སྲས་མོ་གྲགས་འཛིན་མ་

ཡོང་ཁུངས་Wikipedia

སངས་རྒྱས་བཅོམ་ལྡན་འདས་ཕོ་བྲང་དུ་བྱོན་ཏེ་ཞལ་ལག་བཞེས་གྲུབ་རྗེས། སྲས་མོ་གྲགས་འཛིན་མ་མ་གཏོགས་ཕོ་བྲང་གི་དཔོན་གཡོག་ཀུན་གྱིས་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཕྱིར་ཕོ་བྲང་དུ་ཕེབས་པ་ཐོས་ནས་ཁོང་ལ་གུས་ཞབས་དང་བཀའ་སློབ་ཞུ་རུ་བཅར། ཁོང་ཚོ་ཚང་མས་སྙིང་ནས་བརྩེ་བའི་རྒྱལ་སྲས་གཞོན་ནུ་དོན་གྲུབ་ནི་ད་ལྟའི་སྐབས་སུ་སྐུ་ལ་ངུར་སྨྲིག་གི་ན་བཟའ་བཞེས་ཤིང་། སྐྱེ་འགྲོ་ཀུན་གྱིས་ཕྱག་དང་སྐོར་བ་བྱེད་ཅིང་། དགའ་མོས་ཀྱིས་གུས་བཀུར་ཞུ་ས་ཞིག་ཏུ་གྱུར་པ་མཇལ་བས་ཁོང་ཚོའི་སེམས་ལ་བརྗོད་ལས་འདས་པའི་ངོ་མཚར་དང་བླ་ན་མེད་པའི་དགའ་སྤྲོ་ཡིས་ཁེངས་སོ། །

འོན་ཀྱང་སྲས་མོ་གྲགས་འཛིན་མ (YASODHARA) ནི་མོ་རང་ཉིད་ཀྱི་གཟིམ་ཁང་དུ་བཞུགས་ཏེ་བསམ་པར། ད་ལྟའི་སྐབས་སུ་རྒྱལ་སྲས་གཞོན་ནུ་དོན་གྲུབ་ནི་མངོན་པར་རྫོགས་པར་སངས་རྒྱས་ཏེ་དེ་བཞིན་གཤེགས་པའི་རིགས་སུ་གྱུར་པ་ཡིན་པས། དུས་ད་ནས་བཟུང་ཁོང་ལ་ང་དགོས་མཁོ་མེད་ལ། གལ་སྲིད་དགོས་ནའང་འགྲིག་ཐབས་ག་ལ་ཡོད། དེར་བརྟེན་ཁོ་མོ་སངས་རྒྱས་བཅོམ་ལྡན་འདས་མཇལ་དུ་ཕྱིན་ན་འོས་འཚམས་རང་ཨེ་ཡིན། ད་ཅི་ཞིག་བྱས་ན་བཟང་སྙམ་ནས་ཐུགས་བསམ་བཞེས་རྗེས། སླར་ཡང་འདི་ལྟར། གང་ལྟར་ངས་ཁོང་ལ་མཇལ་ཁ་ཞུ་རྒྱུ་ཅུང་ཙམ་ཕྱིར་འགྱང་བྱས་ན་བཟང་། གལ་སྲིད་ཁོང་ངའི་གཟིམ་ཁང་དུ་བྱོན་ན་ངས་ཀྱང་ཁོང་ལ་འོས་ཤིང་འཚམས་པའི་གུས་ཞབས་བསུ་བ་ཞུ་རྒྱུ་ཡིན་སྙམ་ནས་བཞུགས་སོ། །

ཅུང་མ་འགོར་བའི་རྗེས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡབ་རྒྱལ་པོ་ལ་སྨྲས་པ། སྲས་མོ་གྲགས་འཛིན་མ་གང་དུ་ཡོད། ཅེས་བཀའ་འདྲི་གནང་བར། ཡབ་རྒྱལ་པོ་ན་རེ། མོ་རང་རང་ཉིད་ཀྱི་གཟིམ་ཁང་དུ་འདུག་ཅེས་ཞུས་པར། སངས་རྒྱས་བཅོམ་ལྡན་འདས་ཀྱིས། འོ་ན་ང་ཚོ་མོ་རང་གི་གཟིམ་ཁང་དུ་འགྲོ་གསུངས་ནས་ལྷུང་བཟེད་ཡབ་རྒྱལ་པོའི་ཕྱག་ཏུ་གཏད་དེ་སྲས་མོ་གྲགས་འཛིན་མའི་གཟིམ་ཁང་དུ་བྱོན། དེ་ནས་སངས་རྒྱས་བཅོམ་ལྡན་འདས་གྲགས་འཛིན་མའི་གཟིམ་ཁང་དུ་འཛུལ་སྐབས་ཁོང་གིས་འཁོར་ཚོགས་རྣམས་ལ་སྨྲས་པ། སྲས་མོ་གྲགས་འཛིན་མས་མོ་རང་གི་ཐུགས་འདོད་གང་ཡོད་ཀྱིས་ང་ལ་གུས་ཞབས་བྱེད་དུས། ཁྱེད་ཅག་གིས་མོ་རང་ལ་གང་ཅི་ཡང་མི་གསུང་བར་ཁ་རོག་གེར་འདུག་རོགས། ཞེས་གདམས།

སྲས་མོ་གྲགས་འཛིན་མས་སངས་རྒྱས་བཅོམ་ལྡན་འདས་རང་གི་གཟིམ་ཁང་དུ་ཕེབས་བཞིན་པ་ཤེས་ནས། ཞབས་ཕྱི་མ་རྣམས་ལ་ངུར་སྨྲིག་གི་གོས་བགོས་ཏེ་སངས་རྒྱས་བཅོམ་ལྡན་འདས་ཕེབས་བསུ་བྱེད་དུ་བཏང་། དེ་ནས་སངས་རྒྱས་བཅོམ་ལྡན་འདས་གྲགས་འཛིན་མའི་གཟིམ་ཁང་དུ་བྱོན་ཏེ་བཞུགས་ཁྲི་ལ་མ་འཁོད་པའི་སྔོན་དེར། གྲགས་འཛིན་མ་མྱུར་སྟབས་ངང་སངས་རྒྱས་ཀྱི་སྐུ་མདུན་དུ་བཅར་ནས་ཙོག་པུར་འདུག་སྟེ། ལག་ཟུང་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་ལོང་བུ་ལ་འཇུས་ཤིང་མགོ་བོ་ཞབས་ཀྱི་སྟེང་དུ་བཞག་ནས་མིག་ཆུ་ཡིས་ཁོང་གི་ཞབས་གཉིས་རློན་པ་མ་ཆགས་བར་དུ་ངུ་ཐག་མ་ཆོད། དེ་དུས་མི་སུ་གཅིག་གིས་ཀྱང་མོ་རང་ལ་བཀག་འགོག་མ་བྱས་པར་མ་ཟད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་ཞལ་གསུང་ཅི་ཡང་མི་མཛད་པར་མོ་རང་ངུས་ནས་ཐང་མ་ཆད་བར་དུ་དེ་ལྟར་བྱས་ནས་སྡོད་དུ་བཅུག དེ་ནས་མོ་རང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་འགོས་པའི་མིག་ཆུ་རྣམས་གཙང་ཕྱིས་ཞུས་ཏེ་གུས་ཤིང་བཀུར་བའི་སྒོ་ནས་སར་བསྡད་པ་ན། མོ་རང་གི་སྒྱུག་པོ་སྟེ་ཡབ་རྒྱལ་པོ་ཟས་གཙང་མས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། འཇིག་རྟེན་གྱི་མགོན་པོ་ལགས། ངེད་ཚང་གི་མནའ་མ་སྟེ་སྲས་མོ་གྲགས་འཛིན་མས། ཁྱེད་ཀྱིས་ངུར་སྨྲིག་གི་ན་བཟའ་བཞེས་པ་ཐོས་མ་ཐག་མོ་རང་གིས་ཀྱང་དེ་ལྟར་ངུར་སྨྲིག་གི་གོས་གྱོན་ནས་བསྡད། ཡང་ཁྱེད་ཀྱིས་ཉིན་གཅིག་ལ་གསོལ་ཚིགས་ཐེངས་གཅིག་ལས་བཞེས་ཀྱི་མེད་པ་ཐོས་པ་ན་མོ་རང་གིས་ཀྱང་དེ་ལྟར་བྱས། ཁྱེད་ཀྱིས་ཁྲི་མཐོན་པོར་བཞུགས་རྒྱུ་སྤངས་པ་སོགས་ཐོས་པས་མོ་རང་ཡང་དུས་དེ་ནས་བཟུང་གདན་དམའ་བ་ལ་བཞུགས་པའི་འགོ་བཙུགས། ཁྱེད་ཀྱིས་མཛེས་པའི་རྒྱན་ཆ་དང་སྐུ་ལུས་ལ་དྲི་ཞིམ་བྱུགས་པ་སོགས་སྤངས་པ་ཐོས་པས་མོ་རང་གིས་ཀྱང་དེ་དག་ཐམས་ཅད་སྤངས། མ་ཟད་མོ་རང་གི་གཉེན་ཉེ་རྣམས་ཀྱིས་ཕོ་ཉ་བ་བཏང་སྟེ་ཁྱེད་ཕྱིར་རང་གི་རྒྱལ་སར་ལོག་ཅིག་ཅེས་བཤད་དུས། མོ་རང་གིས་ཁོང་ཚོའི་ཞུ་བ་དང་ལེན་བྱེད་རྒྱུ་ཕར་ཞོག ཐ་ན་མིག་ཟུར་ཙམ་ཡང་མ་བལྟས་པར་བསྡད། ང་ཚོའི་མནའ་མ་ནི་འདི་འདྲའི་བཟའ་པོའི་ཡོན་ཏན་དང་ལྡན་པ་ཞིག་ཡིན། ཞེས་ཞུས་པ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེར་ཡོད་རྣམས་ལ་སྨྲས་པ། མོ་རང་གིས་ང་ལ་འདི་ལྟ་བུའི་མཐུན་འགྱུར་ཞུས་པ་དེ་ནི་སྐྱེ་བ་འདི་གཅིག་པུ་ཙམ་མ་ཡིན་པར། སྔོན་གྱི་སྐྱེ་བ་རྣམས་སུའང་ཁོང་གིས་ང་ལ་དམ་ཚིག་མཐུན་ཞིང་དད་གུས་ཆེན་པོའི་སྒོ་ནས་བསྲུངས་ཤིང་བསྐྱབས་པ་གྲངས་ཀྱིས་མི་ལངས་སོ། ། ཞེས་གསུངས་ཏེ་སྔོན་གྱི་སྐྱེས་རབས་ལས་ཅན་ད་ཀིན་ན་ར་ཇ་ཏ་ཀའི (CANDAKINNARAJATAKA) རྟོགས་བརྗོད་གསུངས་སོ། །