ལྟར་ཡང་ནས་ཡང་དུ་མ་ཁེགས་ཀྱི་བར་དུ་སྒོམས་ཤིག༔ དེ་ཡན་ཆད་དུ་མངལ་སྒོ་དགག་པའི་གདམས་ངག་ཟབ་མོ་ཡང་དག་པ་མང་དུ་སོང་བས༔ དེ་རྣམས་ཀྱིས་གང་ཟག་དབང་པོ་རབ་འབྲིང་ཐ་མ་གང་ཡང་མི་གྲོལ་མི་སྲིད་དོ༔ དེ་ཅིའི་ཕྱིར་ཞེ་ན༔ བར་དོའི་རྣམ་ཤེས་དེ་ལ་ཟག་བཅས་ཀྱི་མངོན་ཤེས་ཡོད་པས༔ བདག་གིས་ཅི་སྨྲོས་ཁོས་ཐོས་ནས་འོང་བ་དང་གཅིག༔ འོན་ལོང་ཡིན་ཀྱང་དེའི་དུས་སུ་དབང་པོ་ཚང་བས་ཅི་སྨྲས་གོ་བ་དང་གཉིས༔ འཇིགས་སྐྲག་གིས་རྟག་ཏུ་བདས་པས་ཅི་དྲག་ན་སྙམ་པའི་དྲན་པ་ཡེངས་མེད་དུ་ཡོད་པས༔ བདག་གིས་ཅི་སྨྲས་ཉན་ནས་འོང་བ་དང་གསུམ༔ རྣམ་ཤེས་རྟེན་མེད་པས༔ འདུན་པ་གར་གཏད་དུ་ཐལ་གྱིས་སླེབ་སྟེ༔ ཁ་ལོ་བསྒྱུར་སླ་བ་དང་བཞི༔ དྲན་པ་དགུ་འགྱུར་གྱིས་གསལ་བས་ལྐུགས་པ་ཡིན་ཀྱང་༔ དེའི་དུས་སུ་ལས་ཀྱི་དབང་གིས་རིག་པ་ཇེ་གསལ་དུ་སོང་ནས༔ ཅི་བསླབ་ཐམས་ཅད་སྒོམ་ཤེས་པའི་ཡོན་ཏན་དང་༔ གནད་དེ་ལྟ་བུ་ཡོད་པའི་ཕྱིར་རོ༔ དེས་ན་གཤིན་པོའི་ཆོ་ག་བྱས་པས་ཕན་ཡོན་ཡོད་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན་ནོ༔ དེ་བས་ན་ཞག་བཞི་བཅུ་ཞེ་དགུའི་བར་དུ་བར་དོ་ཐོས་གྲོལ་ཆེན་པོ་འདི་བཀླག་པ་ལ་ནན་ཏན་བྱ་བ་གལ་ཤིན་ཏུ་ཆེའོ༔ངོ་སྤྲོད་གཅིག་ལ་མ་གྲོལ་ནའང་གཅིག་ལ་གྲོལ་བ་ཐོབ་པ་ཡིན་ནོ༔ ངོ་སྤྲོད་ལ་མི་གཅིག་པ་མང་དུ་དགོས་པའི་དོན་ཡང་དེ་ལྟར་ཡིན་ནོ༔ དེ་ནས་ཡང་དགེ་བའི་ལུས་ལ་གོམས་འདྲིས་ཆུང་བ་དང་༔ མི་དགེ་བའི་ལུས་ལ་ཡེ་ཐོག་མའི་དུས་ནས་གོམས་འདྲིས་ཆེ་དྲགས་པ་དང་༔ སྡིག་སྒྲིབ་སྟོབས་དང་དཔུང་ཆེ་བའི་དབང་གིས༔ གོང་གི་ངོ་སྤྲོད་དང་དམིགས་པ་དེ་ཙམ་ཞིག་ཕོག་ཀྱང་༔ མི་གྲོལ་བའི་རིགས་མང་པོ་ཡོད་པས༔ དེ་ནི་གོང་དུ་མངལ་སྒོ་མ་ཁེགས་ན༔ དེ་ནས་འདི་ནས་མར་ལ་མངལ་སྒོ་གདམས་པའི་གདམས་ངག་ཟབ་མོ་གཅིག་ཀྱང་བསྟན་པར་བྱ་སྟེ༔ ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ར་མདའ་སྦྲན་པའི་སྐྱབས་འགྲོ་བྱས་ཏེ༔ ཡང་ཚེ་འདས་ཀྱི་མིང་ནས་ལན་གསུམ་བོས་ལ༔ འདི་སྐད་བརྗོད་དོ༔ ཀྱཻ་རིགས་ཀྱི་བུ༔ ཚེ་ལས་འདས་པ་ཆེ་གེ་མོ་ཁྱོད་ཉོན་ཅིག༔ ཁྱོད་ལ་གོང་དུ་གདམས་པའི་ངོ་སྤྲོད་དེ་ཙམ་ཅིག་བཏབ་ཀྱང་༔ཁྱོད་ཀྱིས་མ་གོ་བར་འདུག་གིས༔ ད་ནི་མངལ་སྒོ་མ་ཁེགས་ན༔ ལུས་བླང་རན་པའི་དུས་ལ་བབས་པས༔ ཁྱོད་རང་མངལ་སྒོ་གདམས་པའི་གདམས་ངག་ཟབ་མོ་ཡང་དག་པ༔ རིགས་མི་གཅིག་པ་མང་དུ་ཡོད་པས༔ དྲན་པས་ཟུངས་ཤིག༔ མ་ཡེངས་ཤིག༔ འདུན་པ་དྲག་པོས་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག༔ ཀྱཻ་རིགས་ཀྱི་བུ༔ད་ནི་གླིང་གང་དུ་སྐྱེ་བའང་༔ རྟགས་དང་མཚན་མ་འོང་བས་ངོ་ཤེས་པར་བྱ་སྟེ༔དེའང་གང་དུ་སྐྱེ་བ་བརྟགས་ལ༔ གླིང་ཡང་གདམས་པར་བྱའོ༔ཤར་ལུས་འཕགས་པོར་སྐྱེ་ན་ནི༔ ངང་པ་ཕོ་མོས་བརྒྱན་པའི་མཚོ་འདུག་པ་མཐོང་ངོ་༔ དེར་ཡང་མ་འགྲོ་བར༔ རུ་ལོག་དྲན་པར་གྱིས་ཤིག༔ དེར་སྐྱེས་ན་ནི༔ བདེ་སྐྱིད་འཛོམ་ཡང༔ ཆོས་མི་དར་བའི་གླིང་ཡིན་པས༔ དེར་ཡང་མ་འཇུག་ཅིག༔ ལྷོ་འཛམ་བུ་གླིང་དུ་སྐྱེ་ན་ནི༔ ཁང་བཟང་ཉམས་དགའ་བར་མཐོང་ནས་འོང་ངོ་༔ གལ་ཏེ་འཇུག་ན་དེར་འཇུག་པར་གྱིས་ཤིག༔ ནུབ་བ་ལང་སྤྱོད་ན་སྐྱེ་ན༔ རྟ་ཕོ་མོས་བརྒྱན་པའི་མཚོ་འདུག་པ་མཐོང་ངོ་༔ དེར་ཡང་མ་འགྲོ་བར་ཚུར་ལ་ལོག་ཅིག༔ལོངས་སྤྱོད་ཡོད་ཀྱང་ཆོས་མི་དར་བའི་གླིང་ཡིན་པས༔ མ་འཇུག་ཅིག༔ བྱང་སྒྲ་མི་སྙན་དུ་སྐྱེ་ན༔ བ་གླང་གི་བརྒྱན་པའི་མཚོའམ༔ ལྗོན་ཤིང་གིས་བརྒྱན་པའི་མཚོ་འདུག་པ་མཐོང་ངོ་༔ དེ་དག་ཏུ་སྐྱེ་བ་ལེན་ལྟས་སུ་ངོ་ཤེས་པར་གྱིས་ཤིག༔ དེར་ཡང་མ་འཇུག་ཅིག༔ ཚེ་ཚད་དང་བསོད་ནམས་ཡོད་ཀྱང་༔ དེར་ཡང་ཆོས་མི་དར་བས་མ་འཇུག་ཅིག༔ ལྷར་སྐྱེས་ན་ནི༔ རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ལྷ་ཁང་བརྩེགས་མ་ཉམས་དགའ་བ་མཐོང་ངོ་༔ དེར་ཞུགས་ཀྱང་རུང་གིས་ཞུགས་པར་གྱིས་ཤིག༔ ལྷ་མ་ཡིན་དུ་སྐྱེ་ན་ནི༔ ནགས་ཚལ་ཉམས་དགའ་བར་མཐོང་ངམ༔མགལ་མེའི་འཁོར་ལོ་བསྐོར་བ་ལྟར་དུ་མཐོང་ངོ་༔ དེར་ཅི་ནས་ཀྱང་མ་འཇུག་པར་རུ་ལོག་དྲན་པར་གྱིས་ཤིག༔ དུད་འགྲོར་སྐྱེ་ན་ནི༔ བྲག་ཕུག་དང་༔ གྲོག་ཕུག་དང་༔སྤྱིལ་པོ་དང་༔ ན་བུན་གྱི་ཚུལ་དུ་མཐོང་ངོ་༔ དེར་ཡང་མ་འཇུག་ཅིག༔ ཡི་དྭགས་སུ་སྐྱེ་ན་ནི༔ སྡོང་དུམ་དང་༔ ནག་བྲིང་ངེ་བའམ༔ གྲོག་པོ་ཕུག་རྡུག་གམ་ནག་ལིང་ངེ་བར་མཐོང་ངོ་༔ དེར་ཕྱིན་ན་ཡི་དྭགས་སུ་སྐྱེ་ནས༔ བཀྲེས་སྐོམ་གྱི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་འགྱུར་བས༔ དེར་ཅི་ནས་ཀྱང་མ་འགྲོ་བར་རུ་ལོག་དྲན་པར་གྱིས་ཤིག༔ སྙིང་རུས་དག་སྣང་དྲག་པོ་གྱིས་ཤིག༔ དམྱལ་བར་སྐྱེས་ན་ནི༔ལས་ངན་པས་གླུ་དབྱངས་ཐོས་པའམ༔ དབང་མེད་དུ་འཇུག་དགོས་པའམ༔ མུན་ནག་གི་གླིང་དང་ཁང་པ་ནག་པོ་དང་༔ ཁང་པ་དམར་པོ་དང་༔ ས་དོང་ནག་པོ་དང་༔ལམ་ནག་པོ་ལ་སོགས་པ་ཕྱིན་པའི་སྣང་བ་འོང་ངོ་༔ དེར་ཕྱིན་ན་ནི་དམྱལ་བར་ཚུད་དེ༔ ཚ་གྲང་གི་སྡུག་བསྔལ་བཟོད་པའི་གླགས་མེད་པར་མྱོང་ནས་ཐོན་པའི་དུས་མི་འོང་བས༔ དེའི་གསེབ་དུ་མི་འགྲོ་བར༔ གཟབ་པར་བྱའོ༔ ཅི་ནས་ཀྱང་མ་ཆུད་པར་བྱའོ༔ མངལ་སྒོ་བགགས་ནས་རུ་ལོག་དྲན་པར་བྱའོ༔ཞེས་གསུངས་པ་དེ་དུས་ད་རེས་དགོས་པ་ཡིན་ནོ༔ ཀྱཻ་རིགས་ཀྱི་བུ༔ ཁྱོད་རང་མི་འགྲོ་བར་འདོད་ཀྱང་༔ རང་ལ་དབང་མེད་པར་རྒྱབ་ནས་ལས་ཀྱི་གཤེད་མས་དེད་ནས༔ མི་འགྲོ་བའི་དབང་མེད་པར་འགྲོ་དགོས་པ་དང་༔ མདུན་ནས་གཤེད་མ་དང་༔སྲོག་གཅོད་ཀྱིས་ཁྲིད་པ་དང་༔ མུན་ནག་དང་༔ རླུང་དམར་འཚུབས་མ་ཆེན་པོ་དང་༔ ཀུ་སྒྲ་དང་༔ ཁ་ཆར་དང་༔ སེར་བ་དྲག་པོ་དང་༔ བུ་ཡུག་འཚུབས་ནས་བྲོས་པའི་སྣང་བ་ཁྱོད་ལ་འོང་ངོ་༔ ད་བྲེད་ཅིང་སྐྱབས་ཚོལ་བ་ལ་ཕྱིན་པས༔ གོང་དུ་བཤད་པའི་ཁང་བཟང་ངམ༔ བྲག་སྐྱིབས་དང་༔ ས་ཕུག་དང་༔ ནག་གསེབ་དང་༔མེ་ཏོག་པདྨ་ལ་སོགས་ཁ་ཟླུམ་པའི་ནང་དུ་ཐར་བ་དང་༔ དེ་ན་གབ་སྟེ༔ ཕྱིར་འདོན་གྱིས་དོགས་ནས༔ ད་འདི་ནས་ཕྱིར་འདོན་ན་མི་རུང་ངམ་སྙམ་ནས༔ དེ་དང་བྲལ་གྱིས་དོགས་ནས༔ གནས་དེ་ལ་ཤིན་ཏུ་ཆགས་པར་འགྱུར་རོ༔ ཕྱི་རོལ་དུ་འདོན་ན་ནི༔ བར་དོའི་འཇིགས་སྐྲག་དེ་རྣམས་དང་འཕྲད་ཀྱིས་དོགས་ནས༔ དེ་དག་ལ་འཇིགས་ཤིང་སྔངས་པས་ནང་དུ་གབ་པས༔ གོང་ན་མེད་པའི་ལུས་ངན་གཅིག་བླངས་ནས༔ སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བས༔ དེ་ནི་ཁྱོད་ལ་འདྲེ་སྲིན་གྱིས་བར་དུ་གཅོད་པའི་རྟགས་ཡིན་པས༔ དེའི་ཚེ༔ གདམས་ངག་གནད་ཟབ་མོ་གཅིག་ཡོད་པས་ཁྱོད་རང་ཉོན་ལ་ཡིད་ལ་ཟུངས་ཤིག༔ དེའི་དུས་སུ་གཤེད་མའི་དབང་མེད་དུ་དེད་པ་དང་༔ འཇིགས་སྐྲག་ནམ་བྱུང་བའི་དུས་སུ༔ སྐད་ཅིག་དྲན་རྫོགས་སུ༔བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀའམ༔ རྟ་མགྲིན་ནམ༔ ཕྱག་ན་རྡོ་རྗེ་ལ་སོགས་པ འམ༔ ཁྱོད་རང་གི་ཡི་དམ་ཡོད་ན༔ དེ་ཉིད་སྐུ་ཆེ་ལ་ཡན་ལག་རགས་པ༔ བགེགས་རིགས་ཐམས་ཅད་ཐལ་བར་བརླག་པའི་ཁྲོ་བོ་འཇིགས་སུ་རུང་བ་གཅིག་ཏུ་དཀྲོང་གི་བསྐྱེད༔ དེའི་བྱིན་རླབས་དང་ཐུགས་རྗེས་གཤེད་མ་དང་བྲལ་ཏེ༔ མངལ་སྒོ་གདམ་པའི་དབང་ཐོབ་པ་ཡིན་པས་དེ་ནི་གདམ་ངག་གནད་ཟབ་མོ་ཡང་དག་པ་ཡིན་གྱིས་ཡིད་ལ་ཟུངས་ཤིག༔ཀྱཻ་རིགས་ཀྱི་བུ༔ གཞན་ཡང་བསམ་གཏན་གྱི་ལྷ་ལ་སོགས་པ་རྣམས་ནི༔ ཏིང་ངེ་འཛིན་གྱི་དབང་གིས་སྐྱེ་བ་ལེན་ནོ༔ ཡི་དྭགས་ལ་སོགས་པ་གདོན་གྱི་རིགས་ཚན་ཆེ་བ་གཅིག་ནི༔ བར་དོ་ཉིད་དུ་འདུ་ཤེས་འགྱུར་ནས༔ ཡི་དྭགས་དང་༔ འདྲེ་སྲིན་གྱི་ལུས་རྫུ་འཕྲུལ་སྣ་ཚོགས་སུ་སྟོན་པ༔ ཡིད་ལུས་དེ་ཀར་འགྱུར་ནས་འོང་བ་ཡིན་ནོ༔ བྱིང་དེར་གནས་པའི་ཡི་དྭགས་དང་༔ མཁའ་ལ་རྒྱུ་བའི་ཡི་དྭགས་དང་༔བགེགས་རིག་སྟོང་ཕྲག་བརྒྱད་ཅུ་ལ་སོགས་པ་ཐམས་ཅད༔ ཡིད་ལུས་དེ་ཉིད་དུ་འདུ་ཤེས་འགྱུར་ནས་འགྲོའོ༔ དེའི་དུས་སུ༔ སྟོང་ཉིད་ཕྱག་རྒྱ་ཆེན་པོའི་དོན་དྲན་ན་ནི་མཆོག་ཏུ་འགྱུར་ཏེ༔ དེ་ལྟར་མ་བྱུང་ན༔ སྒྱུ་མ་ལྟ་བུའི་རྩལ་སྦྱོང་གྱིས་ཤིག༔ དེ་ལྟར་ཡང་མ་བྱུང་ན༔ གང་ལ་ཡང་ཆགས་སེམས་མ་བྱེད་པར༔ ཡི་དམ་ཐུགས་རྗེ་ཆེན་པོ་བསྒོམས་པས༔ བར་དོ་ནས་ལོངས་སྐུར་འཚང་རྒྱ་བར་འགྱུར་རོ༔ ཀྱཻ་རིགས་ཀྱི་བུ༔དེ་ལྟར་གལ་ཏེ་ལས་ཀྱི་དབང་གིས ༔ མངལ་དུ་འཇུག་དགོས་པ་བྱུང་ན༔ ད་ནི་མངལ་སྒོ་གདམ་པའི་གདམས་ངག་བསྟན་པར་བྱའོ༔ ཉོན་ཅིག༔ དེའང་མངལ་སྒོ་གང་བྱུང་དུ་མ་འགྲོ་ཤིག༔ གཤེད་མ་བྱུང་ནས་མི་འགྲོ་བའི་དབང་མ་བྱུང་ན༔ རྟ་མགྲིན་སྒོམས་ཤིག༔ དེའང་ད་ལྟར་ཁྱོད་ལ་མངོན་ཤེས་ཕྲ་མོ་ཡོད་པས༔ གནས་ཐམས་ཅད་རིམ་པ་ལྟར་ཤེས་ནས་འོང་བས༔ གདམས་པར་གྱིས་ཤིག༔ དེ་ཡང་དག་པ་སངས་རྒྱས་ཀྱི་ཞིང་དུ་འཕོ་བ་དང་༔ མ་དག་འཁོར་བའི་མངལ་སྒོ་གདམ་པའི་གདམས་ངག་གཉིས་ཡོད་པས༔ འདི་ལྟར་གྱིས་ཤིག༔ དང་པོ་རབ་དག་པ་མཁའ་སྤྱོད་ཀྱི་གནས་སུ་འཕོ་བ་ནི༔ དེའང་འཕེན་པ་འདི་ལྟ་བུ་ཅིག་བཏང་སྟེ༔ ཀྱཻ་མ༔ བདག་བསྐལ་བ་གྲངས་མེད་ཚད་མེད་ཐོག་མ་མེད་པའི་དུས་རིང་པོ༔ དེ་ཙམ་ཞིག་ནས༔ ད་རུང་ཡང་འཁོར་བའི་འདམ་འདིར་ལུས་པ་ནི་སྐྱོ་བ་ལས༔ སྔོན་གྱི་དེ་སྙེད་ཅིག་སངས་རྒྱས་པའི་རིགས་ལ༔ བདག་མ་གྲོལ་བ་འདི་ཨ་ཙ་མ༔ ད་ནི་འཁོར་བ་འདི་ལ་སྐྱུག་རེ་ལོག༔ ཞེ་རེ་འཇིགས༔ གཉུག་རེ་བུད༔ ད་ནི་བྲོས་པའི་གྲབས་བྱེད་རན་ནས་འདུག་པས༔ བདག་རང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞབས་དྲུང་དུ༔ མེ་ཏོག་པདྨའི་ཁ་ལ་བརྫུས་ཏེ་སྐྱེ་བ་ཞིག་བྱེད་དགོས་སྙམ་པས༔ ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ་འདུན་པ་དྲག་པོ་གཏོད་ལ༔ དེ་ལ་བརྩོན་འགྲུས་བྱེད་པ་གཅེས༔ གཞན་ཡང་རང་གང་མོས་པའི་ཞིང་ཁམས་མངོན་པར་དགའ་བའམ༔ སྟུག་པོ་བཀོད་པའམ༔ ལྕང་ལོ་ཅན་ནམ༔ པོ་ཏ་ལའམ༔ པདྨ་འོད་ཀྱི་གཞལ་ཡས་སུ༔ ཨོ་རྒྱན་གྱི་དྲུང་ངམ༔ གང་ལ་མོས་པའི་ཞིང་དུ་འདུན་པ་དྲག་ཏུ་གཏད་དེ༔ རྩེ་གཅིག་ཏུ་མ་ཡེངས་པར་བྱས་པས༔ དེ་མ་ཐག་ཏུ་ཞིང་ཁམས་དེར་སྐྱེ་བར་འགྱུར་ཏེ༔ གཞན་ཡང་དགའ་ལྡན་དུ་བྱམས་པ་མགོན་པོའི་དྲུང་དུ་འགྲོ་བར་འདོད་ནའང༔ བདག་བར་དོའི་སྐབས་འདིར༔ དགའ་ལྡན་ན༔ མི་ཕམ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་འགྲོ་བའི་དུས་ལ་བབ་པས༔ འགྲོ་བའི་འདུན་པ་གཏད་ན༔ བྱམས་པའི་དྲུང་དུ་པདྨའི་སྙིང་པོར་བརྫུས་ཏེ་སྐྱེའོ༔གཞན་ཡང་དེ་ལྟར་མ་གཏུབ་ཅིང་༔ མངལ་དུ་འཇུག་པར་སྤྲོ་བའམ༔ འཇུག་དགོས་པར་བྱུང་ན་མ་དག་འཁོར་བའི་མངལ་སྒོ་གདམ་པའི་གདམས་ངག་ཡོད་པས་ཉོན་ཅིག༔ དེའང་གོང་ལྟར་གླིང་ཡང་གདམ་པར་བྱ་སྟེ༔ མངོན་ཤེས་ཀྱིས་བལྟས་པས༔ཆོས་དར་བའི་སར་འཇུག་པར་བྱའོ༔ དེའང་མི་གཙང་བའི་རྫས་ལྗན་ལྗིན་གཅིག་ལ་བརྫུས་ཏེ་སྐྱེ་བ་ཡིན་ན༔ མི་གཙང་བའི་གོང་བུ་དེ་ལ་དྲི་ཞིམ་པོའི་འདུ་ཤེས་སྐྱེ་ནས༔དེར་ཆགས་ཏེ༔ སྐྱེ་བར་འགྱུར་བས༔ དེ་རྣམས་གང་དང་གང་གི་སྣང་བ་ཤར་བ་དེ་དང་དེར་འཛིན་པར་མི་བྱེད་པར༔ ཆགས་སྡང་གིས་མཚན་མ་མེད་པར་བྱས་ལ༔མངལ་སྒོ་བཟང་པོ་གདམས་པར་བྱའོ༔དེའང་འདུན་པ་གཏད་པ་གལ་ཆེ་བས༔ འདི་ལྟར་བྱའོ༔ ཀྱཻ་མ་བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ༔ འཁོར་ལོས་སྒྱུར་བའི་རྒྱལ་པོའམ༔ བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ༔ གྲུབ་པ་ཐོབ་པ་སྐྱེས་བུའི་སྲས་སམ༔ ཆོས་རྒྱུད་དྲི་མ་མེད་པའི་རིགས་སམ༔ ཕ་མ་དད་པ་ཅན་གྱི་རིགས་སུ་སྐྱེས་ནས༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་ནུས་པའི་བསོད་ནམས་ཅན་གྱི་ལུས་ཅིག་བླང་བར་བྱའོ་སྙམས་པའི་འདུན་པ་གཏོད་ལ༔ མངལ་དུ་འཇུག་པར་བྱའོ༔ དེའི་ཚེ་འཇུག་པའི་མངལ་དེ་ཡང་ལྷའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་ལ༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་༔ ཡི་དམ་གྱི་ལྷ་རྣམས་དང་༔ ཁྱད་པར་དུ་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ལ༔ དབང་བསྐུར་ཞུ་བའི་མོས་པ་བྱས་ལ༔མངལ་དུ་འཇུག་པར་བྱའོ༔ དེ་ལྟར་མངལ་སྒོ་གདམ་པ་འདིའང་༔ ནོར་བའི་ཉེན་ཡོད་པས༔ ལས་ཀྱི་དབང་གིས་མངལ་སྒོ་བཟང་པོ་ལ་ངན་པ་མཐོང་བ་དང་༔ ངན་པ་ལ་བཟང་པོར་མཐོང་ནས་ནོར་བའི་ཉེན་ཡོད་པས༔ དེའི་དུས་སུ་གདམ་པའི་གནད་གལ་ཆེ་བས་ཡང་འདི་ལྟར་དུ་བྱའོ༔ དེ་ལྟར་མངལ་སྒོ་བཟང་པོའི་སྣང་བ་བྱུང་ནའང་དེ་ལ་མ་ཆགས༔ ངན་པའི་སྣང་བ་བྱུང་ཡང་དེ་ལ་མི་སྡང་བར༔ བཟང་ངན་བླང་དོར་མེད་པར་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཆེན་པོའི་ངང་ནས་འཇུག་པ་ནི༔གནད་ཟབ་མོ་ཡང་དག་པ་ཡིན་གྱིས༔ དེ་ལའང་ཉམས་མྱོང་ཡོད་པའི་མི་འགའ་ཞིག་མ་གཏོགས་པ༔ བག་ཆགས་ངན་པའི་ནད་རོ་བྲལ་དཀའ་བས༔ དེ་ལྟར་ཆགས་སྡང་དང་བྲལ་མ་ཐུབ་ནའང་དབང་པོ་ཐ་མའི་ཡང་མཐའ་སྡིག་ཅན་དུད་འགྲོ་ལྟ་བུ་རྣམས་ལ༔ སྐྱབས་སུ་འགྲོ་བས་བཟློག་པ་ནི༔ ཡང་ཚེ་འདས་ཀྱི་མིང་ནས་བོས་ལ་འདི་སྐད་དོ༔ ཀྱཻ་རིགས་ཀྱི་བུ༔ ཁྱོད་ཀྱིས་མངལ་སྒོ་གདམ་མ་ཤེས་ཤིང་༔ ཆགས་སྡང་དང་བྲལ་མ་ཐུབ་ན༔ གོང་གི་སྣང་བ་དེ་རྣམས་གང་ཤར་ཡང་༔ དཀོན་མཆོག་གསུམ་གྱི་མཚན་ནས་བརྗོད་ཅིང་སྐྱབས་སུ་འགྲོ་བར་གྱིས་ཤིག༔ ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག༔ མགོ་གྱེན་ལ་བསྟན་ནས་འགྲོ་བར་གྱིས་ཤིག༔ བར་དོ་ངོ་ཤེས་པར་གྱིས་ཤིག༔ཤུལ་གྱི་ཉེ་བ་དང་༔ བུ་དང་བུ་མོ་ཉེ་འབྲེལ་རྣམས་ལ་ཆགས་ཞེན་སྤོངས་ཤིག༔ འདི་རྣམས་ཀྱིས་ཁྱོད་ལ་མི་ཕན་ནོ༔ད་མིའི་འོད་སྔོན་པོ་དང་༔ ལྷའི་འོད་དཀར་པོ་ལ་ཞུགས་ཤིག༔ རིན་པོ་ཆེའི་ཁང་བཟང་དང་༔ སྐྱེད་མོས་ཚལ་དུ་ཞུགས་ཤིག༔ ཅེས་ལན་བདུན་ཙམ་གྱི་བར་བཤད་དོ༔ དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གསོལ་བ་གདབ་པར་བྱའོ༔ བར་དོའི་སྨོན་ལམ་འཇིགས་སྐྱོབས་མ་དང་༔ བར་དོ་རྩ་ཚིག་དང་༔ བར་དོ་འཕྲང་སྒྲོལ་རྣམས་ཀྱང་ལན་བདུན་གྱི་བར་དུ་བཀླག་པར་བྱའོ༔ དེ་ནས་བཏགས་གྲོལ་ཕུང་པོ་རང་གྲོལ་ཡང་སྒྲ་དག་ལ་གསལ་བར་བཀླག་པར་བྱའོ༔ ཆོས་སྤྱོད་བག་ཆགས་རང་གྲོལ་ཡང་བཀླག་པར་བྱའོ༔ དེ་ལྟར་དུ་ཚུལ་བཞིན་དུ་བྱས་པས་རྣལ་འབྱོར་པ་རྟོགས་པ་མཐོ་བ་རྣམས་ནི༔ འཆི་ཁར་འཕོ་བ་ཐེབས་ནས༔ བར་དོ་འགྲིམས་མི་དགོས་པར་ཡར་གྱི་ཟང་ཐལ་ཆེན་པོར་གྲོལ་བར་འགྱུར་རོ༔ དེའི་འོག་མ་ཉམས་ལེན་ཡོད་པའི་གང་ཟག་འགའ་ཞིག་ནི༔ འཆི་ཁ་བར་དོའི་འོག་ཏུ་ཆོས་ཉིད་འོད་གསལ་ངོས་ཟིན་ཏེ༔ ཡར་གྱི་ཟངས་ཐལ་དུ་འགྱུར་རོ༔ དེའི་འོག་མ་རྣམས་ཆོས་ཉིད་བར་དོ་ལ་ཞག་བདུན་ཕྲག་གི་རིམ་པ་བཞིན་དུ༔ ཞི་ཁྲོའི་སྣང་བ་འཆར་བའི་ཚེ༔ ལས་འཕྲོ་དང་དབང་པོའི་བྱེ་བྲག་གིས་གཅིག་ལ་མ་གྲོལ་ནའང་༔ གཅིག་ལ་གྲོལ་ཏེ༔ འཕྲང་རིམ་པ་མང་བས་གང་རུང་གཅིག་ལ་ངོས་ཟིན་ནས་གྲོལ་བར་འགྱུར་རོ༔ དེར་ཡང་ལས་འཕྲོ་ཞན་པ་དང་༔ སྡིག་སྒྲིབ་དང་ལས་ངན་ཤེས་ཆེ་བ་རྣམས་ནི༔ ཡང་མར་ལ་སྲིད་པ་བར་དོར་འཁྱམས་དགོས་ཏེ༔ དེའང་ངོ་སྤྲོད་རིག་མི་གཅིག་པ༔ སྐས་ཀྱི་རིམ་པ་བཞིན་དུ་ཡོད་པས༔གཅིག་ལ་ངོ་མ་འཕྲོད་ནའང་༔ གཅིག་ལ་འཕྲོད་ཏེ་གྲོལ་བར་འགྱུར་རོ༔ དེ་ཡང་གོང་མ་རྣམས་ལ༔ ལས་འཕྲོ་ཤིན་ཏུ་ཞན་པ་རྣམས༔ ངོ་མ་འཕྲོད་པར་འཇིགས་སྐྲག་གི་དབང་དུ་སོང་ནའང་༔ མངལ་སྒོ་དགགས་པ་དང་༔ མངལ་སྒོ་གདམ་པའི་རིམ་པ་ལ༔ རིགས་མི་གཅིག་པ་རིམ་པ་བཞིན་ཏུ་ཡོད་པས༔གཅིག་ལ་ངོས་མ་ཟིན་ནའང་༔ གཅིག་ལ་ངོ་འཕྲོད་དེ༔ དམིགས་པ་ཟིན་ནས་གནས་མཐོ་བའི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དོ༔ ཐ་མའི་ཡང་མཐའ་དུད་འགྲོ་ལྟ་བུའི་རིགས་ཡིན་ཀྱང་སྐྱབས་འགྲོ་བྱས་པའི་ཡོན་ཏན་གྱིས༔ ངན་སོང་ནས་རུ་ལྡོག་སྟེ༔ མི་ལུས་རིན་པོ་ཆེ་དལ་འབྱོར་ཕུན་སུམ་ཚོགས་པའི་ལུས་སུ་གྱུར་ནས༔ སྐྱེ་བ་ཕྱི་མ་ལ་བླ་མ་དགེ་བའི་བཤེས་གཉེན་དང་འཕྲད་དེ༔ གདམས་པ་ཐོབ་ནས་གྲོལ་བར་འགྱུར་རོ༔ སྲིད་པ་བར་དོར་ཆོས་འདིས་སླེབ་ན༔ བཟང་པོ་ལས་ཀྱི་འཕྲོ་མཐུད་པ༔ཡུར་བ་རྐང་ཆད་པ་ལ་ཝ་འཛུག་པ་ལྟ་བུའི་གདམས་ངག་ཡིན་པས༔ སྡིག་པོ་ཆེ་ཐམས་ཅད་ཀྱང་ཆོས་འདི་ཐོབ་ན་མི་གྲོལ་མི་སྲིད་དོ༔ དེ་ཅིའི་ཕྱིར་ཞེ་ན༔ བར་དོའི་སྐབས་སུ༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཀྱི༔ ཐུགས་རྗེའི་བསུ་མ་ཡོད་པ་དང་༔ བདུད་དང་བར་ཆད་ཀྱི་བསུ་མ་གཉིས་ཀ་འཛོམ་ནས་ཡོད་ཏེ༔ དེའི་ཚེ་ཆོས་འདི་ཐོབ་པ་ཙམ་གྱིས་སྣང་བ་བསྒྱུར་ནས་གྲོལ་བ་ཐོབ་པ་ཡིན་ཏེ༔ དེ་ཡང་ཤ་ཁྲག་གི་རྟེན་མེད་པར་ཡིད་ཀྱི་ལུས་ཡིན་པས་སླ་བ་ཡིན་ནོ༔ བར་དོ་ཐག་རིང་གར་འཁྱམས་ནས་ཡོད་ཀྱང་ལས་ཀྱི་མངོན་ཤེས་ཕྲ་མོས་མཐོང་བ་དང་༔ མཐོང་ནས་འོང་སྟེ༔ དྲན་པས་ཟིན་ནས༔སྐད་ཅིག་ལ་བློ་བསྒྱུར་དུ་གཏུབ་པས༔ ཤིན་ཏུ་ཕན་ཡོན་ཆེའོ༔ དཔེར་ན་སྒྱོགས་ཀྱི་འཁྲུལ་འཁོར་ལྟ་བུའམ༔ སྡོང་པོ་ཆེན་པོ་མི་བརྒྱས་མི་ཐེག་པ༔ ཆུ་ནང་དུ་བཅུག་པས༔ ཡུད་ཙམ་གཅིག་ལ་གར་འདོད་པའི་ས་ལ་འདྲེན་པ་དང་འདྲའོ༔ རྟ་ཁ་སྲབ་ཀྱིས་བསྒྱུར་བ་དང་འདྲའོ༔ དེའི་ཕྱིར་ཚེ་ལས་འདས་པ་ཐམས་ཅད་ཀྱི་རྩར་ཕྱིན་ནས༔ རོ་ཡོད་ན་གྲོགས་ཀྱི་རོའི་སྣ་བུག་ནས་ཁྲག་གམ་ཆུ་སེར་མ་ཐོན་ཀྱི་བར་དུ་བསྐྱར་ཞིང་༔ གསལ་གདབ་པར་བྱའོ༔ དེའི་བར་དུ་རོ་མི་སྒུལ་བར་བཞག་གོ༔ འདིའི་དམ་ཚིག་ལ༔ གཤིན་པོ་ལ་བསྔོ་ནས་སེམས་ཅན་གྱི་སྲོག་མི་གཅོད༔ རོའི་རྩར་རང་གཞན་སུ་ཡང་རུང་སྟེ༔གཉེན་བཤེས་ཀུན་གྱི་ཀུ་སྒྲ་སྤང་༔ ཀུ་ཅོ་དང་མྱ་ངན་སྤང་༔ སྨྲེ་སྔགས་མི་འདོན༔ དགེ་བའི་ལས་འགྲུབ་ཚད་བྱའོ༔ གཞན་ཡང་བར་དོ་ཐོས་གྲོལ་ཆེན་མོའི་ཆོས་འདི༔ ཆོས་ཀྱི་རིགས་གང་གསུངས་ཀྱང་རུང་སྟེ༔ ཁྲིད་ཀྱི་ཞབས་སུ་འདི་དང་བསྒྲགས་ནས་བསྟན་ན་ཤིན་ཏུ་ཟབ་པོ༔ གཞན་ཡང་འདི་རྟག་ཏུ་འདོན་པར་བྱ་ཞིང་༔ ཚིག་དང་ཐ་སྙད་བློ་ལ་བྱང་བར་བྱས་ལ༔ ནམ་འཆི་བར་ངེས་པའམ༔ཚེ་ཚད་འཆི་རྟགས་རྣམས་ངོ་ཤེས་ནས༔ ཁམས་ཀྱིས་ལྕོགས་ན༔ རང་གིས་འདོན་ཞིང་༔ དོན་ཡིད་ལ་བསམ༔ མ་ལྕོག་ན་མཆེད་གྲོགས་ལ་དཔེ་བཀླག་བཅོལ་ཞིང་༔ གསལ་འདེབས་པས༔ ངེས་པར་གྲོལ་བ་ལ་ཐེ་ཚོམ་མེད་དོ༔ བསྒོམ་བསྒྲུབ་བྱ་མི་དགོས་པའི་ཆོས༔ བལྟས་པས་གྲོལ་བ༔ ཐོས་པ་གྲོལ་བ༔ བཀླགས་པས་གྲོལ་བའི་གདམས་ངག་ཟབ་མོ་ཡིན་ཏེ༔ སྡིག་པོ་ཆེ་གསེབ་ལམ་དུ་ཁྲིད་པར་བྱེད་པའི་གདམས་ངག་ཟབ་མོ་འདི༔ ཁྱི་བདུན་གྱིས་བདས་ཀྱང་༔ ཚིག་དང་ཐ་སྙད་མ་བརྗེད་པར་བྱས་ན༔ འཆི་ཁར་སངས་རྒྱས་པའི་གདམས་ངག༔ དུས་གསུམ་སངས་རྒྱས་ཀྱིས་བཙལ་ཡང་༔འདི་ལས་ལྷག་པའི་ཆོས་རྙེད་པར་མི་སྲིད་དོ༔ བར་དོའི་གདམས་པ་ལས་ཅན་གྲོལ་བར་བྱེད་པའི༔བར་དོ་ཐོས་གྲོལ་ཆེན་མོ་ཞེས་བྱ་བ་ཟབ་པའི་སྙིང་ཁུ་རྫོགས་སོ༔ ༔གྲུབ་ཐོབ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོ་ནས་གདན་དྲངས་པའོ༔