སྨྲྀ་ཏིའི་ལོ་རྒྱུས་ཀྱི་སྤྱི་ཁོག་རགས་བསྡུས།

ཡོང་ཁུངས་Wikipedia

༩༽སྡུད་པའི་ཚིག་ཕྲད་བཤད་པ། རྩ་བར། ཀྱང་དང་ཡང་ནི་བསྡུས་པའི་ཚིག ། མི་མཐུན་མཐུན་པར་སྟོན་པའང་ཡིན། ། འདས་པའམ་མ་འོངས་གཞན་དག་ལས། ། ཅི་རིགས་དག་ཏུ་བསྡུ་བར་བྱ། ། ཀྱང་དང་ཡང་ཞེས་སྨྲ་སྒོ་ནས་དངོས་སུ་བསྟན་པ་དང་ཤུགས་ལ་གོ་དགོས་པའི་འང་སོགས་ཀྱང་སྡུད་པའི་ཚིག་ཕྲད་ཡིན་པ་མ་ཟད་མི་མཐུན་པ་དང་མཐུན་པར་སྟོན་པའི་ཚིག་རྒྱན་ལའང་འཇུག་པ་ཡིན། ད་དུང་འདས་པ་དང་མ་འོངས་པ་དང་དངོས་པོ་གཞན་ཅི་རིགས་པ་དག་བསྡུ་བ་དང་། ཡང་ནི་དེ་ཙམ་མ་ཟད་བསྣན་པའི་དོན་ཅན་ལའང་འཇུག་པ་ཡིན་ནོ། ། དེ་དག་གི་གོ་དོན་དང་དཔེར་བརྗོད་རིམ་པ་བཞིན་བཀོད་ན། དང་པོ་བསྡུ་བ་ནི། ཚིག་དོན་ཅི་རིགས་པ་ཕྱོགས་གཅིག་ཏུ་བསྡུ་བ་སྟེ། དེ་ལ་དབྱེ་ན་འདས་པ་བསྡུ་བ་དང་། མ་འོངས་པ་བསྡུ་བ། དངོས་པོ་གཞན་བསྡུ་བ་དང་གསུམ་ཡོད། འདས་པ་བསྡུ་བ་ནི། བྱུང་ཟིན་པའི་ཆོས་བསྡུ་བ་སྟེ། དཔེར་ན། འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། ། འདི་ཉིད་ནན་ཏན་བྱས་ནས་གསུངས ། ། ལྟ་བུ། མ་འོངས་པ་བསྡུ་བ་ནི། འབྱུང་འགྱུར་གྱི་ཆོས་ཤིག་བསྡུ་བ་སྟེ། དཔེར་ན། མ་འོངས་སངས་རྒྱས་རྣམས་ཀྱིས་ཀྱང་། ། འདི་ཉིད་ངེས་པར་གསུང་པར་འགྱུར། ། ལྟ་བུ། དངོས་པོ་གཞན་བསྡུ་བ་ནི། ད་ལྟ་བ་བསྡུ་བ་སྟེ། དེ་ལ་ཡུལ་བསྡུ་བ་དང་དངོས་པོ་ཙམ་བསྡུ་བ་གཉིས་ལས། ཡུལ་བསྡུ་བ་ནི། ལྷ་ས་ལ་ཡང་བོད་རིགས་མང་པོ་ཡོད། བདེ་བ་ཅན་ལའང་རི་དྭགས་ཡོད། ལྟ་བུ། དངོས་པོ་བསྡུ་བ་ནི། མགོ་ལ་ཡང་ན་ཚ་བྱུང་། མིག་ནས་ཀྱང་མཆི་མ་ལྷུང་། དོན་གཞན་བསྡུ་བ་ནི། ང་ཡང་བོད་པ་ཡིན། ཤ་ཡང་ཟོས་པ་ཡིན། ལྟ་བུ། གཞི་མཐུན་སྡུད་བ་ནི། ཨུདྤལའང་ཡིན་ལ་སྔོན་པོ་ཡང་ཡིན་ནོ། ། ལྟ་བུ། གོང་མས་འོག་མ་སྡུད་པ་ནི། ཆོས་ཀྱང་དྲན་ཏེ། ཆོས་མ་ཡིན་པ་མིན་ནོ། ། འོག་མས་གོང་མ་སྡུད་པ་ནི། ལྷས་ཆར་ཕབ་སྟེ། ཀླུས་ཀྱང་འབེབས་སོ། ། ལྟ་བུ་རྣམས་སོ། ། གཉིས་པ་ཚིག་རྒྱན་ནི། མཐུན་པ་དང་མི་མཐུན་པའི་ཚིག་རྒྱན་གཉིས་ལས། མཐུན་པའི་ཚིག་རྒྱན་ནི། མཐུན་པའི་ཆོས་གཉིས་གཞི་གཅིག་ཏུ་བསྡུས་ཤིང་ཁྱད་པར་ཚིག་མཛེས་པར་བྱེད་པ་སྟེ། དཔེར་ན། མདོག་ཀྱང་མཛེས་ལ་དབྱིབས་ཀྱང་ལེགས། ཁ་ཡང་དྲོ་ལ་གཏིང་ཡང་དྲང་། དཀར་ཡང་དཀར་ལ་མཛེས་ཀྱང་མཛེས། ལྟར་བུ། མི་མཐུན་པའི་ཚིག་རྒྱན་ནི། མི་མཐུན་པའི་ཆོས་གཉིས་གཞི་གཅིག་ཏུ་བསྡུས་ཤིང་ཁྱད་པར་ཚིག་མཛེས་པར་བྱེད་པ་སྟེ། དཔེར་ན། ཁྲོ་བ་ཡོད་ཀྱང་འཛིན་པ་མེད། སྐྲ་རིང་ཡང་བློ་ཐུང་། ལྟ་བུ། སི་ཏུས་མཐུན་པའི་དོན་ལ་ཚིག་སྔ་ཕྱི་འདྲ་བར་བཀོད་པ་ནི་ཤིན་ཏུའང་གུ་དོག་པའི་ལུགས་སུ་དོགས་སོ། ། ཀྱང་ཡང་འང་གསུམ་དོན་གཞན་ལའང་འཇུག་སྟེ། རྩ་ཤེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ཡང་སྒྲ་ནི་གསུམ་སྟེ། ངེས་བཟུང་དང༌། རྣམ་པར་བརྟག་པ་དང༌། སྡུད་པའི་དོན་ཅན་ནོ། ། ཞེས་དོན་གསུམ་ལ་འཇུག་པར་གསུངས་སོ། ། དེ་ལ་ངེས་བཟུང་ནི། དཔེར་ན། བུམ་པ་མི་རྟག་པ་ཡང་ཡིན་སྐད་ཅིག་མ་ཡང་ཡིན། ཞེས་པ་ལྟ་བུའོ། ། རྣམ་པར་བརྟག་པ་ནི། འོན་ཀྱང་དཔྱད་པར་བྱའོ། ། ཞེས་པ་ལྟ་བུ་སྟེ། ཟླ་དགའི་ཡན་ལག་བརྒྱད་པའི་འགྲེལ་པ་ལས། འོན་ཀྱང་ནི་རྣམ་པར་བརྟག་པའོ། ། ཞེས་གསུངས་པའི་ཕྱིར། ཡང་སྒྲ་བསྣན་པ་ལ་འཇུག་པ་ནི། རྣམ་གྲངས་གཉིས་ལ་སོགས་པ་བསྣན་པའམ་དོན་སྔ་མའི་སྟེང་དུ་རྣམ་གྲངས་གཞན་བསྣན་པའི་དོན་ཅན་ཏེ། ཡང་ན་འདི་ལྟར་བྱ་སྟེ། ལྟ་བུ། ཡང་སྒྲ་བསྐྱར་བའི་དོན་ལ་འཇུག་པ་ནི། ། བསྐྱར་བ་ནི་དོན་སྔ་མ་ཉིད་བལྡབས་པའི་དོན་ཅན་ཏེ། ཡང་དང་ཡང་དུ་དང། ཡང་ནས་ཡང་དུ་དང། སླར་ཡང་དང། དེ་ནས་ཡང་། ལྟ་བུ།