སྲས་མོ་སུ་ཇ་ཏ་དང་ཆུང་མ་རིགས་མི་འདྲ་བ་བདུན་

ཡོང་ཁུངས་Wikipedia

སྲས་མོ་སུ་ཇ་ཏ་དང་ཆུང་མ་རིགས་མི་འདྲ་བ་བདུན་ལས་བརྩམས་པའི་གསུང་ཆོས་ཀྱི་གདམས་པ།

སྲས་མོ་སུ་ཇ་ཏ(SUJATA)ནི་འབྱོར་ཕྱུག་ཕུན་སུམ་ཚོགས་པའི་ཁྱིམ་ཚང་ཞིག་ལས་ཆད་ཅིང་། མགོན་མེད་ཟས་སྦྱིན(ANATHAPINDIKA)གྱི་སྲས་དང་གཉེན་སྒྲིག་བྱས་པ་ཞིག་ཡིན། སྲས་མོ་ཁོང་ནི་ཧ་ཅང་གི་སྣང་བ་མཐོ་ཞིང་ཁེངས་དྲེགས་དང་ལྡན་པ་ཞིག་ཡིན་པས། རང་ཉིད་ཀྱི་ཁྱོ་ག་དང་གྱོས་སྒྱུག་སོགས་ཀྱི་ལམ་སྟོན་ལ་མི་ཉན་པར་མ་ཟད། སྐྱེ་བོ་གཞན་སུ་ལའང་གུས་ཞབས་དང་བརྩི་མཐོང་མི་བྱེད་པ་སོགས་ཀྱི་ཉེར་ལེན་ལ་བརྟེན་ནས་དུས་ནམ་ཡིན་ཡང་ཁྱིམ་ཚང་ནང་རྙོག་དྲ་དང་འཁྲུག་རྩོད་ཟམ་མི་ཆད་པར་སློང་གི་ཡོད།

ཉིན་ཞིག་སངས་རྒྱས་བཅོམ་ལྡན་འདས་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་ཕེབས་སྐབས། སངས་རྒྱས་ཀྱིས་ནམ་རྒྱུན་དང་མི་འདྲ་བའི་སྐད་ཅོར་གྱི་སྒྲ་ཞིག་ཐོས་པས། གནས་ཚུལ་དེ་ཅི་ཞིག་ཡིན་མིན་སྐོར་བཀའ་འདྲི་གནང་བར། མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། མགོན་པོ་ལགས། དེ་ནི་ངའི་བུའི་མནའ་མ་སུ་ཇ་ཏ་ཡིས་སྐད་ཅོར་རྒྱག་བཞིན་པ་དེ་རེད། མོ་རང་གིས་དུས་ནམ་ཡིན་ཡང་རང་ཉིད་ཀྱི་ཁྱོ་ག་དང་ངེད་གྱོས་སྒྱུག་གཉིས་ཀྱི་ཁ་ལ་མི་ཉན་པར་མ་ཟད། སྐྱེས་བུ་དམ་པ་སུ་ལའང་བརྩི་མཐོང་དང་གུས་ཞབས་གཏན་ནས་བྱེད་ཀྱི་མི་འདུག་ཅེས་ཞུས། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྲས་མོ་སུ་ཇ་ཏ་རང་ཉིད་ཀྱི་སྐུ་མདུན་དུ་བོས་ཏེ་བརྩེ་ཞིང་བྱམས་པའི་གསུང་ངག་གི་སྒོ་ནས་སྨྲས་པ། སྲས་མོ་སུ་ཇ་ཏ། སྤྱིར་སྐྱེས་བུ་ཞིག་ལ་ཡོད་ཆོག་པའི་ཆུང་མ་དེ་ལ་རིགས་མི་འདྲ་བ་བདུན་ཡོད། དེས་ན་ཁྱེད་རིགས་དེ་ཚོའི་ནང་ནས་གང་ཡིན་ཞེས་གསུངས་པར། སྲས་མོ་སུ་ཇ་ཏ་ན་རེ། མགོན་པོ་ལགས། ཆུང་མ་རིགས་མི་འདྲ་བ་བདུན་པོ་གང་དང་གང་ཡིན་ནམ། ཞེས་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་ཀྱིས་སླར་ཡང་སྨྲས་པ། སྲས་མོ་སུ་ཇ་ཏ། ཆུང་མ་ལ་རིགས་མི་འདྲ་བ་བདུན་ཡོད་པ་ནི་འདི་ལྟར།

༡༽ རིགས་གཅིག་ནི་ཆེས་སྤྱོད་པ་ངན་ལ་མཐོང་མི་འདོད་པ་ཞིག་སྟེ། གནག་སེམས་ཆེ་ཞིང་རྙོག་དྲ་སློང་བ། ཁོང་ཁྲོ་ཆེ་ཞིང་སྙིང་རྗེ་མེད་པ། བྱམས་སེམས་མེད་ལ་རང་ཉིད་ཀྱི་ཁྱོ་ག་དང་དམ་ཚིག་མི་མཐུན་པ་ཞིག་གོ །

༢༽ རིགས་གཅིག་ནི་རྐུན་མ་དང་འདྲ་བ་ཡོད་དེ། རང་གི་ཁྱོ་གས་བསགས་པའི་དངུལ་དངོས་རྣམས་དོན་མེད་འཕྲོ་བརླག་ཏུ་གཏོང་བ་ཞིག་གོ །

༣༽ སྦྱིན་བདག་དང་འདྲ་བའི་ཆུང་མའང་ཡོད་དེ། དེ་ནི་ལེ་ལོ་ཆེ་ཞིང་སྒེར་སེམས་བཙན་པ། སྤྱོད་པ་རྩུབ་ཅིང་སྙིང་རྗེ་དམན་པ། དུས་ནམ་ཡིན་ཡང་རང་ཉིད་ཀྱི་ཁྱོ་ག་ལ་གཤེ་གཤེ་གཏོང་ཞིང་ཚུལ་མིན་གྱི་གཏམ་འཆལ་སྣ་ཚོགས་བཤད་པ་ཞིག་གོ །འོ་ཡ། སྲས་མོ་སུ་ཇ་ཏ། དེ་མིན་ད་དུང་བསྔགས་པར་འོས་ཤིང་མཆོག་ཏུ་གྱུར་པའི་ཆུང་མའང་ཡོད་དེ།

༤༽ དཔེར་ན་ཡུམ་ཆེན་དང་འདྲ་བའི་ཆུང་མ་རྣམས་ནི། བྱམས་སེམས་ཆེ་ཞིང་སྙིང་རྗེ་དང་ལྡན་པ། རང་ཉིད་ཀྱི་ཁྱོ་ག་ལ་ཤ་ལས་ཆད་པའི་བུ་ཕྲུག་ཇི་བཞིན་བྱམས་པས་སྐྱོང་ཞིང་། ཁོང་གིས་བསགས་པའི་དངུལ་དངོས་རྣམས་ཀྱང་ཚུལ་དང་མཐུན་པར་ལོངས་སུ་སྤྱོད་པ་ཞིག་གོ །

༥༽ དེ་བཞིན་སྲིང་མོ་དང་འདྲ་བའི་ཆུང་མའང་ཡོད་དེ། མོ་རང་གིས་རང་ཉིད་ཀྱི་ཁྱོ་ག་ལ་གཅུང་མོ་ཞིག་གིས་གཅེན་པོ་ལ་ཇི་ལྟར་བརྩི་བཀུར་བྱེད་པ་ལྟར། ཡ་རབས་བཟང་སྤྱོད་ལྡན་པའི་སྒོ་ནས་ཁྱོ་གའི་འདོད་བློ་ལ་གུས་བཀུར་བྱེད་པ་ཞིག་གོ །

༦༽ གཞན་ཡང་གྲོགས་པོ་དང་འདྲ་བའི་ཆུང་མའང་ཡོད་དེ། མོ་རང་གིས་རང་ཉིད་ཀྱི་ཁྱོ་ག་མཐོང་སྐབས་དུས་ཡུན་རིང་པོའི་བར་དུ་ངོ་མ་ཐུག་པའི་གྲོགས་པོ་ཞིག་སླར་ཡང་ཞལ་མཇལ་བ་ལྟར་དགའ་སྣང་བྱེད། དེ་ནི་སྐྱེ་ས་སྐྱེ་ཁུང་མཐོ་ཞིང་ཡ་རབས་ལ་དམ་ཚིག་དང་ལྡན་པ་ཞིག་གོ །

༧༽ ད་དུང་རང་ཉིད་ཀྱི་ལག་གཡོག་དང་འདྲ་བའི་ཆུང་མའང་ཡོད་དེ། མོ་རང་གིས་གཞན་གྱིས་རང་གི་ཞན་ཆ་ལ་མཛུབ་མོ་བཙུགས་ཏེ་གསལ་སྟོན་བྱེད་དུས་གོ་བ་ལེན་ཐུབ་ཅིང་། ཁྱོ་གས་ཚིག་རྩུབ་པོའི་སྒོ་ནས་གཤེ་གཤེ་བཏང་ན་ཡང་ཁོང་ཁྲོ་བར་མི་བྱེད་ཅིང་སྤྱོད་ལམ་འཇམ་པ། ད་དུང་ཁྱོ་གའི་འདོད་པ་གང་ཡོད་ལ་བརྩི་འཇོག་བྱེད་པ་བཅས་སོ། །ཞེས་གསུངས་ཏེ་སླར་ཡང་སྲས་མོ་སུ་ཇ་ཏ་ལ་འདི་ལྟར། ཡ། སྲས་མོ་སུ་ཇ་ཏ། དེས་ན་ཁྱེད་ཆུང་མ་རིགས་མི་འདྲ་བ་དེ་ཚོའི་ཁྲོད་ནས་གང་ཞིག་ཡིན་པའམ། ཡང་ན་རིགས་གང་ཞིག་བྱེད་པ་ལ་སྤྲོ་བ་ཡིན། ཞེས་བཀའ་འདྲི་གནང་།

སྲས་མོ་སུ་ཇ་ཏ་ཡིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་ནས་གསུང་ངག་གི་གདམས་པ་དེ་དག་ཐོས་པས། མོའི་དེ་སྔོན་གྱི་སྤྱོད་པས་རྐྱེན་པས་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་གྱུར་ཏེ་ན་རེ། ངའི་ཁྱོ་གས་ཁོ་མོ་རིགས་མི་འདྲ་བའི་དཔེ་མཚོན་དེ་རྣམས་ཀྱི་ཁྲོད་ནས་ཆེས་སྡུག་ཤོས་དེ་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། ཁོ་མོས་ཉི་མ་དེ་རིང་ནས་བཟུང་གོ་རིམ་ལྡན་ཞིང་མཆོག་ཏུ་གྱུར་པའི་ཆུང་མ་ཞིག་བྱེད་ཀྱི་ཡིན། ཞེས་ཞུས། དེ་ནས་བཟུང་སྲས་མོ་སུ་ཇ་ཏ་ཡི་སྤྱོད་ལམ་ལ་འགྱུར་ལྡོག་ཕྱིན་ཏེ་རང་གི་ཁྱོ་གའི་གཏན་གྱི་མཛའ་མོར་གྱུར་ནས། ཁོང་ཁྱོ་ཤུག་གཉིས་ཀྱིས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་ལམ་ལ་བསླབས་ཏེ་སྦྱང་བརྩོན་གྱིས་དཀའ་བ་སྤྱད་པ་བཅས་སོ། །