སྨད་བྱང་སེམས་ཤེས་རབ་བཟང་པོ།

ཡོང་ཁུངས་Wikipedia

སྨད་བྱང་སེམས་ཤེས་རབ་བཟང་པོ།[རྩོམ་སྒྲིག]

རྗེ་འདི་ནི་རབ་བྱུང་བདུན་པའི་༡༣༨༧ནས་༡༤༢༠ནང་རི་བོ་ཆེ་ཡོར་སྤེ་དགེ་སྟོང་དཔོན་གྱི་རིགས་སྲས་སུ་འཁྲུངས་ཤིང་། སྐུ་ཆུང་དུས་ཀརྨ་པའི་ཆོས་སྒོར་ཞུགས། དེ་ནས་དབུས་གཙང་གི་ཕྱོགས་སུ་བྱོན་ཏེ་རྒྱལ་བ་གཉིས་པ་ཙོང་ཁ་པ་ཆེནཔོ་རྩ་བའི་བླ་མར་བཀུར། མཁས་མཆོག་དར་མ་རིན་ཆེན་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། རྗེ་དགེ་འདུན་གྲུབ་པ་སོགས་ཀྱི་ཞབས་ལ་གཏུགས་ནས་མདོ་སྔགས་རབ་འབྱམས་ལ་གསན་བསམ་རྒྱ་ཆེར་མཛད། དེ་ནས་ཀུན་མཁྱེན་བྱང་ཆུབ་འབུམ་པའི་བཀའ་ལུང་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱི་བཀའ་བཞིན་ཤིང་བྱི་ (༡༤༤༤)ལོར་གདན་ས་ཆེན་པོ་ཆབ་མདོ་བྱམས་པ་གླིང་ཕྱག་བཏབ། དེ་ནས་བཀའ་ཆེན་གྱི་བཤད་པ་མཛད་པས་ཆོས་རྗེ་རྣམ་རྒྱལ་གྲགས་པ་དང་། སློབ་དཔོན་རྣམ་པ་ལྔས་གཙོས་དགེ་བའི་བཤེས་གཉེན་ཤིན་ཏུ་མང་པོ་བསྡུས། རྒྱུ་མཚན་དེ་ལ་བརྟེན་ནས་བྱང་སེམས་ཆེན་པོ་ཞེས་སྙན་གྲགས་བཟང་པོས་མདོ་ཁམས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ། བྱང་སེམས་ཤེས་རབ་བཟང་པོ་སྐུ་འདས་རྗེས། ཞང་ཞུང་ཆོས་དབང་གྲགས་པ་དང་། སྟོད་ལུང་པ་མཚུར་སྟོན་ནམ་མཁའ་དཔལ། ཤེས་རབ་དཔལ་བརྩེགས། གཞོན་ནུ་དཔའ་ཤོད་པ་ཆོས་རྗེ་ཀུན་དགའ་དཔལ་ལྡན་སོགས་མཁས་གྲུབ་རིམ་པས་གདན་ས་བསྐྱངས། །