སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་ས་བཅད་

ཡོང་ཁུངས་Wikipedia

སྨྲ་སྒོའི་ས་བཅད་བཞུགས། ། ༄༅། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྨྲ་བའི་སྒོ་ལ་དོན་གསུམ་སྟེ། རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན་དང་། བརྩམ་པར་བྱ་བ་གཞུང་གི་དོན་དང་། བརྩམས་པ་མཐར་ཕྱིན་པ་མཇུག་གི་དོན་ཏོ། །དང་པོ་ལ་གཉིས་ཏེ། དམིགས་པར་བྱ་བའི་ཡུལ་ལ་ཕྱག་འཚལ་བ་དང་། དགོས་པ་དང་ལྡན་པའི་གཞུང་བཤད་པར་དམ་བཅའ་བའི་སྒོ་ནས་དགོས་འབྲེལ་རྣམ་པར་བཞག་པའོ། །གཞུང་གི་དོན་ལ་གསུམ་སྟེ། ངག་གི་གཞི་ཡི་གེའི་ཚོགས་དང་། དོན་གྱི་ངོ་བོ་སྟོན་པ་མིང་གི་ཚོགས་དང་། དོན་གྱི་ཁྱད་པར་མཚོན་པ་ཚིག་གི་ཚོགས་སོ། །དང་པོ་ལ་གསུམ་སྟེ། གང་ནས་འབྱུང་བའི་གནས་དང། གང་འབྱུང་བའི་ཡི་གེ་དང། དེར་འཇོག་པའི་ངེས་ཚིག་གོ །དང་པོ་ལ་གཉིས་ཏེ། སྤྱི་དང་བྱེ་བྲག་གི་གནས་དངོས་དང། དེ་འབྱིན་པའི་རྐྱེན་ནོ། །གང་འབྱུང་བའི་ཡི་གེ་ལ་གསུམ་སྟེ། ཡན་ལག་གི་རབ་ཏུ་དབྱེ་བ་བཤད་པ་དང་། རྩ་བའི་ཡི་གེ་དཔེས་བསྟན་པ་དང། ཡི་གེའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། གྲངས་ཀྱི་དབྱེ་བ་སྤྱིར་བཞག་པ་དང་། དུས་གཅིག་གི་རྣམ་གཞག་བྱེ་བྲག་ཏུ་གཟུང་བའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང། ཤིན་ཏུ་རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། གཞིའི་ཡི་གེ་གསུམ་ལ་ལྔ་བཅུ་ ་ རྩ་བཞིར་༼ང་བརྒྱད༽དབྱེ་བ་དང།དམིགས་བསལ་གྱི་ཡི་གེ་བཞི་ལ་བཞི་བཅུ་རྩ་བརྒྱད་དུ་དབྱེ་བ་དང་། དེ་རྣམས་ལ་སྤྱི་དང་བྱེ་བྲག་རེ་རེའི་ཆ་བསྣན་པས་བརྒྱ་དང་བཅུ་གཅིག་ཏུ་དབྱེ་བ་དང་། བྱེ་བྲག་ཏུ་རང་རང་གི་གནས་བསྣན་པས་བརྒྱ་དང་བཅུ་གཉིས་སུ་དབྱེ་བའོ། །གཉིས་པ་རྩ་བའི་ཡི་གེ་དཔེས་བསྟན་པ་ལ་གསུམ་སྟེ། ལུས་ཀྱི་རྣམ་འགྱུར་གྱི་དཔེས་བསྟན་པ་དང་། ངག་གི་འདུ་བྱེད་ཀྱིས་དོན་ལ་སྦྱར་བ་དང་། དཔེས་མཚོན་པའི་ཡི་གེའི་དབྱིབས་བསྟན་པའོ། །གསུམ་པ་ཡི་གེའི་ངོ་བོ་རྒྱས་པར་བཤད་པ་ལ་གཉིས་ཏེ། ཡི་གེ་འགྲུབ་པའི་རྒྱུ་དང་། གྲུབ་པ་ཡི་གེའི་རང་བཞིན་ནོ། །དང་པོ་ལ་གསུམ་སྟེ། ངག་གི་རྒྱུ་སྤྱིར་བསྟན་པ་དང་། ཀུན་འགྲོའི་རྒྱུ་བྱེ་བྲག་ཏུ་བཤད་པ་དང་། བྱེད་པའི་རྐྱེན་ངོས་གཟུང་བའོ། །དང་པོ་ལ་གསུམ་སྟེ། སྒྲ་འབྱུང་ཚུལ་ངོས་གཟུང་བ་དང་། དེ་རྒྱུ་བདུན་ལས་འབྱུང་བའི་ཚུལ་དང་། རྒྱུ་མི་འདྲ་བས་འབྲས་བུའི་དབྱེ་བ་རྣམ་པར་བཞག་པའོ། །དང་པོ་ལ་ལྔ་སྟེ། བརྗོད་འདོད་ཀྱི་ལུས་གཡོ་བའི་ཚུལ་དང་། ལུས་ལས་རླུང་འབྱུང་བའི་དཔེ་དང་། རླུང་ལས་བྱེད་པ་ཕྲད་པའི་ཚུལ་དང་། བྱེད་པ་ལས་སྒྲ་འབྱུང་བའི་རྣམ་གཞག་དང་། སྒྲ་ལས་དོན་འཕྲོད་པའི་ཚུལ་ལོ། །གཉིས་པ་དེ་རྒྱུ་བདུན་ལས་འབྱུང་བའི་ཚུལ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། སོ་སོ་ལ་སྦྱར་བའོ། །གཉིས་པ་ལ་ཀུན་འགྲོའི་རྒྱུ་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། གསལ་བྱེད་ཀྱི་གྲངས་སྤྱིར་བསྟན་པ་དང༌། སྡེ་ཚན་གྱི་འབྱུང་གནས་སོ་སོར་བཤད་པ་དང༌། འདྲེན་པའི་དྲག་ཞན་ཕྱེ་སྟེ་བསྟན་པའོ། །གཉིས་པ་གྲུབ་པའི་ཡི་གེའི་རང་བཞིན་ལ་གཉིས་ཏེ། ཡི་གེ་འགྲུབ་པའི་ལྡང་ཚད་དང༌། འདྲེན་པའི་ཆའི་བྱེ་བྲག་གོ །དེ་ལ་གསུམ་སྟེ། ང་རོ་དྲང་པོའི་འདྲེན་ཚུལ་དང༌། ང་རོ་གཞན་གྱི་ཁྱད་པར་དང༌། སྤྱི་དང་རེ་རེའི་ཆ་དཔྱད་པའོ། །དེར་འཇོག་པའི་ངེས་ཚིག་ལ་གཉིས་ཏེ། ཡི་གེའི་ངེས་ཚིག་དང༌། ཚོགས་ཀྱི་སྒྲ་དོན་ནོ།། །། སྤྱི་དོན་གཉིས་པ་མིང་གི་ཚོགས་ལ་གསུམ་སྟེ། མིང་འགྲུབ་པའི་རྒྱུ་དང༌། གྲུབ་པ་མིང་གི་ངོ་བོ་དང༌། དེའི་རབ་ཏུ་དབྱེ་བའོ། །དེ་ལ་གཉིས་ཏེ། རྣམ་གཞག་སྤྱིར་བསྟན་པ་དང༌། ངོ་བོ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གཉིས་ཏེ། དབྱེ་བ་དགོད་པ་དང༌། བསྟན་བཤད་གཉིས་ཀྱིས་ངོ་བོ་བསྟན་པའོ། །གཉིས་པ་ངོ་བོ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། འདོད་རྒྱལ་བཤད་པ་དང༌། དོན་ལྡན་གྱི་བཤད་པའོ། །དང་པོ་ལ་གཉིས་ཏེ། འདོད་རྒྱལ་གཉིས་ཀྱི་ཁྱད་པར་དང༌། ངེས་ཚིག་མི་འཇུག་པའི་འཐད་པའོ། །གཉིས་པ་དོན་ལྡན་ལ་གཉིས་ཏེ། བསྟན་པ་དང༌། བཤད་པའོ། །དེ་ལ་གཉིས་ཏེ། དངོས་ཀྱི་མིང་གསུམ་བཤད་པ་དང༌། བཏགས་པའི་མིང་ལྔ་བཤད་པའོ།། །། སྤྱི་དོན་གསུམ་པ་ཚིག་གི་ཚོགས་ལ་གཉིས་ཏེ། ཚིག་གི་རྣམ་གཞག་སྤྱིར་བསྟན་པ་དང༌། སྦྱོར་བ་བྱེ་བྲག་ཏུ་བཤད་པའོ། །དེ་ལ་གཉིས་ཏེ། ཚིག་སྡུད་པའི་སྦྱོར་བ་དང༌། སོ་སོར་འབྱེད་པའི་ཚིག་གི་ཕྲད་དོ། །དང་པོ་ལ་གཉིས་ཏེ། གྲངས་ཀྱི་དབྱེ་བ་མདོར་བསྟན་པ་དང༌། སོ་སོའི་དབྱེ་བའི་མཚན་ཉིད་རྒྱས་པར་བཤད་པའོ། །དེ་ལ་བཅུ་སྟེ། འབྲུ་མང་པོ་པ་དང༌། ཚིག་བསྡུ་བ་དང༌། ཁྱད་པར་དང༌། ཡན་ལག་དང༌། གཞི་དང༌། གཞི་གཅིག་པ་དང༌། གཞི་མཐུན་པ་དང༌། དེའི་སྐྱེས་བུ་དང༌། ཟླས་དབྱེ་བ་དང༌། ཕྱོགས་མཚམས་ཀྱི་བསྡུ་བ་བསྟན་པའོ། །བརྒྱད་པ་དེའི་སྐྱེས་བུ་ལ་གཉིས་ཏེ། དབྱེ་བ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ་སྟེ། བྱེད་པའི་ཚིག་དང༌། ལས་འཛིན་དང༌། བ་གཉིས་པ་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས་ཏེ། བསྒྲུབ་པ་ལ་རྣམ་པར་དབྱེ་བ་བདུན་དུ་འགྱུར་བ་དང༌། དགག་པ་ལ་མེད་དགག་མ་ཡིན་དགག་གཉིས་སུ་དབྱེ་བའི་ཚུལ་ལོ། །གཉིས་པ་སོ་སོའི་འབྱེད་པའི་ཚིག་གི་ཕྲད་ལ་གཉིས་ཏེ། མཚན་ཉིད་དང༌། དབྱེ་བའོ། །དེ་ལ་གཉིས་ཏེ། ཕྲད་རྐྱང་པའི་དབྱེ་བ་དང༌། ཚོགས་པའི་སྦྱོར་བའོ། །དང་པོ་ཕྲད་རྐྱང་པའི་དབྱེ་བ་ནི། གཞུང་ཉིད་ན་གསལ་བས་འདིར་མ་ཕྱེའོ། །གཉིས་པ་ཕྲད་ཚོགས་པའི་སྦྱོར་བ་ལ་གཉིས་ཏེ། ཕྲད་འདུས་པའི་ཚུལ་མདོར་བསྟན་པ་དང༌། སྦྱོར་བའི་ཚུལ་རྒྱས་པར་བཤད་པའོ། །དེ་ལ་བཞི་སྟེ། ཕྲད་གཅིག་ཏུ་འདུ་བའི་སྦྱོར་བ་དང༌། འདུས་པའི་ཕྲད་དངོས་དང༌། གཅིག་ཏུ་འདུ་བའི་ཚུལ་དང༌། དེའི་འཐད་པའོ། །དང་པོ་ལ་གསུམ་སྟེ། སྦྱོར་བ་དཔེར་བརྗོད་པ་དང༌། ནུས་པ་སོ་སོར་བཤད་པ་དང༌། སྔ་ཕྱི་ཇི་ལྟར་བསྡུ་བའི་ཚུལ་ལོ། །སྤྱི་དོན་གསུམ་པ་རྩོམ་པ་མཐར་ཕྱིན་པའི་བྱ་བ་ལ་གཉིས་ཏེ། བསྟན་བཅོས་ཀྱི་ཆེ་བ་བརྗོད་པ་དང༌། བརྩམས་པ་ལས་བྱུང་བའི་དགེ་བ་བསྔོ་བའོ། །དང་པོ་ལ་གསུམ་སྟེ། ཆེ་བ་དཔེས་བསྟན་པ་དང༌། དོན་ལ་སྦྱར་བ་དང༌། འཇུག་པར་གདམས་པའོ།། །།སྨྲ་མཆོག་སྨྲ་བའི་རྗེས་འབྲངས་སྨྲ་བའི་སྒོ །གང་ཞིག་སྨྲ་དེས་སྨྲ་ངན་སྨྲ་འཇོམས་པ། །སྨྲ་སྒོའི་དོན་བསྡུས་སྨྲ་མཁས་ས་སྐྱ་པ། །སྨྲ་འདོད་སློབ་མའི་དོན་དུ་སྨྲས་པ་ཡིན། །ཞེས་བྱ་བ་ནི་བསྡུས་པའི་ཚིགས་སུ་བཅད་པའོ། །སྨྲ་སྒོའི་གནད་ཀྱི་གནས་བསྡུས་པ། འཁོན་ས་སྐྱ་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་གསོལ་བ་འདེབས་པའི་ངོར་སྦྱར་བའོ། །རྫོགས་སོ།། །།