སྲས་མཁར་དགུ་ཐོག་

ཡོང་ཁུངས་Wikipedia
མི་ལའི་སྲས་མཁར་དགུ་ཐོག

༄༅། །བཀའ་བརྒྱུད་བསྟན་པའི་འབྱུང་གནས་བོད་ཡུལ་གཡོ་རུ་ལྷོ་བྲག་སྲས་ཞེས་པའི་ཡུལ་ན། བཀའ་བརྒྱུད་བསྟན་པའི་སྲོལ་འབྱེད་སྒྲ་བསྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱི་ཐུགས་སྲས་གངས་ཅན་གྲུབ་པའི་གཙུག་རྒྱན་རྗེ་བཙུན་མིད་ལ་རས་པས་སྒྲིབ་སྦྱོང་གི་ཆེད་དུ་ལོ་དྲུག་དང་ཟླ་དྲུག་རིང་དུ་སྲས་དར་མ་མདོ་སྡེའི་སྐུ་མཁར་འདི་ཕྱི་ལོ་1077 ཡས་མས་སུ་བཞེངས་ཤིང་ཁྱད་དུ་འཕགས་པའི་མཁར་རྙིང་ཞིག་ཡིན། སྲས་མཁར་དགུ་ཐོག་འདི་ནི་ལོ་རྒྱུས་རང་བཞིན་ལྡན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་མཁར་ཡུམ་བུ་བླ་མཁར་གཉིས་པ་ལྟ་བུ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།

     དུས་རབས16པའི་དུས་འགོར་གངས་ཅན་མཁས་པའི་ཁྱུ་མཆོག་དཔའ་བོ་གཙུག་ལག་ཕྲེང་བས་དགེ་འདུན་གྱི་སྡེ་ཆེན་པོ་བཙུགས། གནས་ཡིག་ཁག་ཏུ་རྗེས་སུ་རྒྱལ་དབང་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོ་མཆོག་དང་། ཕྱི་ལོ1944ལ་བསམ་གྲུབ་དགོན་གྱི་དགོན་བདག་བླ་མས་ཞིག་གསོ། དགོན་འདིའི་བསྟན་བདག་ནི་དཔའ་བོ་གཙུག་ལག་ཕྲེང་བ་ནས་བཟུང་དཔའ་བོ་སྐུ་ཕྲེང་ན་རིམ་གྱི་གདན་ས་ཡིན།

རྗེ་བཙུན་མི་ལ་རས་པས་མཁར་བཞེངས་པའི་སྐོར།

      “ནངས་པར་བླ་མ་རང་ཕེབས་ནས་མདང་ངས་ཁྱོད་ལ་མང་བོ་རང་འཐབས་འདུག མ་དགའ་བ་མ་བྱེད། ག་ལེ་བྱས་ནས་གདམས་ངག་སྟེར་བས་ངང་མ་ཐུང་། ཁྱོད་ལས་རེམ་པོ་རང་ཞིག་འདུག་པས། ད་དར་མ་མདོ་སྡེ་འབོགས་པའི་མཁར་ཞིག་རྩིག་གྲོགས་གྱིས། དེ་ཚར་ནས་གདམས་ངག་ཀྱང་སྟེར་ལ། ལྟོ་གོས་ཀྱང་ང་རང་གིས་སྦྱར་གསུངས། དེ་བར་ལ་བདག་ཆོས་མེད་དུ་ཤི་ན་ཇི་ལྟར་བྱེད་ལགས་ཞུས་པས། དེ་བར་ལ་མི་འཆི་བའི་ཁག་ཀྱང་ང་རང་གི་ཐེག་ཁ་ཕོ་མེད་པའི་ཆོས་མེད་དེ། ཁྱོད་རང་སྙིང་རུས་ཆེ་རབ་ཅིག་འདུག་པས་ངའི་གདམས་ངག་སྒོམ་ནུས་ན། ཚེ་འདིར་སངས་ཨེ་རྒྱ་མི་རྒྱ་ཡང་སྟོན་པ་ཡིན་ཏེ། ངའི་རྒྱུད་པ་འདི་ལ་གཞན་དང་ཡེ་མི་འདྲ་བའི་བྱིན་རླབས་ཀྱི་བཀའ་བབས་ཤིག་ཡོད་གསུང་ཞལ་ཏ་བཟང་བོ་གནང་བས་སེམས་དགའ་བོ་བྱུང་སྟེ། འོ་ན་མཁར་གྱི་ཞལ་བཅོས་མཛད་པར་ཞུ་ཞུས་པར། མཁར་དེ་ཕ་ཚུན་ཀུན་གྱིས་མནའ་བསྐྱལ་ནས་མཁར་བརྩིག་ས་མེད་པའི་ས་འགག་དམ་པོ་ཞིག་ཡོད་པ་དེ་ལ། མར་བ་མནའ་ཁོངས་ན་མེད་པས་དེར་རྩིག་དགོངས་པའི་གཡོ་ཐབས་དང་། ངའི་སྡིག་པ་སྦྱང་བའི་ཐབས་སུ། ཤར་ཕྱོགས་ཀྱི་རི་སྣ་ཞིག་ལ་མཁར་འདི་ལྟ་བུ་ཞིག་རྩིགས་ཤིག་གསུངས། ཟླུམ་པོ་ཞིག་བརྩིགས་པས། ཕྱེད་ཙམ་ལོངས་པ་དང་། བླ་མ་བྱོན་ནས་ཁ་སང་བསམ་མནོ་མ་ཐོངས་པར་འདུག མཁར་འདི་རྩ་བ་ནས་ཤིགས་ལ་ས་ས་མལ་དང་། རྡོ་རྡོ་མལ་དུ་སྐྱོལ་ཅིག་གསུངས། དེ་ལྟར་བྱས་པས། ཡང་ནུབ་ཕྱོགས་ཀྱི་རི་སྣ་ཞིག་ལ་བླ་མ་ཕུད་ཀྱིས་བད་པ་ལྟར་མཛད་ནས། ད་མཁར་འདི་ལྟ་བུ་ཞིག་རྩིགས་ཤིག་གསུངས། ཟླ་གམ་ཞིག་བརྩིགས། དེ་ཡང་ཕྱེད་ཙམ་ལོངས་པ་དང་། ཡང་བླ་མ་བྱོན་ནས་འདིས་ཀྱང་མི་འོང་བར་འདུག འདི་ཡང་ས་ས་མལ་དང་རྡོ་རྡོ་མལ་དུ་སྐྱོལ་ཅིག་གསུངས། དེ་ལྟར་བྱས་པས། ཡང་བྱང་གི་རི་རྩེ་ཞིག་ལ་བྱོན་ནས། ཨ་བོ་མཐུ་ཆེན་ཁ་སང་ང་ཆང་གིས་བཟི་ནས་ཁ་ཏ་དེ་ཙམ་ཞིག་མ་བྱུང་བར་འདུག ད་འདིར་མཁར་དགའ་མོ་ཞིག་རྩིགས་གསུངས་པ་ལ། མཁར་བརྩིགས་ཤིང་བཤིག་པ་འདི་འདྲ་བདག་སྡུག་ལ་ཕྱག་རྫས་གཟན་པ་ལས་མི་གདའ་བས། ཐུགས་བསམ་ཡང་དག་བཏང་ནས་མཛད་པར་ཞུ་ཞུས་པས། ད་ལན་ཆང་གིས་བཟི་བ་ཡང་མེད། བསམ་བློ་ཡང་བཏང་བཏང་བ་ཡིན། སྔགས་པའི་མཁར་ཞེས་བྱ་བ་གྲུ་གསུམ་པ་ཞིག་དགོས་པ་ཡིན་པས་རྩིགས་ཤིག་འདི་བཤིག་ཀྱང་མི་དགོས་ཀྱིས་གསུངས། གྲུ་གསུམ་པ་ཞིག་བརྩིགས། དེ་ཡང་སུམ་ཆ་ཙམ་ལོངས་པའི་ཚེ། ཡང་བླ་མ་བྱོན་ནས། མཐུ་ཆེན་ཁྱོད་བརྩིགས་པའི་མཁར་འདི་སུའི་ཡིན། ཁ་ཏ་སུས་བྱས་གསུངས་པ་ལ། བླ་མ་རང་གིས་ཞལ་ཏ་མཛད་པའི་སྲས་མཁར་ལགས་མོད་ཞུས་པས། ངས་འདི་འདྲའི་ཁ་ཏ་བྱས་པ་མི་དྲན། ཁྱོད་ཀྱི་དེ་བདེན་པ་རང་ཡིན་ན་ང་སྨྱོ་བའམ་དྲན་པས་མ་ཟིན་པ་ཞིག་དང་ཐུག་པ་ཡིན་འོང་གསུངས། དེ་དུས་བདག་གིས་འདི་འདྲ་བྱུང་གིས་དོགས་ནས་ཐུགས་བསམ་ལེགས་པར་གཏོང་བར་ཞུ་ཞེས་སྙན་སྐུལ་ཕུལ་བས། ཐུགས་བསམ་བཏང་བཏང་བ་ཡིན། ད་ལན་གྱི་འདི་བཤིག་ཀྱང་མི་དགོས་གསུང་ཐུགས་དྲན་གསལ་བོ་རང་གདའ་ཞུས་པས། འོ་ན་དེ་དུས་ཀྱི་དཔང་བོ་ལ་སུ་ཡོད། ལར་མཁར་གྲུ་གསུམ་ཧོམ་ཁུང་འདྲ་བ་འདིར་ངེད་རྣམས་བཅུག་སྟེ་མཐུ་བྱེད་བསམ་པ་ཡིན་ན། ངེད་ཀྱིས་ནི་ཁྱོད་ཀྱི་གཞིས་འཕྲོགས་པ་ཡང་མེད་ལ། ཕ་ནོར་ཟོས་པ་ཡང་མེད་དོ། །དེ་ལྟར་མིན་པ་ཆོས་འདོད་པ་ཡིན་ན། གཞི་བདག་མི་དགའ་བར་འདུག་པས། འདིའི་ས་རྣམས་ས་མལ་དང་རྡོ་རྣམས་རྡོ་མལ་དུ་སྐྱོལ་ཅིག ཆོས་དགོས་ན་སྟེར་རོ། །དེ་བཞིན་མིན་ན་སོངས་གསུངས་ཐུགས་རྒྱལ་བཞེངས་འདུག་པས། སེམས་སྡུག་པ་ལ་ཚད་མེད་པ་ཞིག་བྱུང་རུང་ཆོས་འདོད་པས་བླ་མའི་བཀའ་བཞིན་མཁར་གྲུ་གསུམ་དེ་ཡང་ས་ས་མལ་དང་རྡོ་རྡོ་མལ་དུ་བསྐྱལ།  དེ་དུས་ངའི་རོ་སྟོད་ལ་སྒལ་རྨ་ཞིག་བྱུང་བ་བླ་མ་ལ་གཟིགས་ཕུལ་རུང་བཀྱོན་པ་ལས་མི་འོང་། ཡུམ་ལ་གཟིགས་ཕུལ་རུང་བས་ཡུས་སུ་འགྲོ་བར་འདུག་སྙམ་གཟིགས་མ་ཕུལ་བར་ངུས་ནས་ཆོས་ཞུ་གྲོགས་སུ་སྦྲན་པས། ཡུམ་བླ་མའི་དྲུང་དུ་བྱོན་ནས། དོན་མེད་ཀྱི་མཁར་ལས་ཀྱིས་མི་སྡུག་ཐག་གཅོད་པ་འདུག མཐུ་ཆེན་ལ་ཆོས་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། ཟ་མ་བཟང་བ་ཞིག་གྱིས་ལ་ངའི་རྩར་ཁྲིད་ཤོག་གསུངས། ཡུམ་གྱིས་ཟ་མ་དང་བཅས་ཏེ་བླ་མའི་དྲུང་དུ་བསྐྱལ་བས་བླ་མའི་ཞལ་ནས། མཐུ་ཆེན་ཁ་སང་གི་ངས་མ་བྱས་པའི་ཧམ་པ་དེ་འདྲ་མ་བྱེད། ཆོས་འདོད་ན་སྟེར་གསུངས། ཐུན་མོང་གི་སྐྱབས་འགྲོའི་ལུང་དང་སྡོམ་པ་ཞིག་གནང་སྟེ། དེ་ཀུན་ཐུན་མོང་གི་ཆོས་བྱ་བ་ཡིན། ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་གདམས་ངག་དགོས་ན། འདི་འདྲ་བྱེད་དགོས་གསུང་། ནཱ་རོའི་རྣམ་ཐར་དཀའ་བ་སྤྱད་ཚུལ་རྣམས་མདོར་བསྡུས་པ་ཞིག་གནང་ནས། ཁྱོད་ཀྱིས་འོང་བ་དཀའ་མོ་ཡིན་གསུངས་པས་མཆི་མ་འཆོར་བའི་དད་པ་དྲག་པོ་སྐྱེས་ཏེ། བླ་མས་ཅི་གསུང་སྒྲུབ་དགོས་སྙམ་ཡི་དམ་བཅས། དེ་ནས་ཞག་འགའ་སོང་བ་དང་། བླ་མ་ཞབས་འཆག་པའི་ཕྱག་ཕྱིར་འགྲོ་གསུངས་ཕྱིན་པས། ཕ་ཚན་རྣམས་ཀྱིས་སྲུང་བའི་ས་འགག་དེར་བྱོན་ནས། ད་ཁྱོད་རང་འདིར་མཁར་གྲུ་བཞི་སྐྱ་བོ་དགུ་ཐོག་གན་ཇི་ར་དང་བཅུ་ཐོག་ཡོད་པ་ཞིག་རྩིགས། དེ་བཤིག་ཀྱང་མི་བཤིག གྲུབ་པ་དང་གདམས་ངག་སྦྱིན་སྒྲུབ་པ་ལ་བཞག་ནས་སྒྲུབ་རྒྱགས་སྦྱར་གྱིས་གསུངས། འོ་ན་ཞལ་བཞེས་འདི་རྣམས་ཀྱི་སྐུ་དཔང་དུ་ཡུམ་བཞུགས་པར་རུང་ལགས་སམ་ཞུས་པས། རུང་གསུངས། དེར་བླ་མས་རྩིག་རྨང་གི་རི་མོ་མཛད། ངས་ཡུམ་གདན་དྲངས་ནས་ཡབ་ཡུམ་གཉིས་ཀ་བཞུགས་སར། སྔར་མཁར་གསུམ་བརྩིགས་ཤིང་བཤིགས་པ་ལ། གཅིག་ལ་ཐུགས་བསམ་མ་ཐོངས་གསུངས། གཉིས་པ་ལ་ཕུད་ཀྱིས་བད་གསུངས། གསུམ་པ་ལ་སྨྱོ་བའམ་དྲན་པས་མ་ཟིན་པ་ཡིན་ནམ་བྱས་པ་མི་དྲན་གསུངས། ཞལ་ཏ་གནང་ཚུལ་ཞུས་པས་ཁྱོད་ལ་དཔང་བོ་སུ་ཡོད་གསུངས་པ་དང་གཞན་ཡང་བཀའ་བཀྱོན་མང་དུ་བྱུང་བས། ད་ལན་ཞལ་བཞེས་འདི་རྣམས་ཀྱི་དཔང་བོར་ཡུམ་སྤྱན་དྲངས་པ་ལགས་པས། སྐུ་དཔང་མཛོད་ཅིག་ཞུས་པས། ཡུམ་གྱི་ཞལ་ནས། ངས་དག་དཔང་བོ་བྱས་པས་ཆོག་སྟེ། ཡབ་སྐུ་དབང་བཙན་པས་བརྩི་བ་དཀའ་མོ་ཡིན། ལར་རང་ཡབ་མཁར་ལས་མཛད་དོན་མེད་པར་མཛད། བཤིག་དོན་མེད་པར་བཤིག་གིན་འདུག ཁྱད་པར་ས་འདི་རང་རེའི་མིན་པ་ཀུན་གྱི་མནའ་རི་ཡིན་པས། རྒྱ་འདྲེའི་གཞི་ཞིག་འོང་སྟེ། ཞུས་པས་ནི་ཡབ་མི་གསན་གསུང་བ་ལ། བླ་མའི་ཞལ་ནས་ཡུམ་ལ་ཁྱོད་རང་བཅོལ་བའི་དཔང་བོ་དེ་གྱིས། ངས་ཀྱང་ཁས་བླངས་པ་བཞིན་བྱེད། མ་བཅོལ་བའི་དོགས་པ་དེ་མ་བསླང་བར་སོངས་གསུངས།  དེར་ངས་མཁར་གྲུ་བཞིའི་རྨང་བཏིང་ནས་རྩིག་པའི་ཚེ། གཞུང་གི་རྔོག་སྟོན་ཆོས་རྡོར། དོལ་གྱི་ཚུར་སྟོན་དབང་ངེ་། གཙང་རོང་གི་མེས་སྟོན་ཚོན་པོ་རྣམས་ཀྱིས་སྐུ་རྩེད་ལ་རྡོ་ཆེན་པོ་རང་གཅིག་སྒྲིལ་ཞིང་བྱུང་བ་རྨང་རྡོར་བཅུག་ནས་སྐེད་སྒོའི་ཐད་ཐོག་ཆོ་གཉིས་ཙམ་ལོངས་པའི་ཚེ། མར་བ་བྱོན་ནས་ཀུན་ལ་གཟིགས་རྟོག་དགའ་མོ་མཛད་པས། བུ་ཆེན་གསུམ་པོས་བསྒྲིལ་བའི་རྡོ་དེ་ལ་ཕྱག་མཛུབ་བཙུགས་ཏེ། མཐུ་ཆེན་རྡོ་འདི་ག་ནས་བྱུང་གསུངས། ཐུགས་སྲས་བུ་ཆེན་རྣམས་ཀྱིས་སྐུ་རྩེད་ལ་བསྣམས་བྱུང་བ་ལགས་ཞུས་པས། འོ་ན་ཁོང་ཚོའི་རྡོས་ཁྱོད་ཀྱི་མཁར་ལས་ཀྱི་གོ་མི་ཆོད། རྡོ་འདི་ཐོན་ལ་དང་བོའི་སར་སྐྱོལ་གསུངས། མཁར་འདི་མི་བཤིག་པའི་ཞལ་བཞེས་ཡོད་ཞུས་པས། དེ་ཡོད་དེ་ངའི་བུ་སློབ་རིམ་གཉིས་ཀྱི་རྣལ་འབྱོར་སྒོམ་པ་རྣམས་ཁྱོད་ཀྱིས་གཡོག་ཏུ་བཀོལ་བར་མ་ཚད། ཀུན་བཤིག་པ་ནི་མིན། རྡོ་འདི་ཐོན་ལ་རང་གནས་སུ་སྐྱོལ་གསུངས། དེར་རྩེ་མོ་ནས་བཤིག་སྟེ་རྡོ་རང་གནས་སུ་བསྐྱལ་བས། ད་ཡང་ཁྱོད་རང་གིས་ལོངས་ལ་རྨང་རྡོར་ཆུག་གསུངས། བླངས་པས་ཁོང་གསུམ་གྱི་ཤེད་ང་རང་གཅིག་པོ་ལ་འདོན་དགོས་བྱུང་བས། སྦྱོང་བོ་རང་བྱུང་རུང་སྔར་བརྩིགས་པ་དེ་ལ་ངའི་གྱད་རྡོར་གྲགས་པ་ཡིན། རི་སྣ་དེར་རྩིག་རྨང་འདིང་བའི་ཚེ། ཕ་ཚན་ཀུན་གྱི་གྲོས་ལ། མནའ་རི་ལ་མར་བས་སྐུ་མཁར་བརྩིག་པར་འདུག་པས་སྲུང་བ་དྲག་ཟེར་བ་ལ། ལ་ལ་ན་རེ་མར་བ་རང་སྨྱོས་ནས་ལ་སྟོད་ཕྱོགས་ཀྱི་བན་ཆུང་ཤེད་པོ་ཆེ་ཞིག་འདུག་པ་དེ། ས་འབུར་ཚད་དང་རི་སྣ་ཡོད་ཚད་ལ་མཁར་གྱི་བཟོ་ལུང་མ་བསྟན་རེ་བརྩིགས། ཕྱེད་ཙམ་ལོངས་པ་དང་། ཡང་ཁོ་ནར་བཤིག་ཏུ་བཅུག་ནས་ས་རྡོ་རྣམས་རང་གནས་སུ་བསྐྱལ་དུ་འཇུག་གིན་འདུག འདི་ཡང་བཤིག་འོང་། མི་བཤིག་ན་བསྲུངས་པས་ཆོག བཤིག་མི་བཤིག་བལྟའོ་ཟེར་བ་ལ། མ་བཤིགས་པར་མཁར་ལས་ནར་མར་བྱས་པས། བདུན་ཐོག་ཏུ་སོང་བ་དང་ངའི་རྐེད་པ་ལའང་སྒལ་རྨ་གཅིག་བྱུང་། དེ་དུས་ཕ་ཚན་རྣམས་ན་རེ། ད་མི་བཤིག་པར་འདུག དང་པོ་བཤིགས་པ་དེ་རྣམས་འདིར་རྩིག་པའི་ངན་གཡོ་ཡིན་པར་འདུག ད་རང་རེ་ཚོས་བཤིག་ཟེར་དམག་ཆས་པས། དེའི་ཚེ་བླ་མས་སྤྲུལ་བ་མཛད་ནས་དམག་ཁྲབ་ཅན་མང་བོས་མཁར་གྱི་ཕྱི་ནང་ཀུན་བཀང་བས། མར་བ་ལོ་ཙཱས་དམག་དེ་ཙམ་གང་ནས་བོས་པ་ན་ཟེར་ཀུན་སྐྲག་སྟེ་འཛིང་མ་ནུས་པར་རེ་རེ་ནས་ཕྱག་འབུལ་དང་ཞུ་འབུལ་ལ་ཕག་ཏུ་བྱུང་བས། ཀུན་ཡོན་བདག་དང་འབངས་སུ་བཅུག་གོ །དེ་དུས་གཙང་རོང་གི་མེས་སྟོན་ཚོན་པོ་བདེ་མཆོག་གི་དབང་མོ་ཆེ་ཞུར་བྱུང་བས། ཡུམ་གྱི་ཞལ་ནས་ད་ལན་ཁྱོད་རང་ཡང་དབང་ཞིག་ཅིས་ཀྱང་ཐོབ་པ་བྱ་གསུངས། ང་རང་གི་ཡིད་ལའང་ངས་འདི་ཙམ་གྱི་མཁར་ཞིག་བརྩིགས་པ་ལ། རྡོ་ར་མགོ་ཙམ་ཞིག་གམ། ས་ཙེལ་པོ་གང་ངམ། ཆུ་ཕོགས་གཅིག་གམ། འཇིམ་པ་ཁྱེམ་གང་སྐྱེལ་བའི་གྲོགས་མེད་པར་བརྩིགས་པ་ཡིན་པས། ད་ལན་དབང་བསྐུར་གནང་འོང་སེམས་པ་བྱུང་སྟེ། ཕྱག་བཙལ་ནས་དབང་གྲལ་ལ་བསྡད་པས། བླ་མའི་ཞལ་ནས་མཐུ་ཆེན་ཁྱོད་ལ་དབང་ཡོན་ཅི་ཡོད་གསུངས། བླ་མའི་སྲས་མཁར་གྱི་ཞབས་ཏོག་བསྒྲུབས་པས། དབང་དང་གདམས་པ་གནང་བའི་ཞལ་བཞེས་ཡོད་པ་དེས་གནང་དུ་རེ་བསྡད་པ་ལགས་ཞུས་པས། བླ་མའི་ཞལ་ནས། ཁྱོད་ཀྱིས་སྤེའུ་ལག་ངར་ཙམ་ཞིག་བརྩིགས་པ་ལ། ངས་རྒྱ་གར་ནས་དཀའ་ལས་བྱས་པའི་དབང་དང་གདམས་པ་མི་ཐོབ། དབང་ཡོན་ཡོད་ན་ཁྱེར་ཤོག དེ་མིན་གསང་སྔགས་ཟབ་མོའི་དབང་གྲལ་དུ་མ་སྡོད་གསུངས། འགྲམ་ལྕག་བརྒྱབ། སྐྲ་ནས་བཟུང་ཕྱིར་བཏོན་པས། ད་ལྟ་རང་ཤི་ན་དགའ་བ་ལ་བསམ་མཚན་ཐོག་ཐག་ཏུ་ངུ་ཞིང་བསྡད། དེ་དུས་ཡུམ་བྱོན་ནས། བླ་མ་ཁོང་ངས་རྒྱ་གར་ནས་བླངས་པའི་ཆོས་འདི་རྣམས་སེམས་ཅན་ལ་ཕན་དུ་རེ་ནས་བླངས་པ་ཡིན་གསུངས། སྐུ་མདུན་དུ་ཁྱི་གཅིག་བྱུང་རུང་། ཆོས་གསུང་ཞིང་མཇུག་བསྔོ་བས་སྡུད་པ་ཞིག་འདུག་པ་ཡིན་ཏེ། ཁྱོད་ལ་ཐུགས་པ་མི་འདོགས་པ་འདི་ཅི་ཡིན་མི་ཤེས་པར་འདུག འོན་ཀྱང་ལོག་ལྟ་མ་སྐྱེས་པ་གྱིས་གསུངས། སེམས་གསོ་མཛད། ནངས་པར་བླ་མ་རང་བྱོན་ནས། མཐུ་ཆེན་ཁྱོད་རང་ད་རེ་ཞིག་མཁར་གྱི་རྩིག་འཕྲོ་ཞོག་ལ། ཞོལ་གྱི་རྣམ་པའི་ཁྱམས་ཀ་བ་བཅུ་གཉིས་ཡོད་པ་བཙན་ཁང་དང་བཅས་པ་ཞིག་རྩིགས། དེ་ལོངས་པ་དང་དབང་དང་གདམས་ངག་སྟེར་གསུངས། དེར་ཁྱམས་ཀྱི་རྨང་གཏིངས་ནས་བརྩིགས། ཡུམ་གྱིས་དུས་རྒྱུན་དུ་ཟ་མ་ལ་བྱ་ན་མ་ཆག་པ་དང་། ཆང་བཟི་བེར་རེ་བ་རྒྱུན་དུ་གནང་ནས་སེམས་གསོ་བཏང་བྱམས་པོ་རང་མཛད། ཁྱམས་ལོངས་སུ་ཆ་བའི་ཚེ། དོལ་གྱི་ཚུར་སྟོན་དབང་ངེ་གསང་འདུས་ཀྱི་དབང་མོ་ཆེ་ཞུར་བྱུང་བས། ཡུམ་གྱི་ཞལ་གནས་ད་ལན་བུར་དབང་ཞིག་ཅིས་ཀྱང་ཐོབ་པ་བྱེད་གསུངས། མར་ལྟང་གཅིག སྣམ་བུ་བུབས་གཅིག ཟངས་ཆུང་གཅིག་རྣམས་གནང་བ་ཕྱག་རྟེན་ལ་ཕུལ་ནས་དབང་གྲལ་ལ་བསྡད་པས། བླ་མའི་ཞལ་ནས་མཐུ་ཆེན་ཁྱོད་དབང་གྲལ་ལ་སྡོད་པའི་དབང་ཡོན་ཅི་ཡོད་གསུངས། མར་ལྟང་དང་སྣམ་བུ་དང་ཟངས་དེ་རྣམས་ལགས་ཞུས་པས། དེ་རྣམས་ང་ལ་ཡོན་བདག་ཆེ་གེ་མོ་དང་ཆེ་གེ་མོ་རྣམས་ཀྱིས་ཕུལ་བའི་ནོར་ལགས། ངའི་ནོར་གྱིས་ཁྱོད་ཀྱི་དབང་ཡོན་མི་འོང་། ཁྱོད་རང་ལ་ཡོད་ན་ཁྱེར་ཤོག དེ་མིན་ངའི་དབང་གྲལ་དུ་མ་སྡོད་གསུངས་བཞེངས་ནས་བཀའ་བཀྱོན་མང་བོ་གསུང་ཞིང་། ཞབས་ཐོས་བརྡུངས་ཏེ་བཏོན་པས། ས་ལ་ཐིམ་ན་དགའ་བ་ལ་སྙམ་པ་དང་། ངས་མཐུ་བཏང་ནས་མི་མང་བོ་བསད། སེར་བས་ལོ་མང་བོ་བཅོམ་པའི་རྣམ་པར་སྨིན་པ་ཡིན་ནམ། ཆོས་ཡེ་མི་འོང་བ་མཁྱེན་པ་ཡིན་ནམ། བླ་མ་ཐུགས་རྗེ་ཆུང་ནས་མི་གནང་བ་ཡིན་ནམ། གང་ནའང་ཆོས་མེད་པའི་མི་ལུས་སྡིག་གསོལ་བ་འདིས་ཅི་བྱེད། ལྕེབ་བམ་ལྕེབ་བམ་སྙམ་པའི་ཚེ། ཡུམ་གྱིས་ཚོགས་སྐལ་གཅིག་བསྐྱལ། སེམས་གསོ་མང་བོ་མཛད་ནས་སོང་རུང་། ཚོགས་ལ་རོལ་བའི་འདུ་ཤེས་ཀྱང་སྟོར་ནས། མཚན་ཡལ་ངུ་ཞིང་བསྡད་པས། ནངས་པར་ཡང་བླ་མ་བྱོན་ནས། ད་ཁྱོད་རང་ཁྱམས་དང་སྤེའུའི་འཕྲོ་སློང་ལ་མཐར་སྐྱོལ། དེ་ནས་དབང་དང་གདམས་ངག་སྟེར་རང་སྟེར་གསུངས་ནས་མཁར་ལས་བྱས་པས། ཁྱམས་མཐར་ཕྱིན་དུ་ལོངས། དེའི་དུས་ངའི་ཚང་ར་ལ་ཡང་སྒམ་རྨ་གཅིག་བྱུང་སྟེ། སྒལ་མིག་གསུམ་ཀ་ནས་རྣག་ཁྲག་འཛག་པ་དང་། རྒྱབ་རྨ་རུ་སོང་བ་ཡུམ་ལ་གཟིགས་ཕུལ་ཏེ། མཁར་གྲུ་བཞི་འགྲམ་འདིང་དུས་ཀྱི་ཞལ་བཞེས་རྣམས་བསྙེལ་གསོས་ནས། ཆོས་དྲན་དྲགས་ཆོས་ཞུ་གྲོགས་སུ་སྦྲན་པས། ཡུམ་གྱིས་ལེགས་པར་གཟིགས་ནས་སྤྱན་ཆབ་བསིལ་ཏེ། ངས་བླ་མ་ལ་ཞུ་གསུང་། བླ་མའི་དྲུང་དུ་བྱོན་ནས་ཞུས་པ། བླ་མ་རིན་པོ་ཆེ། མཐུ་ཆེན་གྱིས་འདི་ཙམ་གྱི་མཁར་ལས་བྱས་པས་ཡན་ལག་ཐམས་ཅད་རྨ་དང་སེར་ཀར་སོང་། རྒྱབ་ལ་སྒལ་མིག་གསུམ་བྱུང་བ་ནས་རྣག་ཁྲག་བསམ་གྱིས་མི་ཁྱབ་པ་འཛག་གིན་གདའ། སྔར་རྟ་བོང་ལ་སྒལ་རྨ་བྱུང་ཟེར་བ་རྣ་བས་ཀྱང་ཐོས། མིག་གིས་ཀྱང་མཐོང་སྟེ། མི་ལ་སྒལ་རྨ་བྱུང་ཟེར་བ་ཐོས་ཀྱང་མ་ཐོས་མཐོང་ཡང་མ་མཐོང་། འདི་འདྲ་མི་གཞན་གྱིས་མཐོང་བ་དང་ཐོས་པ་བྱུང་ན་ང་ངོ་ཡང་ཚ་བར་གདའ། ཡབ་རང་བླ་མ་ཆེན་པོ་ལགས་པས་ཞབས་ཀྱང་འདྲེན་པར་གདའ། ཁོ་སྙིང་ཡང་རྗེ་བར་གདའ་བས། ད་བུ་འདི་ལ་ཆོས་ཤིག་གནང་བར་ཞུ། དང་བོ་མཁར་ལོངས་ནས་ཆོས་གནང་བར་མཛད་པ་ལགས་མོད་ཞུས་པས། བླ་མའི་ཞལ་ནས་དེ་ཀ་རེད་ཟེར། མཁར་བཅུ་ཐོག་ལོངས་ནས་ཆོས་སྟེར་བར་བྱས་པ་ཡིན་པས་བཅུ་ཐོག་ག་རེ་གསུངས། བཅུ་ཐོག་ལས་ལྷག་པའི་ཁྱམས་བརྩིགས་པ་ལགས་མོད་ཞུས་པས། ལབ་ལབ་མང་ཁ་ན་མེད། བཅུ་ཐོག་ཁེལ་ན་ཆོས་སྟེར་བ་ཡིན། སྒལ་རྨ་རང་བྱུང་འདུག་གམ་གསུངས་པས། དེས་ན་ཡབ་སྐུ་དབང་གིས་གཅོད་པར་གདའ་བས་གང་དགྱེས་ཡིན། སྒལ་རྨ་བྱུང་བ་ཙམ་དུ་མ་ལུས་པར་རྒྱབ་སྒལ་རྨར་སོང་གདའ་ཞེས་གཟུགས་གེ་བ་ཞུས་ནས་མྱུར་དུ་བྱོན་པས། འོ་ན་ཡང་ཤོག་གིས་གསུངས། ཆོས་གནང་བ་ཡིན་ནམ་སྙམ་ཕྱིན་པས། མཐུ་ཆེན་སྒལ་རྨ་སྟོན་དང་གསུངས། གཟིགས་ཕུལ་བས་ལེགས་པར་གཟིགས་པའི་མཐར། ཁྱོད་ཀྱི་འདི་བས་ལྷག་པ་ངའི་ཇོ་བོ་ནཱ་རོ་བ་དེས་དཀའ་ཆེན་བཅུ་གཉིས། དཀའ་ཕྲན་བཅུ་གཉིས་ཏེ། དཀའ་བ་མི་འདྲ་བ་ཉེར་བཞི་སྐུ་ལུས་རང་གི་ཐོག་ཏུ་སྤྱད་པ་ཡིན། ངས་ཀྱང་གཅེས་པའི་སྲོག་དང་ཕངས་པའི་ནོར་ལ་མ་བལྟས་པར་ཇོ་བོ་ནཱ་རོ་བ་བསྟེན་པ་ཡིན། དེའི་ཕྱིར་ཆོས་འདོད་ན་ཡུས་མ་ཆེ་བར་མཁར་ལས་ཀྱི་འཕྲོ་གྱིས་གསུང་བ་ལ་དེ་ཡང་མད་སྙམ་པ་བྱུང་། གོས་ལ་སྒལ་ཚགས་མཛད་དེ། རྟ་བོང་ལ་ཡང་འདི་བཞིན་བྱེད་ཀྱིན་འདུག་པས་སྒལ་ཚགས་ཀྱིས་ལ་ས་རྡོ་སྐྱོས་གསུངས། རྒྱབ་རྨར་སོང་བ་ལ་སྒལ་ཚགས་ཀྱིས་ཅི་ལ་ཕན་ཞུས་པས། ས་མི་འཆོར་བ་ལ་ཕན་གསུངས། དེར་བླ་མའི་བཀའ་ཡིན་སྙམ་ས་སྣོད་མདུན་དུ་ཁྱེར་ནས་ས་བསྐྱས་ཤིང་ཞལ་བ་བྱས་པ་བླ་མས་གཟིགས་པས། བླ་མའི་ཅི་གསུང་སྒྲུབ་པའི་སྐྱེས་བུ་ངོ་མཚར་ཆེ་སྙམ། མར་བ་རང་ཡང་ལྐོག་ཏུ་སྤྱན་ཆབ་ཤོར་འདུག དེར་རྨ་རྣམས་འགྲམས་ནས་ཤིན་ཏུ་ན་བའི་ཚེ། ཡུམ་ལ་ཞུས་ནས་རབ་ཆོས་གནང་བ། ཐ་མའང་རྨ་མ་སོས་བར་བསྡད་རྒྱུ་འོང་བའི་ཞུ་བ་ཡུམ་གྱིས་ཕུལ་བས། མཁར་མ་ཚར་བར་ཆོས་མི་འོང་། ལས་ནུས་ན་ཅི་ལྕོགས་ཀྱིས། མི་ནུས་ན་སྡོད་པ་ལས་འོས་མེད་གསུངས། ཡུམ་གྱི་ཞལ་ནས། རྨ་དང་སྒལ་བ་རྣམས་མ་སོས་བར་ལས་མ་བྱེད་པར་སྡོད་གསུང་། སྡོད་པའི་བར་ལ་ཟ་མ་བཅུད་ཆེ་ལ་བཟའ་ཆེ་བ་གནང་བས་ཞག་འགའ་ཆོས་མ་ཐོབ་པའི་སེམས་ལས་མིན་པ་སྐྱིད་དུ་ཚོར་བ་བྱུང་།༼མི་ལ་རས་པའི་རྣམ་མགུར་ལས་བཏུས། ༽