སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ་
༄༅། །སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ་ཞེས་བྱ་བ་བཞུགས།།
ཀུན་མཁྱེན་འབྲུག་པ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བ་སྤུ་གཅིག་མཆོད་དགེ་ངོས་སངས་རྒྱས་ཀུན། །མཉེས་བྱས་ནུས་གཟུགས་མ་ཚང་མེད་གསལ་བའི། །ངོ་མཚར་བསྙོན་མེད་དེར་གུས་བདག་གིས་ནི། །ཀུན་མཁྱེན་འབྲུག་པའི་ཞབས་ལ་ཕྱག་བགྱི་འོ། །མངོན་པར་བཏུད་དོན་ཐམས་ཅད་གྲུབ་པས་སྟོན་པ་དཔག་བསམ་ཡོངས་འདུའི་ཤིང་། །གང་ནས་ཞི་བའི་བདུད་རྩི་ཀུན་འཛག་ལེགས་གསུང་ཟླ་བ་ཆུ་ཤེལ་ཉིད། །བསོད་ནམས་ལོ་ཏོག་གྱ་ནོམ་འདིར་བསྐྱེད་དགེ་འདུན་ཡོན་ཏན་ཞིང་དམ་པ། །ཤཱཀྱའི་རྒྱལ་པོ་དེ་ལུགས་དཔལ་ལྡན་འདི་ལ་བསྟོད་པ་ཀུན་སྤུངས་འོས། །ཡུན་རིང་སྦྱང་བའི་གཡུལ་ངོར་མ་ཞུགས་པར། །མི་ཤེས་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །མཁས་པའི་མངའ་ཐང་མཐོར་འགོད་འཇམ་པའི་དཔལ། །གནམ་ནས་འབབ་པའི་ཤེ་མོང་དེ་ལ་འདུད། །ཞི་བ་ནོར་བུའི་གནས་ཀྱི་ལྷས། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། །རྒྱ་མཚོའི་འཇུག་པས་འཇིག་རྟེན་འདིའི། །དམན་པའི་རི་ཀླུང་མེད་པར་བྱས། །དེར་ནི་འགྲེལ་པའི་པདྨོ་རྣམ་དཔྱོད་མཐུ། །ཟེའུ་འབྲུའི་འཛུམ་བག་ལས་འཐོན་རྣམས་འདུས་པར། །རབ་དཀར་ངང་པའི་བུ་མོ་ང་རྩེ་བའི། །མགྲིན་རྔ་དབྱངས་ཅན་མས་བསྐུལ་རྒྱུད་མངས་བཞིན། །འདིར་བཤད་པར་བྱ་བའི་དམ་པའི་ཆོས་འདིའི་མཚན་རྒྱ་གར་སྐད་དུ། བོ་ངྷི་སཏྭ་ཙཱརྻ་ཨ་བ་ཏ་ར། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ། མཛད་པ་པོ་བདག་ཉིད་ཆེན་པོ་ཞི་བའི་ལྷ། གཞུང་ཚད་ཤློ་ཀ་སྟོང་། ལེའུ་བཅུ། སྡེ་སྣོད་གསུམ་ལས་མདོ་སྡེར་གཏོགས་པས་འགྱུར་གྱི་ཕྱག་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་བཀོད། བམ་པོ་དང་པོ། དགོས་པ་གང་གི་ཆེད་དུ་ཡིན་པ་ནི་འཆད་པར་འགྱུར་བས་ཤེས་ལ། དེ་ཇི་ལྟར་འཆད་ན། ཐོག་མར་དགེ་བ་ཀླད་དོན། བར་དུ་དགེ་བ་གཞུང་དོན། ཐ་མར་དགེ་བ་མཇུག་དོན་གསུམ་གྱི་དང་པོ་ནི། མཆོད་བརྗོད་དང་། རྩོམ་པར་དམ་བཅའ་གཉིས་ཡིན་ལ། དེའི་དང་པོ་སྤངས་པ་ཁྱད་པར་གསུམ་དང་ལྡན་པས་བདེ་གཤེགས་སམ། ཡང་ན་ཁྱད་པར་གསུམ་ལྡན་གྱི་རྟོགས་པ་སྟེ། ཆོས་ཀྱི་གྲགས་པས། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །དང་། གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །ཞེས་གསུངས་པའི་ཕྱིར་འདིས་སངས་རྒྱས་པའི་ངོ་བོ་བསྟན་ཏོ། །འདིའི་སྐད་དོད། སུ་ག་ཏ། སུ་ཉེ་བསྒྱུར། དེ་དོན་དུ་མ་ལ་འཇུག་པ་ལས་མཛེས་པ་དང་། སླར་མི་ལྡོག་པ་དང་། མ་ལུས་པའི་དོན་གསུམ་འདིར་གཟུང་ལ། ག་ཏ་གཤེགས་པའི་དོན་ཏེ་འཁོར་བའི་ཕ་རོལ་ཏུའོ། །དེས་ན་མཛེས་པར་གཤེགས་པ་དང་གཉིས་ལའང་སྦྱར་བས་སྤངས་པའི་ཁྱད་པར་གསུམ། ཡང་ག་ཏ་རྟོགས་པ་སྟེ། སྔར་བཞིན་མཛེས་པར་རྟོགས་པ་སོགས་སྦྱར་བས་ཁྱད་པར་གསུམ་ལྡན་གྱི་རྟོགས་པའོ། །ཆོས་རྟོགས་པ་དང་། བསྟན་པ་རྣམས་ཀྱི་སྐུ་ཀཱ་ཡ་སྟེ་ཚོགས་པ་ཡིན་ལ། མངའ་བས་སངས་རྒྱས་པའི་བྱ་བ། ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་པ་སྟེ། བདེན་གཉིས་ལས། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར་སོགས་ཀྱི་འགྲེལ་པར། ཆོས་ཐམས་ཅད་ཀྱི་ལུས་ཡིན་པས་ཆོས་སྐུ་སྟེ། འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པའི་ངོ་བོ་ལས་མི་འདའ་བའི་ཕྱིར་རོ། །ལུས་ཀྱི་དོན་ནི་ཚོགས་ཡིན་པས་ཆོས་རྣམས་ཀྱི་ཚོགས་ལ་ཆོས་སྐུ་སྟེ་ཞེས་གསུངས་པས་སོ། །སྲས་བཅས་སུ་ཏ་ལ་ཡི་གེ་ཕྱིས་བསྣན་གྱི་ངེས་པས་རིགས་སུ་སྐྱེས་པ་དང་། གདུང་འཚོབ་པ་དང་། བྱ་བ་བྱེད་པའི་དོན་གྱིས་སྲས་ཏེ་བྱང་སེམས་སློབ་པའི་ཚོགས་སོ། །འདི་བྱ་བའི་བྱེད་པ་སྟེ་ཐེག་པ་ཆེན་པོའི་དགེ་འདུན་ནི་ལེགས་པར་ཞུགས་པ་ཞེས་པས་སོ། །ཇོ་བོས་སྐྱབས་ཡུལ་ཕྱེ་བའི་ནང་ནས་འདི་དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ་རྒྱུད་བླ་མར་བཤད་པའི་མཚན་ཉིད་ཅན་ཏེ། དེ་རྣམས་དང་། ཕྱག་འོས་དེ་ལས་གཞན་མངོན་པར་རྟོགས་པ་དང་། མངོན་དུ་རྒྱུའི་དཀོན་མཆོག་གསུམ་པོ་ཀུན་ལའང་གུས་པར་ཕྱག་འཚལ་ལོ། །གཉིས་པ་དེ་ལྟར་ཕྱག་བྱས་ཏེ། བརྗོད་པར་བྱ་བ་ཅི་ཞིག་ན། བདེ་གཤེགས་སྲས་ཀྱི་སྡོམ་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་མངོན་དུ་བྱ་བའི་ཕྱིར་ཉམས་སུ་ཅི་ལེན་པ་དེར་འདུ་བས་སམ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའང་དེ་ཁ་ཡིན་པས་དེ་ལ་འཇུག་པ་དེ་ཡང་ནི་ལུང་བཞིན། རྗོད་བྱེད་ཅིས་ཤེ་ན། མདོར་བསྡུས་ནས་ནི་བརྗོད་པར་བྱ། དགོས་ཆེད་གང་ཞེ་ན། དོན་གྱི་ཆ་ནས་སྔར་མ་བྱུང་བའང་འདིར་བརྗོད་མེད་པ་དང་། ཚིག་གི་ཆ་ནས་སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་པ་མིན་ཏེ། དེ་གཉིས་ཀྱི་ཕྱིར་དང་གཞན་པའི་དོན་དུ་བདག་གིས་འདི་མ་བྱས་ལ། རང་གི་ཡིད་ལ་སྒོམ་ཕྱིར་ངས་འདི་བརྩམས་སོ། །ཡིད་ལ་སྒོམ་པ་ལ་བསྡུ་ཅི་དགོས་སྙམ་ན། ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་གསུངས་པས། ཡང་ནས་ཡང་དུ་སེམས་པ་ལ་གཟུང་བདེ་བ་དགོས་པ་བྱུང་ནས་ཡིན་ནོ། །དགེ་བ་གོམས་ཕྱིར་བདག་གི་དད་པའི་ཤུགས་འདི་དག་གིས་ཀྱང་རེ་ཞིག་འཕེལ་བར་འགྱུར་ལ། དེ་བཞིན་བདག་དང་སྐལ་པ་མཉམ་པ་གཞན་གྱིས་ཀྱང་། ཇི་སྟེ་འདི་དག་མཐོང་ན་དོན་འདི་ལྟ་བུ་ཡོད་པར་འགྱུར་བས་སོ། །ཞེས་རྩོམ་པར་དམ་བཅས། བྱང་སེམས་ཀྱི་སྤྱོད་པ་ནི་བརྗོད་བྱ། ཚིག་གཟུང་བདེ་བར་བསྟན་པས་རང་གཞན་གོམས་པར་བྱེད་སླ་བ་དགོས་པ། དེ་ལས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་ཉིང་དགོས། དེ་དག་སྔ་མ་མེད་ན་ཕྱི་མ་མི་འབྱུང་བས་འབྲེལ་བ་བསྟན་ཏེ། ཤེས་པ་ཅན་བསྟན་བཅོས་ལ་གུས་པས་འཇུག་པའི་ཕྱིར་དུའོ། །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ། འཇུག་པའི་སྤྱོད་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ། སྒྲུབ་པའི་སྤྱོད་པ་ཕར་ཕྱིན་ལ་སྤྱོད་པ། འགྲུབ་པའི་སྤྱོད་པ་སངས་རྒྱས་པ་བཤད་པ་གསུམ་ལས། དང་པོ་ལ་སྐལ་བ་དང་ལྡན་པའི་གཞི་རིགས་དང་ལྡན་པའི་རྟེན། སྤྱོད་པ་ལ་སྦྱོར་བའི་གཞི་བྱང་ཆུབ་ཏུ་སེམས་བསྐྱེད་པ། བྱང་ཆུབ་ཆེན་པོ་འགྲུབ་པའི་གཞི་བསླབ་པ་རྗེས་སུ་བསྒྲུབ་པ་གསུམ་ལས། དང་པོ་ནི། རིགས་རྣམ་པ་གཉིས་ལས་ཆོས་ཉིད་ཀྱི་གནས་པ་གང་ཡིན་པ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་པོ་ཅན་ནོ་ཞེས་གསུངས་པ་དེ་ཡིན། དེས་མཐར་ཐམས་ཅད་འཚང་རྒྱ་བར་འགྱུར་ལ། སངས་རྒྱས་སྔ་ཕྱི་འབྱུང་བ་ནི་དགེ་བའི་རྩ་བ་བསགས་པ་ཆེ་ཆུང་གིས། སད་བྱེད་ཀྱི་རྐྱེན་ཉེ་བ་དང་རིང་བས་ཡིན་ལ། ཉེ་བའང་ལུས་ཀྱི་རྟེན་ཕུན་སུམ་ཚོགས་པ་དང་། བསམ་པའི་རྟེན་བཟང་པོ་ལ་བཞག་པའི་དང་པོ། མི་མཐུན་པའི་ཕྱོགས་མི་ཁོམ་པ་བརྒྱད་དང་བྲལ་བས་དལ་བ། མཐུན་པའི་རྐྱེན་འབྱོར་བ་བཅུ་ཚང་བ་སྟེ་ཡོན་ཏན་བཅོ་བརྒྱད་དང་ལྡན་པའི་མིའི་ལུས་འདི་ནི་རྙེད་པར་ཤིན་ཏུ་དཀའ་བས། སྐྱེས་བུས་དོན་གྲུབ་པ་སངས་རྒྱས་ཐོབ་པར་འགྱུར་བ་ལ། གལ་ཏེ་རྟེན་འདི་ལ་དེ་ལ་ཕན་འདོགས་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་མ་བསྒྲུབས་ན། ཕྱིས་རྟེན་འདི་ཡང་དག་པར་འབྱོར་བར་ག་ལ་འགྱུར་ཏེ་ཐོག་མ་མེད་པ་ནས་ད་ལྟའི་བར་བཞིན་ཡང་འཁོར་བར་འཁྱམ་མོ། །བརྒྱད་པོ་མི་ཁོམ་པར་འཇོག་པའང་གཅིག་ལས་འཕྲོས་པའི་ལུང་ལས། དགེ་སློང་དག་མི་ཁོམ་པ་བརྒྱད་པོ་འདི་དག་ནི་གང་ཟག་ཚངས་པར་སྤྱོད་པ་ལ་གནས་པའི་དུས་མ་ཡིན་ནོ། །ཞེས་པས། རྟེན་འདི་གཅིག་པུ་དལ་བར་འཇོག་པའང་དེར། གང་ཟག་ཚངས་པར་སྤྱོད་པ་ལ་གནས་པ་དལ་བའི་དུས་ནི་གཅིག་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་འདིར་བྱུང་ལ་ཆོས་ཀྱང་སྟོན་ཏེ་ཞེས་སོགས་ཀྱིས་སོ། །མི་ཁོམ་པའི་ནང་ཚན་ཚེ་རིང་ལྷ་ནི། བསམ་གཏན་བཞི་པའི་གནས་གཞན་འབྲས་བུ་ཆེའི་ཕྱོགས་གཅིག་ཏུ་སྐྱེས་པའི་འདུ་ཤེས་མེད་པ་དང་། གཟུགས་མེད་ཀྱི་སོ་སྐྱེར་ཕལ་ཆེར་འདོད་ཀྱང་། དཔའ་བོས་སུམ་ཅུ་རྩ་གསུམ་པ་སོགས་བཞག་སྟེ། རྟེན་འདི་རབ་ཏུ་བྱུང་བ་རུང་བའི་དབང་དུ་བྱས་ཤིང་། དེ་ལ་ལྷ་ལས་ལྷག་པའི་ལུས་ཞེས་བཏགས་པས་ཕྱི་མ་འཐད་པར་སེམས་སོ། །སངས་རྒྱས་ཀྱི་སྙིང་པོ་ལས། དགེ་སློང་དག་དལ་འབྱོར་ནི་རྣམ་པ་བཅུ་སྟེ། གཞན་གྱི་འབྱོར་བ་ལྔ་དང་། རང་གི་འབྱོར་བ་ལྔའོ་ཞེས་སོགས་རྒྱས་པར་བཤད་པ་དེ་དག་མཐུན་པའི་རྐྱེན་ཡིན་པས་འབྱོར་བར་བཞག་པ་སྟེ། ཕྱུག་པོའི་ལོངས་སྤྱོད་བཞིན་ནོ། །དེས་ན་རྟེན་འདི་རྙེད་མི་དཀའ་རུ། འཇིག་རྟེན་དུ་སངས་རྒྱས་འབྱུང་བ་དཀོན་ལ། འདི་དེ་ལ་རག་ལུས་པ་སྟེ། དམ་པའི་ཆོས་པདྨ་དཀར་པོ་ལས། དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་འབྱུང་བ་རྙེད་པར་དཀའ་སྟེ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོར་ཡང་འཇིག་རྟེན་དུ་དེ་བཞིན་གཤེགས་པ་མཐོང་ཡང་སྲིད་མི་མཐོང་ཡང་སྲིད་དེ། དཔེར་ན་ཨུ་དུམ་ཝ་རའི་མེ་ཏོག་བཞིན་ནོ་ཞེས་གསུངས་པས་སོ། །རྟེན་དེའི་རྒྱུ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡིན་ལ། དེས་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དང་མཇལ་བར་བྱེད་དེ། ཚུལ་ཁྲིམས་ཡང་དག་པའི་མདོ་ལས། ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་ཕྲད། །ཅེས་པས་སོ། །བསམ་པའི་རྟེན་ནི། ཇི་ལྟར་མཚན་མོ་མུན་པ་མུན་ནག་གི་དུས་ཆར་སྤྲིན་གྱི་རུམ་ན། གློག་འགྱུ་བའི་སྐད་ཅིག་དེར་རབ་ཏུ་སྣང་བ་སྟོན་པ་ལྟར། དེ་བཞིན་སངས་རྒྱས་སམ་དེའི་བསྟན་པ་ཡོད་པའི་མཐུ་ཡིས་བརྒྱ་ལམ་ན། འཇིག་རྟེན་དག་ལ་བསོད་ནམས་ཀྱི་བྱང་ཆུབ་ཚོལ་བའི་བློ་གྲོས་ཐངས་འགའ་འབྱུང་སྟེ། འབྱུང་བའི་དུས་དེ་ཉིད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་གདམས་སོ། །དེ་ལྟར་འབྱུང་བའང་རྟེན་གྱི་ཡོན་ཏན་གནས་ལ་དད་པའི་འབྱོར་བ་དེས་ཡིན་ཏེ། ཆོས་བཅུ་པའི་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །དང་། རིན་ཆེན་ཕྲེང་བ་ལས། དད་ཅན་ཉིད་ཕྱིར་ཆོས་ལ་བརྟེན། །ཞེས་གསུངས། དད་པའང་གསུམ་གྱི་དང་པོར་དང་བའི་དད་པ་སྟེ། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་ནས་སེམས་དང་བས་སོ། །ཕྱིས་ནས་ཡིད་ཆེས་དང་འདོད་པའི་དད་པ་གཉིས་ཀྱང་ཡིན་ཏེ། དཀོན་མཆོག་ཏ་ལའི་མདོ་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་དད་བྱེད་ལ། །བྱང་ཆུབ་བླ་ན་མེད་ལ་དད་གྱུར་ན། །སྐྱེས་བུ་ཆེན་པོ་རྣམས་ཀྱི་སེམས་སྐྱེའོ། །ཞེས་སོ། །དད་པ་ལས་འདུན་པ་སྐྱེ། དེས་དོན་དུ་གཉེར་བས་རིགས་སད་པའི་རྐྱེན་རྙེད་དེ། རྐྱེན་དེ་ནི་རྔོག་ལོས་སྐྱབས་སུ་སོང་བ་ཙམ་ལ་མཛད་ཅིང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་ཙམ་དེའི་ངོ་བོ་ཡིན་པས་ལེགས་པར་བཤད་དོ། །དེས་ཐར་པ་ཆ་མཐུན་དང་པོ་རྙེད་པ་ཡིན་ལ། དེ་ཙམ་ལ་སེམས་བསྐྱེད་སྔོན་དུ་འགྲོ་མི་དགོས་པས། མདོ་སྡེ་རྒྱན་ལས། རིགས་དང་ཆོས་ལ་མོས་པ་དང་། །དེ་བཞིན་སེམས་ནི་བསྐྱེད་པ་དང་། །ཞེས་ཐེག་ཆེན་གྱི་ཆོས་ལ་མོས་པ་སེམས་བསྐྱེད་ཀྱི་རྒྱུར་བསྡུས་སོ། །དེ་དག་ཀྱང་ལས་དང་པོ་པ། དེ་ཡང་རབ་ཏུ་བྱུང་བའི་དབང་དུ་བྱས་ཀྱི། ངན་འགྲོའི་རྟེན་ལའང་སེམས་བསྐྱེད་གསར་དུ་སྐྱེ་བ་ལུང་ནས་བཤད་པས་མཐའ་གཅིག་ཏུ་ནི་མ་ཡིན་ནོ། །གཉིས་པ་སྤྱོད་པ་ལ་སྦྱོར་བའི་གཞི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ། སྤྲོ་བ་བསྐྱེད་པའི་ཕྱིར་ཕན་ཡོན་བསྟན་པའི་ལེའུ། སྦྱོར་བ་གཙོ་ཆེ་བ་སྡིག་པ་བཤགས་པའི་ལེའུ། དངོས་གཞི་གཙོ་ཆེ་བ་ཡོངས་སུ་གཟུང་བའི་ལེའུ་གསུམ་ལས། དང་པོ་ལ། བྱང་ཆུབ་ཀྱི་སེམས་ཐུན་མོང་གི་ཕན་ཡོན། བྱང་ཆུབ་སེམས་ཀྱི་རབ་དབྱེ། དེ་གཉིས་སོ་སོའི་ཕན་ཡོན་གསུམ་ལས། དང་པོ་ནི། དེ་ལྟས་དགེ་བ་བྱེད་པའི་བློ་གྲོས་འབྱུང་དཀའ། འབྱུང་ཡང་ཡུན་ཐུང་བས་ཉམ་ཆུང་བ་ཉིད་རྒྱུན་རྟག་ལ། སྡིག་པ་ནི་སྟོབས་ཆེན་ཤིན་ཏུ་མི་བཟད་པ་ཡིན་པས་དེ་ནི་རྫོགས་པའི་བྱང་ཆུབ་ཀྱི་སེམས་མིན་པར་དགེ་བའི་རྩ་བ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར་ཏེ་མི་འགྱུར་རོ། །སྤང་བྱ་སྡིག་པ་གཞོམ་པ་དེར་མ་ཟད། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི་ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་འདོགས་པའི་རྒྱུ་ཡིན་པར་གཟིགས་ཏེ། འདི་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས་བསྒྲུབ་བྱ། བདེ་བའི་མཆོག་སངས་རྒྱས་བདེ་བླག་ཉིད་དུ་ཐོབ་པར་བྱེད་པས་སོ། །དེ་བས་རང་ཉིད་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་། གཞན་སེམས་ཅན་ཐམས་ཅད་ཀྱི་མི་བདེ་བ་གསལ་བར་འདོད་པ་དང་། གཉིས་ཀ་བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་། བྱང་ཆུབ་སེམས་ཉིད་རྟག་ཏུ་བཏང་བར་མི་བྱའོ། །གཞན་ཡང་བྱང་ཆུབ་སེམས་སྐྱེས་པར་གྱུར་པ་ན་སྐད་ཅིག་གིས། སྔར་འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་པའི་སོ་སོ་སྐྱེ་བོ་རྣམས་བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་པར་བྱ་ཞིང་། འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར་བ། དཔེར་ན་བཙོན་དེ་ལས་བཏང་མ་ཐག་ཏུ་རྒྱལ་ཚབ་ཏུ་དབང་བསྐུར་བ་བཞིན་ཏེ་ཤ་རི་སྡེ་པའི་ལུང་ལས། ཤཱ་རིའི་བུས་གསོལ་པ། བཅོམ་ལྡན་འདས་བདག་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ལ་ཡང་ཕྱག་འཚལ་ལོ་ཞེས་གསུངས་ན་གཞན་ལྟ་ཅི། དེ་ཙམ་དུ་མ་ཟད། གསེར་འགྱུར་རྩི་ཡིས་ལྕགས་གསེར་གྱི་རྣམ་པ་མཆོག་ཏུ་བསྒྱུར་བ་ལྟ་བུར་མི་གཙང་བའི་ལུས་འདི་བླངས་ནས། རྒྱལ་བའི་སྐུ་རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན། བྱང་ཆུབ་སེམས་ཞེས་བྱ་བ་བཅུད་ཀྱི་ལེན་ལྟ་བུ་སྟེ། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་སྲང་གཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར་དུ་བསྒྱུར་རོ། །དངུལ་ཆུ་སྲང་གཅིག་པོ་དེ་ནི་ལྕགས་སྲང་སྟོང་པོ་དེས་ཟད་པར་བྱ་བའམ་ལྕགས་སུ་བསྒྱུར་བར་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་བཅུད་ཀྱི་ལེན་དགེ་བའི་རྩ་བ་ཡོངས་སུ་བསྔོས་པའི་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བ་ནི་ལས་དང་ཉོན་མོངས་པའི་སྒྲིབ་པའི་ལྕགས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པའི་གསེར་གྱི་ཁ་དོག་ཏུ་བྱེད་ཀྱང་། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་བཅུད་ཀྱི་ལེན་གཅིག་པུ་དེ་ནི་ལས་དང་ཉོན་མོངས་པའི་ལྕགས་ཐམས་ཅད་ཀྱིས་ཀྱང་ཉོན་མོངས་པའམ་ཟད་པར་བྱ་བ་མི་ནུས་སོ། . །ཞེས་པས་བརྟན་པར་གཟུང་བར་རིགས་སོ། །གཞན་ཡང་འགྲོ་བའི་དེད་དཔོན་གཅིག་པུ་སངས་རྒྱས་དེའི་ཚད་མེད་ཅིང་གཞལ་དུ་མེད་པའི་བློས་ལེགས་པར་ཡོངས་སུ་བརྟགས་ན། རིན་ཐང་ཆེ་བའི་ཕྱིར་འགྲོ་བའི་གནས་ལྔར་སྐྱེ་བ་དང་བྲལ་བར་འདོད་པ་རྣམས་ཀྱི་འཕྲལ་ཕུགས་ཐམས་ཅད་དུ་དགོས་འདོད་འབྱུང་བའི་རིན་པོ་ཆེ་སྟེ། བྱང་ཆུབ་ཀྱི་སེམས་ལེགས་པར་བརྟན་པར་གཟུང་ངོ་། །དེ་ལྟར་ཡང་སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཇི་སྲིད་དུ་ཉི་མ་དང་ཟླ་བའི་དཀྱིལ་འཁོར་གྱི་འོད་ཀྱིས་སྣང་བར་བྱེད་པ་དེ་སྲིད་དུ། ནོར་དང་། འབྲུ་དང་། རིན་པོ་ཆེ་དང་། ས་ལེ་སྦྲམ་དང་། དངུལ་དང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གོས་དང་། ལོངས་སྤྱོད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་རིན་དུ་མི་བཟོད་དོ། །དེ་བཞིན་དུ་ཇི་སྲིད་དུ་དུས་གསུམ་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཡུལ་སྣང་བར་མཛད་པ་དེ་སྲིད་དུ་ལྷ་དང་། མི་དང་། སེམས་ཅན་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ནོར་བུ་རིན་པོ་ཆེ་ཆེན་པོ་དབང་གི་རྒྱལ་པོའི་རིན་དུ་མི་ཆོག་གོ་ཞེས་གསུངས་ལ། བསྒྲུབ་བྱ་དགེ་བ་འཕེལ་ཆེ། སྤང་བྱ་སྡིག་པ་འཇོམས་ཐུ་བ་དང་། གཞན་ཡང་དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི་འབྲས་བུ་ཐེངས་གཅིག་བསྐྱེད་ནས་རྩ་བ་ཟད་པར་འགྱུར་བ་ཉིད་ཡིན་ལ། བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་འབྲས་བུ་བཟང་པོ་འབྱིན་པས་མི་ཟད་གོང་ནས་གོང་དུ་འཕེལ་བར་འགྱུར་བས་ཀྱང་། སྡོང་བཀོད་ལས། དགེ་བའི་རྩ་བ་ཡང་བྱང་ཆུབ་སེམས་ཀྱིས་གཟུང་ཞིང་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོས་ན་རྣམ་པར་འཕེལ་ལོ་ཞེས་པས་སོ། །སྡིག་པ་ཤིན་ཏུ་མི་བཟད་པ་བྱས་པར་གྱུར་ན་ཡང་། སྐྱེལ་མ་དཔའ་བོ་ལ་བརྟེན་ནས་འཇིགས་པ་ཆེན་པོ་སྒྲོལ་བ་ལྟར། བྱང་ཆུབ་ཀྱི་སེམས་གང་ལ་བརྟེན་ནས་ཡུད་ཙམ་གྱིས་སྒྲོལ་བར་འགྱུར་བ་དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན་ཏེ། སྡོང་པོ་བཀོད་པ་ལས། སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བརྟེན་པ་ནི་དགྲ་བོ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྐྱེས་བུ་དཔའ་བོ་ལ་ཡང་དག་པར་བརྟེན་པའི་བྱང་ཆུབ་སེམས་དཔའ་ནི། ཉེས་པར་སྤྱོད་པའི་དགྲ་བོ་ཐམས་ཅད་ཀྱིས་མི་འཇིགས་སོ་ཞེས་དང་། གཞན་ཡང་དེས་ནི་དུས་མཐའི་མེས་འཇིག་རྟེན་སྲེག་པ་བཞིན། སྡིག་ཆེན་རྣམས་འདིས་སྐད་ཅིག་གཅིག་པའི་བཟོད་པས་བསྡུས་པ་མཐོང་ལམ་བསྐྱེད་ལ། དེས་སྡིག་པ་ཐམས་ཅད་སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད་དོ། །དེས་ན་སྔ་མ་ནི་ཀུན་རྫོབ་སེམས་བསྐྱེད་ཀྱི་ཡིན་ལ། ཕྱི་མ་ནི་དོན་དམ་སེམས་བསྐྱེད་ཀྱི་ཕན་ཡོན་ཡིན་ཏེ། གཞན་སྟོབས་དང་རང་སྟོབས་ཀྱི་ཁྱད་པར་ཕྱེ་བས་ཤེས་སོ། །དེ་དག་ཏུ་མ་ཟད་དེའི་ཕན་ཡོན་དཔག་ཏུ་མེད་པ་དག ཚོང་དཔོན་ནོར་བརྟན་གྱི་བུ་གཞོན་ནུ་ནོར་བཟང་གིས། འཇམ་དཔལ་གྱི་དྲུང་དུ་སེམས་བསྐྱེད་དེ། གྲོང་ཁྱེར་དཔལ་གྱི་འབྱུང་གནས་ནས་གཟུང་སྟེ་འདིའི་ལྷོ་ཕྱོགས་ཀྱི་རྒྱུད་ཐམས་ཅད་དུ་བརྒྱུས་ནས་དགེ་བའི་བཤེས་གཉེན་བརྒྱ་ཕྲག་བཅུ་ཕལ་ཆེར་གསུང་། ཤཱནྟི་པས་བཅུ་གཅིག་སྟེ་སྟོང་ཆིག་བརྒྱ་བཤད་དོ། །དེ་དག་ལ་ཡོངས་སུ་དྲི་བ་བྱེད་ཅིང་། ཐ་མ་ཡུལ་རྒྱ་མཚོའི་འགྲམ་དུ་ཕྱིན་ཏེ་ཁང་བརྩེགས་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པར་སྐྱོ་བ་ཐམས་ཅད་དང་བྲལ་བའི་ལྷག་པའི་བསམ་པས་ཕྱིན་ཏེ་བྱམས་མགོན་མཇལ། དེས་ལེགས་པར་འོངས་སམ་དྲིས། བློ་དང་ལྡན་པ་ནོར་བཟང་གིས། འཕགས་པ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ན། བྱང་ཆུབ་སེམས་ཀྱི་སྤྱོད་པ་བསླབ་པར་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་ལ་ཚེ་གཅིག་གིས་ཐོགས་པའི་ཡོན་ཏན་ཆེན་པོ་དང་ལྡན་པ་ལགས་པས། ཇི་ལྟར་བསླབ་པར་བགྱི་བ་བཀའ་སྩལ་དུ་གསོལ་ཞེས་ཞུས་སོ། །དེ་ལ་ཁྱེད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལེགས་སོ་ལེགས་སོ་ཞེས་བསྔགས་ནས། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །འཇིག་རྟེན་ཐམས་ཅད་བརྟེན་པས་ས་ལྟ་བུའོ་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་མཆོད་རྟེན་ལྟ་བུ་སྟེ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཡོན་ཏན་དེ་དག་དང་། ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་གཞན་དང་ཡང་ལྡན་ནོ་ཞེས་རྒྱ་ཆེར་བཤད་དོ། །གཉིས་པ་བྱང་ཆུབ་སེམས་དེའི་རབ་དབྱེ་ནི། གང་ལས་དབྱེ་བའི་གཞི་ནི་ཀུན་རྫོབ་སེམས་བསྐྱེད་སྔར་བཤད་པའི་ཕན་ཡོན་དེ་དག་དང་ལྡན་པ་དེ་ཁ། དེའི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་དམིགས་པའི་ཡིད་ཤེས་དགེ་བ་ཡོན་ཏན་ཟད་མི་ཤེས་པ་འདྲེན་ནུས་པ་ཞིག་གོ །དེ་ལ་དབྱེ་བ་རྒྱས་པར་ས་ལྟ་བུ་སོགས་ཉི་ཤུ་རྩ་གཉིས་སམ། འབྲིང་མོས་པ་སོགས་བཞི། འདིར་ཀུན་རྫོབ་དེ་ཉིད་ཉེར་གཉིས་སུ་དབྱེ་ཡི། སྤྱིར་ཉེར་གཉིས་པ་དང་བཞི་པ་ལ་དོན་དམ་སེམས་བསྐྱེད་ཀྱང་ཡོད་དོ། །མདོར་བསྡུ་ན། རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། བྱང་ཆུབ་ཏུ་སྨོན་པའི་སེམས་དང་ནི། བྱང་ཆུབ་ལ་འཇུག་པ་ཉིད་ཡིན་ནོ། །དེ་གཉིས་ཀུན་རྫོབ་ཁོ་ན། དེའི་ཁྱད་པར་ནི། འགྲོ་བར་འདོད་པ་ལྟར་སེམས་ཅན་གྱི་དོན་དུ་བདག་སངས་རྒྱས་སུ་གྱུར་ཅིག་ཅེས་སྨོན་པའོ། །ཆས་པའི་དུས་མ་ཡིན་པ་དེ་ཁོ་ན་སྨོན་པའི་སེམས་དང་། འགྲོ་བར་སྨོན་པའི་བྱང་ཆུབ་དེར་ཆས་པ་ཡི། དཔེའི་བྱེ་བྲག་ཇི་ལྟར་ཤེས་པ་ལྟར། དེ་བཞིན་དོན་ལ་བྱང་ཆུབ་ཏུ་འགྲོ་བའི་བྱ་བས་ཟིན་མ་ཟིན་གཉིས་སུ་ངེས་པས་མཁས་པས་འདི་གཉིས་ཀྱི་བྱེ་བྲག་འབྱེད་པ་དག་རིམ་པ་བཞིན་ཤེས་པར་བྱའོ། །བྱང་ཆུབ་ཏུ་ཆས་ནས་སྨོན་པ་དེ་ཡང་འཇུག་པ་ཉིད་ཀྱི་ཁོངས་སུ་འདུ་སྟེ། འགྲོ་འདོད་བཞིན་དུ་གོམ་པ་འདོར་བ་དཔེའོ། །ཡང་འཇུག་པའི་གཏོང་རྒྱུ་ཙམ་བྱུང་ན་སྨོན་པ་རྐྱང་པར་ལས་པ་ཞིག་སྟེ། ཕལ་ཆེན་ལས། རིགས་ཀྱི་བུ་འདི་ལྟ་སྟེ་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ་ཞེས་འབྱུང་བས་སོ། །ཐེག་ཆེན་གྱི་སྐྱབས་འགྲོའང་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པ་ཡིན་ན། དེ་དང་སྨོན་རྐྱང་ཁྱད་མེད་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། དང་པོ་སེམས་བྱུང་འདོད་པ། གཉིས་པ་ནི་གཞན་གྱི་དོན་གྱི་ཕྱིར་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་འདུན་པ་དེ་དང་། སེམས་པ་གཉིས་མཚུངས་ལྡན་དུ་བྱེད་པའི་རྣམ་ཤེས་ཡིན་པས་ཁྱད་པར་ཆེ། དང་པོ་ཐོབ་པར་བྱ་སྙམ་པ་ཙམ་དང་། གཉིས་པ་ནི་ཐོབ་པར་གྱུར་ཅིག་སྙམ་དུ་ཡོངས་སུ་བསྔོ་བས་དེས་སེམས་བྱུང་དུ་མི་ལུས་པར་བསྒྱུར་བ་ཡིན་ནོ། །གསུམ་པ་བྱང་ཆུབ་སེམས་སོ་སོའི་ཕན་ཡོན་ནི། བྱང་ཆུབ་སྨོན་པའི་སེམས་རྐྱང་པ་དེ་ལ་ནི། འཁོར་བ་ན་འཁོར་བའི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་བ་སོགས་འབྲས་བུ་ཆེ་བ་གྲངས་མང་བ་འབྱུང་ཡང་། ཇི་ལྟར་འཇུག་པའི་སེམས་བསྐྱེད་པ་ལ་བཞིན་དུ་བསོད་ནམས་རྒྱུན་ཆགས་སུ་འབྱུང་བ་མིན་ཏེ། དེ་ནི་དམ་བཅས་པ་ཙམ་ཡིན་ལ་སྒྲུབ་པ་དང་བྲལ་བས་སོ། །དུས་གང་ནས་བཟུང་སྟེ་སེམས་ཅན་ཁམས་མཐའ་ཡས་པ་རབ་ཏུ་སྒྲོལ་བའི་ཕྱིར། མི་ལྡོག་པ་ཡི་སེམས་ཀྱིས་སུ། འཇུག་པའི་སེམས་དེ་བྱང་ཆུབ་ཀྱི་སེམས་ཀྱི་སྡོམ་པ་ཡང་དག་པར་བླངས་པར་གྱུར་པ། དེ་ནས་གཟུང་སྟེ་གཉིད་ལོག་གམ། བག་མེད་པར་གྱུར་ཀྱང་བསོད་ནམས་ཀྱི་ཤུགས་དུས་རྒྱུན་མི་ཆད་པར་ལན་དུ་མ་ཞིག་རྒྱ་ཆེ་བ་ནམ་མཁའ་དང་མཉམ་པར་རབ་ཏུ་འབྱུང་ངོ་། །དེ་ལྟར་བཤད་པ་འདི་ནི་ཡིད་ཆེས་པའི་འཐད་པ་དང་བཅས་པར་བཤད་པ་ཡིན་ཏེ། ལག་བཟང་གིས་ནི་ཞུས་པ་ལས། དམན་པ་ལ་མོས་པའི་སེམས་ཅན་གྱི་དོན་གྱི་ཕྱིར། ལུང་ལས། གང་ཞིག་རང་སངས་རྒྱས་ཀྱི་ཡོན་ཏན་ནམ། ཉན་ཐོས་ཀྱི་ཡོན་ཏན་འདོད་པ་དེ་ཡང་སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དགེ་བའི་རྩ་བ་མཐའ་ཡས་ཤིང་མཐའ་ཡས་པ་འཕེལ་ལ། དགེ་བའི་རྩ་བ་མཐའ་ཡས་ཤིང་མཐའ་ཡས་པ་རྒྱས་པར་འགྱུར་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་སངས་རྒྱས་ཀྱི་ཆོས་ཡོན་ཏན་མཐའ་ཡས་ཤིང་ཡོན་ཏན་མུ་མེད་པ། སྟོབས་མཐའ་ཡས་ཤིང་སྟོབས་མུ་མེད་པ། མཐའ་དག་ཆུབ་པ། ཡོངས་སུ་རྫོགས་པར་འདོད་པ་དང་། མོས་པ་དང་སྨོན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བག་མེད་པར་གྱུར་ཏམ། གཉིད་ཀྱིས་ལོག་ཀྱང་རྒྱུ་བཞི་དང་། རྐྱེན་བཞི་དང་། དམིགས་པ་བཞི་པོ་དེ་དག་ནི་དེའི་དགེ་བའི་རྩ་བའི་ཕུང་པོ་མཐའ་ཡས་ཤིང་མུ་མེད་པ་བཞིས། བྱང་ཆུབ་ཀྱི་ཚོགས་ཀྱི་ཕུང་པོ་མཐའ་ཡས་ཤིང་མུ་མེད་པ་བཞིས། སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་འཕེལ་ཞིང་རྒྱས་པར་འགྱུར་བ་སྟེ། ཞེས་དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས་པའི་ཕྱིར་རོ། །སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ་བསལ་ལོ་སྙམ་དུ་བསམས་ན་ཡང་། ཕན་འདོགས་བསམ་པ་དང་ལྡན་པ་སྟེ། མཛའ་བོའི་བུ་མོ་བཞིན་བསོད་ནམས་དཔག་ཏུ་མེད་པ་དང་ལྡན་པར་གྱུར་ན་སེམས་ཅན་རེ་རེའི་མི་བདེ་བ་དཔག་ཏུ་མེད་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་བསལ་བར་འདོད་ཅིང་། རེ་རེའང་ཡོན་ཏན་དཔག་ཏུ་མེད་པ་སངས་རྒྱས་ཉིད་དུ་སྒྲུབ་པར་འདོད་པ་ལ་བསོད་ནམས་དཔག་ཏུ་མེད་པ་འབྱུང་བ་སྨོས་ཅི་དགོས་ཏེ། ལག་བཟང་གཞན་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་ཡང་དག་པར་སློབ་སྟེ། གང་ཞིག་སེམས་ཅན་གྱི་ཚོགས་མཐའ་ཡས་ཤིང་མཐའ་ཡས་པ་དེའི་སྡུག་བསྔལ་སེམས་ཀྱི་སྐད་ཅིག་པའི་སེམས་ཀྱི་སྐད་ཅིག་གཅིག་ཙམ་དང་འབྲེལ་བ་བསལ་བར་འདོད་པ་དེ་ཡང་། སེམས་ཀྱི་སྐད་ཅིག་སེམས་ཀྱི་སྐད་ཅིག་ལ་དགེ་བའི་རྩ་བ་མཐའ་ཡས་ཤིང་མཐའ་ཡས་པ་འཕེལ་ལ། དགེ་བའི་རྩ་བ་མཐའ་ཡས་ཤིང་མཐའ་ཡས་པ་རྒྱས་པར་གྱུར་ན། གང་ཞིག་མ་འོངས་ཤིང་མ་ཕྱིན་པའི་བསྐལ་པ་མཐའ་ཡས་དཔག་ཏུ་མེད་པ་རྣམས་སུ་སེམས་ཅན་གྱི་ཚོགས་མཐའ་ཡས་ཤིང་མཐའ་ཡས་པ་དེའི་སྐྱེ་བའི་སྡུག་བསྔལ་ནས་སྲིད་པའི་སྡུག་བསྔལ་གྱི་བར་བསལ་བར་འདོད་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་མོ་ཞེས་གསུངས་སོ། །ཉེ་བའི་ཕའམ་ཡང་ན་མ་ཡང་རུང་སྟེ། སུ་ལ་འདི་འདྲ་བའི་ཕན་སེམས་ཡོད། འཇིག་རྟེན་དག་སྐྱབས་སུ་འཛིན་པ་ལྷ་དང་དྲང་སྲོང་རྣམས་ཀྱང་རུང་། ཚངས་པ་ལའང་ཕན་སེམས་འདི་ལྟ་བུ་ཡོད་དམ་དེ་མེད་དོ། །སེམས་ཅན་རང་རང་ལ་གཅེས་པར་འཛིན་ན་དེ་དག་ཉིད་ལའང་སྔོན་ནས་རང་གི་དོན་དུ་འདི་འདྲའི་སེམས་རྨི་ལམ་དུ་ཡང་མ་རྨིས། དེས་ན་གཞན་གྱི་དོན་དུ་ལྟ་ག་ལ་སྐྱེ། གཞན་དག་ལ་རང་གི་དོན་དུ་ཡང་མི་འབྱུང་བའི་སེམས་ཅན་གྱི་དོན་སེམས་པ་གང་གི་སེམས་པ་རིན་པོ་ཆེ་ཁྱད་པར་འཕགས་པ་འདི། འཇིག་རྟེན་ན་སྔ་ན་མེད་པའི་རྨད་དུ་བྱུང་བ་ཅིག་ད་ལྟར་འཁྲུངས་སོ། །དེ་བས་འགྲོ་བ་ཀུན་གྱི་དགའ་བའི་རྒྱུ་སེམས་ཅན་གྱི་སྡུག་བསྔལ་སེལ་བའི་བདུད་རྩིར་གྱུར་པ་རིན་ཆེན་སེམས་ཀྱི་བསོད་ནམས་གང་ཡིན་པ་དེ་ལ་ཇི་ལྟར་གཞལ་གྱིས་ལང་སྟེ། དཔའ་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །ཞེས་གསུངས་པས་སོ། །ཕན་པར་བསམས་པ་སྨོན་པ་ཙམ་གྱིས་ཀྱང་། སངས་རྒྱས་མཆོད་པ་ལས་ཁྱད་པར་འཕགས་པ། མདོ་དེ་ལས། གངྒཱའི་བྱེ་མའི་གྲངས་སྙེད་ཀྱིས། །སངས་རྒྱས་ཞིང་ནི་མི་གང་གིས། །རིན་ཆེན་བདུན་གྱིས་བཀང་བྱས་ཏེ། །འཇིག་རྟེན་མགོན་ལ་ཕུལ་བ་ལས། །གང་གིས་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ན། །གང་ལ་མཐའ་ནི་མ་མཆིས་པའི། །མཆོད་པ་འདི་ནི་ཁྱད་པར་འཕགས། །ཞེས་གསུངས་ན། སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་བདེ་དོན་ལ་བརྩོན་པའི་འཇུག་པའི་སེམས་ལ་སྨོས་ཅི་དགོས། སེམས་ཅན་རྣམས་རང་གི་སྡུག་བསྔལ་རང་གིས་སེལ་ཞིང་བདེ་བ་སྒྲུབ་པ་ལ་རང་མཁས་པས། བྱང་སེམས་ཀྱིས་དེའི་དོན་དུ་བརྩོན་པ་དོན་མེད་དོ་སྙམ་ན་མ་ཡིན་ཏེ། སེམས་ཅན་རང་རང་ལ་སྡུག་བསྔལ་འདོར་བར་འདོད་པའི་སེམས་ཡོད་ཀྱང་། སྦྱོར་བ་ནི་སྡུག་བསྔལ་ཉིད་སྒྲུབ་པ་ལ་མ་ཐོབ་དོགས་པ་བཞིན་མངོན་པར་རྒྱུག བདེ་བར་འདོད་ཀྱང་ཕྱིན་ཅི་ལོག་བཞིས་གཏི་མུག་པས། རང་གི་གཏན་གྱི་བདེ་བ་དགྲ་ལྟར་འཇོམས་པ་དེའི་ཕྱིར་བྱང་སེམས་ཀྱི་བརྩོན་པ་བྱ་རིགས་ཏེ། གང་ཞིག་བདེ་བས་འཕོངས་པ་དང་ནི། སྡུག་བསྔལ་མང་པོ་ལྡན་པ་དེ་དག་ལ། བདེ་བ་ཀུན་གྱིས་ཚིམ་པར་བྱ་བ་དང་། སྡུག་བསྔལ་ཐམས་ཅད་གཅོད་པར་བྱེད་ཅིང་། གཏི་མུག་ཀྱང་ནི་སེལ་བར་བྱེད་པས། དེ་དང་དགེ་བ་མཚུངས་པ་ག་ལ་ཡོད། དེ་འདྲའི་དགེ་བའི་བཤེས་ཀྱང་ག་ལ་ཡོད། བསོད་ནམས་དེ་འདྲའང་ག་ན་ཡོད། དེའི་ཕྱིར་ཕན་བཏགས་པའི་ལན་བློན་པ་གང་ཡིན་པ་དེ་ལ་ཡང་འཇིག་རྟེན་གྱིས་མི་བཟང་པོ་ཞེས་རེ་ཞིག་བསྔགས་འོས་ན། མ་བཅོལ་བར་གཞན་ལེགས་པ་འབའ་ཞིག་བྱེད་པའི་བྱང་ཆུབ་སེམས་དཔའ་བསྟོད་འོས་པ་སྨོས་ཅི་དགོས། གཞན་ཡང་འགྲོ་བ་ཉུང་ཟད་ལ། ནར་མའི་ཟས་སྦྱོར་བ་དང་། སྐད་ཅིག་སྟེ་ན་མ་རེའི་ཟས་ཙམ་སྦྱིན་པར་བྱེད་པ་དང་། བརྙས་པ་དང་བཅས་པས་ཉིན་ཕྱེད་འགྲངས་པར་བྱེད་པ་ཡང་འདི་དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར་ན། སེམས་ཅན་གྲངས་མཐའ་ཡས་པ་ལ་དུས་རིང་པོ་ནམ་མཁའ་གནས་ཀྱི་བར་དུ། བདེ་གཤེགས་ཀྱི་བདེ་བ་བླ་ན་མེད་པའམ། ཡིད་ལ་བསམ་པ་མཐའ་དག་ལྷག་མ་མེད་པར་རྫོགས་པར་བྱེད་པ་རྟག་ཏུ་སྦྱིན་པ་ལྟ་ཞིག་སྨོས་ཅི་དགོས། སྲེད་མེད་བུས་ཞུས་པ་ལས། བདག་གི་ལུས་འདི་ཡང་སེམས་ཅན་ཐམས་ཅད་ལ་སྦྱིན་ཞིང་ཡོངས་སུ་གཏོང་ན་ཕྱི་རོལ་གྱི་དངོས་པོ་རྣམས་ལྟ་ཅི་སྨོས་ཀྱི། སེམས་ཅན་གང་དང་གང་ལ་ཅི་དང་ཅི་དགོས་པར་འགྱུར་བ་དེ་དང་དེ་དག་ལ་དེ་དང་དེ་སྦྱིན་ནོ་ཞེས་སོ། །གང་ཞིག་དེ་འདྲའི་རྒྱལ་སྲས་སེམས་ཅན་ཐམས་ཅད་ཀྱི་སྦྱིན་བདག་ལ་གལ་ཏེ་ངན་སེམས་བསྐྱེད་པར་བྱེད་པ་དེ་ནི། ངན་སེམས་སྐྱེས་པའི་སྐད་ཅིག་མའི་གྲངས་བཞིན་དུ་བསྐལ་པར་ནི་དམྱལ་བར་གནས་པར་འགྱུར་རོ། །ཞེས་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་ཅིང་བརྙས་པའི་སེམས་བསྐྱེད་པ་དེ་སྲིད་དུ། བདག་བསྐལ་པར་དམྱལ་བར་གནས་པར་བྱའོ་ཞེས་ཐུབ་པས་གསུངས། གཞན་ཡང་དད་པའི་སྟོབས་བསྐྱེད་པའི་མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་གདྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཆོད་རྟེན་བཤིག་པའམ། བསྲེགས་པའམ། ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གནོད་སེམས་དང་། ཐ་བ་དང་། ཁོང་ཁྲོ་བའི་སེམས་བསྐྱེད་ཅིང་སྤྱོས་ཏེ་བརྒྱབ་ན། འདི་ནི་དེ་བས་ཆེས་གྲངས་མེད་པའི་སྡིག་པ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། སངས་རྒྱས་ལས་བྱུང་བ་ནི་མཆོད་རྟེན་དང་། བདེ་བའི་ཡོ་བྱད་ཐམས་ཅད་དང་། ལྷའི་རིས་ཐམས་ཅད་དོ་ཞེས་སོ། །བྱང་སེམས་ལ་གནོད་པ་བྱས་པ་ལ་འབྲས་བུ་དེ་ལྟ་ན། གུས་པ་བྱས་ན་ཅི་ལྟ་བུ་འབྱུང་ཞེ་ན། འོན་ཏེ་གང་ཞིག་ཡིད་རབ་ཏུ་དང་བར་བྱེད་ན། དེ་ཡི་འབྲས་བུ་སྔར་སྡིག་པ་བྱས་པ་དེ་ལས་ལྷག་པར་འཕེལ་ཏེ། ངེས་པ་དང་མ་ངེས་པའི་མདོ་ལས། འཇམ་དཔལ་གལ་ཏེ་ཡོངས་སུ་བརྟག་པ་ཉེ་བར་གཟུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་མིག་བཏོན་པར་འགྱུར་ལ། ཡང་ཡོངས་སུ་བརྟག་པ་ཉེ་བར་གཟུང་སྟེ། གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱམས་པའི་སེམས་ལ་གནས་པ་འགའ་ཞིག་དེ་དག་ཐམས་ཅད་ཀྱི་མིག་སྐྱེད་པར་བྱེད་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་སེམས་དང་བས་ལྟ་ན་འདི་ནི་དེ་བས་བསོད་ནམས་ཆེས་ལྷག་པར་སྐྱེའོ། །ཞེས་སོ། །རྒྱལ་སྲས་རྣམས་ལ་གཞན་གྱིས་དོ་གལ་ཆེན་པོ་སྲོག་ལ་བབ་པ་ཙམ་གྱི་གནོད་པ་བྱས་ཀྱང་། བྱང་སེམས་དེ་ལ་ཁོང་ཁྲོ་བ་ལ་སོགས་པའི་བསམ་པ་རང་ལ་མེད་པས་སྡིག་པ་མི་འབྱུང་ཞིང་། དེའི་ཁར་བཟོད་པ་དང་། གནོད་བྱེད་ལ་དེ་ལྟ་བུའི་རྐྱེན་གྱིས་སྙིང་རྗེ་ལྷག་པར་སྐྱེ་བ་རྒྱལ་པོ་བྱམས་པའི་སྟོབས་བཞིན་དགེ་བ་ངང་གིས་འཕེལ་བ་ཡིན་ནོ། །དེས་ན་བྱང་ཆུབ་སེམས་དཔའ་ནི་ཕྱག་བྱ་བའི་འོས་སོ་ཞེས་སྟོན་པའི་ཕྱིར། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། ཐུགས་རྒྱུད་ལ་སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང་། ཕན་པ་བྱས་ན་འབྲས་བུ་བདེ་བ་འབྱུང་བར་མ་ཟད། གང་ལ་གནོད་པ་བྱས་ཀྱང་ཕུགས་དེས་ཡོངས་སུ་བཟུང་བའི་ཕྱིར་བདེ་བར་འབྲེལ་བས། ཕན་གནོད་གང་བྱས་ཀྱང་བདེ་བ་འབྱུང་བའི་གནས་དེ་ལ་སྐྱབས་སུ་མཆིའོ་ཞེས་བསྟན། འདི་དང་སྔར་གནོད་པ་བྱས་པས་སྡིག་པ་ཆེན་པོ་སྐྱེ་བར་བཤད་པ་མི་འགལ་ལམ་ཞེ་ན་མི་འགལ་ཏེ། སྡིག་པ་སྐྱེ་བ་ཕྱིར་བཅོས་མེད་ན་རྣམ་སྨིན་འབྱུང་བ་འཕྲལ་དུ་ཡིན་ལ། དེ་ལྟ་བུའི་གནོད་པ་སོགས་ཐམས་ཅད་བདེ་བའི་རྒྱུར་འགྲོ་བ་ནི་ཕུགས་ཡིན་ཏེ་གཞན་དུ་འཁོར་བ་ལ་མཐའ་མ་མེད་ཀྱང་། བྱང་ཆུབ་སེམས་དཔའ་ལ་དད་པ་ལྟ་ཞོག གནོད་པ་བྱས་པ་དེ་ཡང་དེ་དང་དེ་ནས་དེས་བློས་མི་གཏོང་བར་སེམས་ཅན་དེ་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པས། དེས་དེ་ལ་འཁོར་བའི་མཐའ་ཡོད་པར་འགྱུར་བ་ལ་དགོངས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བྱང་ཆུབ་སེམས་ཀྱི་ཕན་ཡོན་བཤད་པ་ཞེས་བྱ་བ་སྟེ་ལེའུ་དང་པོའོ།། །། ༈ གཉིས་པ་སྦྱོར་བ་གཙོ་ཆེ་བ་བཤགས་པའི་ལེའུ་ལ། བསོད་ནམས་བསོག་པའི་གཞི་མཆོད་པ་འབུལ་བ། རིགས་སད་པའི་གཞི་སྐྱབས་སུ་འགྲོ་བ། སྡིག་པ་སྦྱང་བའི་གཞི་བཤགས་པ་བསྟན་པ་གསུམ་ལས། དང་པོ་ནི། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར་ཆོ་ག་བཤད་ལ། དེ་ལ་སྦྱོར་དངོས་རྗེས་གསུམ་ཡོད་པའི་འདི་སྦྱོར་བ་ཡིན་ནོ། །གང་མཆོད་པའི་ཡུལ་ནི། དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས་དཀོན་མཆོག་དྲི་མ་མེད་པ་དང་། སངས་རྒྱས་ཀྱི་སྲས་ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད་པ་སྟེ། བསླབ་བཏུས་ལས། འདི་ལས་བརྩམས་ཏེ་ལུང་ནོད་པ་ཐམས་ཅད་དང་། སྡོམ་པ་གཟུང་བ་ཡང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ལ་གོམས་པ་ལྷུར་བྱེད་པ་སྡོམ་པ་དང་ལྡན་པ་ལས་བྱ་སྟེ། དེ་ལྟར་བྱས་ན་དེ་བསླབ་པ་ལས་འདས་ན་རབ་ཏུ་ངོ་ཚ་བར་འགྱུར་ཞིང་། བླ་མ་ལ་བསླུས་པར་དོགས་པའི་འཇིགས་པ་སྐྱེ་བའམ། དེ་ལ་ནན་ཏན་བྱ་མི་དགོས་པར་དགའ་བ་དང་གུས་པས་འགྲུབ་པར་འགྱུར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པའི་སྤྱན་སྔར་བསླབ་པའི་ནང་ནས་བསླབ་པ་གང་ཡང་རུང་བ་གྲུབ་པར་འདོད་པས་ཡང་དག་པར་ལེན་པར་བྱེད་དོ། །དེ་ལྟར་འདི་ནི་སྡོམ་པ་སྤྱིའི་ཆོས་ཡིན་ནོ་ཞེས་དང་། སྡུད་པར། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུང་། །ཞེས་གསུངས། གལ་ཏེ་བླ་མར་རུང་བ་མ་རྙེད་ན། བསླབ་བཏུས་ལས། ཡང་ན་དེ་ལྟ་བུའི་དགེ་བའི་བཤེས་གཉེན་མེད་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་དུ་བསྒོམས་ནས། སྡོམ་པ་དང་བདག་གི་སྟོབས་དང་ཡང་སྦྱར་ནས་བླང་སྟེ། དེ་ལྟར་མ་ཡིན་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་དང་བཅས་པའི་འཇིག་རྟེན་བསླུས་པར་འགྱུར་རོ་ཞེས་འབྱུང་བས། དངོས་བཞུགས་ཀྱི་དགེ་བའི་བཤེས་གཉེན་ནམ། ཡིད་ཀྱིས་དམིགས་པའི་མདུན་དུའོ། །གང་གི་མཆོད་པའི་རྫས་ནི། ཡོངས་སུ་གཟུང་བ་མེད་པའི་མཆོད་པ་དང་། ལུས་འབུལ་བ་དང་། བློས་སྤྲུལ་པ་དང་། བསྟོད་དབྱངས་སྙན་པའི་དང་། སྒྲུབ་པ་བླ་ན་མེད་པའི་མཆོད་པ་ལྔ་ལས། དང་པོ་མིའི་ཡུལ་འདིར་མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། རྩ་བ་ལོ་མ་སྡོང་བུའི་སྨན་གྱི་རྣམ་པ་གང་དག་ཡོད་པ་དང་། འཇིག་རྟེན་གྱི་རིན་ཆེན་ཇི་སྙེད་ཡོད་པ་དང་། ཆུ་གཙང་མ་ཡིད་དུ་འོང་བ་ཅི་ཡོད་དང་། རིན་ཆེན་རི་བོ་དང་ནི་དེ་བཞིན་དུ་རིན་པོ་ཆེའི་ནགས་ཚལ། གཞན་ཡང་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། ལྗོན་ཤིང་མེ་ཏོག་གོས་ལ་སོགས་པའི་རྒྱན་སྤྲས་སྤུད་པ་དང་། ཤིང་གང་འབྲས་བུ་བཟང་པོ་སྤྱད་དུ་རུང་བས་ཡལ་ག་དུད་པར་བྱས་པ་དང་། དེར་མ་ཟད་ལྷ་ཡུལ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་དྲི་དང་ནི། སྤོས་དང་དཔག་བསམ་གྱི་ཤིང་དང་རིན་ཆེན་ཤིང་། མ་རྨོས་མ་བཏབ་པར་འཁྲུངས་པའི་ལོ་ཐོག་རྣམས་དང་ནི། གཞན་ཡང་རྩོལ་བས་བྱས་པའི་མཆོད་པར་འོས་པའི་རྒྱན་རྣམས་དང་། མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག་ལ་ངང་པ་ཤིན་ཏུ་སྒྲ་སྙན་གཤོག་སྒྲོ་ཡིད་དུ་འོང་བ་ལྡན་པ་འཁོད་པ། ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐའ་གཏུགས་པ་ཚུན་ན་ཡོད་པ། བདག་པོས་ཡོངས་སུ་གཟུང་བ་མེད་པ་དེ་དག་ཀུན་འབུལ་ལོ་སྙམ་པའི་བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག སྲས་དང་བཅས་པ་རྣམས་ལ་ལེགས་པར་འབུལ་ན། ཡོན་གནས་དམ་པ་ཐུགས་རྗེ་ཆེ་བ་རྣམས་ཀྱིས་བདག་ལ་བརྩེར་དགོངས་ནས་བདག་གིས་ཕུལ་བ་དེ་དག་བཞེས་ཤིག བདག་ནི་བསོད་ནམས་འབྱོར་བ་དང་མི་ལྡན་པ་བཀྲེན་ཆེན་ཏེ། མཆོད་པའི་ནོར་གཞན་བདག་ལ་ཅང་ཡང་མ་མཆིས། དེས་ན་གཞན་དོན་དགོངས་པའི་མགོན་ཁྱེད་རྣམས་ཀྱིས་འདི་བདག་གི་དོན་གྱི་སླད་དུ་ཉིད་ཀྱི་མཐུས་བཞེས་ཤིག འདི་རབ་ཏུ་བྱུང་བ་ནོར་མི་འཆང་བའི་དབང་དུ་བྱས་ལ། དེའི་ཚེ་འདི་ཁོ་ན་ཡོད་པ་དང་ཁྱད་མེད་པའི་མཆོད་པར་འགྱུར་ལ། རང་ལ་འབྱོར་བ་ཡོད་ན་དེ་མ་ཕུལ་བར་ཚིགས་བཅད་ཕྱི་མ་འདི་བརྗོད་ན་བརྫུན་དུ་འགྱུར་ཞེས་ཤ་ར་བ་ཆེན་པོ་གསུང་བ་མད་དོ། །ཡོད་ན་དེ་ཕུལ་གཞན་རྣམས་བློས་བླངས་ནས། དེའི་ཚེ་དངོས་སུ་བཤམས་པ་འདི་ཙམ་ལས་བདག་ལ་ནོར་གཞན་འབུལ་དུ་རུང་བ་མེད་བྱས་པར་སོང་བས་འགལ་བ་མེད་དོ། །གཉིས་པ་ལུས་འབུལ་བའི་མཆོད་པ་ནི། རྒྱལ་བ་དང་དེའི་སྲས་རྣམས་ལ་བདག་གིས་ནི། བདག་གི་ལུས་ཀུན་ཆ་ཤས་མིན་པ་རངས་པོ་གཏན་དུ་འབུལ་བར་བགྱིའོ། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་སུ་བཞེས་ཤིག་དང་། གུས་པས་ཁྱེད་ཀྱིས་བཀའ་ཅི་སྩལ་བ་སྒྲུབ་པའི་འབངས་སུ་མཆི་བར་བགྱིའོ། །བདག་ནི་ཁྱེད་ཀྱིས་ཡོངས་སུ་གཟུང་བས་ན། ད་ཕྱིན་ཆད་སྲིད་ན་མི་འཇིགས་པས་སེམས་ཅན་ཕན་པར་བགྱི་ལ། སྔོན་གྱི་སྡིག་ལས་བསགས་པ་ནི་བཤགས་པས་ཡང་དག་པར་འདག་པར་བགྱིད་ཅིང་། སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །གསུམ་པ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ནི། རིན་པོ་ཆེ་ལས་གྲུབ་པའི་ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། དེ་ཡང་ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་བསྟར་བ་ལ། རིན་ཆེན་འབར་བའི་ཀ་བ་བཞི་ཟུག་པས་ཡིད་འོང་ལྡན་པ། མུ་ཏིག་གི་དྲྭ་བ་དྲྭ་ཕྱེད་དཔྱངས་པས་འོད་ཆགས་པ་དར་ཟབ་ཀྱི་བླ་རེ་བྲེས་པ་དེར། དེ་བཞིན་གཤེགས་པ་དང་དེའི་སྲས་པོ་རྣམས་སྤྱན་དྲངས་ལ། རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ་གཙང་ཞིང་དྲི་ངད་ལྡང་བ། ཡིད་དུ་འོང་བས་ལེགས་པར་བཀང་བ་ཐོགས་ཏེ་གླུ་དང་ནི། རོལ་མོར་བཅས་པ་དུ་མས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁྲུས་བྱ་བའི་རིམ་པ་དེས་སྐུ་ཁྲུས་གསོལ། དེ་ནས་དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས་ཀ་ཤི་ཀའི་སླེ་མོ་ལྟ་བུ་གཙང་ལ་དྲི་ཞིམ་པོ་རབ་ཏུ་བགོས་པས་སྐུ་ཕྱིའོ། །དྲིལ་ཕྱིས་བགྱིས་ལ་དེ་ནས་དེ་དག་སངས་རྒྱས་ཉན་ཐོས་དང་བཅས་པ་ལ་རུང་བའི་ཚོན་གྱིས་ཁ་དོག་ལེགས་པར་བསྒྱུར་བའི་ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། གོས་བཟང་སྲབ་ལ་འཇམ་པ་སྟོང་ཁུན་གྱི་ཟ་འོག་ལྟ་བུར་བཀྲ་བ་སྣ་ཚོགས་དང་། རྒྱན་གྱི་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། འཕགས་པ་ཀུན་ཏུ་བཟང་པོ་དང་། འཇམ་པའི་དབྱངས་དང་། འཇིག་རྟེན་དབང་ཕྱུག་སོགས་སེམས་དཔའ་ཆེན་པོ་རྣམས་ལའང་ལྷའི་དབང་པོ་ལྟ་བུར་བརྒྱན་པར་བགྱི། སྟོང་གསུམ་ཀུན་ཏུ་དྲི་ངད་ཞིམ་པོ་ལྡང་བའི་དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། གསེར་སྦྱངས་བཙོ་མའི་གཏན་པ་བྱི་དོར་བྱས་པ་ལྟར་འོད་ཆགས་འབར་བ་དེ་དག་ལ་བྱུག་པར་བགྱི་ཞིང་། ཐུབ་དབང་མཆོད་གནས་མཆོག་དེ་དག་ལ་ཡིད་དུ་འོང་བའི་མེ་ཏོག་མནྡ་ར་བ་དང་། པདྨ་དང་། ཨུཏྤལ་ལ་སོགས་དྲི་ཞིམ་པོ་ཐམས་ཅད་དང་། མེ་ཏོག་དང་། རིན་པོ་ཆེའི་ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་དང་། བདུག་སྤོས་ཀྱི་མཆོག་ཡིད་འཕྲོག་དྲི་ངད་ནམ་མཁའ་ཁྱབ་པ་ཡི། བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ་ལོ། །ཞལ་ཟས་བཟའ་བ་དང་བཏུང་བ་སྣ་ཚོགས་བཅས་པ་ཡི། ལྷ་བཤོས་རྣམས་ཀྱང་དེ་ལ་འབུལ་བར་བགྱི་ཞིང་། གསེར་གྱི་པདྨོ་ཚར་དུ་དངར་བ་ཡི་སྣོད་ཀྱི་རིན་ཆེན་སྒྲོན་མ་རྣམས་ཀྱང་འབུལ་བར་བགྱི། ཉེ་འཁོར་གྱི་ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། མེ་ཏོག་ཡིད་དུ་འོང་བ་སིལ་མ་དགྲམ་པར་བགྱི། གཞལ་མེད་ཕོ་བྲང་བསྟོད་པའི་དབྱངས་ཡིད་འོང་ལྡན་པ་མུ་ཏིག་དང་རིན་ཆེན་རྒྱན་ལྷབ་ལྷུབ་ཏུ་འཕྱང་བ་མཛེས་པར་འབར་བ། ཆེ་བས་དཔག་ཡས་ནམ་མཁའ་མཛེས་པར་འགེངས་པ་ལྟ་བུས་ནམ་མཁའི་རྒྱན་དུ་གྱུར་པ་དེ་དག་ཀྱང་། ཐུགས་རྗེའི་རང་བཞིན་ཅན་རྣམས་ལ་འབུལ་བར་བགྱི་ལ། གསེར་སོགས་རིན་ཆེན་ལ་བྱས་པའི་གདུགས་མཛེས་པ་གསེར་གྱི་ཡུ་བ་ཅན་ཁོར་ཡུག་རྒྱན་གྱི་རྣམ་པས་ཡིད་དུ་འོང་བ་དབྱིབས་ལེགས་པ་བལྟ་ན་སྡུག་པ་བསྒྲེང་བ་ཡང་། རྟག་ཏུ་ཐུབ་པ་རྣམས་ལ་འབུལ་བར་བགྱི། བཞི་པ་བསྟོད་དབྱངས་སྙན་པའི་མཆོད་པ་ནི། དེ་ལས་གཞན་ཡང་མཆོད་པའི་ཚོགས་ནི། རོལ་མོ་དང་དབྱངས་སྙན་པ་ཡིད་དུ་འོང་བ་ལྡན་པ་གང་ཐོས་པའི་སེམས་ཅན་གྱི་སྡུག་བསྔལ་སིམ་པར་བྱེད་པའི་ཆར་སྤྲིན་འབྲུག་སྒྲ་ཅན་ལྟ་བུ་རྣམས། ཞིང་སོ་སོར་གནས་པར་གྱུར་ཅིག་གུ ། ལྔ་པ་སྒྲུབ་པ་བླ་ན་མེད་པའི་མཆོད་པ་ནི། མཆོད་པ་ཡོངས་སུ་བསྔོ་བས་མི་ཟད་པར་བྱེད་པ་སྟེ། དམ་ཆོས་དཀོན་མཆོག་གི་གླེགས་བམ་ཐམས་ཅད་དང་། མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། རིན་ཆེན་མེ་ཏོག་ལ་སོགས་པའི་ཆར་རྒྱུན་མི་ཆད་པར་འབབ་པར་ཤོག་ཅིག ཇི་ལྟར་འཇམ་པའི་དབྱངས་ལ་སོགས་པ་ཀུན་ཏུ་བཟང་པོ་སོགས་ཀྱིས་རྒྱལ་བ་རྣམས་ལ། རྒྱ་ཆེ་ཞིང་བླ་ན་མེད་པས་མཆོད་པར་མཛད་པ་དེ་བཞིན་བདག་གིས་ཀྱང་། དེ་བཞིན་གཤེགས་པ་མགོན་པོ་སྲས་དང་བཅས་པ་རྣམས་མཆོད་ཅིང་། ཡོན་ཏན་རྒྱ་མཚོ་དེ་རྣམས་ལ་བདག་གིས་ཡོན་ཏན་རྒྱ་མཚོ་བརྗོད་པའི་བསྟོད་དབྱངས་ཀྱི་ཡན་ལག་རྒྱ་མཚོས་བསྟོད་པར་བགྱི་ལ། དེ་བཞིན་བསྟོད་དབྱངས་སྙན་ཞིང་འཇེབས་པར་སྒྲོགས་པའི་སྤྲིན་དག་དེ་དག་གི་ཞིང་ཁམས་རྒྱ་མཚོ་དག་ལ་ངེས་པར་ཀུན་ཏུ་འབྱུང་བར་གྱུར་ཅིག འདིས་སོ་སྐྱེ་ལ་འཁོར་གསུམ་གྱི་དག་པ་མེད་པས། ཡོངས་སུ་བསྔོ་བས་མཆོད་པ་དེ་ཕ་རོལ་ཏུ་ཕྱིན་པར་བྱེད་པས་ན། བླ་ན་མེད་པའི་མཆོད་པར་སོང་བ་ཡིན་ནོ། །གཉིས་པ་རིགས་སད་པའི་གཞི་སྐྱབས་སུ་འགྲོ་བ་ལ། སྔོན་དུ་འགྲོ་བ་ཕྱག གཞན་རྒྱུད་ལ་གྲུབ་ཟིན་གྱི་དཀོན་མཆོག་གསུམ་རྟེན་དུ་ཁས་ལེན་པ་རྒྱུའི་སྐྱབས་འགྲོ། རང་རྒྱུད་ལ་འབྱུང་འགྱུར་གྱི་དཀོན་མཆོག་གསུམ་འབྲས་བུར་ཁས་ལེན་པ་འབྲས་བུའི་སྐྱབས་འགྲོ་གསུམ་ལས། དང་པོ་ནི། འདས་ད་ལྟ་མ་འོངས་པའི་དུས་གསུམ་གཤེགས་པའི་སངས་རྒྱས་ཀུན་དང་། ཆོས་དཀོན་མཆོག་དང་། ཚོགས་ཀྱི་མཆོག་བཅས་ལ། ལུས་སངས་རྒྱས་ཀྱི་ཞིང་རྒྱ་མཚོའི་རྡུལ་ཀུན་གྱི་གྲངས་ཇི་སྙེད་པ་རེ་རེའང་ལྕེ་བརྒྱ་སྟོང་ཙམ་དུ་མོས་པའམ། ཡིད་ཀྱིས་སྤྲུལ་པའི་ལུས་བཏུད་པས་ནི་བདག་གི་ཡན་ལག་ལྔ་ས་ལ་གཏུགས་པའི་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ཀྱི་གཞི་རྟེན་སྐུ་གཟུགས་གླེགས་བམ་རྣམས་དང་། མཆོད་རྟེན་རྣམས་ལའང་བདག་ཕྱག་འཚལ་ལོ། །མཁན་པོ་དང་དེ་བཞིན་སློབ་དཔོན་དང་། བརཏལ་ཞུགས་མཆོག་སྟེ་བྱང་ཆུབ་སེམས་དཔའི་སྡོམ་པས་བསྡམས་པ་ཅན་རྣམས་ལ་ཕྱག་འཚལ་ལོ། །དེ་ལྟར་ཕྱག་བྱས་པས་ཡན་ལག་ལྔས་གང་ནོན་པའི་བྱེ་མའི་གྲངས་སྟོང་འགྱུར་གྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་བ་ཡིན་ཏེ། ཐམས་ཅད་ཡོད་སྨྲའི་གཞུང་ལས། དགེ་སློང་དག་དགེ་སློང་འདིས་ཅི་ཙམ་ཞིག་ནོན་པའི་འོག་དཔག་ཚད་བརྒྱད་ཁྲི་བཞི་སྟོང་གསེར་གྱི་འཁོར་ལོ་ན་ཐུག་པའི་བར་ན། བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ་དགེ་སློང་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་སྤྱོད་པར་འགྱུར་རོ་ཞེས་པས་སོ། །གཉིས་པ་གཞན་རྒྱུད་ལ་གྲུབ་ཟིན་པའི་དཀོན་མཆོག་གསུམ་རྟེན་དུ་ཁས་ལེན་པ་རྒྱུའི་སྐྱབས་འགྲོ་ནི། དུས་ཇི་ཙམ་དུ་སྐྱབས་སུ་འགྲོ་ན་ཉན་ཐོས་ཇི་སྲིད་འཚོའི་བར་དུ་འགྲོ་ལ། འདིར་དུས་འདི་ནས་བྱང་ཆུབ་ཀྱི་སྙིང་པོར་ཏེ། བྱང་ཆུབ་ཀྱི་སྙིང་པོའང་གནས་བྱང་ཆུབ་ཀྱི་སྙིང་པོ་དང་། རྟོགས་པ་བྱང་ཆུབ་ཀྱི་སྙིང་པོ་གཉིས། དང་པོ་ལ་ལོངས་སྐུའི་འོག་མིན། སྤྲུལ་སྐུའི་རྡོ་རྗེ་གདན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པའི་གནས་ཡིན་པས་དེ་ལ་བྱེད། རྟོགས་པ་བྱང་ཆུབ་ཀྱི་སྙིང་པོ་ནི། བླ་ན་མེད་པའི་བྱང་ཆུབ་སྟེ་དེར་མཆིས་ཀྱི་བར་དུའོ། །ཡུལ་གང་ལ་ན། དེ་ཁོ་ན་ཉིད་སོགས་ཀྱི་སྐྱབས་སུ་བཞག་པའི་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི་ཚོགས་ལའང་སྐྱབས་སུ་མཆིའོ། །རྒྱུ་གང་ལས་ན། འདིར་སེམས་ཅན་སྡུག་བསྔལ་ལས་སྒྲོལ་འདོད་ཀྱི་སྙིང་རྗེའོ། །ངོ་བོ་ཉན་ཐོས་ཀྱི་བསླབ་པ་རྣམས་ཀྱིས་ཆོག་པར་མི་འཛིན་པར་རང་གཞན་གཉིས་ཀའི་དོན་མཐར་ཕྱིན་པ་སངས་རྒྱས་ཐོབ་འདོད་ཀྱི་འདུན་པ། གང་ལ་ན། ཐེག་ཆེན་གྱི་དཀོན་མཆོག་གསུམ་ལ་སྲིད་ཞིའི་རྒུད་པ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཤེས་པའི་དད་པས་འགྲོའོ། །འགྲོ་ཚུལ་སངས་རྒྱས་ཉིད་ཐོབ་པར་འདོད་པས་འཇིགས་པ་མེད་པའི་ལམ་བསྟན་པས་སངས་རྒྱས་ལ་སྟོན་པར་ཁས་ལེན་ཅིང་དཔུང་གཉེན་དུ་འཛིན་པ་སྟེ། དེ་ལྟ་མ་ཡིན་ན་དེའི་བཀའ་ལ་མི་དད་དོ། །སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་དོན་དུ་དམ་པའི་ཆོས་མངོན་སུམ་དུ་བྱ་བར་ཁས་ལེན་པ་སྟེ། དེ་ལྟ་མ་ཡིན་ན། དེ་རྗེས་སུ་བསྒྲུབ་པ་ལ་མི་འཇུག་པའི་ཕྱིར་རོ། །དགེ་འདུན་འཇིགས་པ་མེད་པའི་གནས་སུ་འདྲེན་པ་པོ་བརྟེན་བྱར་ཁས་ལེན་ཏེ། དེ་ལྟ་མིན་ན་དེ་དག་གི་རྗེས་སུ་མི་སློབ་པའི་ཕྱིར་རོ། །ངེས་པའི་ཚིག་ནི་འཇིགས་པ་དང་སྡུག་བསྔལ་ལས་སྐྱོབ་པས་སྐྱབས། དེ་དཔུང་གཉེན་དུ་གཟུང་ནས་དེའི་བཀའ་བཞིན་དུ་ཡོངས་སུ་བསྲུང་བ་ནི་མཆི་བའམ་འགྲོ་བ་སྟེ། འཇིག་རྟེན་ནའང་གང་ཞིག་གང་ལ་སྐྱབས་པ་དེ་ནི་དེའི་བཀའ་ལས་འདའ་བ་མ་ཡིན་པ་བཞིན་ནོ། །སྐྱབས་སུ་སོང་བའི་བསླབ་བྱ། མྱ་ངན་འདས་པ་ཆེན་པོའི་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་ན། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་ནས། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་སོ་སོ་དང་། ཐུན་མོང་བ་སྐྱེས་བུ་དམ་པ་རྣམས་ལ་བསྟེན། དམ་པའི་ཆོས་ཉན། ཚུལ་བཞིན་ཡིད་ལ་བྱ། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པའམ། དབང་པོའི་སྒོ་བསྡམས་པ། སེམས་ཅན་ལ་སྙིང་བརྩེ་བ། དཀོན་མཆོག་མཆོད་པ་ལ་བརྩོན་པ། སྡོམ་པ་ཅི་ནུས་སུ་ལེན་པའོ། །ཡོན་ཏན་སེམས་ཅན་གྱི་ཕན་བདེ་སྒྲུབ་པ། དཀའ་སྤྱད་ལ་སྐྱོ་བ་མེད་པ། ལྡན་པའི་ཡོན་ཏན་སྡོམ་པ་ཀུན་གྱི་རྒྱུ་ཡིན་པ། འཇིགས་པ་ཐམས་ཅད་ལས་སྐྱོབ་པ། གང་ཟག་དམ་པར་ཆུད་པ་སོགས་ཏེ། མདོར་ན་ཐེག་པ་གསུམ་པོའི་རྗེས་སུ་འབྲང་བའི་ཡོན་ཏན་ཐམས་ཅད་དོ། །གསུམ་པ་རང་རྒྱུད་ལ་འབྱུང་འགྱུར་གྱི་དཀོན་མཆོག་གསུམ་འབྲས་བུར་ཁས་ལེན་པ་འབྲས་བུའི་སྐྱབས་འགྲོ་ནི། དེ་བཞིན་ཞེས་པས་བསྟན་ཏེ། དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཇི་ལྟར་ན་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ཞེ་ན། སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་བསྒྲུབ་པར་བྱའོ་སྙམ་དུ་སེམས་མངོན་པར་འདུ་བྱེད་དེ། དེ་ལྟར་ན་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཇི་ལྟར་ན་ཆོས་ལ་སྐྱབས་སུ་སོང་བ་ཡིན་ཞེ་ན། བདག་མངོན་པར་རྫོགས་པར་སངས་རྒྱས་ནས་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་ཆོས་ཀྱི་བགོ་བཤའ་བྱའོ་སྙམ་དུ་དྲན་པ་ཐོབ་པ་ཡིན་ཏེ། དེ་ལྟར་ན་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཇི་ལྟར་ན་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ཞེ་ན། བདག་མངོན་པར་རྫོགས་པར་སངས་རྒྱས་ནས་དགེ་འདུན་གྱི་ཡོན་ཏན་བསྒྲུབ་པའི་ཕྱིར་ཆོས་སྟོན་ནོ་སྙམ་དུ་དྲན་པ་ཐོབ་སྟེ། དེ་ལྟར་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ་ཞེས་སོ། །གསུམ་པ་སྡིག་པ་སྦྱང་བའི་གཞི་བཤགས་པ་ལ། གང་ལ་བཤགས་པའི་ཡུལ། གང་གིས་བཤགས་པའི་སྤྱོད་ལམ། ཇི་ལྟར་བཤགས་པའི་ཚུལ་གསུམ་ལས། དང་པོ་ནི། ཕྱོགས་བཅུ་ཀུན་ན་བཞུགས་པ་ཡི། རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། གཞན་དོན་འབའ་ཞིག་པའི་ཐུགས་རྗེ་ཆེན་པོ་མངའ་བ་རྣམས་བློས་དམིགས་པའི་སྤྱན་སྔ་ལའོ། །གཉིས་པ་གང་གིས་བཤགས་པའི་སྤྱོད་ལམ་ནི། ཕྱག་བྱས་ནས་བླ་གོས་ཕྲག་པ་གཡས་པ་ལ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ་གསོལ་བར་གསེར་འོད་ལས་བཤད་པ་བཞིན་ནོ། །གསུམ་པ་ཇི་ལྟར་བཤགས་པ་ལ། མདོར་བསྟན། སྟོབས་སྔ་མ་གསུམ་རྒྱས་པར་བཤད། ཕྱི་མ་མདོ་ཙམ་གྱིས་བཤད་པ་གསུམ་ལས། དང་པོ་ནི། ཇི་གསོལ་བ་ནི། ཐོག་མ་མེད་པ་དང་ལྡན་པའི་འཁོར་བ་ན་འཁོར་བའི་ཚེ་རབས་འདིའམ་གཞན་དག་ཏུ། བདག་གིས་འབྲས་བུ་མ་འཚལ་བས་སྡིག་པ་རང་གིས་བགྱིས་པ་དང་། གཞན་ལ་བགྱིད་དུ་སྩལ་བ་ཉིད་དང་ནི། གཏི་མུག་འཁྲུལ་པས་བདག་ནོན་ཏེ། གཞན་བྱེད་པ་ལ་རྗེས་སུ་ཡི་རང་གང་བགྱིས་པ། ནོངས་པ་དེ་ནི་ནོངས་པར་མཐོང་བགྱིས་ནས། བསམ་པ་ཐག་པ་སྟེ་འགྱོད་པ་ཆེན་པོས་མགོན་ལ་མཐོལ་ལོ་བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཕྱིན་ཆད་སྡོམ་པར་ཡང་བགྱིའོ། །ཞེས་སྔོན་བྱས་པ་དང་ད་ལྟར་བྱས་པ་བཤགས་ཀྱི། མ་འོངས་པ་ནི་ཉེས་པ་ལས་ཟློག་པས་བཤགས་རྒྱུ་མེད་དོ། །བྱམས་པས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། རྟེན་གྱི་སྟོབས་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་ལས་ཟློག་པའི་སྟོབས་སོ། །ཞེས་གསུངས་སོ། །གཉིས་པ་སྟོབས་སྔ་མ་གསུམ་རྒྱས་པར་བཤད་པ་ལ། རྣམ་པར་སུན་འབྱིན་པའི་སྟོབས། རྟེན་གྱི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་གསུམ་ལས། དང་པོ་ནི། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དྲག་པོ་སྐྱེས་ནས་དེ་ཐབས་ཅི་དྲག་གིས་བཤགས་པ་སྟེ། འདུལ་བ་ལས། བསམ་པས་ལྟུང་བ་ལས་ལྡང་གི། ཆད་པའི་ལས་ཀྱིས་མ་ཡིན་ནོ་ཞེས་གསུངས་པས། གང་ལ་འགྱོད་ན། བདག་གིས་སྔར་དཀོན་མཆོག་གསུམ་དང་ནི། ཕ་མའམ། བླ་མའམ། གཞན་སེམས་ཅན་དག་ལ་ཉོན་མོངས་པའི་སྒོ་ནས་ལུས་དང་ངག་དང་ཡིད་ཀྱི་ནོངས་པ་བགྱིས་པ་གང་ལགས་པ་དང་། ཉེས་པ་དུ་མས་བདག་ལ་སྐྱོན་ཆགས་པས་སངས་རྒྱས་འབྱུང་བ་མཉེས་པར་མ་བྱས་པ་དང་། སྡིག་ཅན་བདག་ནི་སྡིག་པ་གང་ཤིན་ཏུ་མི་བཟད་པ་སྟེ་མ་རུངས་པ་བགྱིད་པ་དེ་ལའོ། །ཐམས་ཅད་འདྲེན་པ་རྣམས་ལ་བཤགས། སྡིག་པ་དེ་དག་ག་ལེ་བྱས་བཤགས་པས་ཆོག་གམ་སྙམ་ན་མ་ཡིན་ཏེ། བདག་གི་སྡིག་པ་མ་བྱང་བར་སྔོན་དུ་གུམ་པར་འགྱུར་དུ་མཆི་བས། དེ་གོང་དུ་ཇི་ལྟར་འདི་ལས་ངེས་པར་ཐར་བར་མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། སྔོན་དུ་གུམ་པར་དོགས་པའི་རྒྱུ་མཚན་ཅི་སྙམ་ན། ཡིད་བརྟན་མི་རུང་འཆི་བདག་འདི། བྱས་དང་མ་བྱས་ལྟ་རུང་མི་སྡོད་པར་འོང་སྟེ། ན་དང་གཅོང་ཅན་འཆི་བར་དུས་བཏབ་པ་མ་ཤི་གོང་དུ། མི་ན་བ་བདེ་བ་ཐོག་རྒྱག་ཏུ་འཆི་བ་ཀུན་གྱིས་ཀྱང་ཤེས་ཏེ། གློ་བུར་བའི་ཚེ་ལ་ཡིད་མི་བརྟན། འཆི་བའི་དུས་ཐམས་ཅད་བོར་ཏེ་ཆས་དགོས་པར། བདག་གིས་སྔོན་ཆད་དེ་ལྟར་མ་ཤེས་ནས་མཛའ་བ་དང་མི་མཛའ་བའི་དོན་གྱི་ཕྱིར་སྡིག་པ་རྣམ་པ་སྣ་ཚོགས་པ་བྱས་སོ། །དེ་ལྟར་དཔྱད་ན་མི་མཛའ་བ་རྣམས་ཀྱང་མེད་པར་གྱུར་ཅིང་། མཛའ་བ་རྣམས་ཀྱང་མེད་པར་འགྱུར་ལ། བདག་ཀྱང་མེད་པར་འགྱུར་བ་ཆོས་ཉིད་དེ། དེ་བཞིན་ཐམས་ཅད་མེད་པར་འགྱུར་བའི་སྐབས་མཆིས་སོ། །དེས་ན་རྨི་ལམ་ཉམས་སུ་མྱོང་བ་བཞིན་དུ་དངོས་པོ་གང་དང་གང་སྤྱད་པ་དེ་འདས་པས་ད་དེ་དྲན་པའི་ཡུལ་དུ་འགྱུར་གྱི། འདས་པ་ཐམས་ཅད་མཐོང་བའི་ཡུལ་དུ་མི་འགྱུར་བ་བདག་གི་མངོན་སུམ་དུ་གྱུར་ཏེ། རེ་ཞིག་བདག་གསོན་པའི་ཚེ་འདི་ཉིད་ལ་མཛའ་དང་མི་མཛའ་དུ་མ་འདས་པས་སོ། །སྡིག་པའང་དེ་ལྟར་མི་མཐོང་བས་འགྱོད་མི་དགོས་སྙམ་ན་མ་ཡིན་ཏེ། དེ་དག་དོན་དུ་བྱས་པའི་དོན་མེད་ལ། སྡིག་པ་མི་བཟད་པ་གང་ཡིན་པ་མདུན་ན་གནས་པས་འཇིགས་སོ། །དེ་ལྟར་བདག་ནི་གློ་བུར་བ་ཞེས། སྔར་བདག་གིས་རྟོགས་པར་མ་གྱུར་པས། གཏི་མུག་དང་འདོད་ཆགས་དང་ཞེ་སྡང་གིས་ཀུན་སློང་བྱས་པའི་སྡིག་པ་རྣམ་པ་དུ་མ་བྱས་ལ། ཉིན་མཚན་རེ་ཡང་སྡོད་པའི་ལོང་མེད་པར་ཚེ་འདི་རྟག་ཏུ་གོད་པར་འགྱུར་ཞིང་། བསྣོན་པ་གུད་ནས་འོང་བ་མེད་ན་བདག་ལྟ་འཆི་བར་ཅིས་མི་འགྱུར་ཏེ། ལྟག་ཆུ་བཅད་པའི་རྫིང་བུ་བཞིན་བསྣོན་པ་མེད་འབྲི་བ་ཡོད་པས་སོ། །འཆི་བ་དེ་ཅི་འདྲ་སྙམ་ན། བདག་ནི་མལ་ན་འདུག་བཞིན་དུ་དེ་ལ་གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང་། སྲོག་ཆད་པ་ཡི་ཚོར་བ་དག་ལ་བགོ་བཤའ་བྱར་མེད་ཀྱིས། བདག་ཉིད་གཅིག་པུས་མྱོང་བར་འགྱུར་རོ། །དེས་ན་གཤིན་རྗེའི་ཕོ་ཉས་ཟིན་པ་ལ། གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། འོ་ན་ཕན་པ་མེད་དམ་ཞེ་ན། དུས་དེ་ཡི་ཚེ་བསོད་ནམས་གཅིག་པུ་སྐྱབས་སུ་འགྱུར་ན་དེ་ཡང་བདག་གིས་མ་བསྟེན་ནོ། །མགོན་པོ་ཞེས་ཡུལ་གྱི་རྟེན་བོས་ནས་བག་མེད་བདག་གིས་ནི། འཇིགས་པ་འདི་འདྲ་བ་མ་འཚལ་ནས། མི་རྟག་པ་ཚེ་འདིའི་ཆེད་དག་ཏུ་བདག་གིས་སྡིག་པ་མང་པོ་ཉེ་བར་བསྒྲུབས་ལ། ཁྲིམས་ཕྲན་བུ་འཕོག་པའི་སྐྱེ་བོ་གཤེད་མས་གཟུང་ནས་ཡན་ལག་གཅོད་པའི་སར་ཁྲིད་པ་སྲོག་ལ་མི་འབབ་པར་ཤེས་པའང་བྲེད་པར་འགྱུར་ཏེ། ཁ་བསྐམས་མིག་རྩ་ངན་པ་ལ་སོགས་སྔ་མ་ལས་གཞན་དུ་འགྱུར་བར་སྣང་ན། སུ་ཞིག་གཤིན་རྗེའི་སྐྱེས་བུ་ཤིན་ཏུ་འཇིགས་འཇིགས་ལྟའི་ཤ་ཚུགས་ཅན་གྱིས་གཟུང་བར་གྱུར་ཅིང་། འཇིགས་པ་ཆེན་པོའི་ནད་ཀྱིས་ཐེབས་པར་གྱུར་པ་རབ་ཏུ་ཉམ་ཐག་པ་དེ་ལ་སྨོས་ཅི་དགོས། དུས་དེར་སུ་ཞིག་འཇིགས་པ་ཆེན་པོ་དེ་དག་ལས་ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། བྲེད་ཤ་ཐོན་པའི་མིག་བགྲད་ནས། ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད་པ་རྫིང་འཇིག་ཏུ་ཆ་བའི་དོན་མཐུན་རྣམས་བཞིན། ཕྱོགས་བཞིར་སྐྱབས་མེད་པར་མཐོང་ནས་ནི། དེ་ནས་ཀུན་ཏུ་ཡིད་མུག་པར་འགྱུར་ལ། གནས་དེར་སྐྱབས་ཡོད་མ་ཡིན་པ་དེས་ན་དེ་ལྟ་བུ་བྱུང་ཚེ་བདག་གིས་ཇི་ལྟར་བྱ། གཉིས་པ་རྟེན་གྱི་སྟོབས་ནི་རྣམ་པ་གཉིས་ཏེ། ཡུལ་གྱི་རྟེན་དང་བསམ་པའི་འོ། །དང་པོ་ནི། དེ་བས་ན་རྒྱལ་བ་འགྲོ་བའི་མགོན་འགྲོ་བ་སྐྱོབ་པའི་དོན་ལ་བརྩོན་པ། སྟོབས་ཆེན་འཇིགས་པ་ཀུན་སེལ་ནུས་པ་དེ་ལ་དེ་རིང་ཉིད་ནས་སྐྱབས་སུ་མཆིའོ། །དེ་ཡི་ཐུགས་སུ་ཆུད་པའི་ཆོས་འཁོར་བའི་འཇིགས་པ་ཐམས་ཅད་སེལ་བ་དང་། བྱང་ཆུབ་སེམས་དཔའི་ཚོགས་ཡོན་ཏན་ཆེན་པོའི་ཞིང་ལའང་། དེ་བཞིན་ཡང་དག་སྐྱབས་སུ་མཆིའོ། །སྐྱབས་འགྲོ་སྔ་མ་ནི། བྱང་ཆུབ་ཀྱི་སེམས་སྐྱེ་བའི་རྟེན་དུ་ངེས་པར་དགོས་ལ། ཕྱི་མ་ནི། དེ་ལ་སྐྱབས་ན་སྡིག་པ་ལས་ཐར་བ་དེའི་ཕྱིར་ཏེ་ལུང་ལས། གང་ཞིག་སངས་རྒྱས་སྐྱབས་སོང་བ། །སྡིག་པ་ཀུན་ལས་ཐར་བར་འགྱུར། །ཞེས་དཔེར་ན་འཇིགས་པ་ཅན་དཔོན་བཟང་པོ་ལ་བློ་གཏད་པ་ལྟ་བུའོ། །བདག་ནི་འཇིགས་པས་རྣམ་པར་སྐྲག་ནས་ཀུན་ཏུ་བཟང་པོ་ལ་བདག་ཉིད་འབུལ་བ་དང་། དེ་བཞིན་འཇམ་པའི་དབྱངས་ལ་བདག་ཉིད་ཀྱིས། བདག་གི་ལུས་འདི་འབུལ་བར་བགྱིའོ། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བ་འཕགས་པ་སྤྱན་རས་གཟིགས་ཞེས་གྲགས་པའི་མགོན་པོ་དེ་ལ་ཡང་། ཉམ་ཐག་པའི་ང་རོས་འོ་དོད་འབོད། ཅི་ལྟས་སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ། །ཞེས་བྱ་བས་སོ། །འཕགས་པ་ནམ་མཁའི་སྙིང་པོ་དང་གཞན་ས་ཡི་སྙིང་པོ་དག་དང་ནི། རྒྱལ་སྲས་ཐུགས་རྗེ་ཆེ་བའི་མགོན་པོ་ཐམས་ཅད་ལ་སྐྱབས་འཚོལ་བའི་ཆེད་དུ་སྙིང་ནས་འོ་དོད་འབོད་དོ། །གང་ཞིག་སུས་མཐོང་ན་ཡང་དངངས་ལ་གཤིན་རྗེའི་ཕོ་ཉ་ལ་སོགས་སྡང་བར་བྱེད་པ་རྣམས། སྐྲག་ནས་ཕྱོགས་བཞིར་འབྱེར་བར་བྱེད་པའི་རྡོ་རྗེ་ཅན་གསང་བའི་བདག་པོ་ལ་སྐྱབས་སུ་མཆིའོ། །གཉིས་པ་བསམ་པའི་རྟེན་ནི། ལེན་འགྱུར་གྱི་བྱང་ཆུབ་སེམས་དེ་རྒྱུད་ལ་སྐྱེས་པ་ཡིན་ལ། དེས་སྡིག་པ་འཇོམས་པའི་ཚུལ་ནི་སྔར་ཕན་ཡོན་དུ་བཤད་ཟིན་པས་མ་ཟློས་སོ། །གསུམ་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། མངོན་རྟོགས་བསླབ་པ་གསུམ་སྟེ། སྡིག་ཏོ་མི་དགེ་བའི་ཆོས་མངོན་དུ་རྒྱུའི་གཉེན་པོའི་ཆུ་ལོན་ནི་ཚུལ་ཁྲིམས། དེ་དབང་དང་ལྡན་པའི་གཉེན་པོ་སེམས་ཏེ་མགོ་གནོན་དུ་བྱེད་པས་འབུར་དུ་མི་འཇུག་པ། དེའི་ས་བོན་གཞོམ་པ་ནི་ཤེས་རབ་ཀྱིས་ཏེ་ཕྱིས་སྐྱེ་བར་མི་ནུས་པར་དྲུངས་འབྱིན་པས་སོ། །དེ་བས་དེ་གསུམ་བརྗོད་པའི་བཀའ་ནི་སྡེ་སྣོད་གསུམ་ཡིན་ལ། དེའི་དོན་སོ་སོ་ཐར་པ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སུ་འདུ་བར་གསུངས་པས། སྔོན་ཆད་ཁྱེད་ཀྱི་བཀའ་དེ་ལས་འདས་ཏེ་སྡིག་པ་ནི་བྱས། དགེ་བ་ནི་མ་བསྒྲུབས། སེམས་ཉོན་མོངས་པས་རེངས་བཅུག་པས་སོ། །ད་ནི་དེའི་འབྲས་བུ་འཇིགས་པ་ཆེ་མཐོང་ནས། དེ་ལྟར་མི་བགྱིད་པར་ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། བཀའ་ལ་འཁྲི་བས་འཇིགས་པ་མྱུར་དུ་བསལ་དུ་གསོལ་ལོ། །དཔེར་ན་ཐ་མལ་ནད་ཀྱིས་འཇིགས་ན་ཡང་། སྨན་པའི་ངག་བཞིན་དུ་བྱ་དགོས་ན། འདོད་ཆགས་ལ་སོགས་པ་ཉེས་པ་བརྒྱ་ཡི་ནད་ཀྱིས་རྟག་ཏུ་བཏབ་ན་སྨོས་ཅི་དགོས་ཏེ། ནད་དེ་གཅིག་གིས་ཀྱང་འཛམ་བུའི་གླིང་ན་གནས་པའི་མི་ཀུན་རླགས་པར་བྱེད་ནུས་ལ། དེ་དག་གསོ་བའི་སྨན་གཞན་ནི། ཕྱོགས་རྣམས་ཀུན་ཏུ་རྟ་རྨིག་ལྕགས་ཀྱིས་གཏུམས་ནས་བཙལ་ཡང་མི་རྙེད་ན། དེ་ལ་སྨན་པ་ཐམས་ཅད་མཁྱེན་པ་ཟུག་རྔུ་ཐམས་ཅད་འབྱིན་པར་བྱེད་པ་དེ་ཡི་བཀའ་ལྟར་མི་བྱེད་སེམས་པ་མུ་སྟེགས་ཅན་ལྟ་བུ་རྣམས་ནི། ཤིན་ཏུ་རབ་ཏུ་གཏི་མུག་པ་ཡིན་པས་འཇིག་རྟེན་ཐམས་ཅད་ཀྱིས་སྨད་པའི་གནས་སོ། །རྒྱུ་མཚན་དེ་དག་གིས་ཀྱང་བདག་བག་མེད་པར་འདུག་མི་རིགས་ཏེ། གཡང་ས་ཐ་མལ་ཆུང་ངུ་ལའང་བག་ཡོད་པར་གནས་པར་བྱ་དགོས་ན། དཔག་ཚད་སྟོང་དུ་ལྷུང་བ་ཡི་དམྱལ་བར་ཡུན་རིང་སྡོད་པས་གཡང་ས་དེར་ལྷུང་དོགས་སྨོས་ཅི་དགོས། དེ་ལ་ཇི་ལྟར་གཟུར་ན། དེ་རིང་ཁོ་ན་མི་འཆི་ཞེས་བདེ་བར་འདུག་པ་ནི་རིགས་པ་མ་ཡིན་ནོ། །བདག་ནི་མེད་པར་འགྱུར་བའི་དུས་གང་ཡིན་པ་དེ་ནི་གདོན་མི་ཟ་བར་འབྱུང་ལ། བདག་ལ་ཚེ་ཕྱི་མ་མི་འཇིགས་པ་སུ་ཡིས་བྱིན་ཏེ་མ་བྱིན། དེས་ན་འདི་ལས་ཇི་ལྟར་ངེས་པར་ཐར་བར་འགྱུར་བའི་གདེང་གདོན་མི་ཟ་བར་མེད་པར་གྱུར་ན། ཇི་ལྟར་ན་བདག་ཡིད་བདེ་བར་འདུག གཞན་སྔོན་ཆད་ལྷ་མིའི་བདེ་བ་མྱོང་སྟེ་ཞིག་པ་འདི་ལས་བདག་ལ་ལྷག་པ་ཅི་ཡོད་ན་མེད་པས་བདག་ནི་མིའི་བདེ་བ་དེ་ལ་མངོན་ཞེན་ཆེ་ནས། འགྲོ་བའི་བླ་མའི་བཀའ་དང་འགལ་བར་བྱས་ཏེ་སྡིག་པའི་ལས་བྱེད་ཅིང་འདུག་པ་རང་གིས་རང་བསླུ་བ་མ་ཡིན་ནམ་སྙམ་སེམས་དགོས་སོ། །གསོན་པའི་ཚེ་འདི་དང་། དེ་བཞིན་དུ་གཉེན་དང་བཤེས་པ་རྣམས་སྤངས་ནས། གཅིག་པུ་ཅི་ཡང་ཁྱེར་རྒྱུ་མེད་པ་སྒྲེན་མོ་ལག་སྟོང་དུ་ག་ཤེད་འགྲོ་དགོས་ན། འདི་མཛའ་བོ་དང་འདི་མི་མཛའ་བོ་ཞེས་ཀུན་བསམ་པར་ཅི་རུང་། མི་དགེ་བ་ལས་སྡུག་བསྔལ་འབྱུང་བ་དེ་ལས་ཇི་ལྟར་ངེས་པར་ཐར་ཞེས། ཉིན་དང་མཚན་རྟག་ཏུ་བདག་གིས་ནི་འདི་ཉིད་འབའ་ཞིག་བསམ་པར་རིགས་སོ། །མི་ཤེས་པ་ལྟུང་བ་འབྱུང་བའི་རྒྱུའི་གཙོ་བོ་ཡིན་པས། བདག་ནི་སྔར་མི་ཤེས་གཏི་མུག་པས་རང་བཞིན་གྱི་ཁ་ན་མ་ཐོ་བའམ། བཅས་པ་ལས་འགལ་བའི་སྡིག་པ་གང་ཡིན་པ་དེ་ལས། གང་ཡང་རུང་བ་བགྱིས་པ་རྣམས་ནི། མགོན་པོའི་སྤྱན་སྔར་མངོན་སུམ་དུ་ཐལ་མོ་སྦྱར་ལ། སྡུག་བསྔལ་ལ་འཇིགས་སེམས་ཀྱིས་ཡང་དང་ཡང་དུ་དེ་དག་ལ་ཕྱག་འཚལ་ཏེ། དེ་དག་ཐམས་ཅད་བཤགས་པར་བགྱིའོ། །འདྲེན་པ་རྣམས་ཀྱིས་ནི་བདག་གི་སྡིག་པ་འདི་ནོངས་པ་ལགས་པར་གཟུང་དུ་གསོལ། གསུམ་པ་ཕྱི་མ་མདོ་ཙམ་གྱིས་བསྟན་པ་ནི། ཉེས་པ་ལས་སླར་ཟློག་པའི་སྟོབས་སམ། ལ་ལར་སྡོམ་པའི་སྟོབས་ཞེས་བཤད་པ། སྡིག་པ་ལ་ཕྱིས་བྱེད་རི་ཤི་སྙམ་པའི་སྡོམ་སེམས་མེད་ན་བཤགས་ཀྱང་མི་འདག་པས་དེ་དགོས་པར་བསྟན་པ་ནི། སྡིག་པ་འདི་ནི་བཟང་པོ་མ་ལགས་པས་ད་སླན་ཆད་བདག་ནི་ཡོང་མི་བགྱིད་དེ་ཕྱིས་སྡོམ་མོ། །ཞེས་པའི་བསམ་པ་འདི་དང་ལྡན་ན་བཤགས་པས་སྡིག་པ་ལས་ལྡང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། སྡིག་པ་བཤགས་པའི་ལེའུ་སྟེ་གཉིས་པའོ།། །། ༈ གསུམ་པ་དངོས་གཞི་གཙོ་ཆེ་བ་ཡོངས་སུ་གཟུང་བའི་ལེའུ་ལ། སྔོན་དུ་འགྲོ་བའི་ཡན་ལག་བཞི། དངོས་གཞི་ཡང་དག་པར་བླང་བའི་ཆོ་ག།ཐོབ་ནས་དགའ་བ་སྐྱེས་པ་གསུམ་ལས། དང་པོ་ལ། རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང་། ཡོངས་སུ་བསྔོ་བ་སྟེ། སྔར་གྱི་མཆོད་ཕྱག་བཤགས་པའི་ཁར་བསྣན་པས་ཡན་ལག་བདུན་པའོ། །དེའི་དང་པོ་རྗེས་སུ་ཡི་རང་བ་ལ། བསོད་ནམས་ཆ་མཐུན་གྱི་དགེ་བ་ལ་ཡི་རང་བ། སེམས་ཅན་ཀུན་གྱི་ངན་སོང་གི་སྡུག་བསྔལ་ལས་ངལ་བསོའི་དགེ་བ་བསོད་ནམས་ཀྱི་འདུ་བྱེད་དང་། སྡུག་བསྔལ་ཅན་དག་བདེ་བར་གནས་པར་བྱེད་པའི་དགེ་བ་མི་གཡོ་བའི་འདུ་བྱེད་སྒྲུབ་པ་ལ་དགའ་བས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་ཀྱི་རྒྱུར་གྱུར་པ་ཐར་པ་ཆ་མཐུན་དང་ངེས་འབྱེད་ཆ་མཐུན་གྱི་དགེ་བ་བསགས་པ། དེ་ལ་རྗེས་སུ་ཡི་རང་ངོ་། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས་ངེས་པར་ཐར་པ་ཉན་རང་འཕགས་པའི་དགེ་བ་ཟག་མེད་ལ་ཡི་རང་ངོ་། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང་། རྒྱལ་བའི་སྲས་ཀྱི་ས་ལའང་ཡི་རང་སྟེ། རྒྱུ་སེམས་ཅན་ཐམས་ཅད་བདེ་བར་མཛད་པ་དང་། སྐྱོབ་པར་དམ་བཅའ་བའི་ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང་། འབྲས་བུ་ཕུན་སུམ་ཚོགས་པ་སེམས་ཅན་ཀུན་ལ་དམ་བཅས་པ་ལྟར་ཕན་པར་མཛད་པ་ལ་དགའ་བས་རྗེས་སུ་ཡི་རང་ངོ་། །དེས་དགེ་བ་ཕུན་སུམ་ཚོགས་པ་ཐོབ་པ་གསལ་རྒྱལ་དང་མུ་ཏོ་བ་ལྔ་བརྒྱའི་གཏམ་རྒྱུད་བཞིན་ནོ། །གཉིས་པ་ཚངས་པས་སྟོན་པ་ལ་བཞིན། ཕྱོགས་རྣམས་ཀུན་གྱི་ད་ལྟར་བྱུང་བའི་སངས་རྒྱས་ནས་རིང་པོ་མ་ལོན་པ། ཆོས་མི་གསུང་བར་བཞུགས་པ་ལ་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་ནི། སེམས་ཅན་སྡུག་བསྔལ་ཞིང་མ་རིག་པའི་མུན་པར་འཐོམས་པ་ལ་ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། གསུམ་པ་མྱ་ངན་ལས་མི་འདའ་བར་གསོལ་བ་ནི། མགར་བའི་བུ་ཙུནྡས་བཅོམ་ལྡན་འདས་ལ་བཞིན་ཏེ། རྒྱལ་བ་ཆོས་ཀྱི་འཁོར་ལོ་བསྐོར་ནས་མྱ་ངན་ལས་འདའ་བར་བཞེད་པ་གང་ཇི་སྙེད་ཅིག་ཡོད་པ་རྣམས་ལ་དམིགས། ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པ་ནི། སྟོན་པ་གྲོངས་ན་འགྲོ་འདི་ལྡོངས་པ་སྟེ་ལོང་བར་འགྱུར་བས། དེ་ལྟར་མི་འགོད་ཅིང་བསྐལ་པ་གྲངས་མེད་དུ་བཞུགས་པར་གསོལ་བའོ། །བཞི་པ་བསྔོ་བ་ནི་གང་བསྔོ་རྒྱུ་ཡིན་ན། དེ་ལྟར་ཡན་ལག་བདུན་པ་འདི་དག་ཀུན་བྱས་ཏེ། དེ་ལས་བྱུང་བ་དང་གཞན་དགེ་བ་བདག་གིས་བསགས་པ་གང་ཡིན་པ་ཐམས་ཅད་དོ། །གང་ལ་བསྔོ་ན། དེ་ནི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ། གང་དུ་བསྔོ་ན། སྡུག་བསྔལ་ཐམས་ཅད་བསལ་བར་ཤོག་ཅེས་མདོར་བསྟན། འགྲོ་བ་ནད་པ་ལ་ལན་རེ་རེ་མ་ཡིན་པར་ཇི་སྲིད་དུ་དེ་དག་ནད་གསོས་པར་མ་གྱུར་གྱི་བར་དུ་ནི་བདག་སྨན་དང་སྨན་པ་ཉིད་དག་དང་། དེ་ཡི་ནད་གཡོག་བྱེད་པར་ཤོག བཀྲེས་པ་ལ་ཟས་དང་སྐོམ་གྱི་ཆར་པ་ཕབ་སྟེ། བཀྲེས་པ་དང་སྐོམ་པའི་གནོད་པ་བསལ་ནས་མུ་གེའི་བསྐལ་པ་བར་མ་ནི། ས་སྡེ་ལས། ཚེ་ལོ་སུམ་ཅུ་པའི་དུས་སུ། མུ་གེའི་བསྐལ་པ་བར་མ་ལོ་བདུན། ཟླ་བ་བདུན། ཞག་བདུན་འབྱུང་ལ། ཚེ་ལོ་ཉི་ཤུ་པ་ལ་ཡམས་དང་འགོ་བའི་ནད་དྲག་པོས་བཏབ་ནས་གསོར་མི་རུང་བ་ཟླ་བ་བདུན་དང་ཞག་བདུན། ཚེ་ལོ་བཅུ་པ་ལ་གཅིག་གིས་གཅིག་མཐོང་ན། གསོད་སེམས་དྲག་པོས་རྩྭ་ལ་སོགས་བླངས་པ་མཚོན་རྣོན་པོར་གྱུར་ནས་ཕན་ཚུན་གསོད་པ་ཞག་བདུན་འབྱུང་བར་གསུངས་ལ། གདགས་པ་ལས། ཚེ་ལོ་བཅུ་པ་ཉིད་ལ་བསྐལ་པ་བར་མ་གསུམ་རེ་མོས་འབྱུང་བར་བཤད། དེའི་མུ་གེའི་བསྐལ་པ་བར་མ་ཟས་སྐོམ་མང་པོ་མེད་པས་བཀྲེས་ནས་ཉམ་ཆུང་བས་འདུས་ནས་འཆི་བ་དང་། གབ་ཚའི་ནང་དུ་འབྲུའི་ས་བོན་བཞག་སྟེ་རིན་པོ་ཆེ་ལྟར་བསྲུང་བ་དང་། ཤི་བ་དང་རུས་པ་སྣུམ་མེད་དཀར་པོར་འགྱུར་བ་དང་། རུས་པ་བསྐོལ་ནས་འཐུང་བས་རུས་གོང་དཀར་པོ་དང་། ཐུར་མས་ཟས་ཉི་མ་རེ་མོས་སུ་འགྱེད་པ་དང་། སྣོད་ནས་འབྲུ་ཐུར་མས་དྲུས་ཏེ་ཆུར་བསྐོལ་ནས་འཐུང་བ་ཐུར་མས་འཚོ་བ། བཀྲེས་ཤིང་ཉམས་སྟོབས་མེད་པས་ས་ལ་འགྱེལ་ཏེ་ལྡང་མི་ནུས་པར་འཆི་བ་རྗུད་པ་བ་རྣམས་བྱུང་བའི་ཚེ། བདག་ནི་ཟས་དང་སྐོམ་ཉིད་དུ་གྱུར་ཅིག དེ་ལས་གཞན་སེམས་ཅན་འཕོངས་ཤིང་དབུལ་བ་ལ། བདག་ནི་མི་ཟད་པའི་གཏེར་དུ་གྱུར་ཏེ། ཡོ་བྱད་མཁོ་དགུ་སྣ་ཚོགས་སུ་དེ་དག་གི་མདུན་ན་ཉེ་བར་གནས་གྱུར་ཅིག བདག་གི་ལུས་དང་དེ་བཞིན་ལོངས་སྤྱོད་དང་། དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་ཀྱང་སེམས་ཅན་ཀུན་གྱི་དོན་སྒྲུབ་པའི་ཕྱིར་དུ་འཕངས་པ་མེད་པར་བཏང་བར་བྱའོ། །འཛིན་ཆགས་མེད་པར་ཐམས་ཅད་བཏང་བས་མྱ་ངན་ལས་འདའ་ལ། བདག་བློ་མི་གནས་པའི་མྱ་ངན་ལས་འདས་པ་བསྒྲུབ་པར་དམ་བཅས་པ་རྗེས་སུ་མཐུན་པས་སོ། །གཞན་ཡང་འཆི་བའི་ཚེ་ཐམས་ཅད་གཏོང་བར་ཆབས་ཅིག་པ་ཡིན་པས། གཏོང་བ་མཉམ་པ་ལ་ད་ལྟ་སེམས་ཅན་རྣམས་ལ་གཏོང་བ་མཆོག་ཡིན་ནོ། །དེས་ན་བདག་གིས་ལུས་ཅན་ཐམས་ཅད་ལ་ལུས་འདི་ཅི་བདེར་བྱིན་ཟིན་གྱི། ད་ནི་སེམས་ཅན་དེ་དག་གིས་བདག་རྟག་ཏུ་གསོད་པ་དང་། སྨོད་པའམ། རྡེག་འཚོག་ཅི་དགར་བྱེད་པ་ཁོ་ཅག་ལ་རག བདག་གིས་ལུས་འདི་ལ་རྩེ་བར་བྱེད་དམ། ཅོ་འདྲིའམ། ག་ཞའི་རྒྱུ་བྱེད་ཀྱང་རུང་། དེ་དག་ལ་བདག་གིས་ལུས་འདི་བྱིན་ཟིན་གྱི། འདི་ཡི་ཁ་ལྟ་སྟེ་ཞལ་ལྟའམ་གཡོག་གིས་ཅི་ཞིག་བྱ་བསམ་མོ། །དེ་ལྟར་བྱས་ན་དེ་དག་ལ་ཕྱི་མ་གནོད་པའམ་སྡིག་པར་མི་འགྱུར་བའི་ལས་གང་ཡིན་པའང་བྱེད་དུ་ཆུག་ཅིག བདག་ལ་དམིགས་ནས་ནམ་དུ་ཡང་། གཞན་འགའ་ཡང་དོན་མེད་པ་ཉིད་དུ་མ་གྱུར་ཅིག བདག་ལ་དམིགས་ནས་གཞན་གང་དག་གིས་ཁྲོའམ་དད་པའི་སེམས་བྱུང་བ་དེ་ཉིད་ནི་རྟག་ཏུ་དེ་དག་གི་དོན་ཀུན་གྲུབ་པའི་རྒྱུར་གྱུར་ཅིག གང་དག་བདག་ལ་ཁ་ཟེར་རམ། གཞན་དག་གནོད་པར་བྱེད་པའམ། དེ་བཞིན་འཕྱར་ཀ་གཏོང་བ་ཡང་རུང་། དེས་ཐམས་ཅད་ལ་སྡིག་པར་མ་གྱུར་པ། བྱང་ཆུབ་ཀྱི་སྐལ་བ་དང་ལྡན་པར་གྱུར་ཅིག བདག་སེམས་ཅན་ལ་བཏང་བས་ནི། མགོན་མེད་རྣམས་ཀྱི་མགོན་དུ་གྱུར་ཅིག མགྲོན་པོ་ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན་དང་། ཆུ་བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། གཟིངས་དང་ཟམ་པ་ཉིད་དུ་གྱུར་ཅིག གླིང་དོན་དུ་གཉེར་བ་ལ་གླིང་དང་ནི། གནས་འདོད་པ་ལ་གནས་མལ་དང་། བདག་ནི་ལུས་ཅན་གང་བྲན་འདོད་པ་དེ་ཀུན་གྱི་བྲན་དུ་འགྱུར་བར་ཤོག ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་དང་། རིག་སྔགས་གྲུབ་པ་དང་། སྨན་ཆེན་པོ་བཅུད་ལེན་དང་། དཔག་བསམ་གྱི་ནི་ཤིང་དག་དང་། ལུས་ཅན་རྣམས་ཀྱི་འདོད་པ་འཇོ་བར་གྱུར་ཅིག ཇི་ལྟར་ས་སོགས་འབྱུང་བ་ཆེན་པོ་དང་ནི་ནམ་མཁའ་བཞིན་དུ་རྟག་པར་ཡང་། སེམས་ཅན་དཔག་ཏུ་མེད་པ་ཡི་ནི་རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག་ཅིག་གོ །དུས་ཇི་སྲིད་དུ་དེ་ལྟར་སྨོན་ཅེ་ན། དེ་བཞིན་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་རྣམས་ལ་རྣམ་ཀུན་ཏུ་སྟེ། ཐམས་ཅད་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་བར་དུ། བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག བྱང་ཆུབ་སེམས་དཔའ་བེམ་པོའི་དངོས་པོ་དེ་དག་ཏུ་འགྱུར་བ་མི་སྲིད་པས། དེ་ལྟ་བུར་བསྔོ་བ་དེ་དོན་མེད་པར་སོང་ངོ་སྙམ་ན་མ་ཡིན་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། ལུས་འདི་བདག་གི་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་ངེས་པར་བྱ་སྟེ། དཔེར་ན་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། འབྱུང་བ་ཆེན་པོ་བཞི་པོ་འདི་དག་སྒོ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་། ཡོ་བྱད་སྣ་ཚོགས་དང་། ལོངས་སྤྱོད་སྣ་ཚོགས་ཀྱིས་ཉེ་བར་ལོངས་སྤྱོད་པ་དང་། ཡོངས་སུ་སྤྱོད་པར་བྱེད་པ་དེ་བཞིན་དུ། བདག་གིས་ཀྱང་འབྱུང་བ་ཆེན་པོ་བཞི་འདུས་པའི་ལུས་འདི་སྒོ་སྣ་ཚོགས་དང་། རྣམ་གྲངས་སྣ་ཚོགས་དང་། དམིགས་པ་སྣ་ཚོགས་དང་། ཡོ་བྱད་སྣ་ཚོགས་དང་། ལོངས་སྤྱོད་སྣ་ཚོགས་ཀྱིས་རྒྱ་ཆེར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་བྱའོ། །ཞེས་སྨོན་པ་ལྟར་གྲུབ་པ། དྲི་མ་མེད་པར་གྲགས་པའི་མདོ་ལས། ཆུ་དང་མེ་ཡང་དེ་འགྱུར་ཏེ། །ས་དང་རླུང་དུའང་དེ་བཞིན་ནོ། །ཞེས་ལུང་དང་། ཏིང་ངེ་འཛིན་གྱི་མཐུ་ལས་ཟད་པར་ས་ལ་སོགས་སུ་སྟོན་པའམ། ཞིང་ཁམས་སྤྲུལ་པ་ལྟ་བུའི་རིགས་པས་ཀྱང་གྲུབ་སླའོ། །གཉིས་པ་དངོས་གཞི་ཡང་དག་པར་བླང་བའི་ཆོ་ག་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་རྣམས་ཀྱིས་དང་པོར་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་ནི་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་གནས་སྐབས་ན་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་ཐམས་ཅད་ལ། དེ་དག་གི་རིམ་པ་བཞིན་དུ་གནས་པ་ལྟར། དེ་བཞིན་བདག་གིས་འགྲོ་ལ་ཕན་པ་མ་བསྒྲལ་བ་བསྒྲལ་བ། མ་གྲོལ་བ་དགྲོལ་བ། དབུགས་མ་ཕྱིན་པ་དབུགས་དབྱུང་བ། མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་དོན་དུ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་ནི་བསྐྱེད་པར་བགྱི་ཞིང་། དེ་བཞིན་དུ་ནི་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་ཐམས་ཅད་ལའང་རིམ་པ་བཞིན་དུ་སློབ་པར་བགྱིའོ། །དེས་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་འབྲས་བུ་ལ་དམ་བཅའ་བ་ཡིན་ལ། བསླབ་པར་སློབ་པར་སེམས་བསྐྱེད་པ་ནི་རྒྱུ་ལ་དམ་བཅའ་བ་ཡིན་པས་འདིར་དེ་གཉིས་སྟབས་གཅིག་ཏུ་བླང་བ་བཤད། བོད་འགའ་དཔེའི་དང་པོ་གཉིས་དང་དོན་གྱི་དང་པོ་གཉིས་སྦྱར་ཏེ་སྨོན་པ་ལེན། ཕྱི་མ་གཉིས་གཉིས་སྦྱར་བས་འཇུག་པ། སྔོན་དུ་དགོངས་གསོལ་མཛད་དེ་གཞུང་བཞིན་ལེགས་པར་སྣང་ངོ་། །ཡང་སྔ་མ་དེ་ལ་སེམས་བསྐྱེད་ཕྱི་མ་ལ་བྱང་སྡོམ། དེ་གཉིས་སོ་སོར་འབྱེད་པ་བཟང་པོར་སེམས་ཏེ། བསླབ་པས་ཟིན་མ་ཟིན་གྱི་ཚིག་འདིས་འཁྲུལ་གཞི་བྱས་པ་ཡིན། འདིར་བསླབ་པ་ཞེས་གསུངས་པ། སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ་ངོས་གཟུང་ལ། ཚོགས་ལམ་དུ་དང་པོ། སྦྱོར་ལམ་དུ་གཉིས་པ། ས་ཐོབ་ནས་ཕྱི་མ་གཙོ་བོར་བྱེད་པ་རིམ་པར་གནས་པའི་དོན་དུ་འགའ་ཞིག་སྦྱོར་རོ། །ཐར་རྒྱན་དུ་བསླབ་གསུམ་ལྷག་པའི་བསླབ་གསུམ་དུ་འཇོག་པར་མཛད་པའང་དེ་གསུམ་དང་འདི་གསུམ་དོན་མཐུན་ལ་འདུས་ཆེ་བར་དགོངས་སོ། །རིམ་པའི་དོན། རང་ལུགས་སེམས་དང་པོ་བསྐྱེད་པ་དང་། མོས་སྤྱོད་དང་། བྱང་སེམས་ཀྱི་སློབ་ལམ་གསུམ་ལ་བྱ་སྟེ། ལང་གཤེགས་ལས། བསྟན་པ་བརྗོད་པ་དེ་དང་དེ་ལས་བསླབ་པའི་གཞི་རིམ་པར་བཅའ་བ་སྐས་ཀྱི་གདང་བུ་བྲེ་བའི་ཚུལ་དུ་རྣམ་པ་གསུམ་བཅས་ནས་ཞེས་འབྱུང་བས་སོ། །ཡང་ཇི་ལྟར་སྔོན་བདེ་བར་གཤེགས་པ་དེ་དག་གིས། བྱང་ཆུབ་ཀྱི་ཐུགས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྤྲོས་པའི་མཐའ་བརྒྱད་ཉེ་བར་ཞི་ཞིང་ཞི་བ་དང་ལྡན་པའོ། །བསྐྱེད་པ་ནི་དེ་གང་གིས་མངོན་སུམ་དུ་མཛད་པའོ། །བྱང་ཆུབ་སེམས་དཔའི་བསླབ་པ་ནི། ཤེར་སྙིང་ལས་གསུངས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ། གང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པས་ཕུང་པོ་ལྔ་པོ་དེ་དག་ལ་རང་བཞིན་གྱིས་སྟོང་པར་བལྟའོ་ཞེས་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་དབུ་མའི་ཤུལ་དེ་ནས་སོ། . །དེ་དག་ལ་རིམ་པས་གནས་པའི་དོན་ནི། ལས་དང་པོ་པས་སྨོན་ལམ་གྱིས་གཟུང་ལ་ལྟ་བ་གཏན་ལ་ཕབ་ཅིང་། ཕབ་པ་ལྟར་སྒོམ་པ་ལ་གོམས་པར་བྱེད་པའི་ཚུལ་གྱིས་མཐོང་བའི་ལམ་ཐོབ། དེ་ནས་བཤུལ་ལམ་དེར་ཚུད། སྒོམ་པའི་ལམ་ནས་མཐར་ཐུག་གི་བར་དུ་བགྲོད་པས་སོ། །དེ་བཞིན་དུ་བདག་ཀྱང་བགྱི་བར་དམ་བཅའ་བ་ནི། འཕགས་པ་ཀླུ་སྒྲུབ་ཀྱི་ཆོ་ག་ལས་རྒྱས་པར་གསུངས་ཤིང་། བྱང་ཆུབ་སེམས་འགྲེལ་དུ་གཏན་ལ་ཕབ་པ་དེ་འདིར་ཚིག་བསྡུས་པར་བཤད་པས་ལུགས་འདིར་དབུ་མ་ལུགས་ཐུན་མོང་མ་ཡིན་པའོ་ཞེས་ཤེས་པར་འགྱུར་ལ། དེ་ཁ་ལ་ཇོ་བོས། ཟབ་མོ་ལ་མོས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། རྒྱ་ཆེ་བ་ལ་མོས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྒོ་གཉིས་སུ་གསུངས་པའི་དང་པོ། ཟབ་མོ་ལྟ་བ་ཞེས་པའི་ལུགས་སྲོལ་འཇོག་བྱེད་དོ། །གཉིས་པ་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་ཐུགས་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་སངས་རྒྱས་པར་འགྱུར་བ་དང་། དེ་ནས་དེ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་དམ་བཅའ་བ་ཡིན་ལ། བསླབ་པའང་སྒྱུ་མ་ལྟ་བུའི་ལམ་མངོན་པར་རྟོགས་པ་རྣམས་ཏེ། འབྲས་བུར་དམ་བཅའ་བ་དེ་ལ་སྦྱོར་བའི་སྒྲུབ་པ་ཁྱད་པར་བ་ཡིན་པས་སོ། །དེ་དག་ལ་གོ་རིམ་ཡོད་པས་ལམ་ལྔར་རྣམ་པར་ཕྱེ་བས་ཏེ། རྒྱ་ཆེན་སྤྱོད་པའི་ལུགས་སྲོལ་འཇོག་བྱེད། དེ་སེམས་ཙམ་ལུགས་སུ་འདོད་པ་ནོར་བ་སྟེ། འདིས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་རང་བཞིན་མེད་པར་སྒྱུ་མ་ལྟ་བུར་གཏན་ལ་འབེབས་པའི་ཕྱིར་དང་། རྒྱུ་མཚན་དེ་ལས་རྒྱ་བོད་ཀྱི་མཁས་པ་ཆེན་པོ་དག་ནི། དབུ་མ་སྒྱུ་མ་ལྟ་བུ་བ་ཞེས་གསུངས་པས་དབུ་མའི་དབྱེ་བའོ། །འབྲུ་སྔོན་མ་དང་འདི་མཐུན་ཏེ་ཀུན་རྫོབ་སེམས་བསྐྱེད་ཁོ་ནའི་ལེན་ཆོག འདིའི་དངོས་དམིགས་ཀྱི་བྱང་ཆུབ་གཞན་དོན་གྱི་སྐུ། དབུ་མའི་ལུགས་ཐུན་མོང་མ་ཡིན་པ་དེ། དོན་དམ་སེམས་བསྐྱེད་གཙོ་བོར་བླངས་པ་ཀུན་རྫོབ་ཞར་བྱུང་། འདིའི་དམིགས་པའི་བྱང་ཆུབ་རང་དོན་གྱི་སྐུ། འོ་ན་རྒྱུད་བླར། དང་པོ་ཡིས་ནི་དང་པོའི་སྐུ། །ཕྱི་མ་ཡིས་ནི་ཕྱི་མ་གཉིས། །ཞེས་ཆོས་ཉིད་དུ་གནས་པའི་རིགས་ལས་ཆོས་སྐུ་ཐོབ་པ་དང་། ཡང་དག་པར་བླང་བ་ལས་གཟུགས་སྐུ་ཐོབ་པར་གསུངས་ལ། འདིར་ཡང་དག་པར་བླང་བས་དང་པོ་འགྲུབ་པར་བཤད་པ་འགལ་ལོ་སྙམ་ན་མི་འགལ་ཏེ། འདིར་ནི་ཆོས་ཉིད་ཇི་ལྟ་བ་དེ་ལྟ་བུར་སྦྱོར་བ་ཡིན་པས་རང་དོན་གྱི་སྐུ་འབྲས་བུའི་གཙོ་བོར་འོས་ཏེ། རང་དོན་ཆོས་སྐུར་སངས་རྒྱས་ནས་གཞན་དོན་གཟུགས་སྐུ་འབྱུང་བའི་ཕྱིར་རོ། །དེས་ན་སེམས་བསྐྱེད་ཀྱི་རྟེན། ལེན་ཆོག་བླངས་ནས་མི་ཉམས་པར་བྱེད་པ། ཉམས་ན་ཕྱིར་བཅོས་པ་དེ་ལ་པཎ་གྲུབ་ཆེན་པོ་རྣམས་བཞེད་པ་ཐ་དད་པ་ལྟ་བུར་བྱུང་བ་ནི། གདུལ་བྱའི་ཁམས་དབང་པོ་སྣ་ཚོགས་པས་གང་ལ་གང་འོས་པ་བསྟན་པའི་ཕྱིར། མདོ་སྡེ་མཐའ་ཡས་ལ་དེའི་མདོ་སྡེ་རེ་རེ་བཤད་པའི་གཞིར་བཟུང་ནས་བཤད་པས་ཐ་སྙད་མ་མཐུན། མཐའ་དྲུག་རྣམ་པར་ཕྱེ་ན་ཐམས་ཅད་བགྲོད་པ་གཅིག་ཏུ་འདུ་བས་དོན་ལ་གུང་འགྲིག་པས་རྒྱལ་དབང་རྗེས། ཐེག་པ་སྣ་ཚོགས་ཀྱི་ཆོས་སྐད་ཀྱང་། །རང་རང་གི་ས་ན་བདེན་མོད་ཀྱིས། །གུང་གཅིག་ཏུ་འགྲིག་ན་ཟབ་པ་ཡིན། །ཞེས་གསུངས་སོ། །གསུམ་པ་ཐོབ་ནས་དགའ་བ་བསྐྱེད་པ་ལ་གཉིས་ལས། དང་པོ་ནི། དེ་ལྟར་བློ་སེམས་བསྐྱེད་དང་ལྡན་པ་ཡི་རབ་ཏུ་དང་བ་བྱང་ཆུབ་ཀྱི་སེམས་གཟུང་ནས། མཇུག་ཀྱང་རྒྱས་པར་བྱ་བའི་ཕྱིར་དུ་ནི། སེམས་ནི་འདི་ལྟར་གཟེངས་བསྟོད་དོ། །གཉིས་པ་དབྱེ་བ་ལ་བདག་དགའ་བ་བསྐྱེད་པ་དང་། གཞན་དགའ་བ་བསྐྱེད་པ་གཉིས་སུ་བསྟན་པའི་དང་པོ་ལའང་། དགའ་བ་བསྐྱེད་པའི་ཆོ་ག དགའ་བ་བསྐྱེད་པའི་རྒྱུ་མཚན་གཉིས་ལས། དང་པོ་དེང་དུས་བདག་ཚེ་ནི་འབྲས་བུ་ཡོད་པར་བྱས་ཏེ། མི་ཡི་སྲིད་པ་ལེགས་པར་ཐོབ་པ། དེ་རིང་སངས་རྒྱས་རིགས་སུ་སྐྱེས་པས་ན། སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། སངས་རྒྱས་ཀྱི་རིགས་དང་མཐུན་པའི་ལས་བརྩམས་ཏེ། སྐྱོན་མེད་བཙུན་པའི་རིགས་འདི་ལ་རྙོག་པ་སྟེ་དྲི་མར་མི་འགྱུར་བ་དེ་ལྟར་བྱའོ། །གཉིས་པ་དགའ་བ་བསྐྱེད་པའི་རྒྱུ་མཚན་ལའང་། ཡོན་ཏན་ཁྱད་པར་ཅན་གྱི་བྱང་ཆུབ་ཀྱི་སེམས་སྐྱེས་པས་ཏེ། དཔེར་ན་ལོང་བས་ཕྱག་དར་གྱི་ཕུང་པོའི་གསེབ་ལས། ཇི་ལྟར་གསེར་ལྟ་བུའི་རིན་ཆེན་རྙེད་པ་ལྟར། དེ་བཞིན་ཇི་ཞིག་ལྟར་ཏེ་བརྒྱ་ལམ་ནས། བྱང་ཆུབ་སེམས་སྐྱེ་དཀའ་བ་འདི་བདག་ལ་སྐྱེས་པས་སོ། །དེའི་ཡོན་ཏན་གྱི་ཁྱད་པར་ཡང་སྔོན་བརྗོད་པར་མ་ཟད་འགྲོ་བའི་འཆི་བདག་འཇོམས་པར་བྱེད་པའི་བདུད་རྩིའི་མཆོག་ཀྱང་འདི་ཡིན་ནོ། །འགྲོ་བའི་དབུལ་བ་སེལ་བ་ཡི་མི་ཟད་པའི་གཏེར་ཡང་འདི་ཡིན་ནོ། །འགྲོ་བའི་ནད་རབ་ཏུ་ཞི་བར་བྱེད་པའི་སྨན་གྱི་མཆོག་ཀྱང་འདི་ཡིན་ནོ། །སྲིད་པའི་ལམ་དུ་འཁྱམས་ཤིང་དུབ་པ་ཡི་འགྲོ་བའི་ལམ་གྱི་ངལ་གསོ་བའི་ལྗོན་ཤིང་ཡིན་ལ། འགྲོ་བ་ཐམས་ཅད་ངན་འགྲོ་ནས་སྒྲོལ་བར་བྱེད་པའི་སྤྱི་སྟེགས་ཡིན་ནོ། །འགྲོ་བའི་ཉོན་མོངས་པའི་གདུང་བ་སེལ་བའི་སེམས་ཀྱི་ཟླ་བ་ཤར་བ་ཡིན་ནོ། །འགྲོ་བའི་མི་ཤེས་པའི་རབ་རིབ་ཀྱི་མུན་པ་དང་། དཔྱིས་ཏེ་དྲུངས་ནས་འབྱིན་པའི་ཉི་མ་ཆེན་པོ་ཡིན་ནོ། །དམ་པའི་ཆོས་ཀྱི་འོ་མ་བསྲུབས་པ་ལས་མར་གྱི་ཉིང་ཁུ་ཕྱུང་བ་ཡིན། འགྲོ་བའི་མགྲོན་པོ་སྲིད་པའི་ལམ་དུ་རྒྱུ་ཞིང་། བདེ་བའི་ལོངས་སྤྱོད་ལ་སྤྱད་པར་འདོད་པ་ལ། འདི་ནི་དེ་དག་འདོད་པའི་བདེ་བའི་མཆོག་ཏུ་ཉེ་བར་གནས་ཏེ། སེམས་ཅན་གྱི་མགྲོན་ཆེན་ཚིམ་པར་བྱེད་པ་ཡིན་ནོ། །གཉིས་པ་གཞན་དགའ་བ་བསྐྱེད་པ་ནི། བདག་གིས་ནི་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི་སྤྱན་སྔར། འགྲོ་བ་ཐམས་ཅད་བདེ་གཤེགས་ཉིད་དང་ནི། དེ་ཐོབ་པར་གྱུར་གྱི་བར་དུ་བདེ་བ་ལ་མགྲོན་དུ་བོས་ཟིན་གྱི། ལྷ་དང་ལྷ་མིན་ལ་སོགས་ཏེ་འགྲོ་དྲུག་ཐམས་ཅད་དགའ་བར་གྱིས་ཤིག་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ།། །། ༈ གསུམ་པ་བྱང་ཆུབ་ཆེན་པོ་སྒྲུབ་པའི་གཞི་བསླབ་པ་རྗེས་སུ་སྒྲུབ་པ་ལ། ཁས་བླངས་པ་སྒྲུབ་དགོས་པར་གདམས་པ། བསླབ་པ་བསྲུང་བ་ལ་ནན་ཏན་བྱེད་པ་བག་ཡོད། བསྲུང་ཞིང་དག་པའི་ཐབས་དྲན་ཤེས་བཞིན་བཤད་པ་གསུམ་ལས། དང་པོ་ནི། རྒྱལ་བའི་སྲས་ཀྱི་དེ་ལྟ་བུར་ནི་བྱང་ཆུབ་ཀྱི་སེམས་རབ་ཏུ་བརྟན་པ་གཟུང་ནས། གཡེལ་བ་མེད་པར་དུས་རྟག་ཏུ་ཡང་། བླངས་པའི་བསླབ་པ་ལས་མི་འདའ་བ་ལ་འབད་པར་བྱ་སྟེ། ག་ཡ་གོ་རིའི་མདོ་ལས། བྱང་ཆུབ་སེམས་དཔའ་སྒྲུབ་པ་སྙིང་པོར་བྱེད་པ་རྣམས་ལ་བྱང་ཆུབ་ཡོད་ཀྱི། སྒྲུབ་པ་སྙིང་པོར་བྱེད་པ་མ་ཡིན་པ་རྣམས་ལ་ནི་མ་ཡིན་ནོ། །ཞེས་པ་སྤྱིར་བྱ་བ་ལ་བབ་ཅོལ་དུ་བརྩམས་པ་གང་ཡིན་པའམ། གང་ཞིག་ལེགས་པར་མ་བརྟགས་པ་དེ་ནི། དམ་བཅའ་བྱས་པར་གྱུར་ཀྱང་བྱའམ་བཏང་ཞེས་བརྟག་པར་རིགས་ཀྱི། འདི་ནི་དེ་ལྟ་མ་ཡིན་ཏེ་སངས་རྒྱས་རྣམས་དང་། དེའི་སྲས་དབང་དུ་གྱུར་པ་དེ་དག་གི་ཤེས་རབ་ཆེན་པོས་གང་ལ་བརྟགས་ཤིང་དཔྱད་ལ། བདག་ཉིད་ཀྱིས་ཀྱང་བརྟག་བརྟགས་པ་ཡིན་པས་དེ་ལ་བཤོལ་དུ་ཅི་ཞིག་ཡོད། གལ་ཏེ་དེ་ལྟར་དམ་བཅས་ནས་བརྩོན་པའི་ལས་ཀྱིས་སྒྲུབ་པ་མ་བྱས་ན། སེམས་ཅན་དེ་དག་ཀུན་བསླུས་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་གང་མ་བསྒྲལ་བ་བསྒྲལ་བ་དང་། མ་གྲོལ་བ་དགྲོལ་བ་དང་། དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར། སེམས་ཅན་ཐམས་ཅད་དབུགས་ཕྱུང་ལ། མང་དུ་ཐོས་པ་དང་། དེ་ལས་གཞན་དགེ་བ་བྱང་ཆུབ་ཀྱི་ཕྱོགས་རྣམས་ཀྱི་བར་ལ་བརྩོན་པར་མི་བྱེད་ན། བྱང་ཆུབ་སེམས་དཔའ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་བསླུ་བ་ཡིན་ནོ། །དེ་ལྟ་བུ་དེ་ལ་སྔོན་སངས་རྒྱས་མཐོང་བའི་ལྷ་རྣམས་ཀྱིས་འཕྱ་ཞིང་གཞོགས་འཕྱས་བྱེད་ལ་རྣམ་པར་སྨོད་དོ། །ཞེས་པའི་རྒྱུ་དེས་བདག་གི་ཚེ་ཕྱི་མ་འགྲོ་བ་ཅི་འདྲར་འགྱུར་བསམས་ན། དངོས་པོ་ཕལ་པ་ཅུང་ཟད་ཙམ་ལ་ཡིད་ཀྱིས་སྦྱིན་ནོ་ཞེས་བསམ་པར་བྱས་ནས། མི་གང་ཕྱིས་སྦྱིན་པར་མི་བྱེད་པ་དེ་ནི་ཡི་དྭགས་ཀྱི་འགྲོ་བར་འགྱུར་བར་གསུངས་ན། བླ་ན་མེད་པའི་བདེ་བ་ལ་བདག་གི་བསམ་པ་ཐག་པས་མགྲོན་དུ་གཉེར་ནས་འགྲོ་བ་ཐམས་ཅད་བསླུས་བྱས་ན། བདེ་འགྲོར་ཇི་ག་འགྲོ་བར་འགྱུར་རམ་སྟེ་མི་འགྱུར་བས་དམྱལ་བ་ཉིད་དོ། །དེ་མི་བདེན་ཏེ། མི་གང་གི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བཏང་ཡང་། དེ་དག་ཐར་པ་ཐོབ་པར་བྱེད་ནུས་པ་ཡང་ཤཱ་རིའི་བུ་རྒྱལ་པོ་ཟླ་འོད་དུ་གྱུར་པས། ཐེག་ཆེན་སེམས་བསྐྱེད་བཏང་ནས་དམན་པར་གནས་པས་དགྲ་བཅོམ་པར་གྱུར་པ་འདི་ལྟ་བུ་སྙམ་ན། ལས་ཚུལ་བསམ་གྱིས་མི་ཁྱབ་པ་སྟེ། དེ་ལ་སེམས་བཏང་བའི་ཉེས་པ་གང་གང་གིས་བཅོམ་པའི་ལས་ཞིག་ཡོད་པ་གོར་མ་ཆག་གོ །དེ་སྟོན་ཅིག་ཅེ་ན་དེ་ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་གྱིས། བདག་གིས་ནི་མ་ཡིན་ནོ། །དེ་ལྟ་བུར་ཐེག་ཆེན་གྱི་སེམས་བཏང་ནས་དམན་པར་གནས་པ་ནི། བྱང་ཆུབ་སེམས་དཔའ་ལ་ལྟུང་བའི་ནང་ནས་ལྕི་བ་ཡིན་ཏེ། འདི་ལྟར་དེ་ནི་བྱུང་བར་གྱུར་ན། སེམས་ཅན་ཀུན་གྱི་དོན་ལ་དམན་པས། སྡུད་པར། སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་སོ། །དེ་ལྟ་ཞོག གང་གཞན་སྐད་ཅིག་ཙམ་ཡང་འདིའི་བསོད་ནམས་ཀྱི་བར་ཆད་དམ་གེགས་བྱེད་པ་དེ་ནི་ཕྱི་མ་ངན་འགྲོ་མུ་མཐའ་མེད་པར་སྐྱེ་སྟེ། རབ་ཏུ་ཞི་བ་གདོན་མི་ཟ་བའི་ཆོ་འཕྲུལ་གྱི་མདོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་འཛམ་བུ་གླིང་པའི་སེམས་ཅན་ཐམས་ཅད་སྲོག་དང་ཕྲལ་ཞིང་བདོག་པ་ཐམས་ཅད་དང་ཕྲལ་ལ། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་དག་གིས་བྱང་ཆུབ་སེམས་དཔའི་དགེ་བའི་སེམས་ཀྱི་བར་ཆད་བྱེད་དེ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ། ཁམ་གཅིག་ཙམ་སྟེར་བ་ལས་བྱུང་བའི་དགེ་བའི་བར་དུ་གཅོད་ན། དེ་ནི་དེ་བས་ཆེས་གྲངས་མེད་པའི་སྡིག་པ་བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་སངས་རྒྱས་འབྱུང་བ་སྐྱེད་པར་བྱེད་པའི་དགེ་བའི་རྩ་བ་རྣམས་ཀྱི་བར་ཆད་བྱེད་པར་གནས་པར་གྱུར་པའི་ཕྱིར་རོ་ཞེས་སོ། །འདི་ན་སེམས་ཅན་གཅིག་གི་བདེ་བ་ཡང་། བཤིག་ན་བདག་ཉིད་ཉམས་པ་ཞེས་བྱ་བའི་གྲངས་སུ་འགྱུར་ན། ནམ་མཁའ་མ་ལུས་པའི་མཐའ་ཀླས་པའི་ལུས་ཅན་རྣམས་ཀྱི་བདེ་བ་བཤིག་པས་བདག་ཉིད་ཉམས་པར་འགྱུར་བ་སྨོས་ཅི་དགོས། ཉམས་ཀྱང་སླར་བླངས་པས་ཆོག་སྙམ་ན། དེ་ལྟར་བྱུང་བའི་ལྟུང་བ་སྟོབས་ལྡན་དང་། བྱང་ཆུབ་ཀྱི་སེམས་སྟོབས་དང་ལྡན་པ་དག འཁོར་བར་རེས་ཀྱི་འདྲེ་བར་བྱེད་ན་རབ་ཏུ་དགའ་བ་ལ་སོགས་ས་ཐོབ་པ་ལ་ཡུན་རིང་པོ་ཐོགས་སོ། །དེ་ལྟར་དམ་བཅས་པ་བཞིན་མ་བསྒྲུབས་པ་ལ་ཉེས་དམིགས་ཆེ་བ་དེ་ལྟ་བུ་ཡོད་པས་བདག་གིས་གུས་པར་བསྒྲུབ་པར་བྱའོ། །གཉིས་པ་བསླབ་པ་བསྲུང་བ་ལ་ནན་ཏན་བྱེད་པ་བག་ཡོད་པ་ལ་གསུམ་སྟེ། སྒྲུབ་པ་ལ་བརྩོན་འགྲུས་རྩམ་པར་གདམས་པ། རྟེན་འབྱོར་དུས་མཐུན་ཕྱོགས་དགེ་བ་ལ་འབད་པར་གདམས་པ། མི་མཐུན་ཕྱོགས་ཉོན་མོངས་པའི་དགྲ་གཞོམ་པར་གདམས་པའོ། །དེ་ལས་དང་པོ་ནི། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །ཞེས་པས་བག་ཡོད་པ་དགོས་ལ། དེ་གང་ལ་ཟེར་ན། བསླབ་བཏུས་ལས། བག་ཡོད་པ་ཞེས་བྱ་བ་འདི་ཇི་ལྟ་བུ་ཞེ་ན། འདོད་པ་ལས་ཉམས་པ་དང་། མི་འདོད་པ་བྱུང་བར་དོགས་པ་སྔོན་དུ་འགྲོ་བས་བཟོད་པ་ལྷུར་ལེན་པ་སྟེ། འདི་ལྟ་སྟེ་དཔེར་ན་རྒྱལ་པོ་ཁྲོ་ཞིང་མགུ་དཀའ་བའི་བྲན། སྨན་གྱི་འབྲུ་མར་གྱིས་གང་བའི་སྣོད་ཐོགས་ཏེ་སྟེགས་དྲེད་པ་ལ་འགྲོ་བས་བྱ་བ་བཞིན་ནོ་ཞེས་དང་། མངོན་པ་ཀུན་ལས་བཏུས་ལས། བག་ཡོད་པ་གང་ཞེ་ན། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་བརྩོན་འགྲུས་དང་བཅས་པ་ལ་གནས་ནས་དགེ་བའི་ཆོས་རྣམས་སྒོམ་པ་དང་། ཟག་པ་དང་བཅས་པའི་ཆོས་རྣམས་ལ་སེམས་བསྲུང་བ་སྟེ་ཞེས་དང་། དེ་ལྟར་ཇི་ལྟར་བསམ་པས་དམ་བཅས་པ་བཞིན་དུ་སྦྱོར་བའི་སྒོ་ནས་བདག་གིས་གུས་པར་བསྒྲུབ་པར་བྱ་དགོས་ཏེ། དེང་ནས་ནི་བརྩོན་པ་མ་བྱས་ན། འོག་ནས་འོག་ཏུ་ངན་འགྲོ་ཁོ་ནར་འགྲོ་བར་འགྱུར་རོ། །སྔར་བརྩོན་པ་མེད་པའི་སྐྱོན་སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པའི་སངས་རྒྱས་གྲངས་མེད་པ་འདས་པར་གྱུར་ཀྱང་། བདག་ནི་རང་གི་ཉེས་པ་ཡིས་སངས་རྒྱས་འབྱུང་བ་མཉེས་པར་མ་བྱས་པས། དེ་དག་གི་མ་རིག་པའི་ནད་ལས་གསོ་བའི་སྤྱོད་ཡུལ་དུ་མ་གྱུར་ཏོ། །ད་རུང་དེ་བཞིན་དུ་བདག་བྱེད་ན། ཡང་དང་ཡང་དུ་དེ་བཞིན་དུ་འགྱུར་ཏེ། གྱུར་ན་འཇིགས་པ་ངན་འགྲོ་ནད་དང་འཆི་བ་དང་སྲོག་བཅད་པ་དང་། ལུས་གཤགས་པ་སོགས་མྱོང་བར་འགྱུར་རོ། །གཉིས་པ་རྟེན་འབྱོར་དུས་མཐུན་ཕྱོགས་དགེ་བ་ལ་འབད་པར་གདམས་པ་ནི། དེ་བཞིན་གཤེགས་པ་འབྱུང་བ་དང་། དད་པ་དང་མི་ལུས་ཐོབ་པ་དང་། དགེ་བ་གོམས་པ་བྱར་རུང་བ་དེ་ལྟ་བུར། དཀོན་ན་ནམ་ཞིག་ན་ཐོབ་པར་འགྱུར་ཏེ་མི་འགྱུར་རོ། །ནད་མེད་པ་ཉི་མ་དེ་རིང་གི་དུས་འདི་ལྟ་བུར། ཟས་དང་བཅས་ཤིང་འཚེ་བ་མེད་དུ་ཟིན་ཀྱང་ནི། ཚེ་ནི་སྐད་ཅིག་ལ་བསླུ་བ་སྟེ་འཕྲལ་རྐྱེན་གྱིས་འགྱུར་བས་སོ། །ལུས་འདི་ཐངས་ཅིག་ཡུན་ཐུང་བ་བརྙན་པོ་ཚགས་བྱ་བ་བཞིན་རང་དབང་བདག་འདུས་མིན་པས། བདག་གི་བག་མེད་པའི་སྤྱོད་པ་འདི་འདྲས་ནི་ཐར་པ་ལྟ་ཞོག མིའི་ལུས་ཀྱང་ཐོབ་པར་མི་འགྱུར་རོ། །མི་ལུས་ཐོབ་པར་མ་གྱུར་ན་རྟེན་ཕྱི་མ་ངན་སོང་། དེ་ལ་སྡིག་པ་འབའ་ཞིག་དགེ་བ་མེད་ལ། གང་ཚེ་དགེ་བ་སྤྱོད་པའི་སྐལ་བ་དང་ལྡན་པའི་དུས་འདིར་ཡང་། དགེ་བ་བདག་གིས་མ་བྱས་ན། ངན་སོང་སྡུག་བསྔལ་ཀུན་གྱིས་རྨོངས་པར་སྐྱེས་པ་དེའི་ཚེ་བདག་ལ་ཅི་བྱར་ཡོད་དེ་མེད་དོ། །དེས་ན་དགེ་བ་དག་ཀྱང་མ་བྱས་ལ། སྡིག་པ་དག་ཀྱང་ཉེ་བར་བསགས་ན། བསྐལ་པ་བྱེ་བ་བརྒྱར་ཡང་ནི་བདེ་འགྲོའི་སྒྲ་ཡང་ཐོས་པར་མི་འགྱུར་རོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་ཀྱིས། རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི། །བུ་གར་རུ་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །མཚམས་མེད་ལྟ་བུ་སྐད་ཅིག་ཙམ་བྱས་པའི་སྡིག་པས་ཀྱང་བསྐལ་པར་དམྱལ་བ་མནར་མེད་དུ་གནས་པར་གྱུར་ན། ཐོག་མེད་འཁོར་བར་བསགས་པའི་སྡིག་གིས། བདེ་འགྲོར་མི་སྐྱེ་བ་སྨོས་ཅི་དགོས། ཡང་རྣམ་སྨིན་དེ་ཙམ་ཁོ་ན་མྱོང་བར་གྱུར་ནས། དེ་ལས་རྣམ་པར་ཐར་པར་མི་འགྱུར་ཏེ། འདི་ལྟར་སྡུག་བསྔལ་དེ་ནི་མྱོང་བཞིན་དུ། སྡིག་པ་གཞན་དག་རབ་ཏུ་སྐྱེས་ནས་ཐར་པའི་དུས་མེད་པ་ལྟ་བུའོ། །དེ་བས་ན་འདི་འདྲའི་དལ་བ་རྙེད་གྱུར་ནས། བདག་གིས་དགེ་བ་ལ་གོམས་པར་མ་བྱས་ན། འདི་ལས་རང་གིས་རང་བསླུས་པ་གཞན་མེད་དེ། འདི་ལས་རྨོངས་པའང་གཞན་མེད་དོ། །གལ་ཏེ་བདག་གིས་དེ་རྟོགས་ནས་ལས་འབྲས་ལ་རྨོངས་པས་ཕྱིས་ཀྱང་སྒྱིད་ལུག་ན། འཆི་བར་འགྱུར་བའི་དུས་ཀྱི་ཚེ་ནི་མྱ་ངན་ཆེན་པོ་ལྡང་བར་འགྱུར་ལ། དེར་མ་ཟད་ཕྱི་མ་དམྱལ་བའི་མེ་བཟོད་པར་དཀའ་བས། ཡུན་རིང་དུ་བདག་གི་ལུས་ལ་བསྲེགས་གྱུར་ན། འགྱོད་པ་མི་བཟད་པའི་མེ་འབར་བས་སེམས་གདུང་བར་གྱུར་པ་གདོན་མི་ཟའོ། །དེས་ན་ཤིན་ཏུ་རྙེད་དཀའ་ཕན་པའི་སའམ་གཞི་རྟེན་ལྟ་བུ། ཅི་ཞིག་ལྟར་སྟེས་དབང་གིས་རྙེད་པར་གྱུར་ནས། བདག་ཉིད་རྒྱུ་དགེ་སྡིག་ལས་འབྲས་བུ་བདེ་སྡུག་འབྱུང་བར་ཤེས་པ་དང་ལྡན་བཞིན་དུ་ཕྱིར་ཡང་དམྱལ་བ་དེར་ཁྲིད་ན་སྔགས་ཀྱིས་རྨོངས་པར་བྱས་པ་བཞིན། བདག་ལ་འཇིག་རྟེན་འདིར་རང་ཉིད་ལེགས་པར་འདོད་པའི་སེམས་མེད་པ་ཉིད་དུ་འགའ་ཞིག་གིས་བྱས་པར་ཟད་དོ། །གསུམ་པ་ཉོན་མོངས་པའི་དགྲ་གཞོམ་པར་གདམས་པ་ནི། ཅིས་རྨོངས་བདག་གིས་མ་ཤེས་ཏེ། བདག་གི་ཁོང་ན་རྨོངས་སུ་འཇུག་མཁན་གདོན་ཆེན་པོ་ཅི་ཞིག་ཡོད། མེད་ན་རང་གིས་རང་ལ་གནོད་པར་འགྱུར་བའི་ལས་རྩོམ་མི་རིགས་སོ། །དེ་ལྟར་བསམ་ན་ཞེ་སྡང་སྲེད་སོགས་ནི་དགྲ་སྟེ། དེ་རྣམས་ནི་རྐང་ལག་ལ་སོགས་པ་ཡོད་པ་མིན་ལ། དཔའ་མཛངས་མིན་ཡང་གྱུ་ཅན་ཏེ་ཅི་ཞིག་ལྟར། དེ་དག་གིས་བདག་བྲན་བཞིན་དུ་བཀོལ་བ་བྱས་སོ། །དེ་བདག་གི་སེམས་ལ་གནས་བཞིན་དུ་དགའ་མགུར་བདག་ལ་གནོད་པ་བྱེད་པ། དེ་ལའང་མི་ཁྲོ་བཟོད་པ་ནི། གནས་མིན་གྱི་བཟོད་པར་སོང་བས་སྨད་པའི་གནས་སུ་གྱུར་ཏོ། །གལ་ཏེ་ལྷ་དང་ལྷ་མིན་རྣམས་སམ། ཐམས་ཅད་བདག་ལ་དགྲར་ལངས་ཀྱང་རུང་། དེ་དག་གིས་ཀྱང་བདག་མནར་མེད་པའི་མེ་ཚ་བའི་ནང་དུ་ཁྲིད་ཅིང་འཇུག་པ་བྱེད་མི་ནུས་ལ། ཉོན་མོངས་སྟོབས་ཆེན་དགྲ་བོ་འདི་ནི། གང་དང་ཕྲད་ན་རི་རབ་ཀྱང་ཐལ་བར་ཡང་ནི་མི་ལུས་པར་སྲེག་པའི་དམྱལ་བའི་མེ་ནང་དེར། བདག་སྐད་ཅིག་གཅིག་ལ་འདོར་བས་དང་། བདག་གིས་ཉོན་མོངས་པའི་དགྲ་བོ་གང་འདི་དུས་རིང་པོ་ཐོག་མ་དང་མཐའ་མ་མེད་པ་གཏན་གྱི་དགྲ་བོ་ཡིན་པ་ལྟར་དུ། དགྲ་གཞན་ཀུན་ཀྱང་དེ་ལྟ་བུར་ཡུན་རིང་ཐུབ་པ་མ་ཡིན་ནོ། །དགྲ་དེ་དག་མཐུན་པར་བྱ་བའི་ཕྱིར་རིམ་གྲོས་བརྟེན་པར་བྱས་ན། མི་གནོད་པར་ཐམས་ཅད་ཕན་པ་དང་བདེ་བ་བྱེད་པའི་གྲོགས་སུ་ཁུགས་ན། ཉོན་མོངས་པ་རྣམས་ནི་བརྟེན་པར་བྱས་ན་ཡང་ཕྱིར་ཞིང་སྡུག་བསྔལ་གྱི་གནོད་པ་ཐུར་གཏོང་བར་བྱེད་པས། དེ་ལྟར་ཡུན་རིང་བ་དང་རྒྱུན་ཆགས་པར་དགྲར་གྱུར་པ། གནོད་པའི་ཚོགས་རབ་ཏུ་འཕེལ་བའི་རྒྱུ་གཅིག་པུ་བདག་གི་སྙིང་ལ་ངེས་པར་གནས་འཆའ་ན། འཁོར་བར་འཇིགས་མེད་དགའ་བར་ག་ལ་འགྱུར། འཁོར་བའི་བཙོན་རའི་བསྲུང་མ་སྟེ། དེ་ལས་གཞན་དུ་འབྲོས་མི་སྟེར་བས་དང་། དམྱལ་བ་སོགས་སུ་ཁྲིད་ནས་གསོད་བྱེད་གཤེད་མར་གྱུར་པ་འདི་དག་ནི། གལ་ཏེ་བདག་གི་བློ་གནས་ཆགས་པའི་དྲ་བ་གང་ན་གནས་ན། དེ་སྲིད་བདག་ལ་བདེ་བ་ག་ལ་ཡོད་དེ་མེད་པ་སྲིན་པོའི་མཆེ་བའི་དྲུང་དུ་གནས་པའི་སྲོག་ཆགས་ལྟ་བུར་གྱུར་པས་སོ། །དེ་ལྟར་ཇི་སྲིད་བདག་གི་དགྲ་འདི་མངོན་སུམ་དུ་ངེས་པར་མ་བཅོམ་པ་དེ་སྲིད་བདག་དགྲ་ཐབས་འདིར་བརྩོན་པ་མི་འདོར་རོ། །རེ་ཞིག་གནོད་བྱེད་ཆུང་ངུ་ལ་ཡང་ཁྲོས་པར་གྱུར་པས། ང་རྒྱལ་བདོ་བ་རྣམས་དགྲ་དེ་མ་བཅོམ་པར་གཉིད་མི་འོང་བར་གྱུར་ན་འདི་ལ་ལྟ་ཅི། དགྲ་འཇོམས་པ་དེ་ལ་བཟོད་དཀའ་བ་དུ་མ་འབྱུང་ན། བཟོད་པར་ནུས་སམ་སྙམ་ན་ཤིན་ཏུ་ནུས་དགོས་ཏེ། རང་ཉིད་འཆི་བས་སྡུག་བསྔལ་བར་འགྱུར་པའི་ཉོན་མོངས་པ་དག་མདུན་ན་གནས་པའི་སྐྱེ་བོ་གཡུལ་ངོར་བདར་བའི་ཚེ། ནན་གྱིས་ཕ་རོལ་གཞོམ་པར་འདོད་པ་ཡང་། མདའ་མདུང་མཚོན་གྱིས་ཕོག་པའི་སྡུག་བསྔལ་ཁྱད་དུ་བསད་ནས། དོན་མ་གྲུབ་པར་ཕྱིར་ཕྱོགས་འབྱེར་བ་སྟེ་ལོག་པར་མི་བྱེད་ན། རྟག་ཏུ་སྡུག་བསྔལ་གྱི་རྒྱུར་གྱུར་པ་རང་བཞིན་གྱིས་དགྲ་ངེས་པར་གཞོམ་འདོད་པ་དག་ལ་དེང་སྡུག་བསྔལ་བ་བརྒྱ་ཕྲག་གི་རྒྱུར་གྱུར་པ་གང་གིས་ཀྱང་། ཡི་ཆད་ཅིང་སྒྱིད་ལུག་པར་མི་འགྱུར་བར་བྱ་བ་སྨོས་ཅི་དགོས། འདི་ནི་དོན་མེད་དགྲ་ཡིས་རྨ་སྲོལ་གདོང་དུ་གཏོད་པ་ཡང་། ལུས་ལ་རྒྱན་དང་འདྲ་བར་བསྲེལ་བར་བྱེད་པ་སྟེ་དཔའ་མཚན་དུ་རློམ་ན། དོན་ཆེན་སྒྲུབ་པའི་ཕྱིར་ཡང་དག་པར་བརྩོན་པར་གྱུར་པ། བདག་ལ་དེའི་ཕྱིར་སྡུག་བསྔལ་བྱུང་བ་ཅི་ཕྱིར་གནོད་བྱེད་ཡིན་ཏེ་མ་ཡིན་ནོ། །དཔེར་ན། ཉ་པ་དང་གདོལ་པ་གཤན་པ་དང་ཞིང་པ་ལ་སོགས་པ་རང་གི་འཚོ་བ་ཙམ་ཞིག་སེམས་པའང་། གྲང་བ་དང་ཚ་བ་ལ་སོགས་པའི་གནོད་པ་བཟོད་ན། འགྲོ་བ་བདེ་ཕྱིར་བདག་ལྟ་ཅིས་མི་བཟོད་བཟོད་དགོས་སོ། །དགྲ་འདུལ་བ་ལ་རཏལ་བ་ཆེར་བྱ་དགོས་པའང་བདག་གིས་ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི་འགྲོ་བ་ཐམས་ཅད་ཉོན་མོངས་པ་ལས་དགྲོལ་བར་དམ་བཅས་པ་ཡིན་མོད། གང་གི་ཚེ་བདག་ཉིད་ཀྱང་ཉོན་མོངས་རྣམས་ལས་མ་གྲོལ་བར། གཞན་ཉོན་མོངས་པ་ལས་སྒྲོལ་ག་ལ་ནུས་མི་ནུས་ན། བདག་གིས་བདག་ཉིད་ཀྱི་ཚོད་ཀྱང་མི་ཤེས་པར་སྨྲ་བའི་དམ་བཅའ་དེ་ཇི་ལྟར་སྨྱོན་པ་མིན། རྒྱུ་མཚན་དེ་ལྟར་ན་ཉོན་མོངས་པའི་དགྲ་གཞོམ་པ་ལ་རྟག་ཏུ་བརྩོན་ཞིང་མ་ཐུལ་བར་དུ་ཕྱིར་མི་ལྡོག་པར་བྱ། དགྲ་འདུལ་བ་འདི་ལ་བདག་གིས་ཞེན་པར་བྱ་ཞིང་ཁོན་དུ་གཟུང་ནས་དེ་དང་གཡུལ་སྤྲད་དེ་བདག་རྒྱལ་བར་བྱའོ། །རྣམ་པ་དེ་ལྟའི་ཉོན་མོངས་པ་དེ་ཀ་ཡང་ཉོན་མོངས་པ་གཞན་དང་ཁྱད་པར་མེད་དོ་སྙམ་ན་མ་ཡིན་ཏེ། ཉོན་མོངས་གཞུང་མ་དེ་འཇོམས་པར་བྱེད་པ་ལ་མིང་བཏགས་པ་ཙམ་སྟེ། མཚན་ཉིད་འགལ་བས་གཞོམ་བྱར་མ་གཏོགས་སོ། །དེས་ན་བདག་ནི་བརྩོགས་ཏེ་ཁོང་ལག་བཏང་ནས་བསད་གྱུར་ཏམ། བདག་གི་མགོ་བོ་བཅད་ཀྱང་བླའི། རྣམ་པ་ཀུན་ཏུ་བདག་གིས་ཉོན་མོངས་པའི་དགྲ་ལ་འདུད་པར་མི་བྱའོ། །ཡང་ཐ་མལ་དགྲ་བོ་ཡུལ་ནས་ཕྱུང་ཡང་ནི། ཡུལ་གཞན་དག་ཏུ་སོང་སྟེ་དེར་གནས་ཤིང་དེ་ཡོངས་སུ་བཟུང་ནས་ནུས་པ་བརྟས་པ་སྟེ་ཆེ་བར་གྱུར་ནས། དེ་ནས་ཕྱིར་སྔར་གྱི་ཡུལ་དུ་ལྡོག་གི། ཉོན་མོངས་དགྲ་ཚུལ་དེ་དང་འདྲ་བ་མ་ཡིན་ཏེ། རང་བཞིན་མེད་པས་ལན་གཅིག་ཐུལ་ན་སླར་མི་ལྡོག་གོ །དེ་བས་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ཡིན། དེ་ཤེས་རབ་ཀྱི་མིག་གིས་སྤང་བར་བྱ་སྟེ། དེ་ལ་གནོད་པ་དེ་ཡིན་པའི་ཕྱིར་རོ། །བདག་གི་ཡིད་ལས་དེ་བསལ་ནས་གང་དུ་འགྲོ་གང་དུ་གནས་ནས་བདག་ལ་གནོད་པ་བྱ་བའི་ཕྱིར་འོང་བའི་སྐབས་མི་སྲིད་པས། བློ་ཞན་སྙིང་སྟོབས་མེད་པ་བདག་ལ་དེ་འདུལ་བའི་བརྩོན་པ་མེད་པར་ཟད་དོ། །དེ་བས་ཤེས་རབ་ཀྱི་མིག་གིས་བལྟས་ན། ཉོན་མོངས་རྣམས་ནི་ཡུལ་ན་མི་གནས་དབང་པོའི་ཚོགས་ལ་མིན། དེ་དག་བར་ན་མིན། དེ་ལས་གཞན་ནའང་མིན་ན་འདི་དག་གར་གནས། འགྲོ་བ་ཀུན་ལ་ཇི་ལྟར་གནོད་པར་བྱེད། དེ་ཕྱིར་འདི་དག་ནི་སྣང་ཡང་བརྟག་མི་བཟོད་པ་སྒྱུ་མ་འདྲ་བ་དེའི་ཕྱིར། འདི་གཞོམ་པ་ལ་ཅི་འདྲ་སྙམ་སྙིང་ལ་འཇིགས་པ་སྤོང་ལ། ཤེས་རབ་དེ་གཟུང་བའི་ཕྱིར་བརྩོན་པ་སྟེན་ཅིག་པའོ། །དེ་བས་སྤོང་ནུས་བཞིན་དུ་མི་སྤོང་བ་ནི། དོན་མེད་ཉིད་དུ་བདག་ལ་བདག་རང་གི་དམྱལ་བ་རྣམས་སུ་ཅི་སྟེ་གནོད་པར་བྱ། དེ་ལྟར་རྣམ་པར་བསམས་ནས་ཇི་སྐད་བཤད་པ་ཡི་བསླབ་པ་རྣམས་སྒྲུབ་པའི་ཆེད་དུ་འབད་པར་བྱ་སྟེ། སྨན་པའི་ངག་ལ་མ་ཉན་ན་སྨན་དག་གིས་བཅོས་དགོས་པའི་ནད་པ་སོས་པ་ག་ལ་ཡོད་དེ་མེད་པ་བཞིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བག་ཡོད་པ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བཞི་པའོ།། །། ༈ གསུམ་པ་བསྲུང་ཞིང་དག་པའི་ཐབས་དྲན་ཤེས་བཞིན་བཤད་པ་ལ། བསླབ་པ་བསྲུང་བའི་ཐབས་སུ་སེམས་བསྲུང་བ། སེམས་བསྲུང་བའི་ཐབས་སུ་དྲན་ཤེས་བཞིན་བསྟེན་པ། གཉིས་པོ་ཉམས་ལེན་གྱི་གཙོ་བོར་གདམས་པ་གསུམ་ལས། དང་པོ་ནི། བསླབ་པ་བསྲུང་བར་འདོད་པ་ཡིས་ནི་དྲན་པ་དང་ཤེས་བཞིན་གྱིས་རབ་ཏུ་བསྒྲིམས་ནས་སེམས་བསྲུང་སྟེ། སེམས་ནི་རྒྱལ་པོ་དང་འདྲ། ལུས་ངག་ནི་བྲན་དང་འདྲ་བས་སེམས་དུལ་ན་ལུས་ངག་གཉིས་རང་དུལ་ལ་འགྲོ། ཟློག་ན་མ་ཡིན་པ་དེས་ན་སེམས་ནི་བསྲུང་བར་མ་བྱས་ན། བསླབ་པ་བསྲུང་བར་ཡོངས་མི་ནུས་སོ། །དེའི་རྒྱུ་མཚན་སེམས་ཀྱི་གླང་པོ་ཡན་པར་བཏང་བས། དམྱལ་བ་མནར་མེད་ཀྱི་གནོད་པ་ལ་སྦྱོར་བར་བྱེད་པ་འདི་ལྟར། གླང་ཆེན་མ་ཐུལ་བ་ཆང་གིས་མྱོས་པ་ཡིས། འདི་ན་དེ་འདྲའི་གནོད་པ་ཆེན་པོ་མི་བྱེད་དོ། །དེ་བས་ཀུན་ནས་དྲན་པའི་ཐག་པ་ཡིས་སེམས་ཀྱི་གླང་པོ་དམ་པར་བཏགས་ན། འཇིགས་པ་ཐམས་ཅད་མེད་པར་འགྱུར་ཞིང་། དགེ་བ་ཐམས་ཅད་ལག་ཏུ་འོང་ངོ་། །འཇིགས་པ་ཐམས་ཅད་ནི་སྟག་དང་སེང་གེ་དང་གླང་ཆེན་དང་དྲེད་དང་། སྦྲུལ་དང་དགྲ་རྣམས་ཐམས་ཅད་དང་། སེམས་ཅན་དམྱལ་བའི་སྲུང་མ་དང་། བྱད་མ་གདོན་དང་དེ་བཞིན་སྲིན་པོ་རྣམས། སེམས་འདི་གཅིག་པུ་བཏགས་པ་ཡིས་ནི་དེ་དག་ཐམས་ཅད་བཏགས་པར་འགྱུར་རོ། །སེམས་འདི་གཅིག་པུ་བཏུལ་བས་ན་དེ་དག་ཐམས་ཅད་ཐུལ་བ་ཡང་འགྱུར་ཏེ། འདི་ལྟར་འཇིག་པ་ཐམས་ཅད་དང་ནི་སྡུག་བསྔལ་དཔག་ཏུ་མེད་པ་ཡང་རང་གི་སེམས་ལས་བྱུང་བ་ཡིན་ནོ་ཞེས་ཡང་དག་གསུང་པ་སངས་རྒྱས་ཉིད་ཀྱིས་དཀོན་མཆོག་སྤྲིན་ལས། སེམས་ནི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྟེ། སེམས་ཡོངས་སུ་ཤེས་ན་ཆོས་ཐམས་ཅད་ཡོངས་སུ་ཤེས་སོ། །ཞེས་བསྟན་པས་སོ། །དེ་བཞིན་དུ་སེམས་ཅན་དམྱལ་བའི་མཚོན་ཆ་རྣམས་ནི་མགར་བ་སུ་ཞིག་གིས་ནི་ཆེད་དུ་བྱས། ལྕགས་སྲེག་ས་གཞི་དེ་ཡང་སུ་ཡིས་མེས་སྲེག་པར་བྱས། ཤིང་ཤལ་མ་ལིའི་སྟེང་དང་འོག་ཏུ་སྣང་བའི་མོ་ཚོགས་དེ་དག་ཕ་མ་ཅི་ལས་བྱུང་སྟེ་གཞན་ལས་མ་བྱུང་། འོ་ན་རྒྱུ་མེད་དམ་སྙམ་ན་ཡོད་དེ། དེ་འདྲ་དེ་དག་ཐམས་ཅད་ཀྱང་ནི་སྡིག་པའི་སེམས་ལས་བྱུང་བ་ཡིན་པར་ཐུབ་པས་གསུངས། དེ་ལྟར་འཇིག་རྟེན་གསུམ་པོ་ན་བྱེད་པ་པོ་སེམས་ལས་འཇིགས་པ་གཞན་འགའ་ཡང་མེད་པས་དེ་བསྲུང་བར་བྱའོ། །དགེ་བ་ལ་ཡང་སེམས་གཙོ་སྟེ། སྦྱིན་པ་གཏོང་སེམས་ཀྱིས་རྫོགས། ཚུལ་ཁྲིམས་སྤོང་སེམས་ཀྱིས། བརྩོན་འགྲུས་སྤྲོ་སེམས་ཀྱིས། བསམ་གཏན་མ་ཡེངས་པའི་སེམས་ཀྱིས། ཤེས་རབ་དེ་ཉིད་ཤེས་པའི་སེམས་ཀྱིས་རྫོགས་པས་སོ། །འཕགས་པ་ཉན་ཐོས་པ་དག་གལ་ཏེ་འགྲོ་བ་དབུལ་ཞིང་ཡོ་བྱད་མེད་པ་དེ། དབུལ་བ་བོར་ནས་ཡོ་བྱད་དང་ལྡན་པར་བྱས་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་སྦྱིན་པ་དངོས་པོ་གཙོ་བོ་ཡིན་ནོ་ཞེ་ན། ད་དུང་འགྲོ་བ་བཀྲེན་པ་ཡོད་པས་ན་སྔོན་གྱི་སྐྱོབ་པ་སངས་རྒྱས་དེས། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་རྫོགས་པར་འགྱུར་ན། དེ་ལྟ་མ་ཡིན་པས་སྦྱིན་པ་རྫོགས་པ་ནི་ཕྱིའི་བྱེད་པ་སེམས་ཅན་གྱི་དབུལ་བ་བོར་བ་ལ་མི་ལྟོས་སོ། །དེས་ན་རང་ལུགས་བདོག་པ་ཐམས་ཅད་དང་འབྲས་བུ་དགེ་ཚོགས་དང་བཅས་ཏེ། སྐྱེ་བོ་ཀུན་ལ་གཏོང་སེམས་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་སོ་ཞེས་མདོ་ལས་གསུངས་ཏེ། རྒྱུ་མཚན་དེ་ལྟས་སྦྱིན་པ་དེ་ནི་གཏོང་བའི་སེམས་ཉིད་ཀྱིས་རྫོགས་པར་བྱེད་དོ། །དེ་བཞིན་བསད་བྱའི་ཡུལ་སོགས་མེད་པས་གསོད་པ་སོགས་མེད་པའི་ཕྱིར་ཚུལ་ཁྲིམས་རྫོགས་པ་དངོས་པོ་གཙོ་ཟེར་ན། སྔོན་སངས་རྒྱས་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པས་ཉ་ལ་སོགས་པ་གསད་བྱ། གཞན་བུད་མེད་ལ་སོགས་པ་འཁྲིག་བྱ། གང་ཞིག་ཏུ་དེ་དག་གསོད་པ་དང་འཁྲིག་པར་མི་འགྱུར་བར་བསྐྲད་དེ་མེད་པར་བྱེད་དགོས་ལ་མ་བསྐྲད་པའི་ཕྱིར་ཡུལ་མེད་པར་བྱེད་མི་ནུས། དེས་ན་སྤོང་བའི་སེམས་ནི་ཐོབ་པ་དེ་ལས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ཡིན་ནོ། །དེ་བཞིན་དགྲ་ཐམས་ཅད་ཐུལ་ནས་ཚུར་གནོད་པ་མེད་ཅིང་ཕར་མི་གནོད་པ་བཟོད་པ་ཡིན་པས་དངོས་པོ་གཙོ་བོ་ཟེར་ན། སེམས་ཅན་མི་བསྲུན་པ་ནི་ནམ་མཁའ་བཞིན་མཐའ་ཡས་པས་དེ་དག་གཞོམ་གྱིས་ཡོངས་སུ་མི་ལང་ངོ་། །དེས་ན་ཁྲོ་བའི་སེམས་ནི་གཅིག་པུ་བཅོམ་ན་དགྲ་དེ་ཐམས་ཅད་བཅོམ་པ་དང་འདྲ་སྟེ། དཔེར་ན་ས་སྟེང་འདི་དག་ཀོ་བས་གཡོག་ཏུ་དེ་སྙེད་ཁྱབ་པ་ཀོ་བས་ག་ལ་ལང་། ལྷམ་གྱོན་ནས་འགྲོ་བས་ལྷམ་མཐིལ་ཙམ་གྱི་ཀོ་བས་ནི་ས་སྟེང་ཐམས་ཅད་གཡོགས་པ་དང་འདྲ་བ་དེ་བཞིན་ཕྱི་རོལ་གྱི་དངོས་པོ་ཡང་། བདག་གིས་ཕྱིར་ལྡོག་ན་མི་ལང་གིས། བདག་གི་སེམས་འདི་ཕྱིར་ཟློག་བྱའི་དེས་གཞན་རྣམས་ཟློག་གོ་ཟེར་ཅི་ཞིག་དགོས། རང་ཞི་ལ་འགྲོ་བས་སོ། །བརྩོན་འགྲུས་ཀྱང་སེམས་མ་ཡེངས་པས་རྫོགས་པ་ཡིན། དེ་བས་སེམས་གསལ་བ་ཞིག་སྐྱེད་པའི་འབྲས་བུ་གང་། མྱང་འདས་ལས། མ་སྨད་གཉིས་ཆུས་ཁྱེར་བ་ལ་མ་བུ་ལ་སྙིང་རྗེ་ཤས་མི་བཟོད་པ་དང་བཅས་བཞིན་དུ་ཤི་བས་མ་དེ་ཚངས་པའི་འཇིག་རྟེན་དུ་སྐྱེས་པར་གསུངས་པ་སོགས་ཡིན་པ་ལྟར། ལུས་སམ་ངག་དང་བཅས་པའི་འབྲས་བུ་ཡང་སེམས་ཀྱི་སྤྱོད་པ་ཞན་པས་དེ་ལྟ་བུ་མིན་ནོ། །དེ་བཞིན་བསམ་གཏན་ཀྱང་སེམས་ཀྱིས་རྫོགས་པ་ཡིན་ཏེ། ངག་གི་བཟླས་བརྗོད་དང་ནི་ལུས་ཀྱི་དཀའ་ཐུབ་ཀུན། ཡུན་རིང་དུས་སུ་སྤྱད་པར་བྱས་ཀྱང་དེ་དག་སེམས་གཞན་དུ་གཡེངས་པས་བྱས་པ་དེ་ནི། དེ་ཉིད་རིག་པས་དོན་མེད་དུ་གསུངས་ཏེ། ལུང་ལས། སེམས་གཡེངས་པས་ནི་བདག་གི་དོན་ཡང་མི་འགྲུབ་ན་གཞན་གྱི་དོན་ལྟ་ཅི་སྨོས་ཞེས་པས་སོ། །ཤེས་རབ་ཀྱང་དོན་ཤེས་པའི་སེམས་ཀྱིས་རྫོགས་པ། གང་གི་ཆོས་ཀྱི་གཙོ་བོ་མཆོག་ནི་སེམས་ཡིན་པས། ལུང་རྣམ་འབྱེད་ལས། ཆོས་རྣམས་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡིན་ཞེས། དེ་བས་སེམས་ཀྱི་གསང་ཡོད་མེད་ཀྱི་མཐའ་དང་བྲལ་བ་འདི་མ་ཤེས་ནས་དངོས་པོར་འཛིན་ན། བདེ་བ་འདོད་སྡུག་བསྔལ་གཞོམ་འདོད་ཀྱང་དེ་དག་ནི་དོན་མེད་ལ་གྱི་ནར་འཁྱམ་མོ། །དེས་འདིར་ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཀྱི་ཕར་ཕྱིན་བཞི་ཡང་སེམས་གཙོ་བར་བསྟན་ཏེ། སྡོང་པོ་བཀོད་པའི་མདོ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ནོ། །སེམས་ཅན་ཐམས་ཅད་སྨིན་པར་བྱ་བ་དང་འདུལ་བར་བྱ་བ་ནི་རང་གི་སེམས་ལ་བརྟེན་ནོ་ཞེས་པ་དང་། སེམས་ཀྱི་གསང་ནི་སེམས་ཀྱི་དེ་ཉིད་ཤེས་པའོ། །དེ་ཡང་འོད་སྲུངས་ཀྱིས་ཞུས་པ་ལས། འོད་སྲུངས་སེམས་ནི་ཀུན་ཏུ་བཙལ་ན་མི་རྙེད་དེ། གང་མི་རྙེད་པ་དེ་མི་དམིགས་པའོ། །གང་མི་དམིགས་པ་དེ་ནི་དུས་གསུམ་ལས་འདས་པ་སྟེ། དེ་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་པས་སོ། །དེ་ལྟར་ན་བདག་གི་སེམས་འདི་ནི་འཆད་པར་འགྱུར་བའི་ཚུལ་གྱི་དྲན་པས་ལེགས་པར་གཟུང་། ཤེས་བཞིན་གྱིས་ལེགས་པར་བསྲུང་བར་བྱ་སྟེ། སེམས་བསྲུང་བའི་ནང་དུ་བསླབ་པ་ཐམས་ཅད་འདུས་པའི་ཕྱིར་དེ་ཉིད་བརཏལ་ཞུགས་ཐམས་ཅད་ཀྱི་གཙོ་བོ་ཡིན་གྱི། དེ་མ་གཏོགས་པ་བརཏལ་ཞུགས་མང་པོས་ཅི་ཞིག་བྱ་སྟེ་དོན་མེད་དོ། །དེ་ལྟར་ཡང་ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་རྣམ་པར་གནོན་པའི་བློ་གྲོས་ཀྱིས་གསོལ་པ། ཆོས་ཆོས་ཞེས་བགྱི་བའི་ཆོས་གང་ལགས་པ་དེ་ནི་ཡུལ་ན་མི་གནས་ཕྱོགས་ན་མི་གནས་ཏེ། ཆོས་རང་གི་སེམས་ལ་རག་ལས་པ་ནི་མ་གཏོགས་པས། དེ་ལྟ་བས་ན་བདག་གིས་རང་གི་སེམས་ཤིན་ཏུ་གཟུང་བ་དང་ལེགས་པར་མགུ་བ་དང་། ཤིན་ཏུ་མཐར་གཏུགས་པ་དང་། ཤིན་ཏུ་དུལ་བ་དང་། ཤིན་ཏུ་མཉམ་པར་བརྩམས་པ་དང་ཤིན་ཏུ་ཚར་བཅད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་གང་ན་མཆིས་པ་དེ་ན་ཡོན་ཏན་དང་ཉེས་པ་རྣམས་མཆིས་ཀྱི། སེམས་མ་མཆིས་པ་ལ་ནི། ཡོན་ཏན་དང་ཉེས་པ་རྣམས་མ་མཆིས་སྙམ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཉེས་པ་རྣམས་ལས་སེམས་ཟློག་ནས་ཡོན་ཏན་རྣམས་ལ་འཇུག་སྟེ། དེ་བས་ན་ཆོས་ནི་སེམས་ལ་རག་ལས། བྱང་ཆུབ་ནི་ཆོས་ལ་རག་ལས་ཞེས་བགྱིའོ། །ཞེས་གསུངས་སོ། །སེམས་དེ་ཇི་ལྟར་བསྲུང་བའི་དཔེ་བསྟན་པ། མ་དྲངས་གྲོལ་བ་ཞེས་པ་སྐད་དོད་གཅིག་ལ་གཉིས་སུ་བསྒྱུར་བ་སྟེ། མ་དྲངས་པ་གཤེད་མ་བྱེ་བ་དང་། གྲོལ་བ་བཀག་པ་མེད་པར་སྤྱོད་པ་རྒྱ་ཡན་པ་ཞེས་བྱ། དེའི་ཁྲོད་དུ་གནས་ན་སྐྱེ་བོ་ལུས་ཀྱི་རྨ་ཅན་དག་བསྒྲིམས་ཏེ་རྨ་ལ་གནོད་པ་བྱུང་གིས་དོགས་ནས་བག་ཟོན་བྱེད་པ་བཞིན། སྐྱེ་བོ་ངན་པའི་ཁྲོད་དུ་གནས་པས་ཀྱང་སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང་། རྨ་ལ་གནོད་ན་དུཿཁ་འབྱུང་སེམས་ལ་དེ་ལྟ་མ་ཡིན་ནོ་སྙམ་ན། རྨའི་སྡུག་བསྔལ་ཆུང་ངུ་ཡིས་དེ་ལ་སྐྲག་པའང་སྐྱེས་ནས་རྨའི་བག་བྱེད་ན། དམྱལ་བ་བསྡུས་འཇོམས་ལྕགས་ཀྱི་རི་བོ་ཆེས་འཇོམས་པས་སྐྲག་པ་དག སེམས་ཀྱི་རྨ་ལྟ་ཅིས་མི་བསྲུང་སྟེ་བསྲུང་དགོས་སོ། །རང་གི་སེམས་བསྲུང་བའི་སྤྱོད་པ་འདི་འདྲ་བས་གནས་པར་བྱེད་ན། སྐྱེ་བོ་ངན་པ་མི་རིགས་པར་བྱེད་པའི་ཁྲོད་དུ་གནས་སམ། བུད་མེད་སྡུག་པའི་གནས་བརྒྱད་གཡོ་སྒྱུ་སོ་གཉིས་དང་ལྡན་པའི་ཁྲོད་ན་གནས་ཀྱང་རུང་། སྡོམ་བརྩོན་དེ་ཞེ་མི་སྡང་ཞིང་འདོད་མི་ཆགས་པས་བརྟན་པ་ཉམས་པར་མི་འགྱུར་ཏེ་ཉོན་མོངས་པའི་དབང་དུ་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་གནས་ན་བདག་གི་རྙེད་པ་ཉམས་པར་འགྱུར་རོ་སྙམ་ན། བདག་གི་རྙེད་པ་དང་བཀུར་སྟི་དང་། རང་ལུས་དང་འཚོ་བའི་སྲོག་དང་། དགེ་བ་གཞན་ཡང་ཉམས་ཀྱང་བླའི། སེམས་ནི་ནམ་ཡང་ཉམས་པར་མི་བྱ་སྟེ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་བཅད་ལས། བདག་གི་ནོར་ནི་བཏང་ལ་ལུས་བསྲུང་ངོ་། །ནོར་དང་ལུས་ཀྱང་བཏང་ལ་སྲོག་བསྲུང་ངོ་། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་དང་། །ཐམས་ཅད་བཏང་ནས་འདིར་ནི་ཆོས་བསྲུང་ངོ་། །ཞེས་པས་དངོས་པོ་གསུམ་ལས་ཆོས་གཙོ་བར་གསུངས་པ་ལྷ་བླ་མ་ལྟར་རོ། །དགེ་བའི་ནང་ནས་ཀྱང་བྱང་ཆུབ་སེམས་གཅེས་པར་གཟུང་སྟེ། དེ་མ་ཉམས་ན་དགེ་བ་གཞན་ལས་ཉམས་ཀྱང་བྱང་ཆུབ་སེམས་དཔའི་མིང་མི་འདོར་བས་སྡོང་པོ་མ་ཉམས་པའི་ཡལ་འདབ་བཅད་པ་བཞིན་ནོ། །གཉིས་པ་སེམས་བསྲུང་བའི་ཐབས་དྲན་ཤེས་བཞིན་བསྟེན་པ་ལ། དྲན་ཤེས་བསྲུང་བར་གདམས་པ། དྲན་པ་བསྲུང་བ། ཤེས་བཞིན་བསྲུང་བ་གསུམ་ལས། དང་པོ་ནི། གལ་ཆེ་ཤོས་སེམས་བསྲུང་བ་ཡིན་ཏེ། གང་ལས་བསྲུང་ན་འདོད་པ་རྣམས་ལས་ནི། གང་གིས་སྲུང་ན་དྲན་པ་དང་ནི་ཤེས་བཞིན་དག་གིས། ཇི་ལྟར་བསྲུང་ན་སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། བདག་ནི་གཞན་ལ་དེ་ལྟར་ཐལ་མོ་སྦྱོར་ཏེ་གསོལ་བར་བྱེད་དོ། །འདིར་གནང་བཀག་ལ་གནང་བཀག་ཏུ་ཤེས་ནས་མི་བརྗེད་པ་ནི་དྲན་པ་སྟེ། གཙུག་ན་རིན་པོ་ཆེའི་མདོ་ལས། དྲན་པ་གང་གིས་ཉོན་མོངས་པ་ཐམས་ཅད་འབྱུང་བར་མི་འགྱུར་བ་དང་། དྲན་པ་གང་གིས་བདུད་ཀྱི་ལས་ཐམས་ཅད་སྐབས་མི་འབྱེད་པ་དང་། དྲན་པ་གང་གིས་ལས་ངན་པའམ་ལམ་གོལ་བར་མི་འགྲོ་བ་དང་། དྲན་པ་སྒོ་བ་ལྟ་བུར་གྱུར་པ་གང་གིས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་དགེ་བ་རྣམས་ཀྱི་སྐབས་མི་འབྱེད་པ་འདི་ནི་ཡང་དག་པའི་དྲན་པ་ཞེས་བྱའོ། །ཞེས་སོ། །ལུས་སེམས་ཀྱི་གནས་སྐབས་ལ་སོ་སོར་བརྟགས་ནས་ཡང་དག་པ་ཤེས་པ་ཤེས་བཞིན་ཏེ། ཤེར་ཕྱིན་ལས། སྤྱོད་ན་ཡང་བདག་སྤྱོད་དོ། །ཞེས་རབ་ཏུ་ཤེས་སོ། །འགྲེང་ན་ཡང་བདག་འགྲེང་ངོ་ཞེས་སོགས་གསུངས་པས་སོ། །དྲན་ཤེས་བཞིན་མེད་ན་དཔེར་ན་ནད་ཀྱིས་དཀྲུགས་པའི་མི་དག་ནི། ལས་རྣམས་ཀུན་ལ་མཐུ་མེད་པ་དེ་བཞིན། རྨོངས་པས་སེམས་དཀྲུགས་པས་དགེ་བའི་ལས་རྣམས་ཀུན་ལ་མཐུ་མེད་དོ། །ཤེས་བཞིན་མེད་པའི་སེམས་ལྡན་པའི་ཐོས་པ་དང་བསམ་པ་དང་སྒོམ་པ་ཇི་ལྟར་བྱས་ཀྱང་། གློ་ཞབས་རྡོལ་བའི་བུམ་པའི་ཆུ་བཞིན་དུ་དྲན་པ་ལ་ནི་དེ་མི་གནས་ཏེ་བརྗེད་པས་བུལ་མེད་པར་འགྲོ་ཞེས་པའི་དོན་ནོ། །ཤེས་བཞིན་མེད་ན་ཚུལ་ཁྲིམས་ཕུན་ཚོགས་པར་མི་འགྱུར་བ་ནི། ཐོས་པ་དང་ལྡན་པ་དད་པ་ཅན་དང་ནི། བརྩོན་པ་ལྷུར་ལེན་པ་དུ་མ་ཡང་། ཤེས་བཞིན་མེད་པའི་སྐྱོན་ཆགས་པས་ལྟུང་བའི་རྙོག་མ་དང་བཅས་པར་འགྱུར་ཏེ། མི་ཤེས་པ་ལྟུང་བ་འབྱུང་བའི་སྒོ་ཡིན་པའི་ཕྱིར་རོ། །ཤེས་བཞིན་མེད་པའི་ཉོན་མོངས་པའི་ཆོམ་རྐུན་དག དྲན་པ་ཉམས་པའི་རྗེས་སུ་འབྲངས་པས་རྒྱུ་བསོད་ནམས་དག་ནི་ཉེ་བར་བསགས་ཀྱང་། རྐུན་པོས་ཕྲོགས་པ་བཞིན་དུ་མེད་པར་གྱུར་ནས་ངན་འགྲོར་འགྲོའོ། །དྲན་ཤེས་མེད་ན་འབྲས་བུ་བདེ་འགྲོར་སྐྱེས་པའང་འཇོམས་ཏེ། ཉོན་མོངས་ཆོམ་རྐུན་གྱི་ཚོགས་འདི་ནི་གླགས་སྐབས་ཞེས་རྙེད་ཚོལ་བར་བྱེད་པ་སྟེ། གླགས་རྙེད་གྱུར་ནས་དགེ་བ་ཕྲོག་ཅིང་། བདེ་འགྲོའི་སྲོག་ཀྱང་འཇོམས་པར་བྱེད་པ་ང་ལས་ནུས་བརྒྱ་བྱིན་ལ་ངན་སེམས་སྐྱེས་པ་བཞིན་ནོ། །གཉིས་པ་དྲན་པ་བསྲུང་བ་ལ་རྣམ་པ་གསུམ་སྟེ། དྲན་པ་བསྲུང་བའི་ཚུལ། དྲན་པའི་རྒྱུ་ཕན་ཡོན་དང་བཅས་པ། དྲན་པས་དོན་མེད་པའི་སྤྱོད་པ་སྤང་བའོ། །དེ་ལས་དང་པོ་ནི། དེ་བས་དྲན་པ་ཡིད་ཀྱི་སྒོ་བ་ལྟ་བུ་ཡིན་པས་དེ་ནས་གུད་དུ་ནམ་ཡང་མི་གཏོང་ངོ་། །གལ་ཏེ་བཟུང་དཀའ་ནས་སོང་ནའང་། ངན་སོང་གི་གནོད་པ་དག་དྲན་པར་བྱས་ཏེ་བཀུག་ལ་སྔ་མའི་སྒོར་ཉེ་བར་བཞག་གོ །གཉིས་པ་དྲན་པའི་རྒྱུ་ཕན་ཡོན་དང་བཅས་པ་ནི། བླ་མ་དང་ནི་འགྲོགས་པ་ལས། མཁན་པོའི་རྗེས་སུ་བསྟེན་པ་དང་། གྲོགས་སྐྱེས་བུ་དམ་པས་ཁྲེལ་དོགས་པའི་འཇིགས་པས་སྐལ་ལྡན་གང་བླ་མ་དང་། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་གུས་པར་བྱེད་ལ། དེས་དྲན་པ་བདེ་བླག་ཉིད་དུ་སྐྱེའོ། །གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའ་དག ཀུན་ཏུ་ཐོགས་པ་མེད་པའི་གཟིགས་པར་ལྡན་ལ། དེས་དེ་དག་ཐམས་ཅད་ཀྱི་སྤྱན་སྔ་ན་བདག་ནི་རྟག་པར་གནས་སོ་ཞེས། དེ་ལྟར་བསམས་ནས་ངོ་ཚ་བ་དང་། གུས་པ་དང་འཇིགས་པ་དང་ལྡན་པ་དེ་བཞིན་མནོས་ཏེ། སྐྱེ་རབས་ལས། མ་མཐོང་བར་ནི་སྡིག་པ་སྤྱོད་པ་དག དུག་ཟོས་བཞིན་དུ་བདེ་བར་ག་ལ་འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་གི། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་པས་སོ། །དེ་ལྟར་བྱས་ན་དེ་ནས་སངས་རྒྱས་རྗེས་སུ་དྲན་པའང་དེ་ལ་ཡང་དང་ཡང་དུ་འབྱུང་ངོ་། །གང་གི་ཚེ་དྲན་པ་ཡིད་ཀྱི་སྒོ་ན་བསྲུང་བའི་དོན་དུ་གནས་པར་གྱུར་པ་དེ་ཚེ་ཤེས་བཞིན་འོང་བར་འགྱུར་ཞིང་། སྔར་གུད་དུ་སོང་བའི་དྲན་པ་དག་ཀྱང་སླར་འོང་བར་འགྱུར་རོ། །གསུམ་པ་དྲན་པས་དོན་མེད་པའི་སྤྱོད་པ་སྤོང་བ་ནི། རེ་ཞིག་དང་པོ་མི་དགེ་བ་བྱེད་པའི་བསམ་པ་འདི་འདྲ་བའི་སེམས་འདི་ནི་དུག་འཐུང་འདོད་པ་ལྟར་སྐྱོན་ཆེན་པོ་དང་བཅས་པར་ཤེས་པར་བྱས་ནས། དེ་ཚེ་བདག་ནི་ཤིང་བཞིན་དུ་མི་དགེ་བའི་ཕྱོགས་སུ་མི་གཡོ་བར་ཟུང་ཐུབ་པར་ནི་གནས་པར་བྱ་བའོ། །དེ་ནས་དབང་པོ་སྡོམ་སྟེ་ཇི་ལྟར་ན་དོན་མེད་དུ་མིག་གཡེང་བར་ལྟ་བ་ནི། ནམ་ཡང་བདག་གིས་མི་བྱ་སྟེ། ངེས་པར་སེམས་པས་སམ་ཤེས་བཞིན་དུ་རྟག་ཏུ་ནི། མིག་ནི་ས་ལ་ཕབ་སྟེ་བལྟ་བར་བྱའོ། དེ་ལྟར་ཡུན་རིང་དུ་ལྟ་ལ། དེས་དུབ་པའི་ངལ་གསོའི་ཆེད་དུ་ནི། རེས་འགའ་ཕྱོགས་སུ་བལྟ་བར་བྱ་སྟེ། འདི་དོན་དང་ལྡན་པས་སྔ་མ་དང་མི་འགལ་ལོ། །འགའ་ཞིག་མིག་ལམ་དུ་སྣང་བར་གྱུར་ན། བལྟས་ནས་འོངས་པ་ལེགས་ཞེས་བརྗོད་ཅིང་གཞན་ཡང་ལམ་སོགས་འཇིག་པ་བརྟག་པའི་ཕྱིར། ཡང་དང་ཡང་དུ་ཕྱོགས་བཞིར་ལྟ་བ་དང་། ངལ་གསོ་ཁ་ནི་ཕྱིར་བལྟས་ནས་རྒྱབ་ཀྱི་ཕྱོགས་སུ་དགྲ་ལ་སོགས་པ་མེད་དམ་ཞེས་བལྟ་བར་བྱ། མདུན་དང་རྒྱབ་ཏུ་བརྟག་པ་བྱས་ནས། ཕར་འགྲོའམ་ཡང་ན་ཚུར་འོང་བར་བྱ་སྟེ། དེ་ལྟར་སྒྲ་ཉན་པ་དྲི་མནམ་པ། རོ་དྲོ་བ་རེག་བྱ་དང་དུ་བླང་བའི་གནས་སྐབས་ཐམས་ཅད་དུ་དགོས་པ་ཤེས་ནས་སྤྱད་པར་བྱ། འདི་ལ་དྲན་པའི་སྡོམ་པ་དང་དབང་པོའི་སྡོམ་པ་ཞེས་གསུངས་ཀྱང་། དྲན་པས་སེམས་མི་དགེ་བ་ལ་འཇུག་པ་དགག་པ་དང་། དབང་པོས་ལུས་ངག་མི་དགེ་བའི་བཤེས་གཉེན་དང་ཕྲད་པ་དགག་པ་ཙམ་ལ་སྡོམ་པར་བཞག་པ་ཡིན་ནོ། །གསུམ་པ་ཤེས་བཞིན་བསྲུང་བ་ལ། ཤེས་བཞིན་བསྲུང་བའི་ཚུལ་གྱིས་མདོར་བསྟན། ཤེས་བཞིན་གྱིས་ལུས་བསྲུང་ཞིང་དག་པར་བྱེད་ཚུལ་གྱིས་རྒྱས་པར་བཤད། ཤེས་བཞིན་བསྲུང་བའི་མཚན་ཉིད་ཀྱི་དོན་བསྡུ་བ་གསུམ་ལས། དང་པོ་ལ། ལུས་དང་སེམས་ལ་སོ་སོར་བརྟག་པའི་ཚུལ་གཉིས་ལས། དང་པོ་ནི། སྤྱོད་ལམ་རྣམ་བཞི་གང་ལ་ཡང་ལུས་ཀྱིས་འདི་ལྟར་གནས་པར་བྱ་ཞེས་བྱ་བ་བསྡོགས་ནས་སམ་བརྩམས་ནས་བྱ་ལ། དེ་ནས་ནི་སྐབས་སུ་ལུས་འདི་ཇི་ལྟ་བུར་གནས་པ་ཡིན་ཞེས་བལྟ་བར་བྱ་སྟེ་བརྩམས་པ་ལྟར་མི་འདུག་ན་ཕྱིར་བཅོས་སོ། །གཉིས་པ་ནི། སེམས་ཀྱི་གླང་པོ་ཆེན་པོ་སྔོན་བག་མེད་པའི་ཆང་གིས་མྱོས་པ་ནི། ད་ཆོས་ལ་སེམས་པ་སེམས་འཇོག་པའི་ཚུལ་དགུའི་ཀ་བ་ཆེན་པོ་ལྟ་བུ་ལ་ཇི་ལྟར་བཏགས་པ་དྲན་ཤེས་ཀྱི་ཐག་པས་དམིགས་པ་གཏད་པ་དེ་ལས་གཞན་དུ་མི་འཆོར་བར། དེ་ལྟར་འབད་པ་ཀུན་གྱིས་བརྟག་གོ །ཅི་ནས་བསམ་གཏན་གྱི་ཏིང་ངེ་འཛིན་ལ་བརྩོན་པས་ནི་སྐད་ཅིག་གཅིག་ཀྱང་དགེ་བའི་དམིགས་པ་ལས་གཞན་དུ་མི་འཆོར་བར་གཟུང་ཐུབ་ན། དེ་ནས་ཏིང་ངེ་འཛིན་དེ་ལ་གནས་ནས་བདག་གི་ཡིད་འདི་དམིགས་པ་སྔ་མའམ། དེ་ལས་གཞན་གར་དཔྱོད་ཅེས་དེ་ལྟར་ཡིད་ལ་སོ་སོར་བརྟག དེ་ནི་ཚུལ་བཞིན་ཡིད་ལ་བྱེད་པའི་སོ་སོར་རྟོག་པའི་ཤེས་རབ་བོ། །ལས་དང་པོ་པས་གནས་སྐབས་ཐམས་ཅད་དུ་ཏིང་ངེ་འཛིན་ལ་བརྩོན་པར་བྱ་མི་ནུས་པས། དེ་ལས་ལངས་པའི་རྗེས་ཐོགས་སུ་ཇི་ལྟར་བྱ་ན། དགྲས་འཇིག་པ་དང་། དགའ་སྟོན་སོགས་དང་འབྲེལ་བའི་གནས་སྐབས་དེ་དག་ཏུ། གལ་ཏེ་སྒྲུབ་པར་མི་ནུས་ན་ཅི་བདེར་བྱ་སྟེ། འདི་ལྟར་སྦྱིན་པ་ལ་སློབ་པའི་དུས་དག་ཏུ་གསེར་ལ་རེག་པ་སོགས་བཅས་རྐྱང་གི་ཚུལ་ཁྲིམས་བཏང་སྙོམས་བཞག་པར་གསུངས་པ་བཞིན་ནོ། །དེས་ན་ནུས་པ་ལ་གང་ཞིག་བསམས་ཏེ་བྱར་བརྩམས་པ། དེ་ཁ་ལས་གཞན་དུ་མི་བསམ་སྟེ། དང་པོ་བརྩམས་པ་དེར་ཆེད་དུ་གཏད་པའི་བསམ་པ་ཡིས་དེ་ཉིད་རེ་ཞིག་བསྒྲུབ་པར་བྱ་ལ། དེ་ལྟ་ན་ནི་ཀུན་ལེགས་པར་བྱས། གཞན་དུ་ན་གཉིས་ཀར་མི་འགྱུར་རོ། །འདི་བསླབ་པ་སྔ་མ་ལ་སློབ་འཕྲོ་ལ་སློབ་པར་མ་ནུས་ན་དེ་བཤོལ་ཡང་ཉེས་པ་མེད་པ་དང་། དེ་ལྟ་མིན་ན་སྔ་མ་མ་ཚར་བར་ཕྱི་མ་ལ་ཞུགས་ན་བསླབ་པ་མཐར་ཕྱིན་པའི་གེགས་སུ་འགྱུར་བ་གཉིས་བསྟན་པ་ཡིན་ནོ། །ཤེས་བཞིན་མ་ཡིན་པ་གཏི་མུག་གི་ཆར་གཏོགས་པའི་ཉེ་བའི་ཉོན་མོངས་པ་དེ་ལྟར་ནི་བྱས་ན་འཕེལ་བར་མི་འགྱུར་རོ། །གཞན་གཉིས་ཀ་མི་འགྲུབ་པར་མ་ཟད་འཇུག་པ་མི་བརྟན་པས་ཤེས་བཞིན་མ་ཡིན་པའི་ཉོན་མོངས་ཀྱང་རྗེས་སུ་འཇུག་ཅིང་ཞུགས་ནས་འཕེལ་བར་འགྱུར་རོ། །དེས་ན་དགའ་སྟོན་སོགས་པའི་བྱ་བ་ལ་ཅི་བདེར་བྱ་བ་གནང་ཡང་། འབྲས་བུ་ངན་པའི་བྱ་བ་ལས་སེམས་བསྲུང་དགོས་པ། བྲེ་མོའི་གཏམ་ནི་སྣ་ཚོགས་པ་དང་། ངོ་མཚར་བའི་ལྟད་མོ་རྣམ་པ་མང་པོ་ཀུན་ལ་འཇུག་པར་གྱུར་པ་ན། དེ་དག་ལ་ཆགས་པ་སྤང་བར་བྱའོ། །དོན་མེད་ས་རྐོ་བ་དང་། རྩྭ་གཅོད་པ་དང་། ས་རིས་འབྲི་བ་སོགས་བྱེད་པར་གྱུར་ན་བདེ་གཤེགས་ཀྱིས་གསུངས་པའི་བསླབ་པ་དྲན་པར་བྱས་ནས། སྐྲག་པས་དེའི་མོད་ལ་བཏང་ངོ་། །གཉིས་པ་ཤེས་བཞིན་གྱིས་ལུས་བསྲུང་ཞིང་དག་པའི་ཚུལ་གྱིས་རྒྱས་པར་བཤད་པ་ལ། ལུས་སེམས་ཀྱི་གནས་སྐབས་ལ་སོ་སོར་བརྟགས་པ། ཤེས་བཞིན་གྱིས་ཟིན་པའི་སྤྱོད་པ་ལ་སློབ་པ། ཉམས་ན་ཕྱིར་བཅོས་པ་བཤད་པ་གསུམ་ལས། དང་པོ་ནི། སེམས་དང་ལུས་ཀྱི་གནས་སྐབས་ལ་སོ་སོར་བརྟག་པ་གཉིས་སུ་བཞག་པ་ལས། དང་པོ་ནི། གང་ཚེ་བསྐྱོད་པར་འདོད་གྱུར་ཏམ། སྨྲ་བར་འདོད་པར་གྱུར་ན་ཡང་། དང་པོ་རང་གི་སེམས་དེ་དགེའམ་མི་དགེའམ་ལུང་མ་བསྟན་ཡིན་བརྟགས་ནས་བརྟན་པས་དགེ་བ་རིགས་པ་དང་ལྡན་ན་འཇུག་པར་བྱའོ། །གང་ཚེ་རང་གི་ཡིད་ཆགས་པ་དང་། ཁྲོ་བར་མཐོང་བ་དེ་ཡི་ཚེ་ལུས་ཀྱིས་ལས་སུ་མི་བྱ། ངག་གིས་སྨྲ་བར་མི་བྱ། ཤིང་བཞིན་དུ་ནི་མི་གཡོ་བར་གནས་པར་བྱའོ། །དགོད་པ་དང་ག་ཞར་བཅས་པའམ་གལ་ཏེ་ང་རྒྱལ་གྱིས་རྒྱགས་པ་དང་ལྡན་པའམ། འཚང་འབྲུ་བའི་བསམ་པ་དང་། གལ་ཏེ་སྐྱོན་འབྱིན་ནམ་བསླུ་སེམས་ཀྱིས། གང་གི་ཚེ་བདག་ལ་བསྟོད་པ་ལྷུར་ལེན་པའམ། གཞན་ལ་སྨོད་པ་ཉིད་དང་ནི། གཤེ་བ་བཅས་པས་ཕན་ཚུན་འགྱེད་པ་སྟེ་འཐབ་པ་དང་བཅས་པར་གྱུར་པ་དེ་ཚེ་ཤིང་བཞིན་དུ་གནས་པར་བྱའོ། །རྙེད་དང་བཀུར་སྟི་དང་གྲགས་པ་འདོད་དམ། གཡོག་འཁོར་དོན་དུ་གཉེར་བར་འདོད་པའམ། བདག་གི་སེམས་རིམ་གྲོ་འདོད་གྱུར་ན། དེ་ཚེ་ཡང་ཤིང་བཞིན་དུ་གནས་པར་བྱའོ། །གཞན་གྱི་དོན་ཡལ་བར་འདོར་བ་དང་། རང་གི་དོན་གཉེར་བར་འདོད་པ་དག་སྨྲ་བར་འདོད་པའི་སེམས་བྱུང་བར་གྱུར་ན། དེ་ཚེ་ཤིང་བཞིན་དུ་གནས་པར་བྱའོ། །མ་བཟོད་པ་དང་ལེ་ལོ་དང་། འཇིགས་པ་དང་། དེ་བཞིན་དུ་སྤྱི་བརྟོལ་ལམ་མུ་ཅོར་དང་། རང་གི་ཕྱོགས་སུ་ཞེན་པའི་སེམས་བྱུང་ན། དེ་ཚེ་ཤིང་བཞིན་དུ་གནས་པར་བྱའོ། །དེ་ལྟར་ཀུན་ནས་ཉོན་མོངས་པ་དང་དོན་མེད་རྩོམ་པ་ལུང་མ་བསྟན་ལ་ཡིད་བརྟགས་ནས། དེ་ཚེ་དཔའ་བོ་གཉེན་པོ་ཉེས་སྤྱོད་སྤོང་བ་ཡིས་སེམས་དེ་ནི་བརྟན་པོར་གཟུང་བར་བྱའོ། །དེ་རྣམས་ཀྱིས་སྤང་བྱ་ཉོན་མོངས་ལ་རྟོག་པ་བཤད་ལ། ཤིན་ཏུ་ཞེས་བྱ་བ་སོགས་ཚིགས་བཅད་གསུམ་གྱིས་གཉེན་པོ་ལ་རྟོག་པ་ལེགས་པར་བཤད་ཅིང་། འདི་རྣམས་ལ་དོན་བཞིར་ཕྱེ་སྟེ། སྤང་བླང་ཤིན་ཏུ་ངེས་དང་རབ་དད་དང་། གཉེན་པོ་བརྟན་དང་མཆོད་ཡུལ་ལ་གུས་དང་ཞེ་སར་བཅས་པས་ཁ་ན་མ་ཐོ་བ་འཇོམས་པ་དང་། ངོ་ཚ་ཤེས་དང་ཉེས་སྤྱོད་ཀྱི་རྣམ་སྨིན་ལ་འཇིགས་དང་བཅས་དང་དབང་པོ་དུལ་བས་ཞི་ཞིང་ཞེ་སའི་ཆོས་བརྒྱད་ལ་གནས་པ་གཅིག་པ་དང་། ཆེད་དུ་བྱ་བ་གཞན་དགའ་བྱེད་ལ་བརྩོན་པ་གཉིས་པ་དང་། ཕན་ཚུན་མི་མཐུན་པ་ན་བྱམས་པ་ཡི་འདོད་པ་རྣམས་ཀྱིས་མི་སྐྱོ་ཞིང་། ཉོན་མོངས་སྐྱེས་པ་ན་འདི་དག་ནི། སེམས་འདི་ལས་འབྱུང་ངོ་སྙམ་བརྩེར་ལྡན་དང་ཞེས་པས། བྱམས་པས་ལོག་སྒྲུབ་ལ་སྙིང་བརྩེ་བ་གསུམ་པ་དང་། ཁ་ན་མ་ཐོ་མེད་པའི་དངོས་པོ་ལ། བདག་དང་སེམས་ཅན་དབང་བྱས་ཤིང་། སྤྲུལ་པ་བཞིན་དུ་ང་མེད་པར་ནི་ཡིད་འདི་རྟག་ཏུ་གཟུང་བར་བྱ་སྟེ། བྱ་བ་ལ་རློམ་སེམས་མེད་པར་བསྟན་པ་བཞི་པའོ། །འཁོར་བར་ཡུན་རིང་ཞིག་ལོན་ནས་དལ་བའི་མཆོག་ཐོབ་པ་འདི་ཡང་དང་ཡང་བསམ་ནས། དོན་ཆེན་སྒྲུབ་པའི་སེམས་དེ་ལྟ་བུ་རི་རབ་ལྟར་རབ་ཏུ་མི་གཡོ་བར་གཟུང་བར་བྱ། དེ་ལྟ་ན་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཕན་ཚུལ་འཕེལ་བར་འགྱུར་རོ། །དེ་རྣམས་ཀྱིས་སེམས་སྦྱོང་བའི་སྤྱོད་པ་བསྟན་ནོ། །གཉིས་པ་ལུས་ལ་སོ་སོར་བརྟག་པ་ནི། བྱ་རྒོད་ཤ་ལ་ཆགས་པ་དེ་ཡིས། ཕན་ཚུན་ཀུན་ཏུ་བཤལ་ཞིང་དྲུད་ཅིང་ཁྲིད་ཀྱང་ཡིད་ཁྱོད་མི་དགའ་བར་མི་བྱེད་ན། ད་ལྟ་ཅིའི་ཕྱིར་ལུས་འདི་བསྲུང་བའི་ཁ་ཏ་བྱེད། ལུས་འདི་ཡིད་ཀྱིས་བདག་གིར་བཟུང་བར་བྱས་ནས་སོ་སྙམ་ན། ཡིད་ཁྱོད་ཅིའི་ཕྱིར་ལུས་འདི་སྲུང་བར་བྱེད་དེ་སྲུང་བར་མི་རིགས་སོ། །ཅིས་ན། ཁྱོད་དང་འདི་གཉིས་སོ་སོར་ཡིན་ན། དེས་ཀོ་ཁྱོད་ལ་ཅི་ཞིག་བྱ་ལ། རྨོངས་པའི་ཡིད་ཁྱོད་ཅི་ཡི་ཕྱིར། རྟེན་ཅིག་དགོས་པས་སོ་སྙམ་ན་ནི། ཤིང་ལས་བྱས་པའི་གཟུགས་གཙང་མ་གཟུང་བར་མི་བྱེད། མི་གཙང་ཚོགས་ཀྱི་འཁྲུལ་འཁོར་འདི་ནི་རང་བཞིན་གྱིས་རུལ་བ་ཡིན་ལ། དེ་བསྲུངས་ཏེ་ཅི་ཞིག་རུང་སྟེ། ཐོག་མར་པགས་པའི་རིམ་པ་འདི། ཤ་ལས་རང་གི་བློ་ཡིས་ཐ་དད་ཕྱེ། ཤ་ཡང་རུས་པའི་དྲ་བ་དེ་ལས། ཤེས་རབ་ཀྱི་མཚོན་གྱིས་གུད་དུ་ཕྱེ། རུས་པ་རྣམས་ཀྱང་སོ་སོར་དབྱེ་བྱས་ནས། རྐང་གི་བར་དུ་བལྟ་བར་བྱ་ཞིང་ལུས་འདི་ལ་སྙིང་པོ་ཅི་ཡོད་ཅེས། བདག་ཉིད་ཀྱིས་ནི་བརྟག་པར་གྱིས་ཤིག་དང་། དེ་ལྟར་འབད་དེ་བཙལ་གྱུར་ཀྱང་། དེར་ཁྱོད་ཀྱིས་སྙིང་པོ་མ་མཐོང་ན། ད་དུང་དུ་ཅི་ཕྱིར་ཆགས་པའི་ཚུལ་གྱིས་ཁྱོད་ནི་ལུས་འདི་སྲུང་བར་བྱེད་དོ། །གཞན་ཡང་ཁྱོད་ཀྱིས་ལུས་ལས་འབབ་པའི་མི་གཙང་བ་བཟར་མི་རུང་། ཁྲག་ཀྱང་འཐུང་དུ་མི་རུང་། རྒྱུ་ལྟོའང་གཞིབ་ཏུ་མི་རུང་ན་ལུས་ཀྱིས་ཡིད་ཁྱོད་ལ་ཅི་ཞིག་བྱ། ཉིས་ན་སྟེ་གཉིས་སུ་ན་ཝ་དང་བྱ་རྒོད་ཀྱི་ཟས་ཀྱི་དོན་དུ་འདི་བསྲུང་རིགས་པ་ཞིག་གམ། མི་འོ་ཅོག་གི་ལུས་འདི་ནི་དགེ་བ་ལ་བཀོལ་བར་བྱ་བ་ཉིད་དུ་ཟད་ཀྱི་ཕོངས་པར་བྱ་མི་རིགས་སོ། །འདི་ལྟར་ཁྱོད་ཀྱིས་བསྲུངས་ཀྱང་ནི་འཆི་བདག་བརྩེ་བ་མེད་པ་དེ་ཡིས་ཕྲོགས་ཏེ་བྱ་དང་ཁྱི་ལ་བྱིན་ན། དེ་ཚེ་ཁྱོད་ཀྱིས་ཅི་ཞིག་བྱར་ཡོད། དེས་ན་བྲན་གཡོག་བཀོལ་དུ་མི་བཏུབ་པ་ལའང་། གོས་ལ་སོགས་པ་མ་སྦྱིན་ན་ལུས་འདི་ལ་བསྙོད་པ་སྟེ་བྱིན་ཀྱང་ཕུགས་གཞན་དུ་འགྲོ་ན། ཁྱོད་ཀོ་ཅི་སྟེ་ཤ་ཐང་ཆད་ཆད་དུ་གསོ། ཡང་ན་འདི་ལ་དགེ་བ་བྱེད་པའི་ཕྱིར་གླ་རྔན་བྱིན་ནས་ནི། ད་ནི་རང་གི་དོན་བྱེད་དུ་ཆུག་ཅིག དེ་ལྟར་མི་བྱེད་ན། ཕན་པ་མེད་པར་འདི་ལ་ནི་ཐམས་ཅད་སྦྱིན་པར་མི་བྱའོ། །ཡང་འཁོར་བའི་ཆུ་བོ་ཆེན་པོ་ལས་འགྲོ་བ་དང་འོང་བའི་རྟེན་ཙམ་དུ་ལུས་ལ་གྲུ་ཡི་བློ་བཞག་སྟེའམ། ཡང་ན་སེམས་ཅན་རྣམས་ཀྱི་དོན་སྒྲུབ་པའི་ཕྱིར། ཡིད་བཞིན་གྱི་ནི་ནོར་བུའི་ལུས་སུ་བསྒྱུར། དེ་ལྟར་རང་དབང་ཡོད་པར་བགྱིས་ནས་དེ་བསྲུང་བར་བྱ་སྟེ་འཆད་པར་འགྱུར་བས་སོ། །གཉིས་པ་ཤེས་བཞིན་གྱི་ཟིན་པའི་སྤྱོད་པ་ལ་སློབ་པ་ནི། དུས་རྟག་ཏུ་འཛུམ་པའི་བཞིན་དུ་གྱིས། ཁྲོ་གཉེར་དང་ངོ་ཟུམ་པ་ཡོངས་སུ་ཐོངས་ལ་འགྲོ་བའི་བཤེས་དང་གསོང་པོར་གྱིས། ཁྲི་ལ་སོགས་པ་ལ་བབ་ཅོལ་དུ་སྒྲ་དང་བཅས་པར་མི་དོར་རོ། །འགྲོ་ན་སྒོ་ཡང་དྲག་ཏུ་མི་དབྱེ་སྟེ། རྟག་ཏུ་གཅོམ་བསྐྱུངས་དགའ་བར་བྱ་སྟེ། ཆུ་སྐྱར་བྱི་ལ་ཆོམ་རྐུན་པ་དག སྒྲ་མེད་པར་འཇབ་ཅིང་འགྲོ་བ་ཡིས་མངོན་པར་འདོད་པའི་དོན་འགྲུབ་པར་བྱེད་པས། ལུས་ངག་ཡིད་གསུམ་ཐུབ་པས་དུས་རྟག་ཏུ་དེ་བཞིན་གཅོམ་བསྐྱུངས་བ་སོགས་སྤྱོད་ལམ་དེ་བཞིན་སྤྱད། གཞན་ལ་གཞན་བསྐུལ་འགྱོད་པ་སེལ་བ་དང་། གདམས་ངག་འདེབས་མཁས་ཤིང་མ་བཅོལ་ཕན་པ་བྱེད་པའི་ངག་ཚུར་སྨྲ་བ་བྱུང་ན་གུས་པས་སྤྱི་བོས་བླང་གྱིས་ཏེ། རྟག་ཏུ་ཀུན་གྱི་སློབ་མར་གྱུར་པར་བྱའོ། །ལེགས་པར་སྨྲས་པ་ཐམས་ཅད་ལ་དེ་མགུ་བའི་དོན་དུ་དགེ་བར་གསུངས་ཞེས་བརྗོད་པར་བྱ། གཞན་བསོད་ནམས་བྱེད་པ་མཐོང་གྱུར་ན་བསྟོད་པས་ལེགས་པར་དགའ་བ་བསྐྱེད་དོ། །ལྐོག་ན་ཡོན་ཏན་བརྗོད་པར་བྱ་ཞིང་། གཞན་གྱི་ཡོན་ཏན་བརྗོད་ན་རྗེས་སུ་འབྲངས་ནས་དེའི་ཡོན་ཏན་བརྗོད། གཞན་དེ་ཉིད་རང་གི་ཡོན་ཏན་བརྗོད་ཀྱིན་འདུག་ན་དེའི་ཡོན་ཏན་དང་ཚུར་བདག་ལ་བརྗོད་ན། བདག་གི་དེ་ལྟར་ཡོན་ཏན་ཤེས་པར་བྱ་སྙམ་རིག་པར་བྱའོ། །དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་བྱང་སེམས་ཀྱི་རྩོམ་པ་ཐམས་ཅད་གཞན་དགའ་ཕྱིར་ཏེ། དེ་ནི་རིན་གྱིས་ཉོ་ནའང་དཀོན། དེ་ལྟས་གཞན་གྱིས་བྱས་པའི་ཡོན་ཏན་གྱིས་བདག་དགའ་བའི་བདེ་བ་སྤྱད་པར་བྱ་ཡི། དེ་ལྟར་བྱས་པས་བདག་ལ་འདིར་ཟས་ནོར་ལྟ་བུ་ལ་གོད་པ་ཡོད་མེད་ལ། དེས་ཕ་རོལ་ཏུ་ཡང་བདེ་བ་ཆེ་བ་ཐོབ་པས་དང་། ཉེས་པས་དེ་ལ་མི་དགའ་ཕྲག་དོག་ན་ཚེ་འདིར་མི་དགའ་སྡུག་བསྔལ་ཞིང་། ཕ་རོལ་ཏུ་ཡང་སྡུག་བསྔལ་ཆེ། དེས་ན་སེམས་ཅན་མགུ་བར་བྱ་བའི་ཕྱིར། སྨྲ་ན་ཡིད་ཕེབས་པ་འབྲེལ་བ་དང་། དོན་གསལ་ལ་ཡིད་དུ་འོང་བ་དང་། ཆགས་པ་དང་ཞེ་སྡང་གི་ཚིག་སྤངས་པ་དང་། འཇམ་ཞིང་རན་པར་སྨྲ་བར་བྱའོ། །མིག་གིས་སེམས་ཅན་ལ་བལྟ་ན་ཡང་། འདི་དག་ཉིད་ལ་བརྟེན་ནས་བདག་ནི་སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟའོ། །དགེ་བ་ལ་འཇུག་པའི་ཕྱིར། རྟག་པར་མངོན་ཞེན་གྱི་འདུན་པ་དྲག་པོས་བསླངས་བའམ་མ་ཆགས་པ་ལ་སོགས་པ་གཉེན་པོ་ཡིས་ནི་ཀུན་ནས་བསླངས་བ་ཉིད་ཀྱིས་དགེ་བའི་ཡོན་ཏན་གྱི་ཞིང་དཀོན་མཆོག་གསུམ་དང་ནི་ཕན་འདོགས་ཀྱི་ཞིང་ཕ་མ་ལ་སོགས་པ་དང་། སྡུག་བསྔལ་གྱི་ཞིང་ནད་པ་ལ་སོགས་པ་ལ་དགེ་བ་བྱས་པ་ནི་སྟོབས་ཆེན་པོར་འགྱུར་བ་ཡིན་ནོ། །ཁྱད་པར་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སློབ་པའི་ཕྱིར་མཁས་ཤིང་དད་དང་ལྡན་པར་བྱས་ནས། ཕྱིན་དྲུག་གི་ལས་རྣམས་བདག་གིས་རྟག་ཏུ་བྱ། ལས་རྣམས་ཀུན་ལ་སུ་ཞིག་ལའང་ལྟོས་པར་བྱ་བ་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དྲུག་ལ། གོང་ནས་གོང་དུ་སྦྱིན་པ་ལས་ཚུལ་ཁྲིམས་ལྷག་པ་ལྟ་བུར་ཁྱད་ཞུགས་པར་སྤྱད་ལ། དོན་ཆུང་ངུའི་ཕྱིར་ནི་ཆེ་མི་བཏང་ལ། ཆེན་པོའི་ཕྱིར་ཆུང་ངུ་བཏང་། གཙོ་ཆེར་གཞན་གྱི་དོན་བསམ་མོ། །དེ་ལྟར་རིག་པར་བྱས་ནས་གཞན་དོན་ལ་རྟག་ཏུ་བརྩོན་པར་གནས་པར་བྱའོ། །ཐུགས་རྗེ་མངའ་བ་སངས་རྒྱས་ཀྱིས་རིང་ནས་གཟིགས་པས། ལུས་ངག་གི་མི་དགེ་བདུན་སོ་ཐར་དུ་བཀག་པ་རྣམས་ཀྱང་དེ་ལ་གནང་སྟེ། མདོ་ལས་གལ་ཏེ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ལྟུང་བའི་རྩ་བ་བཞི་པོ་ཐམས་ཅད་ཞིག་པར་གྱུར་ཀྱང་། ཐབས་ལ་མཁས་པ་འདིས་སེལ་བར་བྱེད་པ་ལྟར་ན་བྱང་ཆུབ་སེམས་དཔའ་ལ་ལྟུང་བ་མི་འགྱུར་བ་ང་སྨྲའོ་གསུང་ལ། རབ་བྱུང་ལ། བསླབ་བཏུས་ལས། ཇི་སྟེ་དེ་ལ་སེམས་ཅན་གྱི་དོན་དུ་འགྱུར་བ་ལྷག་པར་མཐོང་ན་བསླབ་པ་དབུལ་ལོ་ཞེས་གསུངས་ལ། སྔ་མ་སྤྱིར་བཏང་། འདི་དམིགས་བསལ་ཏེ་སུ་ལྟ་བུ་ལ་ན། བྱང་སར་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཉན་ཐོས་ཀྱི་བསྟན་པ་མི་འཇིག་པར་རྗེས་སུ་བསྲུང་བས་ནི་མི་ཚངས་པར་སྤྱོད་པ་བསྟན་པ་རྣམ་པ་ཐམས་ཅད་དུ་མི་བྱའོ་ཞེས་པས། ཉན་ཐོས་ཀྱི་བསྟན་སྐྱོང་གཞན་གྱི་མཁན་པོ་སོགས་བྱེད་པའི་དབང་དུའོ། །ཡང་བསླབ་བཏུས་ལས། ས་ཐོབ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་ལ་འདི་བསམ་པར་བྱ་ཡི། གཞན་ལ་ནི་མ་ཡིན་ནོ་ཞེས་ཀྱང་དེ་ལ་དགོངས། བྱང་སེམས་རབ་ཏུ་བྱུང་བ་བསོད་སྙོམས་ལ་འགྲོ་བ་ན་བསོད་སྙོམས་པའི་བསླབ་བྱ་རྣམས་དྲན་པར་བྱ་ཞིང་། ཕྱིར་ལོག་ནས་རྙེད་པ་ཆ་བཞིར་བྱས་པའི་གསུམ་ལོག་པར་ལྟུང་བ་ངན་འགྲོ་དང་མགོན་མེད་དེ་སྤྲང་པོ་དང་། བརཏལ་ཞུགས་ལ་གནས་པ་ཚངས་པར་སྤྱོད་པ་ལ་བགོ་བྱ་ཞིང་། རང་རན་པ་ཙམ་དུ་བཟའ་བྱ་སྟེ། ཉུང་ན་ཧ་ཅང་ཉམས་སྨད་པས་དགེ་བ་སྦྱོར་མི་ནུས། མང་ན་ལྕི་ནས་གཉིད་ཀྱིས་ནོན་པར་འགྱུར་བས་སོ། །ཟ་བ་ན་ལུས་ཀྱི་སྲིན་བུའི་རིགས་རྣམས་ད་ལྟ་ཟང་ཟིང་གིས་བསྡུས་ནས་མ་འོངས་པ་ན་ཆོས་ཀྱིས་བསྡུ་བར་བྱ་སྙམ་དུ་བསམ་ལ་བཟའ། འདིས་མཚོན་ནས་ལོངས་སྤྱོད་ཐམས་ཅད་གཞན་དོན་དུ་བྱིན་གྱིས་བརླབས་ནས་སྤྱད་དགོས་ཀྱི། རང་ལ་ཆགས་པས་སྤྱད་ན་ཉོན་མོངས་ཅན་གྱི་ལྟུང་བར་འགྱུར་རོ། །ཟས་ཟོས་ནས་དགེ་བའི་ཕྱོགས་ལ་བརྩོན་པར་བྱ་སྟེ། དེ་ལྟ་མ་ཡིན་ན་དད་རྫས་དུག་ཏུ་འགྲོ་བ་ཡིན་ཏེ། རིན་པོ་ཆེའི་ཕུང་པོའི་མདོ་ལས། དགེ་སློང་གཉིས་ལ་དད་པས་བྱིན་པ་གནང་སྟེ། གཉིས་གང་ཞེ་ན། ལྡན་པ་དང་གྲོལ་བའོ། །དགེ་སློང་དག་དགེ་སློང་ལྡན་པ་རྣལ་འབྱོར་སྤྱོད་པ་ངའི་བསྟན་པ་ལ་ཞུགས་པ་འདུ་བྱེད་ཐམས་ཅད་མི་རྟག་པར་མཐོང་། འདུ་བྱེད་ཐམས་ཅད་དུཿཁ་བར་མཐོང་། ཆོས་ཐམས་ཅད་ལ་བདག་མེད་པར་མཐོང་། མྱ་ངན་ལས་འདས་པ་ཞི་བར་རྟོགས་པས་ནི་རི་རབ་ཙམ་གྱི་ཁམ་དག་གི་དད་པས་བྱིན་པ་ལོངས་སུ་སྤྱད་ཀྱང་དེའི་ཡོན་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །ཞེས་དང་། སངས་རྒྱས་ཀྱི་སྡེ་སྣོད་ཀྱི་མདོ་ལས། ཤཱ་རིའི་བུ་བཀྲེས་པས་རང་གི་བརླའི་ཤའམ་དཔུང་པའི་ཤ་ཟོས་པ་ནི་བླ་ཡི། ཉེས་དམིགས་སུ་མི་ཤེས་པས་དད་པས་བྱིན་པ་ལོངས་སྤྱོད་པར་བྱེད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་གསུངས་པས་སོ། །རབ་བྱུང་ཡིན་ན་རང་གི་ཡོད་བྱད་ཆོས་གོས་གསུམ་མ་གཏོགས་པ་སྦྱིན་ལ། ལས་དང་པོ་པས། དམ་པའི་ཆོས་ནི་སྤྱོད་པའི་ཕྱིར་ལུས་ལ་དོན་ཕྲན་ཚེགས་ཀྱི་ཆེད་དུ་གནོད་པར་མི་བྱ། དེ་ལྟར་རྟེན་དལ་འབྱོར་བསྲུང་བར་བྱས་ན། སེམས་ཅན་གྱི་བསམ་པ་མྱུར་དུ་རྫོགས་པར་བྱེད་པར་འགྱུར་བའི་སྐབས་ཡོད་པའི་ཕྱིར། དེས་ན་སྙིང་རྗེའི་བསམ་པ་མ་དག་པར་སོ་སྐྱེའི་དུས་ལུས་འདི་བཏང་བར་མི་བྱ་སྟེ། སློབ་དཔོན་རང་གིས། དཔེར་ན་སྨན་ཤིང་ལྗོན་པ་བལྟ་སྡུག་པ། །རྩ་བ་ལ་སོགས་སྤྱད་འོས་ས་བོན་ནི། །སྦྱིན་ཡང་དུས་མིན་སྤྱད་ལས་བསྲུང་བྱ་བ། །རྫོགས་པའི་སངས་རྒྱས་སྨན་ཤིང་དེ་བཞིན་ནོ། །ཞེས་གསུངས་སོ། །ལྷག་བསམ་དག་པ་ཐོབ་ནས་ཅི་ནས་འདི་དང་གཞན་དུ་དོན་ཆེན་སྒྲུབ་པའི་རྒྱུར་ལུས་བཏང་ངོ་། །ཆོས་ཀྱི་སྦྱིན་པ། མ་གུས་པ་ལ་ཆོས་མི་བཤད་དེ། བཤད་ན་དེས་དེ་ཉམས་པར་བྱས་པར་སོང་བ་ཡིན་ནོ། །དེ་བཞིན་མི་ན་བཞིན་དུ་མགོ་དཀྲིས་དང་། གདུགས་དང་འཁར་བ་མཚོན་ཐོགས་དང་། མགོ་བོ་གཡོགས་པ་དག་ལའང་མིན། དམན་པ་ལ་ཟབ་དང་རྒྱ་ཆེ་བ་ཐེག་ཆེན་བཤད་པར་མི་བྱ་བ་དང་། སྐྱེས་པ་མེད་པར་བུད་མེད་གཅིག་པུ་ལ་མིན། དམན་དང་མཆོག་གི་ཆོས་རྣམས་ལ་བཟང་ངན་དུ་མི་རྟོག་པར་མཚུངས་པར་གུས་པས་ཀུན་ཏུ་སྤྱད། ཡང་རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ་ཐེག་ཆེན་གྱི་རིགས་ཅན་དམན་པའི་ཆོས་ལ་སྦྱར་བར་མི་བྱ། སྡོམ་པའི་བསླབ་པ་སྤྱོད་དགོས་པ་ཡོངས་སུ་འདོར་མི་བྱ་ཞིང་། མདོ་སྡེ་བཀླག་པ་དང་། སྔགས་ཀྱི་བཟླས་བརྗོད་བྱས་པ་ལྷག་གོ་ཞེས་བློ་འདྲིད་མི་བྱ། འཆད་ཚེ་ཆོས་ལ་རིམ་གྲོ་བྱ་བའི་སྤྱོད་པ་ཡོངས་སུ་དོར་བར་མི་བྱའོ། །ཉིན་མོ་མ་དད་པར་འགྱུར་བའི་སྤྱོད་པ་སོ་ཤིང་དང་ནི་མཆིལ་མ་དག དོར་བ་ན་ནི་དགབ་པར་བྱ། གཅིན་ལ་སོགས་པའང་ལོངས་སྤྱོད་པའི་ཆུ་དང་ཐང་ལ་དོར་བ་སྨད་པས་མི་བྱ། ཁ་བཀང་བ་དང་སྒྲ་བཅས་དང་། ཁ་གདངས་ནས་ནི་བཟའ་བར་མི་བྱ། རྐང་པ་བརྐྱང་སྟེ་མི་འདུག་ཅིང་། ལག་པ་ཡང་མཉམ་པར་མི་མཉེའོ། །བཞོན་པ་དང་མལ་སྟན་དང་། གནས་དབེན་པ་དག་ཏུ་བུད་མེད་གཞན་དང་ལྷན་ཅིག་ཏུ་གནས་པར་མི་བྱ། མདོར་ན་འཇིག་རྟེན་མ་དད་པ་སྐྱེ་བར་འགྱུར་པ་ཀུན་རང་གིས་མ་མཐོང་དང་། མ་ཐོས་པ་བླ་མ་ལ་དྲིས་ཏེ་སྤང་བར་བྱ། སོར་མོས་བརྡ་ནི་མི་བྱ་སྟེ། གུས་པ་དང་བཅས་པས་གཡས་པ་ཡི་ལག་པ་དག་ནི་ཀུན་གྱིས་ཀྱང་། ལམ་ཡང་དེ་ལྟར་བསྟན་པར་བྱའོ། །ལག་པ་ཤས་ཆེར་བསྐྱོད་མིན་ཏེ། ཅུང་ཟད་བསྐྱོད་ལ་སྒྲ་བསྒྲགས་པས་སམ། སེ་གོལ་ལ་སོགས་བརྡ་བྱ་བ་སྟེ། གཞན་དུ་ན་མ་བསྡམས་པར་འགྱུར་རོ། །མཚན་མོ་གཉིད་ཀྱི་དུས་ལུས་བསྲུང་བ་མགོན་པོ་མྱ་ངན་འདས་གཟིམས་ལྟར། འདོད་པའི་ཕྱོགས་སུ་ཉལ་བར་བྱའི། ཤེས་བཞིན་གྱིས་གཉིད་དེ་ལ་མྱུར་དུ་ལྡང་སེམས་ལ་ཐོག་མ་ཉིད་དུ་ངེས་པར་སྦྱར་རོ། །གསུམ་པ་ཉམས་ན་ཕྱིར་བཅོས་པ་བཤད་པ་ནི། ལུང་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་དག ཚད་མེད་པར་ནི་གསུངས་པ་ལས། གང་སློབ་པར་མ་ནུས་ན་སེམས་སྦྱོང་བ་ཡི་སྤྱོད་པ་ལ་ནི། ངེས་པར་སེམས་ཀྱི་དྲི་མ་དག་པ་དེ་སྲིད་དུ་སྤྱད་པར་བྱའོ། །སེམས་དག་པར་བྱེད་པ་ལ་ལྟུང་བ་བྱུང་ན་བཤགས་དགོས་ལ། གང་བཤགས་པའི་བྱང་ཆུབ་སེམས་དཔའི་ལྟུང་བ་ནི་གཞན་དོན་ལས་ཉམས་པ་ཁོ་ན་ལས་འབྱུང་ལ། དེ་ཡང་བསླབ་བཏུས་སུ། ལྟུང་བ་དང་ལྟུང་བའི་གཟུགས་བརྙན། ལྟུང་མེད་དང་ལྟུང་མེད་ཀྱི་གཟུགས་བརྙན་ཞེས་སྤྱི་ཁོག་བཞི་བཤད་པའི་དང་པོ་དང་། ཕྱི་མ་ཁོ་ན་བཤགས་བྱ་སྟེ་གཞན་གཉིས་ནི་ཉེས་མེད་དོ། . །དེ་བཤགས་པའི་ཚུལ་ནི། མི་དགེ་བའི་ལས་ཀྱི་འབྲས་བུ་མཐོང་ནས་སྡིག་པ་བྱས་པ་ལ་འགྱོད་པ་ཆེན་པོ་ལྡང་བས། ཉིན་ལན་གསུམ་མཚན་མོ་ལན་གསུམ་དུ་ཕུང་པོ་གསུམ་པ་འདོན་བྱ་ཞིང་སྟེ། བསླབ་བཏུས་ལས། སྡིག་བཤགས། ཡི་རང་། བསྐུལ་བ་གསུམ་ལ་ཕུང་པོ་གསུམ་པར་བཤད། ཉེ་བར་འཁོར་གྱིས་ཞུས་པ་ལས། འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་གལ་ཏེ་སྔ་དྲོའི་དུས་ན་ལྟུང་བ་བྱུང་ཡང་། ཕྱི་དྲོའི་དུས་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ་སོགས་གསུངས། དེར་ལྟུང་བ་ལྕི་ཡང་གི་བཤགས་ཚུལ་གསུངས་ནས། དེ་ལས་གཞན་པའི་ལྟུང་བ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་ལྔ་ལ་གཅིག་པུས་ཉིན་མཚན་དུ་བཤགས་པར་བྱའོ་ཞེས་པས། ལྟུང་བཤགས་ལས་ཕྱག་དང་། བཤགས་པ་དང་། བསྔོ་བ་ཕུང་པོ་གསུམ་པར་བྱས་ལ། ཕྱིན་ཆད་མི་བྱེད་པའི་སྡོམ་སེམས་བྱའོ། །རྒྱལ་དང་བྱང་ཆུབ་སེམས་དཔའ་བརྟེན་པས་ལྟུང་བའི་ལྷག་མ་དེས་ཞི་བར་བྱའོ། །དེ་རྣམས་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་དབང་དུ་མཛད་ལ། རང་ངམ་ནི་དགེ་བ་ཆོས་སྡུད་གཞན་གྱི་དབང་ཡང་རུང་ནི། སེམས་ཅན་དོན་བྱེད་དེ་དག་སོ་སོ་གནས་སྐབས་གང་དུ་ཅི་སྤྱོད་ཀྱང་། བསླབ་པར་གསུངས་པ་གང་ཡིན་པའི་གནས་སྐབས་དེ་ལ་འབད་དེ་བསླབ་བོ། །རྒྱས་པར་ན་རྒྱལ་སྲས་རྣམས་ཀྱིས་ཐམས་ཅད་མཁྱེན་པའི་ཕྱིར་དུ་མི་སློབ་པ་དེ་ནི་གང་ཡང་ཡོད་པ་མིན་ཏེ། འདིས་ཐེག་དམན་ལ་སློབ་པའང་བསྟན་ལ། དེ་ནི་ཤེས་བྱའི་ཕྱིར་སློབ་ཀྱི། མངོན་དུ་བྱ་བའི་ཕྱིར་ནི་མ་ཡིན་ནོ། །དེ་ལྟར་གནས་པའི་མཁས་པ་དེ་ལ་བསོད་ནམས་མི་འབྱུང་བ་གང་ཡང་མེད་དོ། །དངོས་སམ་ཡང་ན་བརྒྱུད་པས་ཀྱང་རུང་། སེམས་ཅན་དོན་ལས་གཞན་མི་སྤྱད་ལ། སེམས་ཅན་ཁོ་ནའི་དོན་གྱི་ཕྱིར་དུ་སྤྱོད་པ་ཐམས་ཅད་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར་བསྔོའོ། །བསླབ་པ་དེ་དག་ཇི་ལྟ་བར་ཤེས་པར་བྱ་བ་དགེ་བའི་བཤེས་གཉེན་བསྟེན་པ་ལས་ཡིན་པས་རྟག་པར་དགེ་བའི་བཤེས་གཉེན་བསྟེན་ལ། བསྟེན་བྱ་དེ་ནི་ཐེག་ཆེན་གྱི་དོན་ལ་མཁས་པ་དང་། བྱང་ཆུབ་སེམས་དཔའི་བརཏལ་ཞུགས་མཆོག་དང་ལྡན་པ་ཡིན་ལ། དེ་སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །དཔལ་འབྱུང་བ་ཡི་རྣམ་པར་ཐར་པ་ལས། བླ་མ་བསྟེན་པའི་ཚུལ་རྒྱས་པར་བཤད་པ་ལྟར་བསླབ། མདོར་བསྡུ་ན་དེར་རིགས་ཀྱི་བུ་ཁྱོད་ཀྱིས་ནི་རང་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་བསྐྱེད་པར་བྱའོ། །རྗེས་སུ་བསྟན་པ་ལ་ནི་སྨན་གྱི་འདུ་ཤེས་དང་། ནན་ཏན་ཉམས་སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་སོགས་ལྟར་དུའོ། །འདི་ཉིད་དང་འདིར་མ་བཤད་པ་སངས་རྒྱས་ཀྱིས་བཀའ་སྩལ་པ་གཞན་མདོ་སྡེ་བཀླགས་ནས་ཤེས་པར་བྱ་སྟེ། མདོ་སྡེ་རྣམས་ལས་ནི་བསླབ་པ་རྒྱས་པ་སྣང་གི། དེ་བས་ན་མདོ་སྡེ་བཀླག་པར་བྱ་ལ། དེ་ལས་ནམ་མཁའི་སྙིང་པོའི་མདོ་སྡེ་ནི། ཐོག་མ་ཉིད་དུ་བལྟ་བར་བྱ་སྟེ། གང་གི་ཕྱིར་རྟག་ཏུ་སྤྱད་པ་ནི། དེ་ལས་སྡོམ་པ་འཇིག་པར་བྱེད་པའི་རྩ་བའི་ལྟུང་བ་རྒྱལ་པོའི་ལྔ། བློན་པོའི་ལྔ། བྱང་སེམས་ལས་དང་པོ་པའི་བརྒྱད་དེ་བཅོ་བརྒྱད། དེ་དག་ཕྱིར་བཅོས་པ་བྱང་སེམས་ནམ་མཁའི་སྙིང་པོའི་མིང་ནས་སྨོས་ཏེ། ཕྱག་བཙལ་གསོལ་བ་བཏབ་པ་དང་། དེ་རང་གཟུགས་སམ་བྲམ་ཟེ་སོགས་ཀྱི་གཟུགས་སུ་བསྟན་ནས་ལྟུང་བ་འཆགས་སུ་འཇུག་པ་དང་། དེ་དེ་ལ་ཐེག་པ་ཆེན་པོའི་ཐབས་ཤེས་པ་འདི་ལྟ་བུ་ཡང་སྟོན་ཏེ་ཐབས་ཤེས་པ་ལ་མཁས་པ་དེས། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེས། དེ་ཉིད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་བོ་ཞེས་སོགས་རྒྱ་ཆེར་རབ་ཏུ་སྟོན་པས་སོ། །འདི་རྣམས་བྱང་ས་ནས་བཤད་པའི་བཞིར་འདུ་སྟེ། རྒྱལ་བློན་གྱི་ལྟུང་བ་དང་པོ་དང་། གསུམ་པ་དང་། དགེ་འདུན་གྱི་དབྱེན་དང་། ལས་དང་པོ་པའི་ལྟུང་བ་བདུན་དང་བརྒྱད་པའི་ལྷག་མ་ནི་སེར་སྣས་ནོར་མི་སྟེར་བར་འདུས། ཞི་གནས་འདོར་བ་ནི་ཆོས་མི་སྟེར་བར་འདུས། ལྔ་པའི་གཉིས་པ་དང་བརྒྱད་པའི་དང་པོ་ནི་ཐེག་ཆེན་སྤོང་བས་བསྡུས་ལ། བརྒྱད་པའི་གཉིས་པ་དང་ལོག་ལྟ་ནི་དམ་ཆོས་འདྲར་སྣང་སྟོན་པར་འདུས། གསུམ་པ་ལྔ་པ་དྲུག་པ་རྣམས་བདག་བསྟོད་གཞན་སྨོད་ཀྱིས་བསྡུས། ལྔ་པོའི་གསུམ་པ་བཞི་པོའི་ལྷག་མ་གྲོང་སོགས་འཇིག་པ་བརྡེགས་པས་བསྡུས་པར་ཐུབ་དགོངས་སུ་བཤད་དོ། །གཞན་ཡང་རྒྱས་པ་བསླབ་པ་ཀུན་ལས་བཏུས་པ་ཉིད་ཀྱིས་མཛད་པ་ཡང་། ངེས་པར་ཡང་དང་ཡང་དུ་བལྟ་བར་བྱ་སྟེ། དེར་ལས་དང་པོ་པའི་བྱ་བ་གཙོ་བོར་བཏོན་ནས་བཤད་པའི་ཕྱིར་ཡང་དེ་ཙམ་མི་ནུས་ན། རེ་ཞིག་མདོར་བསྡུས་པས། མདོ་རྣམས་ཀུན་ལས་བཏུས་པ་བལྟའོ། །གཞན་ཡང་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསླབ་བཏུས་མདོ་བཏུས་གཉིས་པོའང་འབད་པས་བལྟ་བར་བྱའོ། །མདོར་བསྡུ་ན་གང་ལས་ཀྱང་གང་ནི་མ་བཀག་པ་དེ་ཉིད་སྤྱད་པར་བྱ་བ་སྟེ། གནང་བའི་ཕྱོགས་དང་མཐུན་པའོ། །འཇིག་རྟེན་སེམས་ནི་བསྲུང་བའི་ཕྱིར་བཀག་ཀྱང་། གནས་སྐབས་འགའ་ཞིག་ཏུ་བསླབ་པར་གནང་བ་མཐོང་ནས་དགོས་པ་དེ་ཉིད་ཀྱི་སྐབས་སུ་ཡང་དག་པ་སྤྱད་དུ་རུང་སྟེ། འདི་ལ་འགྱོད་པར་མི་བྱའོ། །གསུམ་པ་ཤེས་བཞིན་གྱི་མཚན་ཉིད་བསྟན་པས་དོན་བསྡུ་བ་ནི། ལུས་དང་སེམས་ཀྱི་གནས་སྐབས་གཉིས་ལ་ཡང་དང་ཡང་དུ་བརྟག་པར་བྱ་བ་འདི་ཉིད་ཁོ་ན་མདོར་བསྡུ་ན་ནི། ཤེས་བཞིན་བསྲུང་བ་ཞེས་བྱ་བའི་མཚན་ཉིད་དོ། །གསུམ་པ་གཉིས་པོ་ཉམས་ལེན་གྱི་གཙོ་བོར་གདམས་པ་ནི། ལུས་ངག་ཡིད་ཀྱིས་འདི་དག་དཔྱད་པར་བྱ་དགོས་ལ། གཞན་དུ་ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ་སྟེ། སྨན་དཔྱད་ཀྱི་དཔེ་བཀླགས་པ་ཙམ་གྱིས་ནི་ནད་པ་དག་ལ་ཕན་པར་འགྱུར་རམ་སྟེ་མི་འགྱུར་བ་བཞིན་ནོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཤེས་བཞིན་བསྲུང་བར་བྱ་བ་སྟེ་ལེའུ་ལྔ་པའོ།། །། ༈ གཉིས་པ་སྒྲུབ་པའི་སྤྱོད་པ་ཕར་ཕྱིན་ལ་སྤྱོད་པ་ལ་གསུམ་སྟེ། སྤྱི་བཤད་ཀྱིས་རྒྱལ་བའི་གཞུང་ལམ་དབྱེ། མཐའ་དཔྱད་ཀྱིས་ས་མཁན་གྱི་གྲོགས་བཙལ། བསླབ་གསུམ་གྱིས་དེར་བགྲོད་པའི་ཚུལ་གསུམ་ལས། དང་པོ་ནི། སྡུད་པ་ལས། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུངས་པས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་གང་ནས་སངས་རྒྱས་སུ་བྱོན་པའི་གཞུང་ལམ་ཡིན་ནོ། །དེས་ན་བྱང་ཆུབ་ཏུ་སེམས་བསྐྱེད་པས་དམ་བཅའ་བ་དེ་འགྲུབ་པ་ཕ་རོལ་ཏུ་ཕྱིན་པ་ལ་རག་ལས་ཏེ། ཡུམ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པར་འདོད་པས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་པས་སོ། །ཕ་རོལ་ཏུ་ཕྱིན་པའི་དོན་ཡང་འཁོར་གསུམ་དམིགས་པ་ཉེ་བར་ཞི་བ་ལ་བྱ་ལ། དེ་ནི་ས་རབ་ཏུ་དགའ་བ་མ་ཐོབ་པར་མི་འབྱུང་བས། དེའི་སྔོན་རྗེས་སུ་སྦྱིན་པ་ལ་སོགས་པའི་དགེ་བ་དེ་དག བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་ཕྱིན་པར་བྱེད་པ་ནི་སྤྱོད་པ་ཡོངས་སུ་བསྔོ་བས་ཏེ། དེའི་ཕྱིར་ཕར་ཕྱིན་དངོས་ནི་ཤེས་རབ་ཡིན་ལ། སྔ་མ་ནི་དོན་དམ་རྟོགས་པས་ཕ་རོལ་ཏུ་ཕྱིན་པ། ཕྱི་མ་ནི་ཀུན་རྫོབ་ཐབས་ལ་མཁས་པས་ཕར་ཕྱིན་དུ་སོང་བ། ཆུ་ཐིགས་རྒྱ་མཚོར་བླུགས་པས་དེ་མ་ཟད་ཀྱི་བར་དུ་ཆུ་ཐིགས་དེ་མི་བསྐམས་པ་བཞིན་ནོ། །དེ་ལྟ་བུའི་ཕར་ཕྱིན་གྱི་དབྱེ་བ་ཡུམ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་དེ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱའོ་ཞེས་པས། སྦྱིན་པའི་ཕར་ཕྱིན། ཚུལ་ཁྲིམས་ཀྱི། བཟོད་པའི། བརྩོན་འགྲུས་ཀྱི། བསམ་གཏན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཕྱི་མ་ལས་ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཀྱི་ཕར་ཕྱིན་བཞི་ཕྱེ་ནས་བཅུ། བསྐལ་བཟང་ལས་ཕར་ཕྱིན་བརྒྱ་རྩ་བརྒྱད་སོགས་མདོ་ལས་མང་དུ་གསུངས་ཀྱང་། ཛམྦུ་གླིང་གི་ཆུ་བྲན་གངྒཱ་དང་སིནྡྷཱུར་འདུ་བ་བཞིན་དུ་དྲུག་པོའི་ནང་དུ་འདུའོ། །གཉིས་པ་མཐའ་དཔྱད་ཀྱིས་ས་མཁན་གྱི་གྲོགས་བཙལ་བ་ནི། སྦྱིན་པས་ལོངས་སྤྱོད། ཁྲིམས་ཀྱིས་ལུས། བཟོད་པས་འཁོར་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་ལ། ཕྱི་མ་གཉིས་ཀྱིས་ཉོན་མོངས་པ་རྣམས་ཀྱི་དབང་དུ་མི་འགྲོ་བ་དང་། བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པ་སྒྲུབ་པས་སྔ་མ་གསུམ་མངོན་མཐོ་དང་འབྲེལ་ཆེ། ཕྱི་མ་གཉིས་ངེས་ལེགས་དང་། བརྩོན་འགྲུས་ཐམས་ཅད་ཀྱི་གྲོགས་སུ་འགྱུར་བའོ། །དེ་བཞིན་དང་པོ་གསུམ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། བརྩོན་འགྲུས་ནི་སུམ་ཆར་དུ་གཏོགས་ལ། ཕྱི་མ་གཉིས་ལྷག་པ་སེམས་ཀྱི་བསླབ་པ་དང་། ཤེས་རབ་ཀྱི་བསླབ་པ་རིམ་པ་བཞིན་ཏེ། མདོ་སྡེ་རྒྱན་ལས། རྒྱལ་བས་ཕ་རོལ་ཕྱིན་པ་དྲུག རབ་ཏུ་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་སོ། །དང་པོ་གསུམ་བསོད་ནམས་ཀྱི་ཚོགས་སུ་བགྲང་། ཁྱིམ་པ་ལ་གཙོ་བོར་བསྔགས་པ། ཕྱི་མ་གཉིས་ཡེ་ཤེས་ཀྱི་ཚོགས་རབ་བྱུང་ལ་གཙོ་བོར་བསྔགས་པ། དང་པོ་གསུམ་གྱིས་གཞན་དོན། ཕྱི་མ་གསུམ་གྱིས་རང་དོན་སྒྲུབ་པས་དྲུག་ཏུ་གྲངས་ངེས་མཛད། དམན་མཆོག་གམ། རག་ཕྲའི་ཁྱད་པར་གྱི་གོ་རིམ་དེ་ལྟར་བཞག་པར་མདོ་སྡེ་རྒྱན་ལས་གསུངས་སོ། །དེ་ལྟ་བས་ན་འདིར་ཕར་ཕྱིན་དྲུག་ཏུ་ཕྱེ་ནས་སྟོན་པར་རིགས་པ་མ་ཡིན་ནམ་སྙམ་ན། བདེན་མོད་ཀྱང་སྦྱིན་པ་ནི་བྱང་ཆུབ་ཀྱི་སེམས་གཟུང་བའི་ལེའུར། ལུས་ལོངས་སྤྱོད་དགེ་བ་ཐམས་ཅད་བཏང་བ་དང་། ལེའུ་ལྔ་པར་ཟང་ཟིང་ལུས་ཆོས་ཀྱི་སྦྱིན་པ་བསྟན་ཟིན་པས་ལོགས་སུ་སྨོས་མ་དགོས། ཚུལ་ཁྲིམས་ནི་ལེའུ་ལྔ་པར་བརྗོད་བྱ་དེ་གཙོ་བོར་བྱས་ནས་ཤིན་ཏུ་བཤད་ཀྱང་། དེ་ཉིད་ཀྱི་ལེའུར་མིང་མ་བཏགས་པར་ཟད་དོ། །ཚུལ་ཁྲིམས་བསྲུང་བ་ལ་ལུང་ལས། དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་གསུངས་ཏེ། གཤེ་ཡང་སླར་མི་གཤེ། ཁྲོས་ཀྱང་སླར་མི་ཁྲོ་བ་ལ་སོགས་པའོ། །དེ་བཟོད་པ་ཡིན་པས་བསླབ་པ་དང་པོར་འདུ་བའོ། །གསུམ་པ་བསླབ་གསུམ་གྱིས་དེར་བགྲོད་པའི་ཚུལ་ལ། ལྷག་པ་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་བཟོད་པ། གསུམ་ཀའི་དབང་དུ་བྱས་པ་བརྩོན་འགྲུས། ཕྱི་མ་གཉིས་ཀྱི་དབང་དུ་བྱས་པ་བསམ་གཏན་ཤེས་རབ་བཤད་པ་གསུམ་ལས། དང་པོ་ལ། དཀའ་ཐུབ་ཀྱི་གོ་བགོ། ཁོང་ཁྲོའི་གཡུལ་འཇོམས། བཟོད་པའི་རྒྱལ་ས་ལེན་པ་གསུམ་ལས། དང་པོ་ནི། བསྐལ་པ་བརྒྱ་སྟོང་དུ་བསགས་པ་ཡི་སྦྱིན་པ་དང་བདེ་གཤེགས་མཆོད་པ་དང་། ཐོས་བསམ་སྒོམ་པ་ལ་སོགས་པ་དང་། ལེགས་སྤྱད་ཚུལ་ཁྲིམས་བསྲུངས་པ་གང་ཡིན་པ་དེ་ཀུན་ཀྱང་ཁོང་ཁྲོ་བ་གཅིག་གིས་འཇོམས་པར་བྱེད་དེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་ལས། ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི། བསྐལ་པ་བརྒྱ་སྟོང་དུ་བསྒྲུབས་པའི་དགེ་བའི་རྩ་བ་འཇོམས་པ་སྟེ་ཞེས་དང་། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བའི་རྩ་བ་འཇོམས་པ་སྟེ་ཞེས་སོ། །འདི་ལ་བོད་སྟོན་ཆེན་པོ་དག འོ་ན་སོ་སོ་སྐྱེ་བོས་དགེ་བའི་རྩ་བ་ཙམ་བྱས་ཀྱང་དོན་མེད་དུ་འགྱུར་ཏེ། རྟེན་དེ་ལ་བསྐལ་པ་སྟོང་གི་བར་དུ་ཁོང་ཁྲོ་ལན་གཅིག་ཙམ་ཡང་མི་སྐྱེ་བ་མི་སྲིད་པས་སོ་ཞེ་ན། འདི་ལ་ཁྱད་པར་གསུམ་ལས། དང་པོ་གཞོམ་བྱའི་ཁྱད་པར་ནི། བསོད་ནམས་ཆ་མཐུན་གྱི་དགེ་བ་ཡིན་གྱི། ཐར་པ་ཆ་མཐུན་གྱི་དགེ་བ་ནི་གཞོམ་མི་ནུས་སོ། །གཉིས་པ་གཞོམ་བྱེད་ཀྱི་ཁྱད་པར་ནི། བླ་མའམ་སངས་རྒྱས་སམ་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཡུལ་ཁྱད་པར་ཅན་ལ་ཁོང་ཁྲོ་དྲག་པོ་སྐྱེས་ཤིང་གཉེན་པོ་དང་བྲལ་བས་གཞོམ་པ་ཡིན་གྱི། ཁོང་ཁྲོ་ཙམ་པོས་ནི་མ་ཡིན་ནོ། །གསུམ་པ་འཇོམས་ཚུལ་གྱི་ཁྱད་པར་ནི། དགེ་བའི་ནུས་པ་རེ་ཞིག་ཟིལ་གྱིས་གནོན་པ་ཡིན་གྱི། གཏན་མེད་དུ་བྱེད་པ་ནི་མ་ཡིན་ཏེ། དཔེར་ན་ཚེ་ཕྱི་མར་ལྷ་མིར་སྐྱེ་བའི་དགེ་བའི་ལས་དང་ལྡན་པ། འཆི་ཁར་ཁོང་ཁྲོའི་ཁྱད་པར་དེ་སྐྱེས་ན། ལྷ་མིར་སྐྱེ་བའི་དགེ་བ་ཟིལ་གྱིས་མནན་ནས་སྔོན་ལ་ངན་སོང་དུ་སྐྱེ་བ་ལྟ་བུའོ་གསུང་ལ། སློབ་དཔོན་ཆེན་པོ་ཤཱནྟི་པ། རྟེན་བྱང་སེམས་ཀྱི་དབང་དུ་བྱས་ནས་ཁོང་ཁྲོ་སྐྱེས་ན། སེམས་ཅན་ཡོངས་སུ་འདོར་ལ་དེས་སྡོམ་པའི་དགེ་རྩ་གཅོད་པའི་ཕྱིར། ཆོས་སྨྲ་བ་རབ་ཏུ་དགའ་བའི་དབང་པོ་ལ། བྱང་སེམས་རྒྱལ་བའི་བློ་གྲོས་ཀྱིས་ཁྲོས་པས་དམྱལ་བར་ལྷུང་བ་ལྟ་བུའོ་གསུང་། དེས་ན་ཞེ་སྡང་ལྟ་བུའི་སྡིག་པ་མེད་དོ། །ཞེ་སྡང་དང་ཁོང་ཁྲོ་གཉིས་ཉེ་ཉོན་དང་རྩ་ཉོན་གྱི་ཁྱད་ཡོད་པས། ཁོང་ཁྲོ་ལྟ་བུའི་སྡིག་པ་མེད་ཅེས་སྦྱར་རིགས་སོ་སྙམ་ན། སེམས་རྩུབ་པའི་མནར་སེམས་ཞེ་སྡང་ཡིན་ལ། དེ་ལས་བྱུང་བའི་འཇུག་པ་དེའི་དབང་གིས་དབྱུག་པ་ལེན་པ་སོགས་བྱེད་པ་ནི་ཁོང་ཁྲོ་བ་སྟེ། གཉིས་ཀའང་བཟོད་པའི་སྤང་བྱ་ཡིན་པས་འདིར་ཚིག་རིམ་པ་གཅིག་ཏུ་བསྟན་ནོ། །སྡིག་ལ་དེ་གཉིས་ཆེ་བ་བཞིན། དཀའ་ཐུབ་ལ་དེའི་གཉེན་པོ་བཟོད་པ་ལྟ་བུའི་དཀའ་ཐུབ་ལས་ཆེ་བ་མེད་དེ། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་རྒྱལ་བས་གསུངས། །ཞེས་པས་སོ། །དེ་བས་བཟོད་པ་ལ་ནན་ཏན་དུ་བྱ་སྟེ། སྣ་ཚོགས་ཁྲོ་བའི་ཉེས་དམིགས། བཟོད་པའི་ཕན་ཡོན། གནོད་པ་དང་སྡུག་བསྔལ་མཐུན་རྐྱེན་དུ་བལྟ་བ། གནོད་བྱེད་ལ་སྙིང་རྗེ། རང་བཞིན་མེད་པར་ཤེས་པའི་ཚུལ་དུ་བསྒོམ་པར་བྱའོ། །ཞེ་སྡང་ཟུག་རྔུའི་སེམས་འཆང་ན་མདའ་དུག་ཅན་ཁོང་དུ་སོང་བ་བཞིན། ཡིད་ཀྱིས་ནི་ཞི་བ་ཉམས་སུ་མི་མྱོང་ཞིང་། དགའ་བ་དང་བདེ་བའང་མི་ཐོབ་ལ། གཉིད་མི་འོང་ཞིང་བརྟན་པ་མེད་པར་འགྱུར་ཏེ། གང་དག་ནོར་སྦྱིན་པ་དང་བཀུར་སྟི་བྱུང་བ་ཡིས། སྔར་དྲིན་ཆེན་པོ་བྱིན་པས་དེ་ལ་བརྟེན་གྱུར་པ། དེ་དག་ཀྱང་ནི་ཞེ་སྡང་ལྡན་པའི་རྗེ་དཔོན་དེ་ལ་གསོད་པར་རྒོལ་ལ། དེ་ཡིས་མཛའ་བཤེས་རྣམས་ཀྱང་འགྲོགས་པས་སྐྱོ་བར་འགྱུར་ཞིང་། རྒྱུ་དེས་ཕྱིས་སྦྱིན་པ་བྱིན་ནས་མཛའ་བཤེས་སུ་བསྡུས་ཀྱང་བསྟེན་པར་མི་བྱེད་དོ། །མདོར་ན་རང་གཞན་སུ་ཡིན་ཡང་ཁྲོ་བ་ཅན་བདེ་བར་གནས་པ། དེ་ནི་འགའ་ཡང་ཡོད་པ་མ་ཡིན་པས་ན་ཁྲོ་བའི་དགྲ་ཡིས་དེ་ལ་སོགས་སྡུག་བསྔལ་དག་ནི་བྱེད་པར་འགྱུར། གང་ཞིག་བསྒྲིམས་ཏེ་ཁྲོ་བ་འཇོམས་པ་དེ་ནི། ཚེ་འདི་དང་ཕྱི་མ་གཞན་དུ་བདེའོ། །གཉིས་པ་ཁོང་ཁྲོའི་གཡུལ་འཇོམས་པ་ནི། མི་འདོད་པ་བྱས་པ་དང་། འདོད་པ་ཡི་གེགས་བྱས་པ་ལས་འབྱུང་བར་འགྱུར་བ་ཡིད་མི་བདེ་བ་ནི། དེའི་ཟས་ཏེ་དེ་རྙེད་པ་ཟོས་ནས་ཞེ་སྡང་གི་ལུས་བརྟས་ཏེ་བདག་འཇོམས་སོ། །དེ་ལྟས་བདག་གི་དགྲ་བོ་ཞེ་སྡང་དེ་རྒྱས་པར་བྱེད་པའི་ཟས་དེ་ནི་རྣམ་པར་གཞོམ་པར་བྱའོ། །འདི་ལྟར་བདག་ལ་གནོད་པར་བྱེད་པ་ལས་དགྲ་བོ་འདི་ལས་གཞན་མེད་པས། ཅི་ལ་བབ་ཀྱང་བདག་གིས་ཀྱང་ནི་དགའ་བའི་ཡིད་ནི་དཀྲུག་པར་མི་བྱ་སྟེ། ཡིད་མི་བདེ་བ་དག་གནས་སོ། །དེ་ལ་མི་དགའ་བྱས་ཀྱང་། དེས་འདོད་པའི་དོན་མི་འགྲུབ་ཅིང་། དགེ་བའི་ཕྱོགས་དག་ནི་ཉམས་པར་འགྱུར་བས་སོ། །ཡིད་མི་བདེ་བ་ཡོང་བའི་རྒྱུ་དེ་ལ་གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགའ་བར་བྱ་རྒྱུ་ཅི་ཞིག་ཡོད་དེ་བཅོས་པས་ཆོག་པའི་ཕྱིར་རོ། །གལ་ཏེ་བཅོས་སུ་མེད་ན་ཡང་། དེ་ལ་མི་དགའ་བྱས་པས་ཅི་ཕན་ཏེ་ཐབས་མེད་པས་སོ། །ཁྲོ་བའི་ཡུལ་ཅི་ཙམ་བདག་གམ་བདག་གི་བཤེས་བློ་ཉེ་བ་རྣམས་ལ་སྡུག་བསྔལ་བཟོ་བ་དང་། བརྙས་པ་དང་། ཚིག་རྩུབ་མོ་སྨྲ་བ་དང་། མི་སྙན་ཞེས་བྱར་མི་འདོད་པ་བཞི། འདོད་པ་ནི་བདེ་སོགས་བཞི་སྟེ་བདག་དང་བདག་གི་མཛའ་བོ་ཕྱེ་བས་བརྒྱད་ཚན་གཉིས། དགྲ་ལ་དེ་ལས་ཟློག་པས་སོ་སྟེ། སྡུག་བསྔལ་སོགས་དགྲ་ལ་འདོད་པ་བཞི། རྙེད་སོགས་བཞི་མི་འདོད་པས་བརྒྱད་དེ། འདོད་མི་འདོད་ཀྱི་ཆོས་ཉི་ཤུ་རྩ་བཞི་ཞེས་སྔ་རབས་པ་དག་འཆད་དོ། །དགྲའི་མཛའ་བོ་མི་སྨོས་པ་ནི། དེ་བདག་ལ་གནོད་ན་ནི་དགྲ་ཉིད་དུ་འདུ་ལ། མི་གནོད་ན་ནི་ཆགས་སྡང་གི་ཡུལ་མ་ཡིན་པའི་ཕྱིར་རོ། །འདོད་པའི་ཕྱོགས་བདེ་བའི་རྒྱུ་ནི་རེས་འགའ་ཞིག་ན་འབྱུང་བར་ཟད་ལ། མི་འདོད་པ་སྡུག་བསྔལ་སོགས་ཀྱི་རྒྱུ་ནི་ཤིན་ཏུ་མང་ངོ་། །གསུམ་པ་བཟོད་པའི་རྒྱལ་ས་ལེན་པ་ལ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ། ཆོས་ལ་ངེས་པར་སེམས་པའི་བཟོད་པ། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་གསུམ་ལས། དང་པོ་ནི། སྡུག་བསྔལ་མེད་ན་སུ་ཡང་ཐར་པ་དོན་དུ་མི་གཉེར། དེ་མ་གཉེར་བར་ངེས་འབྱུང་མྱ་ངན་ལས་འདས་པ་ཐོབ་པ་མེད་དོ། །དེ་བས་སྡུག་བསྔལ་ལ་སྐྱོ་ནས་ངེས་པར་འབྱུང་བ་ཚོལ་བས། སྡུག་བསྔལ་འབྱུང་བ་ལ་སེམས་ཁྱོད་མི་འདོད་པ་མ་བྱེད་པར་བཟོད་པའི་སྟོབས་བརྟན་པར་མནོས་ཤིག་གོ །དབང་ཕྱུག་ཆེན་པོ་དཀའ་ཐུབ་ལ་གནས་པ་ལ་ལྷ་ཐམས་ཅད་ཀྱིས་ཨུ་མ་སྤྲུལ་ནས་དཀའ་ཐུབ་ལས་ཟློག་པས་དཀའ་ཟློག་སྟེ་དེ་ལ་དད་པ་དང་། ལྷོ་ཕྱོགས་ཀྱི་ཡུལ་ཀརྞ་ཊཱ་པ་དག་ཟླ་བ་གཟས་ཟིན་པའི་ཚེ། ཐར་པ་འདོད་ནས་རང་གི་ལུས་སྲེག་པ་དང་ཕན་ཚུན་མཚོན་གྱིས་གཅོད་པ་སོགས་ཀྱི་ཚོར་བ་སྡུག་བསྔལ་ནི། དོན་མེད་པ་བཟོད་པར་བྱེད་ན། ཐར་པ་ཡི་དོན་དུ་བདག་ཀོ་ཅི་ཕྱིར་ཝ་སྡར་སྡུག་བསྔལ་མི་བཟོད་པ་མི་རིགས་སོ། །དུཿཁ་བཟོད་དཀའོ་སྙམ་ན། གོམས་ན་སླ་བར་མི་འགྱུར་བའི་དངོས་དེ་གང་ནའང་ཡོད་པ་མ་ཡིན་ཏེ། དེ་བས་གནོད་པ་ཆུང་ངུ་ལ་གོམས་པར་བྱས་ན་ཕྱིས་གནོད་པ་ཆེན་པོའང་བཟོད་པར་བྱ་བ་ལ་དཀའ་བ་མེད་དོ། །ཆུང་ངུ་ལ་ཇི་ལྟར་བཟོད་པར་བྱ་སྙམ་ན། སྦྲུལ་དང་ཤ་སྦྲང་དག་དང་ནི། བཀྲེས་པ་སྐོམ་པ་ལ་སོགས་ཚོར་བ་དང་། གཡན་པ་ཕྲུག་པ་ལ་སོགས་དང་བཅས་པ་ཡི། དོན་མེད་པའི་སྡུག་བསྔལ་བཟོད་པར་བྱེད་དགོས་པ་ཅིས་མ་མཐོང་སྟེ་མཐོང་ན། དོན་ཡོད་པའི་ཕྱིར་ཚ་བ་དང་གྲང་བ་དང་ཆར་དང་རླུང་སོགས་དང་། ནད་དང་འཆིང་དང་བརྡེག་སོགས་ལ། བདག་གིས་གཟེ་རེ་ཏེ་སྲན་ཆུང་བར་མི་བྱ་སྟེ། དེ་ལྟར་བྱས་ན་གནོད་པ་འཕེལ་བར་འགྱུར་བས་སོ། །འཐབ་པའི་ཚེ་ལ་ལ་བདག་གི་ལུས་རྨས་པའི་ཁྲག་མཐོང་ན། དཔའ་བརྟན་ལྷག་པར་སྐྱེས་ཏེ། ཕ་རོལ་གཞོམ་པ་ལ་བརཏལ་བ་ཆེར་འགྱུར་བ་ཡོད། ལ་ལ་རང་ལ་འབྱུང་མི་དགོས། གཞན་གྱི་ཁྲག་མཐོང་ན་བོག་ཅིང་བརྒྱལ་བར་འགྱུར་བ་ཡོད་དེ། དེ་ནི་སེམས་ཀྱི་ངང་བརྟན་པ་དང་། སྡར་མའི་ཚུལ་ལས་གྱུར་པ་ཡིན་པས་སེམས་སྡར་བར་མི་རིགས། དེ་བས་གནོད་པ་བྱུང་ན་ཁྱད་བསད་ཅིང་སྡུག་བསྔལ་རྣམས་ཀྱིས་མི་ཚུགས་པར་བྱོས་ཤིག མཁས་པ་དག་སྡུག་བསྔལ་བྱུང་ཡང་ནི། སེམས་ཀྱི་རབ་དྭངས་འཁྲུག་ཅིང་ཡིད་མི་དགའ་བས་རྙོག་པར་མི་བྱ་བ་བཞིན། དེ་བས་ཉོན་མོངས་རྣམས་དང་གཡུལ་འགྱེད་པ་ལ་ཞུགས་ན། གཡུལ་འགྱེད་པ་དེའི་ཚེ་ན་བཟོད་དཀའ་བའི་གནོད་པ་མང་པོ་ཡོང་ཡང་། སྲན་ཚུགས་པས་སྡུག་བསྔལ་ཐམས་ཅད་ཁྱད་བསད་ནས་ཞེ་སྡང་ལ་སོགས་དགྲ་འཇོམས་པ་དེ་དག་ནི་དགྲ་ལས་རྒྱལ་བར་བྱེད་པའི་དཔའ་བོ་སྟེ། ལྷག་མ་ཕྱི་རོལ་གྱི་དགྲ་འདུལ་བ་རོ་ལ་གསོད་པའི་མཚོན་བརྡེག་པ་ལྟ་བུའོ། །དེ་ལྟར་རྒྱས་པར་བཤད་ནས། དོན་འདྲིལ་བ། གཞན་ཡང་སྡུག་བསྔལ་གྱི་ཡོན་ཏན་ནི་གོམས་པར་བྱེད་པའི་ལམ་དང་མཐུན་པ་སྟེ། སྡུག་བསྔལ་བྱུང་བས་སྐྱོ་བས་གཟུགས་ལོངས་སྤྱོད་ཐོས་པ་སོགས་ཀྱི་དྲེགས་པ་སེལ་བར་བྱེད། སྡུག་བསྔལ་གྱིས་གཟེར་བའི་འཁོར་བ་པ་ལ་སྙིང་རྗེ་སྐྱེ། སྡུག་བསྔལ་བས་ཕྱིན་ཆད་དེའི་རྒྱུ་སྡིག་པ་ལ་འཛེམ་ཞིང་། ནད་གསོ་བའི་སྨན་ལྟ་བུར་དེ་ལས་ཐར་བར་བྱེད་པའི་དགེ་བ་ལ་དགའ་བར་འགྱུར་རོ། །གཉིས་པ་ཆོས་ལ་ངེས་པར་སེམས་པའི་བཟོད་པ་སྒོམ་པ་ལ། གནོད་བྱེད་རང་དབང་ཅན་མ་ཡིན་པར་བསྟན། བདག་དང་གཙོ་བོ་རང་དབང་ཅན་དུ་འདོད་པ་དགག བཟོད་པ་དེའི་ཁྱེར་སོ་བཤད་པ་གསུམ་ལས། དང་པོ་ནི། མཁྲིས་པ་སོགས་བད་ཀན་དང་རླུང་དང་འདུས་པ་སྟེ། དེ་དག་ཆ་མ་སྙོམས་ན། ན་བའི་སྡུག་བསྔལ་གྱི་འབྱུང་གནས་སུ་ཆེ་བ་ཡིན་ལ། དེ་དག་བསམ་པ་བཞིན་དུ་དུཿཁ་བསྐྱེད་པ་མ་ཡིན་གྱི། རང་གི་རྒྱུ་ཚོགས་ཀྱི་དབང་གིས་ཁམས་འཁྲུགས་པའོ་སྙམ་མི་ཁྲོ་བར་སེམས་ཡོད་རྣམས་ལ་ཇི་སྟེ་གནོད་བྱེད་ཅེས་ཁྲོ། དེ་དག་གི་ཆེད་དུ་བསམས་ནས་གནོད་པ་བྱེད་པས་སོ་སྙམ་ན་མ་ཡིན་ཏེ། དེ་དག་ཀུན་ཀྱང་ལས་དང་ཉོན་མོངས་པའི་རྐྱེན་གྱིས་བསྐུལ་བས་རང་དབང་མེད་པ་སྟེ། དཔེར་ན་མི་འདོད་བཞིན་དུ་ཡང་ནད་འདི་འབྱུང་བར་འགྱུར་བ་དེ་ལྟར། དེ་བཞིན་དེ་དག་ལ་ཡང་མི་འདོད་བཞིན་དུ་ཡང་ནན་གྱིས་ཉོན་མོངས་པ་ཞེ་སྡང་ལ་སོགས་པ་འབྱུང་བར་འགྱུར་རོ། །དེས་ན་བློ་སྔོན་དུ་བཏང་ནས་ཁྲོ་བར་བྱ་ཞེས་མ་བསམས་ཀྱང་། སྐྱེ་བོ་རྣམས་ནི་གྱི་ན་ཙམ་ལ་ཁྲོ། བསྐྱེད་པར་བྱ་ཞེས་མ་བསམས་ཀྱང་ཁྲོ་བ་དེ་བཞིན་སྐྱེ་བར་འགྱུར་བས་ཉེས་པ་ཇི་སྙེད་ཐམས་ཅད་དང་། སྡིག་པ་རྣམ་པ་སྣ་ཚོགས་པ་དེ་ཀུན། རང་རང་གི་རྒྱུ་རྐྱེན་གྱི་སྟོབས་ལས་བྱུང་བས་རང་དབང་ཡོད་པ་མིན་ནོ་སྟེ། དཔེར་ན་རྒྱ་འབག་བཞིན་རས་ཀྱི་རྣམ་འགྱུར་མི་སྡུག་པ་བྱེད་པ་བཞིན་ནོ། །རྐྱེན་རྣམས་ཚོགས་པ་དེ་དག་ཀྱང་། ཞེ་སྡང་ལ་སོགས་པ་བསྐྱེད་པར་བྱ་ཞེས་སེམས་པ་མེད་ལ། དེས་བསྐྱེད་པའི་ཞེ་སྡང་ལ་སོགས་པ་དེའང་རྒྱུ་རྐྱེན་རྣམས་ཀྱིས་བདག་བསྐྱེད་དོ་ཞེས་སེམས་པ་ཡོད་པ་མ་ཡིན་ནོ། །དེས་ན་ཆོས་ཐམས་ཅད་ལ་བྱེད་པ་མེད་པའི་ཕྱིར་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་ཡིན་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་སྟེ་རང་དབང་ཅན་མ་ཡིན་ནོ། །གཉིས་པ་བདག་དང་གཙོ་བོ་རང་དབང་ཅན་དུ་འདོད་པ་དགག་པ་ནི། གྲངས་ཅན་གཙོ་བོ་རང་དབང་ཅན་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པ་དང་། བདག་རང་དབང་ཅན་སེམས་པ་དང་བཅས་པས་གནོད་པ་བྱེད་པའོ་ཞེས་ཟེར། རིགས་པ་ཅན་པ་ན་རེ། བདག་དང་ནམ་མཁའ་ལ་སོགས་པའང་རང་དབང་ཅན་ནོ་ཞེས་ཟེར་ལ། དེ་དགག་པ་ནི། རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པའི་རང་བཞིན་ནི་གཙོ་བོ་ཞེས་བྱ་བར་གང་འདོད་པ་དང་། ཟ་བ་པོ་ལ་སོགས་པའི་ཡོན་ཏན་ཅན་བདག་ཅེས་བཏགས་པ་གང་ཡིན་པ་དེ་ཉིད་བདག་ནི་གཞན་ལ་གནོད་བྱེད་དུ་འབྱུང་ངོ་། །ཞེས་ཆེད་དུ་བསམས་ཤིང་འབྱུང་བ་མེད་པར་ཐལ་ཏེ་རྟག་པའི་ཕྱིར་རོ། །བདག་རྟག་པས་སྐྱེ་བ་མེད་པ་ཡིན་ནོ་སྙམ་ན། རི་བོང་རྭ་བཞིན་མ་སྐྱེས་པར་ནི་དེ་མེད་ན། དེ་ཚེ་སྐྱེ་བར་འདོད་པ་གང་སྟེ་གནོད་བྱེད་དུ་སྐྱེ་བ་མི་འཐད་དོ། །སྐྱེ་ན་རྒྱུ་ལ་བལྟོས་པས་རང་དབང་ཅན་ཉམས་སོ། །བདག་གི་མཚན་ཉིད་དུ། ཟ་བ་པོ་ཞེས་བྱ་བའི་ཟ་བ་ནི་ལོངས་སྤྱོད་པའི་དོན་ཡིན་པས་དེ་དགག་པ། ཡུལ་འཛིན་པའི་བྱ་བ་ལ་རྟག་ཏུ་གཡེངས་པར་འགྱུར་བས་ན་ཡུལ་འཛིན་པ་འགག་པར་འགྱུར་པའང་མ་ཡིན་ནོ། །ཅི་སྟེ་འགག་ན་མི་རྟག་པར་སོང་ལ། མི་འགག་ན་མངོན་སུམ་དང་འགལ་ལོ། །བྱེད་པ་པོ་ཡིན་པ་དགག་པ་ཇི་སྟེ་བདག་དེ་རྟག་ན་ནི་ནམ་མཁའ་བཞིན་བྱེད་པ་མེད་པར་མངོན་ནོ། །རྟག་ཀྱང་ལྷན་ཅིག་བྱེད་པའི་རྐྱེན། ཤེས་པ་དང་རྩོལ་བ་ལ་སོགས་པ་ཉེ་བ་ལས་བྱེད་པ་ཡོད་དོ་ཞེ་ན། རྐྱེན་རྣམས་གཞན་དང་ཕྲད་ན་ཡང་བདག་དེ་འགྱུར་བ་མེད་པའི་རྟག་པ་ཡིན་པའི་ཕྱིར་ཅི་བྱར་ཡོད་དེ་བསྒྱུར་དུ་མེད་དོ། །རྐྱེན་གྱི་བྱེད་པ་ཡོད་པའི་ཚེ་ཡང་། སྔོན་རྐྱེན་གྱི་བྱེད་པ་མེད་པའི་གནས་སྐབས་བཞིན་དུ་གནས་པ་ཡིན་ན། བྱེད་པས་བདག་དེ་ལ་ཕན་པ་ཅི་ཞིག་བྱས་ཏེ་ཅི་ཡང་མ་བྱས་པས་བདག་བྱེད་པ་པོར་མི་འགྱུར་རོ། །གལ་ཏེ་རྐྱེན་གྱིས་བདག་ལས་དོན་གཞན་དུ་གྱུར་པའི་བྱ་བ་བྱས་པའི་ཕྱིར། བདག་བྱེད་པ་པོ་དང་རྟག་པ་པོར་འཐད་དོ་ཞེ་ན། བདག་དེ་ཡི་བྱེད་པ་འདི་ཡིན་ཞེས་བདག་དང་བྱེད་པ་གཉིས་འབྲེལ་བར་གྱུར་པ་གང་ཞིག་ཡོད། འདིས་ནི་བདག་རྟག་ཅིང་བྱེད་པ་མི་རྟག་པས་བྱེད་པ་དེས་བདག་རྟག་པ་ལ་ཕན་གདགས་བྱ་འདོགས་བྱེད་མེད་པས་འབྲེལ་མེད་དུ་སོང་བར་བསྟན་ནོ། །གསུམ་པ་བཟོད་པ་དེའི་ཁྱེར་སོ་བཤད་པ་ནི། དེ་ལྟར་ཕྱི་ནང་གི་དངོས་པོ་ཐམས་ཅད་གཞན་གྱི་དབང་དུ་གྱུར་པ་དེའི་དབང་གིས་འབྲས་བུ་དེ་རང་དབང་མེད་པར་འབྱུང་བ། དེ་ལྟར་ཤེས་ནས་སྤྲུལ་པ་ལྟ་བུའི་དངོས་པོ་ཀུན་ལ་ཁྲོ་བར་མི་འགྱུར་རོ། །དེ་ལྟར་ཐམས་ཅད་སྤྲུལ་པ་ལྟ་བུར་བདེན་མེད་ཡིན་ན་གཉེན་པོ་གང་གིས་ཁྲོ་བ་གང་ཞིག་བཟློག་པར་བྱ་སྟེ། རིག་པ་མཚུངས་པའི་ཕྱིར་ཁྲོ་བའང་ཟློག་པར་རིགས་པ་མིན་ཞེ་ན། དེ་ལ་བརྟེན་ནས་འདི་སྐྱེས་སོ་ཞེས་མ་རིག་པའི་སྟོབས་ཀྱིས་འདུ་བྱེད་ལ་སོགས་པ་འཇུག་པས། འཁོར་བའི་དུཿཁ་འཕེལ་ལ་སྔ་མ་མ་རིག་པ་ལོག་ན། ཕྱི་མ་སྡུག་བསྔལ་གྱི་བར་རྣམས་རྒྱུན་ཆད་པར་འགྱུར་བར་འདོད་པས་ཁྲོ་བ་བཟློག་པར་མི་རིགས་པ་མེད་དོ། །རང་དབང་ཅན་མ་ཡིན་པ་དེ་བས་དགྲའམ་མཛའ་ཡང་རུང་སྟེ། མི་རིགས་པ་གནོད་པ་བྱེད་པ་མཐོང་བར་གྱུར་ན། ཁོང་ཉིད་ལ་འདི་འདྲ་བའི་རྐྱེན་ལས་རང་དབང་མེད་པར་གྱུར་ཏོ་ཞེས། དེ་ལྟར་བསམས་ཏེ་ཡིད་མི་བདེ་བ་མི་བྱ་བར་བདེ་བར་མནོས་ཤིག གལ་ཏེ་རང་དགས་ཏེ་རང་གི་འདོད་པ་ཙམ་གྱིས་རྒྱུ་མེད་ཀྱང་འགྲུབ་པར་འགྱུར་ན། འགའ་ཡང་སྡུག་བསྔལ་མི་འདོད་པས་ན། ལུས་ཅན་དག་ནི་ཐམས་ཅད་ཀྱང་མི་འདོད་པ་དེས། སུ་ལའང་སྡུག་བསྔལ་འབྱུང་བར་མི་འགྱུར་རོ། །བག་མེད་པས་ནི་མུ་སྟེགས་པ་དག་ལའང་བདག་ཉིད་ཚེར་མའི་ནང་དུ་ཉལ་བ་དང་། ཏྲི་ཤཱུ་ལའི་རྩེར་མཆོང་བ་ལ་སོགས་པའི་གནོད་པ་བྱེད། ཐ་མལ་པ་འགའ་ཞིག་བུད་མེད་ལ་སོགས་ཐོབ་བྱའི་ཕྱིར་རྔམ་ཞིང་ཟས་གཅོད་ལ་སོགས་པ་ངལ་དུབ་ཆེན་པོ་བྱེད་ལ། ཁ་ཅིག་འགག་ཐག་འཇུག་ཅིང་ཁ་ཅིག་གཡང་སར་མཆོང་། དུག་དང་མི་འཕྲོད་ཟ་བ་དང་། བསོད་ནམས་མ་ཡིན་པ་སྤྱོད་པ་ཡི། རང་ལ་དེ་ལྟར་གནོད་པ་བྱེད་པ་ཡོད་དོ། །གང་ཚེ་དེ་དག་ཉོན་མོངས་པའི་དབང་དུ་གྱུར་པས་རང་ལས་གཅེས་པ་མེད་ལ། བདག་སྡུག་པ་ཉིད་ཀྱང་དེ་ལྟས་གསོད་པར་བྱེད་ན། དེ་ཚེ་དེ་དག་གཞན་གྱི་ལུས་ལ་གནོད་པ་མི་བྱེད་པར་ཇི་ལྟར་འགྱུར། ཉོན་མོངས་སྐྱེས་པས་དེ་ལྟ་བུར་བདག་གསོད་ལ་སོགས་པར་ཞུགས་པ་ལ་སྙིང་རྗེ་སྐྱེ་བར་རིགས་ཀྱི། བརྒྱ་ལ་མ་སྐྱེས་ནའང་ཁྲོ་བར་འགྱུར་བ་ཅིའི་ཐ་ཚིག་སྟེ་མི་རིགས་སོ། །གལ་ཏེ་གཞན་ལ་འཚེ་བར་བྱེད་པ་བྱིས་པ་སོ་སོ་སྐྱེ་བོ་རྣམས་ཀྱི་རང་བཞིན་ཡིན་ནམ་མིན། ཡིན་ན་དེ་ལ་ཁྲོ་བར་མི་རིགས་ཏེ། མེ་སྲེག་པའི་རང་བཞིན་ཡིན་པས་ཚའོ་ཞེས་དེ་ལ་བཀོན་དུ་མེད་པ་དང་འདྲའོ། །འོན་ཏེ་གཞན་ལ་འཚེ་བའི་སྐྱོན་དེ་གདོན་ཞུགས་པ་ལྟ་བུར་གློ་བུར་བ་ཡིན། སེམས་ཅན་གྱི་རང་བཞིན་འཚེ་བ་མ་ཡིན་པར་ངེས་པའང་ཡོད། འོ་ནའང་ཁྲོ་བར་མི་རིགས་ཏེ། མཁའ་ལ་དུད་པ་ཐུལ་ལ་དེས་གནོད་ཀྱང་ནམ་མཁའ་ལ་བཀོན་པར་མི་རིགས་པ་བཞིན་ནོ། །དངོས་སུ་དབྱུག་པ་ལ་སོགས་པའི་དངོས་པོ་བཀོལ་ཏེ། གལ་ཏེ་བདག་ལ་འཕེན་པ་ལ་ཁྲོ་ན། འཕེན་མཁན་དེ་ཡང་ཞེ་སྡང་གིས་རྦད་པས། གཉིས་སུ་ན་ཞེ་སྡང་ལ་ཁྲོ་བར་རིགས་ཀྱི་གང་ཟག་དེ་ལ་མ་ཡིན་ནོ། །བདག་གིས་སྔོན་ཆད་སེམས་ཅན་ལ་ཚུར་བྱས་པ་འདི་འདྲ་བ་ཡི་གནོད་པ་ཕར་བྱས། དེ་བས་སེམས་ཅན་ལ་འཚེ་བ་བྱེད་པ་བདག་ལ་ལན་གནོད་པ་འདི་འབྱུང་བར་རིགས་ཏེ། བྲག་བར་དུ་བོས་ན་ལན་དུ་འབོད་པ་བཞིན་ནོ། །གནོད་བྱེད་དེ་ཡི་མཚོན་དང་བདག་གི་ལུས་གཉིས་ཀ་སྡུག་བསྔལ་གྱི་རྒྱུ་ཡིན་ཏེ། དེས་མཚོན་ཕྱུང་བདག་གིས་ལུས་ཕྱུང་ན་གང་ཞིག་ལ་ནི་ཁྲོ་བར་བྱ་སྟེ་ཉེས་པ་མཉམ་པས་སོ། །རང་གི་ལུས་འདི་ནི་ཤུ་བ་མིའི་གཟུགས་སུ་བྱས་པ་འདྲ་བ་སྟེ། རེག་ཏུ་མི་བཟོད་སྡུག་བསྔལ་སྣ་ཚོགས་པའི་ཚང་དུ་གྱུར་པ་ཅན་དེ། སྲེད་པའི་འདོད་ཆགས་ཀྱིས་ལྡོངས་པ་སྟེ། ལོང་བ་བདག་གིས་བདག་གིར་གཟུང་གྱུར་ན། དེ་ལ་གནོད་པ་ནི་བཟོད་སྲན་མེད་པའི་ལུས་བདོགས་པས་ལན་གྱི། གཞན་སུ་ལ་ཁྲོ། བྱིས་པ་སོ་སོ་སྐྱེ་བོ་རྣམས་སྡུག་བསྔལ་མི་འདོད་ཅིང་། སྡུག་བསྔལ་རྒྱུ་ལ་བརྐམ་པས་ན་ཕྱེ་མ་ལེབ་མེ་གསེབ་ཏུ་མཆོངས་པ་ལྟ་བུ། རང་གི་ཉེས་པས་གནོད་གྱུར་པ་གཞན་ལ་བཀོན་དུ་ཅི་ཞིག་ཡོད་དེ། དཔེར་ན་སེམས་ཅན་དམྱལ་བའི་སྲུང་མ་དང་། རལ་གྲི་ལོ་མའི་ནགས་ཚལ་ལྟར་རང་གི་ལས་ཀྱིས་འདི་བསྐྱེད་པས་ན། གང་ཞིག་ལ་ནི་ཁྲོ་བར་བྱ། བདག་གི་སྔོན་ལས་ཀྱིས་བསྐུལ་བར་བྱས་ནས། ད་ལྟ་བདག་ལ་གནོད་བྱེད་འདི་རྣམས་བྱུང་སྟེ། དེས་ནི་དེ་དག་ཕྱི་མ་སེམས་ཅན་དམྱལ་བར་འདོང་ན། བདག་གིས་དེ་དག་མ་བརླག་གམ། གནོད་བྱེད་འདི་དག་ལ་ནི་བཟོད་པ་སྒོམ་པའི་རྟེན་བཅས་ནས་བཟོད་པ་བསྒོམས་པས་བདག་གི་སྡིག་པ་མང་དུ་འབྱང་ལ། བདག་ལ་གནོད་པ་བྱས་པ་ལ་བརྟེན་ནས། དེ་དག་ནི་ཡུན་རིང་སྡུག་བསྔལ་བར་འགྱུར་ཏེ་དམྱལ་བར་འདོང་པས་སོ། །དེས་ན་བདག་ནི་དེ་དག་ལ་གནོད་པ་བྱེད་པ་ཡིན་ལ། དེ་དག་ནི་བདག་ལ་ཕན་འདོགས་པ་སྟེ། དེས་ན་ཕར་གནོད་པ་བྱས་པས་གནོད་ཁུར་རིགས། ཚུར་ཕན་བཏགས་པ་ལ་དགའ་བར་རིགས་པ་ལས། ཕྱིན་ཅི་ལོག་ཏུ་ཅིའི་ཕྱིར་མ་རུངས་སེམས་ཁྱོད་གནོད་བྱེད་ལ་ཁྲོ་བར་བྱེད། གལ་ཏེ་གནོད་བྱེད་ཀྱི་གནོད་པ་བདག་ལ་ཕན་འདོགས་པ་ཡིན་ན་དྲིན་ལན་དུ་བདག་གིས་ཀྱང་དེ་ལ་གནོད་པ་བྱ་བར་རིགས་སོ་སྙམ་ན་མ་ཡིན་ཏེ། གལ་ཏེ་བདག་ལ་གནོད་བྱེད་དེ་ལ་བརྩེ་བའི་བསམ་པ་ཡིས་གནོད་པ་དང་དུ་ལེན་པའི་ཡོན་ཏན་ཡོད་ན་དེས་དམྱལ་བར་མི་འགྲོ་བ་ཡིན་ལ། གལ་ཏེ་བདག་གིས་བདག་ཐབས་མཁས་པས་བསྲུངས་ན། འབྱུང་བ་དེ་ལྟ་བུ་གནོད་བྱེད་དེ་དག་ལ་འདིར་ཅི་ཞིག་འབྱུང་སྟེ་མི་འབྱུང་བས། འོན་ཏེ་ལན་དུ་གནོད་པ་བྱས་ན་དེ་དག་བསྲུང་བར་མ་གྱུར་ལ། བདག་གི་སྤྱོད་པའང་ཉམས་པར་འགྱུར་ཏེ། དེས་ན་དཀའ་ཐུབ་སྟེ་བཟོད་པ་ཞིག་པར་འགྱུར་རོ། །ཡང་གནོད་པ་དེ་ཡིད་དམ་ལུས་གང་ལའོ་དཔྱད་ན། ཡིད་ནི་ལུས་ཅན་མ་ཡིན་པས་དགྲ་སུས་ཀྱང་ཡུལ་དུས་གང་དུའང་གཞོམ་མི་ནུས་ལ། ལུས་ལ་མངོན་པར་ཞེན་པ་ཆེ་བས་ན། ལུས་ནི་སྡུག་བསྔལ་དག་གིས་གནོད་དོ། །དེས་ཁྲོའོ་སྙམ་ན། བརྙས་དང་ཚིག་རྩུབ་སྨྲ་བ་དང་། མི་སྙན་པ་ཡི་ཚིག་དེ་ཡིས་ནི་ལུས་ལ་གནོད་པར་མི་འགྱུར་ན། བརྙས་སོགས་གསུམ་པོ་བྱེད་པ་དེ་ལ་སེམས་ཁྱོད་ཅིའི་ཕྱིར་རབ་ཏུ་ཁྲོ། དེ་གསུམ་བྱེད་པའི་ཕ་རོལ་པོ་བདག་ལ་མི་དགའ་བ་ཞིག་ཡོང་བས་དེས་དེ་ལ་བདག་མི་བཟོད་དོ་སྙམ་ན། གཞན་དག་བདག་ལ་མི་དགའ་བ་དེས་ནི། ཚེ་འདིའམ་ཚེ་གཞན་ལ་བདག་ལ་ཟ་བར་ཏེ་གནོད་པ་མི་བྱེད་ན། བདག་ནི་ཅིའི་ཕྱིར་དེ་མི་འདོད། འདིར་བདག་གི་རྙེད་པའི་བར་ཆད་བྱེད་པའི་ཕྱིར། གལ་ཏེ་བརྙས་སོགས་གསུམ་པོ་འདི་དག་མི་འདོད་ན། བདག་གི་རྙེད་པ་འཆི་བའི་ཚེ་འཇིག་རྟེན་འདིར་འདོར་གྱི། སྡིག་པ་དག་ནི་བརྟན་པར་གནས་པས་ཕྱི་བཞིན་དུ་འབྲང་ངོ་། །དེ་བས་དེའི་ཆེད་དུ་ཁྲོ་བར་མི་རིགས་སོ། །རྙེད་པ་མེད་ན་བདག་མི་འཚོའམ་སྙམ་ན། བདག་ནི་དེ་རིང་ཉིད་དུ་ནི་ཤི་ཡང་བླའི། ལོག་འཚོ་བསྒྲུབ་ནས་ཡུན་རིང་གསོན་པ་ནི་མི་རུང་ངོ་། །བདག་ལྟ་ཡུན་རིང་འཇིག་རྟེན་དུ་གནས་པར་གྱུར་ཀྱང་། འཆི་བའི་སྡུག་བསྔལ་འབྱུང་བ་ཡིན་པས། དེ་ཉིད་བྱུང་ཚེ་བདེ་བ་མི་འབྲང་སྡུག་བསྔལ་ཕྱིར་འབྲང་སྟེ། རྨི་ལམ་ལོ་བརྒྱར་བདེ་མྱོང་ནས་སད་པར་གྱུར་པ་གང་ཡིན་དང་། གཞན་ཞིག་ཡུད་ཙམ་བདེ་མྱོང་ནས། སད་པར་གྱུར་པ་གང་ཡིན་པའི་སད་པ་དེ་དག་གཉིས་ཀ་ལའང་བདེ་བ་དེ་ནི་ཕྱིར་འོང་བ་མེད་པ་བཞིན། ཚེ་རིང་ཚེ་ཐུང་གཉིས་ཀའང་འཆི་བའི་དུས་ན་དེ་འདྲར་ཟད་ལ། རྙེད་པ་མང་པོ་ཐོབ་པར་གྱུར་ཏེ། ཡུན་རིང་དུས་སུ་བདེ་བ་སྤྱད་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་དེ་དག་ཀྱང་། འཆི་དུས་ཆོམ་པོས་ཕྲོགས་པ་ཇི་བཞིན་དུ་སྒྲེན་མོ་ལག་པ་སྟོང་པར་འགྲོ་བས་སོ། །གལ་ཏེ་རྙེད་པས་ཆོས་སྒྲུབ་པ་ཡིན་ལ། གསོན་པར་གྱུར་ན་སྡིག་པ་ཟད་པར་བྱ་ཞིང་བསོད་ནམས་བྱའོ་ཞེ་ན། རྙེད་པའི་དོན་དུ་ཁྲོས་པར་གྱུར་ན། བསོད་ནམས་ཟད་ཅིང་སྡིག་པ་འཕེལ་བར་མི་འགྱུར་རམ། དེས་ན་གང་གི་དོན་དུ་བདག་གསོན་པའི་དགོས་པ་ནི་བསོད་ནམས་གསོག་རེ་བ་ཡིན་ན། དེ་ཉིད་གལ་ཏེ་ཁྲོ་བས་ཉམས་པར་གྱུར་ན་སྡིག་པ་འབའ་ཞིག་བྱེད་པ་ཡི་ནི་གསོན་པ་དེས་ཀོ་ཅི་ཞིག་བྱ་སྟེ་དོན་མེད་དོ། །གལ་ཏེ་བརྙས་སོགས་གསུམ་གྱིས་སེམས་ཅན་གཞན་བདག་ལ་དགའ་བ་ཉམས་པར་བྱེད་པས། མི་སྙན་པ་སྨྲ་བ་ལ་ཁྲོ་ཞེ་ན། གཞན་ལ་མི་སྙན་པ་བརྗོད་པ་ལའང་ཡིད་ཁྱོད་དེ་བཞིན་ཅི་སྟེ་ཁྲོ་བར་མི་བྱེད། གཞན་གཞན་ལ་དགའ་བའང་དེས་ཉམས་པར་མཚུངས་པས་སོ། །མ་དད་པ་དེ་ནི་རྐྱེན་གཞན་མི་སྙན་པ་བརྗོད་པ་ལ་རག་ལས་པས་བདག་ལ་གཞན་དད་པ་མེད་པ་ལ་ཡིད་ཁྱོད་བཟོད་ན། ཉོན་མོངས་སྐྱེས་ལ་རག་ལས་པས་མི་སྙན་སྨྲ་ལ་ཅིས་མི་བཟོད་དེ་བཟོད་པར་རིགས་སོ། །སྐུ་གཟུགས་དང་མཆོད་རྟེན་དམ་ཆོས་ལ། ངག་འཁྱལ་སྨྲ་ཞིང་ལུས་ཀྱིས་འཇིག་པར་བྱེད་པ་ལའང་བདག་གིས་ཞེ་སྡང་མི་རིགས་ཏེ། སངས་རྒྱས་སོགས་ལ་ནི་གནོད་པ་མི་མངའ་བའི་ཕྱིར་རོ། །བླ་མ་དང་གཉེན་ལ་སོགས་པ་དང་། མཛའ་བཤེས་ལ་གནོད་པ་བྱེད་པ་རྣམས་ལའང་སྔ་མའི་ཚུལ་གྱིས་གཞན་ལ་རག་ལས་པར་བསྟན་པ་སྟེ། རྐྱེན་དག་ལས་ཉོན་མོངས་པར་རང་དབང་མེད་པར་བྱུང་བས་འགྱུར་བར་མཐོང་ནས་ཁྲོ་བ་ཟློག་སྟེ། བཤེས་སྤྲིངས་ལས། ཁྱོད་ཀྱིས་དགེ་སློང་བྲམ་ཟེ་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་གསུངས་པས་སོ། །ལུས་ཅན་རྣམས་ལ་སེམས་ཡོད་པ་དང་། སེམས་མེད་པ་གཉིས་ཀས་གནོད་པ་བྱས་ན། སེམས་ཡོད་ཅི་སྟེ་ལོགས་སུ་བཀར་ཏེ་དེ་ལ་བཀོན་ཞིང་ཁྲོ། དེ་བས་གནོད་པ་བཟོད་པར་གྱིས་ཤིག ལ་ལ་རྨོངས་པས་གཞན་ལ་ཉེས་པ་བྱེད་ལ། ལ་ལ་རྨོངས་ཏེ་ལན་དུ་ཁྲོས་གྱུར་ན། དེ་ལ་གནོད་པ་བྱེད་པ་དེ་དང་ལན་ཁྲོ་བ་བྱེད་པ་གཉིས། སྐྱོན་མེད་གང་གིས་བྱས། སྐྱོན་དང་བཅས་པ་དེ་གང་ཞིག་ཡིན་བསམ་ན་སྐྱོན་ཅན་དུ་སྲང་ལ་བཏེག་པ་བཞིན་མཉམ་མོ། །གང་གིས་གཞན་དག་ཚུར་ལ་གནོད་པ་བྱེད་པའི་ལས་དེ་སྔོན་ཆད་རང་གིས་ཅི་ཕྱིར་བྱས། ད་དུང་ཐམས་ཅད་ལས་ལ་རག་ལས་ན། བདག་གིས་གནོད་བྱེད་འདི་ལ་ཅི་སྟེ་བཀོན་ཞིང་ཁྲོ་བར་མི་རིགས་སོ། །དེ་ལྟར་མཐོང་ནས་ཅི་ནས་ཀྱང་། ཐམས་ཅད་ཕན་ཚུན་བྱམས་པའི་སེམས་སུ་འགྱུར་བ་དེ་ལྟར་བདག་གིས་ནི། དེ་རྒྱུ་བསོད་ནམས་དག་ལ་བསྒྲིམས་ཏེ་བྱའོ། །དཔེར་བགྱི་ན། ཁྱིམ་ཚིག་གྱུར་པའི་མེ། ཁྱིམ་གཞན་ཞིག་ཏུ་སོང་ན་ནི། དེ་རྩྭ་སོགས་གང་ལ་མཆེད་པ་ཡིས་དངོས་པོ་དེ་ནི་བང་མཛོད་ཚིག་དོགས་ནས་ཕྱུང་སྟེ་དོར་བར་རིགས་པ་དེ་བཞིན། གང་ལ་སེམས་ཆགས་ནས་ཞེ་སྡང་མེ་ནི་མཆེད་པར་གྱུར་པ་ན། བསོད་ནམས་ཚིག་པར་དོགས་པ་ཡིས། དེ་ནི་དེ་ཡི་མོད་ལ་དོར་བར་བྱའོ། །གསུམ་པ་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ལ། སྡུག་བསྔལ་ཆུང་ངུས་ཆེན་པོ་སེལ་བར་བསྟན་པ། གཞན་གྱི་ཡོན་ཏན་ལ་དགའ་བར་བྱ་བ། སྤང་བླང་མཉམ་པ་ཉིད་ཤེས་བྱར་བསྟན་པ་གསུམ་ལས། དང་པོ་ནི། བསད་པར་བྱ་བའི་མི་ཞིག་ལག་པ་ཙམ་བཅད་དེ། གལ་ཏེ་ཐར་ན་ལག་པ་བཅད་པ་ཙམ་བཟོད་ཀྱི་སྲོག་ལས་ཐར་སྙམ་ཅིས་མ་ལེགས་ཏེ་ལེགས་སོ། །གལ་ཏེ་མི་ཡི་སྡུག་བསྔལ་གྱིས་གོ་ཆོད་ནས་ཕྱིས་དམྱལ་བར་སྐྱེ་བ་དང་བྲལ་ན་ཅིས་མ་ལེགས་ཏེ་ལེགས་སོ། །ད་ལྟའི་སྡུག་བསྔལ་འདི་ཙམ་ལ་སྡུག་བསྔལ་ལོ་སྙམ་བདག་གིས་བཟོད་པར་མི་ནུས་ན། དེས་ན་དམྱལ་བའི་སྡུག་བསྔལ་ཆེས་ཆེ་བ་བདག་གིས་ག་ལ་བཟོད། མི་བཟོད་ན་དེའི་རྒྱུ་ཁྲོ་བ་ཅི་སྟེ་ཟློག་པར་མི་བྱེད། འདོད་པའི་དོན་དུ་བདག་ནི་སྲེག་པ་ལ་སོགས་པ་དམྱལ་བར་ལན་སྟོང་ཕྲག་དུ་མ་མྱོང་གྱུར་ཀྱང་། རང་ཉིད་སྡུག་བསྔལ་བ་མ་གཏོགས་མདོ་དོན་ཅི་ཡང་མ་བྱུང་ཞིང་། དེར་བདག་གིས་རང་གི་དོན་དང་ནི་གཞན་གྱི་དོན་ཡང་མ་བྱས་སོ། །ཆོས་ཕྱིར་དཀའ་བ་སྤྱད་པའི་སྡུག་བསྔལ་འདི་ནི་དེ་ཙམ་དུ་གནོད་པ་ཡང་མིན་ལ། དོན་ཆེན་དག་ཀྱང་འགྲུབ་པར་འགྱུར། ཅེས་འདིས་འགྲོ་བ་ངན་པར་འགྱུར་བའི་གནོད་པ་སེལ་བས་སྡུག་བསྔལ་ལ་དགའ་བ་འབའ་ཞིག་འདིར་བྱ་བར་རིགས་སོ། །གཉིས་པ་གཞན་གྱི་ཡོན་ཏན་ལ་དགའ་བ་བསྒོམ་པ་ནི། གང་ཟག་གཞན་གྱིས་ཡོན་ཏན་ལྡན་པ་ལ་ཡོན་ཏན་ཅན་ཡིན་ནོ་ཞེས་བསྟོད་ནས། གལ་ཏེ་བསྟོད་མཁན་གྱིས་ཡིད་དགའ་བའི་བདེ་བ་ཐོབ་པ་ཡིན་ན། ཡིད་ཁྱོད་ཀྱང་ནི་ཕ་རོལ་པོ་དེ་ཡོན་ཏན་ཅན་དུ་བསྟོད་ནས་ཅིའི་ཕྱིར་དེ་ལྟར་དགའ་བར་མི་བྱེད། ཡིད་ཁྱོད་ཀྱིས་གཞན་གྱི་ཡོན་ཏན་ལ་ཡི་རང་ཞིང་གཞན་བསྟོད་པ་ལས་བྱུང་བའི་དགའ་བའི་བདེ་བ་འདིས་ཚེ་ཕྱི་མ་བདེ་བ་འབྱུང་ལ། ཚེ་འདིར་ཕྲག་དོག་གི་ཁ་ན་མ་ཐོ་བ་མེད་པར་བྱེད་པའོ། །དེས་ན་གཞན་བསྔགས་པ་འདི་ཡོན་ཏན་ལྡན་པ་རྣམས་ཀྱིས་རྗེས་སུ་གནང་ཞིང་། གཞན་རང་གི་འཁོར་དུ་སྡུད་པ་ཡི་མཆོག་ཀྱང་ཡིན་ནོ། །གཞན་ཡང་དེ་ལྟར་བདེ་བར་འགྱུར་ཞེས་ཕྲག་དོག་ནས་གལ་ཏེ་ཡིད་ཁྱོད་བདེ་བ་འདི་མི་འདོད་ན། གླ་རྔན་སྦྱིན་པ་སོགས་སྤང་བའི་ཕྱིར་ཚེ་འདིར་མཐོང་དང་མ་མཐོང་བ་ཕྱི་མའི་འབྲས་བུ་ལས་ཁྱོད་ཉམས་པར་འགྱུར་རོ། །རང་གི་ཡོན་ཏན་བརྗོད་པའི་ཚེ་གཞན་ལ་བདེ་བའང་འབྱུང་བར་འདོད་པར་བྱེད་ལ། གཞན་གྱི་ཡོན་ཏན་བརྗོད་པའི་ཚེ། རང་ལའང་ཕྲག་དོག་གིས་བདེ་བ་མི་འདོད་པར་བྱེད་པ་འདི་དང་། སེམས་ཅན་ཐམས་ཅད་བདེ་བར་འདོད་པས་བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། ད་སེམས་ཅན་རང་གི་བདེ་བ་ཅུང་ཟད་རྙེད་པ་དེས་ཀོ་ཅི་སྟེ་ཁྲོ་བར་བྱེད་དེ་འགལ་བར་འགྱུར་རོ། །སེམས་བསྐྱེད་པའི་དུས་འཇིག་རྟེན་གསུམ་གྱིས་མཆོད་པའི་འཚང་རྒྱ་བར་སེམས་ཅན་རྣམས་ནི་འདོད་ཅེས་དམ་བཅས་ན། ད་བསྙེན་བཀུར་ངན་ངོན་ཙམ་བྱུང་བ་མཐོང་ནས། ཅིའི་ཕྱིར་དེ་ལ་ཡིད་ཁྱོད་གདུང་བར་བྱེད། དེ་ཡང་གསོ་བྱ་གང་ཞིག ཁྱོད་ཉིད་ཀྱིས་ངེས་པར་གསོ་དགོས་པ། ཁྱོད་ཉིད་ཀྱིས་ནི་སྦྱིན་པར་བྱ་བ་དེ་ལ་སྟེར་མ་དགོས་པར་དེའི་གཉེན་གྱིས་སྦྱིན་པའི་འཚོ་བ་རྙེད་པར་གྱུར་ན་དགའ་བར་མི་འགྱུར་བར་སླར་ཁྲོའམ། སངས་རྒྱས་ཉིད་དུ་འགོད་པར་དམ་བཅས་ཀྱི་བདེ་བ་གཞན་སྒྲུབ་པར་དམ་མ་བཅས་སོ་སྙམ་ན། འཇིག་རྟེན་འདི་བདེ་བ་ཅུང་ཟད་དེ་ཅི་སྟེ་འགྲོ་བ་ལ་མི་འདོད་ན་འགྲོ་བ་དེ་ལ་བྱང་ཆུབ་ཏུ་འདོད་པ་གང་ཞིག་ཡིན། མི་རིགས་པ་ཆེན་པོ་ཞེས་པའི་ཐ་ཚིག་གོ །དེས་ན་གང་ཞིག་གཞན་འབྱོར་མཐོང་ནས་ཁྲོ་བ་དེ་ལ་གཞན་ཕན་བདེ་ལ་འགོད་པར་འདོད་པའི་བྱང་ཆུབ་སེམས་ནི་ག་ལ་ཡོད། གལ་ཏེ་སྦྱིན་ཡུལ་དེས་སྦྱིན་བདག་དེ་ལས་རྙེད་པ་དེ་ཐོབ་བམ་མ་ཐོབ་པར་ཡང་སྦྱིན་བདག་གི་ཁྱིམ་ན་གནས་པར་གྱུར་པ་ཀུན་ཏུ་རྙེད་པ་དེ་ཁྱོད་ལ་དབང་བ་མེད་ན། དེས་སྦྱིན་བྱ་དེ་ལ་བྱིན་ནམ་མ་བྱིན་རུང་། ཕྲག་དོག་དེས་ཅི་བྱ་རང་ལ་ནམ་ཡང་མི་ཕན་པས་སོ། །རྙེད་པ་ཐོབ་པའི་རྒྱུ་ནི་གསུམ་སྟེ། ཚེ་སྔ་མའི་བསོད་ནམས་ཀྱི་མཐུ་དང་ནི་ཚེ་འདིར་གཞན་དད་པའི་སྤྱོད་པའམ་ཚུལ་ཁྲིམས་ཐོས་པ་སོགས་རང་གི་ཡོན་ཏན་གསུམ་ཡིན་པས་ཅིའི་ཕྱིར་དེ་འདོར། དོར་བའི་རྒྱུ་དེས་རྙེད་པར་འགྱུར་བ་མི་འཛིན་པ་དེས་ན་ཡོན་ཏན་དོར་མཁན་བདག་ལ་གང་གིས་ཁྲོ་བར་མི་བྱེད་སྨྲོས་ཤིག ཁྱོད་ནི་རང་གིས་སྡིག་པ་བྱས་པ་དེ་ལ་མྱ་ངན་མེད་པར་མ་ཟད་ཀྱི། བསོད་ནམས་བྱས་པ་གཞན་དག་དང་ལྷན་ཅིག་ཕན་ཚུན་འགྲན་པར་བྱེད་འདོད་དམ། བམ་པོ་གཉིས་པ།། །། གལ་ཏེ་དགྲ་བོ་ཞིག་མི་དགའ་ནའང་། དེ་ལ་ཡིད་ཁྱོད་དགར་ཅི་ཞིག་ཡོད་དེ། ཁྱོད་ལ་ཕན་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དགྲ་ཕུང་ན་ཅི་མ་རུང་སྙམ་ན། ཁྱོད་ཀྱི་ཡིད་སྨོན་ཙམ་གྱིས་ནི་དགྲ་དེ་ལ་གནོད་པའི་རྒྱུར་མི་འགྱུར་བའི་ཁར་རང་ལ་གནོད་པའི་རྒྱུར་འགྱུར་རོ། །ཁྱོད་ཀྱི་འདོད་པའི་དགྲ་ཕུང་བའི་སྡུག་བསྔལ་དེ། གྲུབ་ནའང་ཁྱོད་དགའ་རྒྱུ་ཅི་ཞིག་ཡོད་དེ་མེད་དོ། །གལ་ཏེ་དགྲ་ཕུང་བས་བདག་འཚེངས་པར་འགྱུར་རོ་ཞེ་ན། དེ་ལས་བདག་ཕུང་བ་གཞན་ཅི་ཡོད་དེ་གནོད་སེམས་ཉོན་མོངས་ཉ་པས་བཏབ་པ་ཡི། མཆིལ་པའམ་ལྕགས་ཀྱུ་དེ་ནི་མི་བཟད་པ་གཟེ་བ་སྟེ་རྣོ་བ་དེས་འཆོར་མེད་དུ་གཟུང་ནས་སེམས་ཅན་དམྱལ་བའི་བུམ་པར་ཡང་། དམྱལ་བའི་སྲུང་མ་རྣམས་ཀྱིས་བདག་འཚེད་ངེས་པས་སོ། །གསུམ་པ་སྤང་བླང་མཉམ་པ་ཉིད་ཤེས་བྱར་བསྟན་པ་ནི། འཇིག་རྟེན་དོན་དུ་གཉེར་བ་ནི་ལྔ་སྟེ། བསོད་ནམས་དང་། ཚེ་འཕེལ་བ་དང་། སྟོབས་འཕེལ་བ་དང་། ནད་མེད་པ་དང་། ལུས་བདེ་བ་རྣམས་ཡིན་ལ། བསྟོད་དང་གྲགས་པའི་རིམ་གྲོས་ནི། ཚེ་ཕྱི་མར་བསོད་ནམས་མི་འགྱུར། འདིར་ཚེ་རིང་བའི་འཐུད་མར་མི་འགྱུར། བདག་འདིས་སྟོབས་ཆེ་བར་མི་འགྱུར། ནད་མེད་པར་མིན། ལུས་བདེ་བར་ཡང་མི་འགྱུར་རོ། །དེ་བས་བདག་ནི་རང་དོན་དུ་གང་འགྱུར་ཤེས་པར་གྱུར་ན་བསྟོད་གྲགས་སོགས་དེ་ལ་རང་དོན་ལ་ཕན་པ་ཅི་ཞིག་ཡོད། ཡིད་བདེ་བ་ཙམ་ཞིག་བསྐྱེད་དོ་སྙམ་ན། ཡིད་བདེ་འབའ་ཞིག་འདོད་ན་ནི། གནས་སྐབས་ཀྱི་ཡིད་བདེ་བའི་རྒྱུ་རྒྱན་པོ་སོགས་དང་ཆང་ཡང་བསྟེན་དགོས་ཞེས་མི་འདོད་པ་འཕེན་པའོ། །གཏོང་ཕོད་ཆེ་ཞེས་གྲགས་པའི་དོན་དུ་ནོར་ཕར་ཤོར་ཞིང་། དཔའ་བོ་ཞེས་པའི་དོན་དུ་བདག་ཉིད་ཀྱང་ནི་གསོད་པར་བྱེད་པའི་མཚོན་ཆའི་དབུས་སུ་འཚང་ན། གྲགས་པ་དེ་ནི་ཚིག་སྐམ་པོར་ཟད་ལ། ཚིག་འབྲུ་རྣམས་ཀྱིས་ཅི་ཞིག་བྱ། ཤི་ན་དེས་ཀོ་སུ་ལ་བདེ་བར་བྱེད་དེ་ཁོ་འདྲ་བ་མེད་དོ་ཞེས་འཛམ་བུ་གླིང་ན་བསྔགས་པའི་སྒྲ་མི་ཆད་ཀྱང་ཤི་ན་དགོས་པ་མེད་དེ། སྒྲ་དེ་ལུང་སྟོང་དུ་ཁུས་བཏབ་པ་ལྟ་བུར་འགྱུར་རོ། །དཔེར་ན་རྩེད་མོའི་ཕྱིར་བྱིས་པའི་བྱེ་མའི་ཁང་བུ་རྡིབ་པར་གྱུར་ན་བྱིས་པ་རྣམས་ནི་ག་ཆད་ཆད་དུ། དེ་བཞིན་དུ་བསྟོད་དང་གྲགས་པ་ཉམས་ན། རང་གི་སེམས་སྡུག་པ་དེ་ནི་བྱིས་པ་བཞིན་ནོ། །རེ་ཞིག་སྒྲ་ལ་སེམས་མེད་ཕྱིར། སྒྲ་དེ་གྲགས་པ་ཙམ་དུ་ཟད་ཀྱི། བདག་ལ་བསྟོད་དོ་སེམས་པ་ཡོད་མི་སྲིད་དོ། །བདག་ལ་གཞན་དགའོ་ཞེས་གྲགས་པ་དེ་ནི་བདག་དགའ་བའི་རྒྱུ་ཡིན་གྲང་ན། བསྟོད་པ་ལ་གཞན་ནམ་ཡང་ན་བདག་ལའང་རུང་། གཞན་བསྟོད་མཁན་དགའ་བ་དེས་བསྟོད་ཡུལ་བདག་ལ་ཅི་ཞིག་ཕན། དགའ་བདེ་དེ་ནི་བསྟོད་པ་པོ་དེ་ཉིད་ཀྱི་བསམ་པ་ཡིན་པས། བདག་གིས་དེ་ལས་ཆ་ཤས་ཀྱང་མི་ཐོབ་པའི་ཕྱིར་རོ། །ཡང་བསྟོད་མཁན་དེ་བདེ་བ་ཡིས་བདག་བདེ་ན། ཀུན་ལའང་དེ་བཞིན་བྱར་དགོས་ན། ཇི་ལྟར་གཞན་དགྲ་ལྟ་བུ་ལ་དགའ་བ་ཡིས། བདེ་བར་གྱུར་ན་དེས་བདག་མི་བདེ་བར་མི་རིགས་སོ། །དེ་བས་ན་བདག་ནི་བསྟོད་དོ་ཞེས། རང་གི་ཡིད་དགའ་བ་སྐྱེ་བར་འགྱུར་བ། དེ་ཡང་དེ་ལྟར་མི་འཐད་པས་ན་བྱིས་པའི་སྤྱོད་པ་ཁོ་ནར་ཟད་དོ། །དེས་ན་བསྟོད་སོགས་ཀྱིས་བདག་ནི་གཡེང་བར་བྱེད་པ་དང་། དེས་ནི་འཁོར་བ་ལ་སྐྱོ་བའང་འཇིག་པར་བྱེད་པ་དང་། གཞན་ཡོན་ཏན་ལྡན་པ་ལ་ཕྲག་དོག་གི་མེ་འབར་བས་རང་རྒྱུད་སྲེག་པ་དང་། དགེ་བ་ཕུན་སུམ་ཚོགས་པའང་དེ་ཙམ་གྱི་འབྲས་བུ་ཕྱུང་ནས་འཇིག་པར་བྱེད། དེའི་ཕྱིར་བདག་གི་བསྟོད་སོགས་ལ་དགའ་བ་ནི་གཞིག་ཕྱིར། ཐབས་གང་དག་ཉེ་བར་གནས་པ་དེ་དག་ལ་བདག་ནི་ངན་སོང་དུ་ལྟུང་བ་བསྲུང་བའི་ཕྱིར་འདིར་ཞུགས་པ་མིན་ནམ་སྟེ་ཡིན་ནོ་སྙམ་དུ་ཤེས་པར་བྱའོ། །བདག་ནི་གྲོལ་བ་དོན་དུ་གཉེར་ལ། རྙེད་དང་བཀུར་སྟིས་ནི་འཆིང་བ་སྟེ། དེ་མི་དགོས་ལ། གང་དག་སྔར་བདག་དེས་བཅིངས་པ་གྲོལ་བར་བྱེད་པ་བཟོད་པའི་དཀའ་ཐུབ་དེ་ལ་བདག་ནི་ད་ཕྱིན་ཆད་ཇི་ལྟར་ཁྲོ། . གཞན་ཡང་བདག་ནི་སྡུག་བསྔལ་ལ་འཇུག་པར་འདོད་པ་ལ། སངས་རྒྱས་ཀྱིས་ནི་བྱིན་གྱིས་བརླབས་པ་བཞིན་དུ། སྡུག་བསྔལ་གྱི་ཁང་པར་མི་གཏོང་བའི་སྒོ་འཕར་བཅད་པ་ཉིད་དུ་གྱུར་པ་བཟོད་པ་ཡིན་ན་དེ་ལ་བདག་ནི་ཇི་ལྟར་ཁྲོ་སྟེ་ཁྲོ་མི་རིགས་སོ། །འདིས་ནི་བསོད་ནམས་ཀྱི་གེགས་བྱེད་དོ་ཞེས་སེར་སྣ་ལ་སོགས་པ་དེ་ལའང་ཁྲོ་བར་རིགས་པ་མིན་ཏེ། བཟོད་པ་དང་མཚུངས་པའི་དཀའ་ཐུབ་ཡོད་པ་མིན་ན། བདག་ནི་དེ་ལ་མི་གནས་སམ། གལ་ཏེ་བདག་ནི་སྤྲོ་ཐུང་བ་ལ་སོགས་རང་སྐྱོན་གྱིས་འདི་ལ་བཟོད་པ་མི་བྱེད་ན། བསོད་ནམས་རྒྱུ་ནི་མདུན་ན་ཉེ་བར་གནས་པ་འདི་ལའང་བདག་གིས་གེགས་བྱས་པར་ཟད་དེ་གྲོགས་ཁར་བྱུང་བ་ལྕེས་ཕུལ་བ་བཞིན་ནོ། །རྒྱུ་ཞེས་བྱ་བ་ཡང་འབྲས་བུའི་དངོས་པོ་གང་ཞིག་རྒྱུ་གང་མེད་ན་མི་འབྱུང་ལ། གང་ཞིག་ཡོད་ན་ཡོད་པར་འགྱུར་བ་ས་བོན་དང་མྱུ་གུ་བཞིན་དེ་ཉིད་དེ་ཡི་རྒྱུར་བཞག་པ་ཡིན་ན། རྒྱུ་དེ་ལ་ཇི་ལྟར་གེགས་ཞེས་བྱ་སྟེ། དཔེར་ན་སྦྱིན་པ་གཏོང་འདོད་པའི་དུས་སུ་ཕྱིན་པའི་སློང་མོ་བས། སྦྱིན་པའི་གེགས་བྱས་ཡོད་པ་མ་ཡིན་ལ། རབ་ཏུ་འབྱིན་པར་བྱེད་གྱུར་པའི་མཁན་སློབ་ལྟ་བུ་ཡང་རབ་བྱུང་གི་གེགས་ཡིན་ཞེས་བྱར་མི་རུང་སྟེ། དང་པོ་སེར་སྣ་དང་ཕྱི་མ་ཁྲིམས་འཆལ་ལྟ་བུ་གེགས་ཡིན་ཞེས་པའི་དོན་ནོ། །སྦྱིན་དུས་འཇིག་རྟེན་ན་ནི་སློང་བ་མོད་ལ་གནོད་པ་བྱེད་པ་དཀོན་པ་སྟེ། འདི་ལྟར་དེ་ལ་ཕར་གནོད་པ་མ་བྱས་ན། འགའ་ཡང་ཚུར་ལ་གནོད་པ་མི་བྱེད་དོ། །དེ་བས་ངལ་བས་མ་བསྒྲུབས་པའི་ཁྱིམ་དུ་གཏེར་ནི་བྱུང་བ་སྟེ་བརྡོལ་བ་ལྟར་བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། བདག་གིས་དགྲ་ལ་དགའ་བར་བྱ་སྟེ་དྲིན་དུ་གཟོ་བའི་བསམ་པས་སོ། །དགྲ་ལ་དགའ་བ་རྒྱུ་གང་ཞེ་ན་འདི་དང་ལྷན་ཅིག་བདག་གིས་བཟོད་པ་བསྒྲུབས་པས་ན། དེ་ཕྱིར་བཟོད་པའི་འབྲས་བུ་ནི། དགྲ་འདི་ལ་ཐོག་མར་བདར་བ་སྟེ་སྦྱིན་པར་འོས་ཏེ། འདི་ལྟར་དེ་ནི་བདག་གི་བཟོད་པའི་རྒྱུར་གྱུར་པས་སོ། །གལ་ཏེ་དགྲ་ལ་བདག་གི་བཟོད་པ་བསྒྲུབ་དགོས་བསམ་པ་མེད་པས། དགྲ་འདི་མཆོད་པར་བྱ་བ་མིན་ནོ་ཞེ་ན། འགྲུབ་པ་ཡི་ནི་རྒྱུར་རུང་བ་ཙམ་གྱིས་ཆོག་གི། གཞན་དུ་ན་དམ་པའི་ཆོས་ཀྱང་ཅི་སྟེ་མཆོད་དེ། དེ་ལའང་བདག་ལ་ཕན་འདོག་པར་བསམ་པ་མེད་པའི་ཕྱིར་རོ། །གལ་ཏེ་དགྲ་འདི་ལ་བདག་ལ་གནོད་པ་བྱ་བའི་བསམ་པ་ཡོད་པས་དེས་མཆོད་བྱ་མིན་ཞེ་ན། སྨན་པ་བཞིན་དུ་ཕན་པར་བརྩོན་པ་ཞིག་ན་བདག་གི་བཟོད་པའང་ཇི་ལྟར་འགྲུབ་སྟེ་བཟོད་མི་དགོས་ལ། དེ་བས་གཞན་རབ་ཏུ་སྡང་བའི་སེམས་ལ་བརྟེན་ནས་བདག་ལ་བཟོད་པ་སྐྱེ་བས་ན། དེ་ཉིད་བཟོད་པའི་རྒྱུར་གྱུར་པ་ཡིན་པས་ན་དམ་པའི་ཆོས་བཞིན་དུ་མཆོད་པར་འོས་སོ། །དེ་ཕྱིར་སེམས་ཅན་གྱི་ཞིང་དང་ནི། རྒྱལ་བའི་ཞིང་ཞེས་ཐུབ་པས་གསུངས་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། སེམས་ཅན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། སངས་རྒྱས་ཀྱི་ཞིང་དེ་ལས་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པར་འགྱུར་གྱིས་དེར་ནི་ལོག་པར་བསྒྲུབ་མི་རིགས་སོ་ཞེས་སྙམ་ནས། དེ་ཡང་འདི་སྙམ་དུ་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་ཐམས་ཅད་ནི་སེམས་ཅན་ལ་བརྟེན་ནས་བྱུང་སྟེ་ཉེས་པར་སྤྱད་པ་ལ་བརྟེན་ནས་ནི་ངན་སོང་རྣམས་འབྱུང་ངོ་། །ལེགས་པར་སྤྱད་པ་ལ་བརྟེན་ནས་ལྷ་དང་མིར་འགྱུར་རོ་སྙམ་མོ་ཞེས་སོ། །སེམས་ཅན་འདི་དག་མགུ་བར་བྱ་བས་མང་པོ་ཞིག་འདི་ལྟར་བདག་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་ཕྱིན་ཏོ། །དེས་ན་སེམས་ཅན་རྣམས་དང་རྒྱལ་བ་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་འགྲུབ་པར་འདྲ་བ་ལ། རྒྱལ་བ་ལ་གུས་པར་བྱེད་པ་དེ་བཞིན་དུ་སེམས་ཅན་རྣམས་ལ་གུས་པ་མིན་པ་ཅི་ཡི་ཚུལ། སངས་རྒྱས་ནི་ཡོན་ཏན་ཚད་མེད་པ་དང་ལྡན་ལ། སེམས་ཅན་ནི་སྐྱོན་མང་བས་སོ་སྙམ་ན། བསམ་པའི་ཡོན་ཏན་རང་གིས་མཉམ་ཞེས་སྨྲ་བ་མིན་ཏེ། འབྲས་བུ་ལས་ཡིན། སངས་རྒྱས་ལ་དད་ཅིང་མཆོད་པས་བྱང་ཆུབ་ཐོབ་པ་ལྟར། སེམས་ཅན་ལ་བརྩེ་ཞིང་བྱམས་པས་དེའི་དོན་བྱས་པ་ན་སངས་རྒྱས་ཐོབ་པར་མཚུངས་པར་མཐོང་བ་དེས་ན་སེམས་ཅན་རྣམས་ལ་ཡོན་ཏན་ཡོད་པ་དེའི་ཕྱིར་དེ་དག་མཉམ་པ་ཡིན་ནོ། །དྲི་མ་མེད་པར་གྲགས་པའི་མདོ་ལས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་སྟོན་པ་དང་འདྲ་བར་བལྟ་བར་བྱའོ་ཞེས་གསུངས། དེས་ན་བྱང་སེམས་ལྡན་ལ་མཆོད་པ་གང་ཡིན་པ་བསོད་ནམས་ཆེ་བའི་རྒྱུ་མཚན་ཡང་། གང་ཟག་དེ་ནི་དམིགས་ཡུལ་སེམས་ཅན་གྱི་ཆེ་བ་ཉིད་ཡིན་པས། སངས་རྒྱས་དད་པའི་བསོད་ནམས་ཆེ་བ་གང་དེ་ཡང་དམིགས་ཡུལ་སངས་རྒྱས་ཀྱི་ཆེ་བ་ཉིད་ཡིན། སངས་རྒྱས་དང་སེམས་ཅན་གཉིས་ལ་བརྟེན་ན་སངས་རྒྱས་ཀྱི་ཆོས་འགྲུབ་པའི་ཆ་ཡོད་པ་དེས་ན། སངས་རྒྱས་དང་སེམས་ཅན་དེ་དག་མཉམ་པར་འདོད་དོ། །གཞན་ཡོན་ཏན་རྒྱ་མཚོ་མཐའ་ཡས་པའི་སངས་རྒྱས་རྣམས་དང་འགའ་མི་མཉམ་སྟེ། ཡོན་ཏན་མཆོག་རྣམས་ཚོགས་པ་དཔེ་ཟླ་མེད་པ་ནི་སངས་རྒྱས་གཅིག་པུ་ཡིན་པས་སོ། །དེའི་ཡོན་ཏན་ཤས་ཙམ་འགའ་ཞིག་ལ་སྣང་ནའང་དེ་ལ་མཆོད་པའི་དོན་དུ་ཁམས་གསུམ་ཐམས་ཅད་ཕུལ་ཡང་ཆུང་བར་འགྱུར་བ་ཡིན། རང་གི་རྒྱུད་ལ་སངས་རྒྱས་ཀྱི་ཆོས་མཆོག་སྐྱེ་བའི་ཆ་ཤས་ཙམ་ཞིག་སེམས་ཅན་རྣམས་ལ་ཡོད་པས་ན། འདི་ཙམ་དག་གི་ཆ་བསྟུན་ནས། སེམས་ཅན་མཆོད་བྱར་རིགས་པར་འགྱུར་རོ། །གཞན་ཡང་བདག་ཅག་ལ་གཡོ་མེད་པའི་གཉེན་དུ་གྱུར་ཅིང་། ཕན་པ་དཔག་མེད་མཛད་པའི་སངས་རྒྱས་རྣམས་ལ། སེམས་ཅན་མགུ་བྱ་མ་གཏོགས་པར་གཞན་གང་ཞིག་གིས་དྲིན་ལན་ལོན་པར་འགྱུར་ཏེ་མི་འགྱུར་རོ་བསམ་མོ། །སངས་རྒྱས་དེ་དག་སེམས་ཅན་གང་གི་ཕྱིར་སྔོན་རང་གི་སྐུ་ཡང་སྦྱིན་པར་གཏོང་ཞིང་མནར་མེད་པའི་དམྱལ་བར་ཡང་པདྨའི་མཚོ་ལ་ངང་མོ་འཇུག་པ་ལྟ་བུར་མཛད་ལ། དེས་དེ་དག་ལ་ཕན་བཏགས་ན་དྲིན་ལན་ལོན་པར་འགྱུར་བས་ན་བྱ་དཀའ་བ་དེ་སྒྲུབ་རོགས་བྱས་པར་སོང་བ་ཡིན་ལ། དེ་བས་སེམས་ཅན་འདི་དག་བདག་ལ་གནོད་པ་ཆེན་པོ་བྱེད་ན་ཡང་ལུས་ངག་ཡིད་ཐམས་ཅད་ཀྱི་སྒོ་ནས་སེམས་ཅན་ལ་ཕན་པ་བཟང་དགུ་ཞིག་ཏུ་སྤྱད་པར་བྱའོ། །རེ་ཞིག་བདག་གི་རྗེར་གྱུར་པ་སངས་རྒྱས་ཉིད་ཀྱང་ནི། གང་ཕྱིར་རང་གི་སྐུ་ལའང་མི་གཟིགས་པར་དེ་དག་གི་དོན་མཛད་ན། དེ་ལ་རྨོངས་པ་བདག་གིས་ཇི་ལྟར་ན་ང་རྒྱལ་བྱ་ཞིང་འགྱིངས་ནས་དེ་དག་གི་བྲན་གྱི་དངོས་པོ་མི་བྱ་སྟེ་བྱ་དགོས་སོ། །སེམས་ཅན་གང་དག་བདེ་བས་ཐུབ་དབང་རྣམས་དགྱེས་པར་འགྱུར་ཞིང་། སེམས་ཅན་གང་ལ་གནོད་པ་ནི་མི་དགྱེས་པ་འབྱུང་བར་འགྱུར་བ་སེམས་ཅན་དེ་དག་དགའ་བས་ཐུབ་པ་ཀུན་དགྱེས་ཤིང་། སེམས་ཅན་དེ་དག་ལ་གནོད་པ་བྱས་ན་ཐུབ་དབང་རྣམས་ལ་གནོད་པ་བྱས་པ་བུ་གཅིག་པ་ལ་གནོད་པ་བྱས་ན་མ་ལ་གནོད་པ་བྱས་པར་སོང་བ་བཞིན་ནོ། །ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ་ན། འདོད་པ་ཀུན་གྱིས་སྤུངས་ཀྱང་དེ་ཡིད་བདེ་བར་མི་འགྱུར་བ། དེ་བཞིན་སེམས་ཅན་ལ་གནོད་པ་བྱས་ན་ཡང་། ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །དེ་བས་ན་སྔོན་ནམ་ད་ལྟར་བདག་གིས་འགྲོ་ལ་གནོད་པ་བྱས་པས། ཐུགས་རྗེ་ཆེ་ཀུན་མི་དགྱེས་གྱུར་པ་གང་ཡིན་པའི་སྡིག་དེ། དེ་རིང་སོ་སོར་བཤགས་པར་བགྱི་ཡིས། མི་དགྱེས་གང་ལགས་དེ་ཐུགས་རྗེ་ཅན་ཐུབ་རྣམས་ལ་བཟོད་པར་གསོལ་ལོ། །དེ་བཞིན་གཤེགས་རྣམས་དགྱེས་པར་བགྱི་བའི་སླད་དུ། དེང་ནས་ངེས་པར་བརཏལ་ཏེ་འཇིག་རྟེན་གྱི་བྲན་དུ་མཆིའོ། །འགྲོ་མང་རྡོག་པས་བདག་གི་སྤྱི་བོར་འཚོག་གམ། འགུམས་པར་བགྱིད་ཀྱང་སེམས་ཅན་དེ་དག་ལ་མི་བདོ། དེས་འཇིག་རྟེན་མགོན་པོ་རྣམས་དགྱེས་པར་མཛོད་ཅིག་གུ། འགྲོ་བ་འདི་ཀུན་ཐུགས་རྗེའི་བདག་ཉིད་ཅན་སངས་རྒྱས་དེས་བདག་ཏུ་བཟུང་བར་མཛད་པ་འདི་ལ་ཐེ་ཚོམ་མེད་པས། སེམས་ཅན་ངོ་བོར་མཐོང་བ་སྟེ་བདག་ལ་མངོན་གྱུར་འདི་དག་ཉིད་ཀྱི་སེམས་བསྲུངས་པས། ལྐོག་གྱུར་གྱི་མགོན་དེའི་ཐུགས་གཟུང་བ་ཡིན་པས་བདག་ཉིད་བྱ་བ་འདི་ལ་ཅིའི་ཕྱིར་གུས་པར་མི་བྱེད་དེ། འདི་ཉིད་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱེད་པ་ཡིན། རང་གི་དོན་ཡང་དག་སྒྲུབ་པའང་འདི་ཉིད་དོ། །འཇིག་རྟེན་སྡུག་བསྔལ་སེལ་བའང་འདི་ཉིད་དེ། དེ་ལྟས་རྟག་ཏུ་བདག་གིས་དེ་ཉིད་བྱའོ། །དཔེར་ན་རྒྱལ་པོའི་མི་འགའ་ཞིག་སྐྱེ་བོ་མང་པོ་ལ་གནོད་པར་བྱེད་ཀྱང་། སྐྱེ་བོ་མིག་རྒྱང་རིང་པོ་དག་གིས་དེ་བསད་པར་ནུས་ཀྱང་། ཕུགས་ཀྱི་ལེགས་ཉེས་བརྟགས་ནས་དེ་ལ་ཕྱིར་གནོད་པ་མི་བྱེད་དེ། འདི་ལྟར་དེ་གཅིག་པུ་མ་ཡིན་གྱི་རྒྱལ་པོའི་མཐུ་སྟོབས་ཐམས་ཅད་མི་དེའི་མཐུ་དཔུང་ཡིན་པས། དེ་བཞིན་བདག་ལ་གནོད་བྱེད་ཉམས་ཆུང་བ་འགའ་ལ་ཡང་ཁྱད་དུ་བསད་པར་མི་བྱ་སྟེ། འདི་ལྟར་དམྱལ་བའི་སྲུང་མ་དང་། ཐུགས་རྗེ་ལྡན་པ་རྣམས་དེ་ཡི་དཔུང་ངོ་། །དེ་ལྟས་དམངས་ཀྱིས་རྒྱལ་པོ་གཏུམ་པོ་ལ་ངོ་མི་འཛིན་དགུ་འཛིན་བྱ་བ་བཞིན། བདག་གིས་སེམས་ཅན་རྣམས་ནི་མགུ་བར་བྱའོ། །རྒྱལ་པོ་ལྟ་བུ་ཞིག་ཁྲོས་ན་ཡང་། སེམས་ཅན་མི་མགུ་བར་བྱས་པ་དེ་ཡིས་སྡུག་བསྔལ་མྱོང་བར་འགྱུར་བ་གང་ཡིན་པ་ཡི་སེམས་ཅན་དམྱལ་བར་ལྟུང་བའི་གནོད་པ་དེ་ལྟ་བུ་རྒྱལ་པོ་དེས་ཁྲིམས་ཕབ་ཀྱང་བྱེད་དམ་སྟེ་མི་བྱེད་དོ། །རྒྱལ་པོ་ལྟ་བུ་ཞིག་མགུ་ན་ཡང་། སེམས་ཅན་མགུ་བར་བྱས་པ་དེ་ཡི་ཐོབ་པར་འགྱུར་བ་གང་ཡིན་པ་སངས་རྒྱས་ཉིད་ཡིན་པས་སྦྱིན་པ་མི་སྲིད་དོ། །སེམས་ཅན་མགུ་བར་བྱས་པ་ལས་བྱུང་བ་ཡི་འབྲས་བུ་མ་འོངས་སངས་རྒྱས་འགྲུབ་པ་ལྟ་ཞོག ཚེ་འདི་ཉིད་ལའང་དཔལ་ཆེ་བ་དང་། གྲགས་པ་དང་སྐྱིད་པར་འགྱུར་བ་ཅིས་མ་མཐོང་སྟེ་མཐོང་ངོ་། །བཟོད་པའི་ཕན་ཡོན་ནི། འཁོར་བར་འཁོར་བའི་ཚེ། བཟོད་པས་གཟུགས་མཛེས་པ་སོགས་དང་། ནད་མེད་པ་དང་། གྲགས་པ་ཡིས་ཁྱབ་པ་དང་། ཤིན་ཏུ་ཡུན་རིང་འཚོ་བ་དང་། འཁོར་ལོས་སྒྱུར་བའི་བདེ་བ་རྒྱས་པ་ཐོབ་བོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བཟོད་པ་བསྟན་པ་ཞེས་བྱ་བ་སྟེ་ལེའུ་དྲུག་པའོ།། །། ༈ གཉིས་པ་བསླབ་པ་གསུམ་ཀའི་དབང་དུ་བྱས་པ་བརྩོན་འགྲུས་ལ། བརྩོན་པ་ལ་བྱང་ཆུབ་ཡོད་ཚུལ། བརྩོན་འགྲུས་མི་མཐུན་ཕྱོགས་དང་བཅས་པ་མདོར་བསྟན། དེ་དག་རྒྱས་པར་བཤད་པ་གསུམ་ལས། དང་པོ་ནི། དེ་ལྟར་གནོད་པ་དང་སྡུག་བསྔལ་བཟོད་པར་གྱུར་པས་དགེ་བའི་ལས་ལ་བརྩོན་འགྲུས་བརྩམ་སྟེ། འདི་ལྟར་བརྩོན་འགྲུས་དང་ལྡན་པ་ལ་བྱང་ཆུབ་གནས་ཏེ། རླུང་མེད་ན་ཤིང་ལ་སོགས་པ་གཡོ་བ་མེད་པ་བཞིན། བྱང་ཆུབ་ཀྱི་རྒྱུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ནི་བརྩོན་འགྲུས་མེད་ན་མི་འབྱུང་ལ། དེ་གཉིས་མེད་པར་བྱང་ཆུབ་མེད་པས་སོ། །གཉིས་པ་བརྩོན་འགྲུས་མི་མཐུན་ཕྱོགས་དང་བཅས་པ་མདོར་བསྟན་པ་ནི། བརྩོན་འགྲུས་གང་ཞེ་ན། དགེ་བ་ལ་སྤྲོ་བའོ། །དེའི་མི་མཐུན་ཕྱོགས་བཤད་པར་བྱ་སྟེ་ལེ་ལོའོ། །དེ་གང་ལས་བྱུང་ན་བྱ་བ་ངན་པ་ལ་ཞེན་པ་དང་། བྱ་བས་སྒྱིད་ལུག་པ་དང་། བདག་ཉིད་བརྙས་པའོ། །སྙོམ་ལས་དང་བསོད་ཉམས་ཀྱིས་བདེ་བའི་རོ་མྱོང་དང་། གཉིད་ལ་བརྟེན་པའི་སྲེད་པ་ཡིས་ནི་འཁོར་བའི་སྡུག་བསྔལ་ལ་ཡིད་མི་སྐྱོ་ལ། དེ་ལས་ལེ་ལོ་ཉེ་བར་སྐྱེ་བར་འགྱུར་རོ། །གསུམ་པ་དེ་དག་རྒྱས་པར་བཤད་པ་ལ། མི་མཐུན་ཕྱོགས་སེལ་ཚུལ། གཉེན་པོའི་དཔུང་བསྐྱེད་ཚུལ། དོན་བསྡུ་བ་གསུམ་ལས། དང་པོ་ནི། ཉོན་མོངས་རྒྱ་པས་སེམས་ཀྱི་རི་དྭགས་ཤོར་ནས་ནི། སྐྱེ་བའི་རྒྱ་བཙུགས་སར་བདས་པས་དེར་ནི་ཚུད་པར་གྱུར་ནས། འཆི་བདག་ཁར་ནི་སོང་གྱུར་པ། ཇི་སྟེ་ད་དུང་མི་ཤེས་སམ། ཤེས་ན་ལེ་ལོ་མི་རིགས་པས་སོ། །འཇིག་རྟེན་འདིར་འཆི་བདག་གིས་རང་སྡེ་རིམ་གྱིས་གསོད་པ་ཡང་ཁྱོད་ཀྱིས་མཐོང་བར་མ་གྱུར་ཏམ། འོན་ཀྱང་གཉིད་ལ་བརྟེན་པ་གང་དེ་གསོད་བྱེད་གདོལ་པ་དང་ནི། བསད་བྱ་མ་ཧེ་བཞིན། འབྲོས་པའི་ལམ་ནི་ཀུན་ནས་བཀག་ནས་སུ། འཆི་བདག་གིས་ནི་ད་ལྟ་གསོད་དོ་ཞེས་ལྟས་བཞིན་དུ། ཇི་ལྟར་ཁྱོད་ནི་ཟ་བ་ལ་དགའ་ཞིང་འདི་ལྟར་གཉིད་ལོག་པ་ལ་ཇི་ལྟར་དགའ། མྱུར་བ་ཉིད་དུ་འཆི་བར་འགྱུར་བས་ཏེ། མཚན་མོ་བཟང་པོའི་མདོ་ལས། སང་ཙམ་འཆིའམ་སུས་ཤེས་ཀྱིས། །དེ་རིང་ཉིད་དུ་བརཏན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་ཉིད་བཤེས་པ་མ་ཡིན་ནོ། །ཞེས་པས་ཇི་སྲིད་མ་ཤི་བ་དེ་སྲིད་དུ་ནི་ཚོགས་བསགས་པ་བྱ་རིགས་སོ། །འཆི་ཁར་དགེ་བ་ལ་འབད་ཆོག་གོ་སྙམ་ན། དེ་ཚེ་ལེ་ལོ་སྤངས་ཀྱང་ནི་དགེ་བ་བྱེད་པའི་དུས་སམ་ལོང་ཡོད་པ་མ་ཡིན་པས་ཅི་ཞིག་བྱ། བྱ་བ་འདི་ནི་མ་བྱས་པ་ད་གཟོད་བྱའོ་སྙམ་པ་དང་བྱ་བ་འགོ་བརྩམས་པ་དང་། བྱ་བ་འདི་ཕྱེད་ཙམ་བྱས་པར་གནས་པ་ལ་གློ་བུར་འཆི་བདག་འོངས་ནས་ནི་འཕྲོ་ལོང་ངེ་ལུས། བདག་གི་མི་ཚེ་དོན་མེད་དུ་སོང་བ་ཚོར་ཏེ། ཀྱི་ཧུད་བཅོམ་ཞེས་སེམས་པར་འགྱུར། ཉེ་དུ་རྣམས་མྱ་ངན་གྱིས་ངུས་པའི་ཤུགས་ཀྱིས་སྐྲངས་པ་ཡི་མིག་ནི་དམར་པོར་གྱུར་པ་གདོང་ལ་མཆི་མ་ནི་འཛག་པའི་ཉེ་དུ་དག་ལ་ཕན་པའི་ཐབས་མེད་ནས་རེ་ཐག་ཆད་པ་དང་གཤིན་རྗེའི་ཕོ་ཉས་ཟིན་པའི་གདོང་ལ་བལྟ། དེ་རང་གི་སྡིག་དྲན་པས་གདུངས་པ་དང་དམྱལ་བའི་སྒྲ་ནི་ཐོས་པ་ཡིས་སྐྲག་པས་བཤང་གཅི་ཤོར། མི་གཙང་བ་དེས་ལུས་བསྒོས་ཤིང་། མྱོས་ཤིང་འཆོལ་བར་གྱུར་ཚེ་དགེ་བ་ཅི་ཞིག་བྱ། སེམས་ཁྱོད་ནི་ཉ་གསོན་པོ་བྱེ་ཚན་ལ་འགྲེ་བ་ལྟའི་ཚེ་འདིར་ཡང་འཇིགས་པ་དང་ལྡན་པར་གྱུར་ན། རྒྱུ་སྡིག་པ་བྱས་པས་ཕྱིས་འབྲས་བུ་དམྱལ་བ་མི་བཟད་པར་ལྷུང་བའི་ཚེ་ན། སྡུག་བསྔལ་རྣམས་ནི་མྱོང་བ་སྨོས་ཅི་དགོས། ཆུ་ཚན་གྱིས་ནི་རེག་པ་ན། གཞོན་ཤ་ཅན་དག་གིས་ཟུག་མི་བཟོད་ལ། དེའི་རྩིས་ན་རབ་ཏུ་ཚ་བའི་དམྱལ་བར་སྐྱེ་བ་ཡི་ནི་ལས་བྱས་ནས་ཅིའི་ཕྱིར་འདི་ལྟར་བདེ་བར་གནས། རྒྱུ་ལ་བརྩོན་པ་མེད་པ་ལ་འབྲས་བུ་འདོད་པ་དང་། གཟེ་རེ་བཟོད་སྲན་ཆུང་བ་ཅན་ལ་གནོད་པ་མང་ཞིང་འཆི་བས་གཟུང་བཞིན་དུ་ཡང་བག་མེད་ལྷ་འདྲ་བ། མི་འདོད་པ་ཤ་སྟག་ཐོག་ཏུ་བབ་པས་ཀྱི་ཧུད་སྡུག་བསྔལ་དག་གིས་བཅོམ། དེས་ན་མི་ཡི་གྲུ་འདི་ལ་བརྟེན་ནས་སུ། སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ་ཅིག མ་བསྒྲལ་ན་གྲུ་འདི་ཕྱིས་ནས་རྙེད་པར་དཀའ་བས། རྨོངས་པ་ཞེས་རང་ལ་བོས་ནས། རྙེད་པའི་དུས་སུ་གཉིད་མ་ལོག་ཅེས་གདམས་སོ། །ངན་པ་ལ་ཞེན་ན། དགའ་བའི་རྒྱུ་ནི་མཐའ་ཡས་པའི་དམ་པའི་ཆོས་དགའ་བའི་མཆོག་ཏུ་གྱུར་པ་སྤངས་ནས། སྡུག་བསྔལ་རྒྱུ་ཡིས་གཡེང་བ་དང་། སེམས་མ་ཞི་བ་བློ་རྒོད་པ་སོགས་ལ་ཁྱོད་ཅིའི་ཕྱིར་དགའ། དེ་བས་སྒྱིད་ལུག་མེད་པ་སེམས་གཟེངས་མཐོ་བ་དང་། སྦྱོར་བའི་བརྩོན་འགྲུས་ཀྱི་དཔུང་ཚོགས་དང་། ཉོན་མོངས་པ་དང་ཉེས་སྤྱོད་སྤོང་བ་ལྷུར་བླང་བ་དང་། གཉེན་པོའི་བདག་ཉིད་ལ་དབང་བྱ་བ་དང་། བདག་དང་གཞན་དུ་མཉམ་པ་དང་། བདག་དང་གཞན་དུ་བརྗེ་བར་གྱིས་ཤིག་གོ །བདག་གིས་བྱང་ཆུབ་ག་ལ་ཐོབ་ཅེས་སྒྱིད་ལུག་པར་ཡང་ནི་མི་བྱ་སྟེ། འདི་ལྟར་དཔང་དུ་གྱུར་པ། དེ་བཞིན་གཤེགས་པ་ནི་བདེན་པ་གསུང་བ་དེས་བདེན་པའི་གཏམ་འདི་གསུངས་ཏེ། ལག་བཟངས་ཀྱིས་ཞུས་པ་ལས། རྟེན་དམན་པ་སྦྲང་བུ་ཤ་སྦྲང་བུང་བ་དང་། དེ་བཞིན་དུ་སྲིན་བུར་གང་གྱུར་པ། དེ་དག་གིས་ཀྱང་བརྩོན་པའི་སྟོབས་བསྐྱེད་ན། བྱང་ཆུབ་ཐོབ་དཀའ་བ་བླ་ན་མེད་པ་འདི་ཐོབ་ན། བདག་ལྟ་སྐལ་བ་དང་ལྡན་པའི་རིགས་རྟེན་ཁྱད་པར་ཅན་གྱི་མིར་སྐྱེས་ལ། ཕན་དང་གནོད་པ་གང་ཡིན་ངོ་ཤེས་པས། བྱང་ཆུབ་སྤྱོད་པ་མ་བཏང་ན་ནི་བདག་གིས་བྱང་ཆུབ་ཅིས་མི་ཐོབ། འོན་ཏེ་ཕུགས་ཐོབ་ཀྱང་དེའི་དོན་དུ་རྐང་ལག་ལ་སོགས་པ་བཏང་དགོས་པས་བདག་ནི་འཇིགས་ཤེ་ན། འཁོར་བ་མཐའ་མེད་དུ་སྡུག་བསྔལ་གྱི་ཁུར་ལྕི་བ་འཁུར་བ་དང་། བྱང་ཆུབ་སྒྲུབ་པའི་དགའ་སྤྱད་ཀྱི་ཁུར་ཡང་བ་མ་སྤྱད་པར་རྨོངས་པ་བདག་ལྕི་བ་ལ་མི་འཇིགས། ཡང་བ་ལ་འཇིགས་པར་ཟད་དོ། །འཁོར་བར་འཁྱམ་པའི་དུཿཁ་ལྕི་བ་དང་བྱང་ཆུབ་སྒྲུབ་པ་ཡང་བའི་རྒྱུ་མཚན། བསྐལ་པ་བྱེ་བ་གྲངས་མེད་དུ་ལན་གྲངས་དུ་མར་ལུས་བཅད་པ་དང་། དབུག་པ་དང་སྲེག་དང་གཤགས་པ་མྱོང་བར་འགྱུར་གྱི། ངལ་བ་དེས་བྱང་ཆུབ་ཐོབ་པར་ནི་མི་འགྱུར་རོ། །བདག་གིས་བྱང་ཆུབ་སྒྲུབ་པ་ཡི་སྡུག་བསྔལ་འདི་ནི་ཆུང་བའམ་ཡང་བའི་ཚོད་ཡོད་དེ། ཟུག་རྔུ་ཆེ་བ་མདེའུ་ཁོང་དུ་བརླག་པ་སྟེ་འཚངས་པའི་གནོད་པ་བསལ་བའི་ཕྱིར། སྨན་པས་དེ་འབྱིན་པའི་ཕྱིར་ལུས་ལ་རྨ་བཏོད་པའི་སྡུག་བསྔལ་བཞིན་ནམ། སྨན་པ་ཀུན་ཀྱང་གཏར་སྲེག་སོགས་གསོ་དཔྱད་ཀྱིས་མི་བདེ་བ་ཆུང་ངུ་དེ་ཡིས་ནད་ཆེན་པོ་མེད་པར་བྱེད་པ་ལྟར། དེ་བས་སྡུག་བསྔལ་ཆེན་པོ་མང་པོ་དག་གཞོམ་ཕྱིར་མི་བདེ་བ་ཆུང་ངུ་ཙམ་བཟོད་པར་བྱ། གསོ་དཔྱད་ཕལ་པ་ལ་གཏར་སོགས་རྩུབ་བཅོས་བྱུང་བ་འདི་འདྲ་བ་སྨན་པའི་མཆོག་སངས་རྒྱས་དག་གིས་མ་མཛད་དེ། ཆོ་ག་ཤིན་ཏུ་འཇམ་པོ་ཡིས་ནི་ནད་ཆེན་དཔག་མེད་གསོ་བར་མཛད་དོ། །བྱིན་པར་གོམས་འཇུག་པ་ལ་ཚོད་མ་ལ་སོགས་སྦྱིན་པ་ལ་ཡང་འདྲེན་པས་ཐོག་མར་སྦྱོར་བར་མཛད་དེ། དེ་ལ་གོམས་ནས་ཕྱི་ནས་ནི་རིམ་གྱིས་རང་གི་ཤ་ཡང་གཏོང་བར་གསུངས་ཏེ། གང་ཚེ་རང་གི་ལུས་དེ་ལ་ནི་སྙིང་པོ་མེད་པས་ཚོད་མ་སོགས་ལྟ་བུའི་བློ་སྐྱེས་པ། དེ་ཚེ་ལུས་ཀྱི་ཤ་ལ་སོགས་པ་གཏོང་བ་དེ་ལ་དཀའ་བ་ཅི་ཞིག་ཡོད་དེ། སྡུད་པ་ལས། ཆོས་རྣམས་རང་བཞིན་བདག་མེད་ཡ་མ་བརླར་ཤེས་ནས། །བདག་གི་ཤ་ཡང་གཏོང་ཞིང་ཞུམ་པའི་སེམས་མེད་དེ། །དེ་ཚེ་ཕྱི་རོལ་དངོས་པོ་གཏོང་བ་སྨོས་ཅི་དགོས། །ཞེས་གསུངས། དེ་ཡང་སྡིག་པ་སྤང་བའི་ཕྱིར་ཡིན་པས་སྡུག་བསྔལ་མེད། དངོས་པོ་ལ་ཞེན་པ་མེད་པས་མཁས་པའི་ཕྱིར་ན་མི་དགའ་བ་མེད། འདི་ལྟར་ལོག་པར་རྟོག་པ་སྐྱེས་པ་དང་། སྡིག་པ་བྱས་པས་ལུས་དང་སེམས་ལ་གནོད་ཀྱི། བསོད་ནམས་ཀྱིས་ནི་ལུས་བདེ་ལ། མཁས་པ་ཡིས་ནི་སེམས་བདེ་ན། རྒྱུ་མཚན་དེ་ལྟ་བུས་གཞན་དོན་དུ་འཁོར་བ་ཇི་སྲིད་བར་གནས་ཀྱང་ནི་སྙིང་རྗེ་ཅན་དག་ཡུན་རིང་སྙམ་ཅི་སྟེ་སྐྱོ། དེ་བས་བྱང་ཆུབ་སེམས་དཔའ་འདི་ནི་བྱང་ཆུབ་སེམས་སྟོབས་ཀྱིས། སྔོན་གྱི་སྡིག་པ་ཟད་པར་བྱེད་ཅིང་། བསོད་ནམས་རྒྱ་མཚོ་སྡུད་བྱེད་ཕྱིར། ཉན་ཐོས་རྣམས་པས་མཆོག་ཏུ་གྱུར་པར་བཤད་དོ། །དེ་བས་སྐྱོ་བ་དང་ངལ་བ་ཀུན་སེལ་བའི་བྱང་ཆུབ་སེམས་ཀྱི་རྟ་ལ་ཞོན་ནས། བདེ་ནས་བདེ་བར་འགྲོ་བ་ལ་ནི་སེམས་ཤེས་སུ་ཞིག་སྒྱིད་ལུག་པར་འགྱུར། གཉིས་པ་གཉེན་པོའི་དཔུང་བསྐྱེད་ཚུལ་ལ། དཔུང་བཞིར་དབྱེ་བས་མདོར་བསྟན། དཔུང་དང་པོ་གསུམ་རྒྱས་པར་བཤད། ཕྱི་མ་ཆ་ཙམ་བསྟན་པ་གསུམ་ལས། དང་པོ་ནི། སེམས་ཅན་དོན་འགྲུབ་བྱ་ཕྱིར་དཔུང་བསྐྱེད། དཔུང་གང་ཞེ་ན། མོས་པའི་དཔུང་དང་། བརྟན་པའི་དཔུང་དང་། དགའ་བའི་དཔུང་དང་། དོར་བའི་དཔུང་དང་བཞི་ཡིན་ལ། ཇི་ལྟར་བསྐྱེད་པ་མོས་པ་སོགས་ནི། སྡུག་བསྔལ་གྱི་འཇིགས་སྐྲག་བསམ་པ་དང་། དེའི་ཕན་ཡོན་བསམ་པས་བསྐྱེད་ཅིང་། དེ་ལྟར་བྱ་བའི་ཆ་མི་མཐུན་ཕྱོགས་སུ་གནས་པ་སྤངས་པས་ཏེ། མོས་པ་ནི་དགེ་བའི་ཆོས་ལ་འདོད་ཅིང་འདུན་པ་དང་། ང་རྒྱལ་ལམ་བརྟན་པ་ནི་གཉེན་པོའི་ང་རྒྱལ་བསྐྱེད་ཅིང་སྦྱོར་བ་བསྟན་པ་དང་། དགའ་བ་ནི་དགེ་བ་ལ་སྤྲོ་བ་དང་ལྡན་པ་དང་། དོར་བ་ནི་དགེ་བ་ལ་འབད་པས་དུབ་ན་སྐབས་སུ་ངལ་གསོ་བ་སྟེ། དེ་བཞི་ལྷུར་ལེན་པས་རང་གི་ལུས་ངག་ཡིད་དབང་བསྒྱུར་བའི་སྟོབས་ཀྱིས་ནི་བརྩོན་གྲུས་སྤེལ་ནུས་པའི་ཕྱིར་འབད་པར་བྱའོ། །གཉིས་པ་དཔུང་དང་པོ་གསུམ་རྒྱས་པར་བཤད་པ་ལ། མོས་པའི་དཔུང་། ང་རྒྱལ་གྱི་དཔུང་། དགའ་བའི་དཔུང་གསུམ་ལས། དང་པོར་མོས་པའི་དཔུང་ནི། བདག་དང་གཞན་གྱི་ཉེས་པ་ནི་དཔག་ཏུ་མེད་པ་བདག་གིས་གཞོམ་པར་བྱ་སྟེ། དམ་བཅས་པའི་དོན་སྒྲུབ་པ་ཡིན་པས་སོ། །གང་དུ་ཉེས་པ་རེ་རེ་གཞོམ་པ་ལའང་ཡུན་བསྐལ་པ་རྒྱ་མཚོ་ཟད་འགྱུར་བ། དེས་ན་ཉེས་པ་ཐམས་ཅད་ཟད་པའི་བརྩོན་པ་དེ་ཡིས་ནི་ནུས་པའི་ཆ་ཡང་བདག་ལ་མ་མཐོང་བའི་ཕྱིར་ན། སྡུག་བསྔལ་དཔག་ཏུ་མེད་པའི་གནས་སུ་ལེ་ལོར་གྱུར་པས་བདག་ཀོ་ཅི་སྟེ་སྙིང་མ་གས་ཏེ་འགས་རིགས་པར་ཐལ་ལོ། །བདག་དང་གཞན་གྱི་ཡོན་ཏན་ནི་མང་པོ་བདག་གིས་བསྒྲུབ་པར་བྱ་སྟེ། དེ་ལ་ཡོན་ཏན་རེ་རེ་ཡང་བསྐལ་པ་རྒྱ་མཚོར་གོམས་པར་གྱུར་པས་འགྲུབ་པ་ཡིན་ན། བདག་ནི་ཡོན་ཏན་དེའི་ཆ་ཤས་ལ་ཡང་གོམས་པ་ནམ་ཡང་མ་སྐྱེས་ཏེ་དེ་ཁར་འདུག་པའི་ཕྱིར། ཅི་ཞིག་ལྟར་རྙེད་སྐྱེ་བ་བཟང་པོ་འདིར་ནི་བདག་གིས་དོན་མེད་བྱས་པ་མཚར་ཞེས་པ་ཁྲེལ་བའོ། །བདག་གིས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱོན་པ་མ་མཆོད་ཅིང་དགའ་སྟོན་ཆེན་པོའི་བདེ་བ་མ་བྱིན་པ་གཏན་པ་མེད་པའི་མཆོད་སྦྱིན་མ་བྱས་པ་དང་། བསྟན་པ་ལ་ཞུགས་ནས་ཉོན་མོངས་པ་འདུལ་བའི་བྱ་བ་མ་བྱས་པ་དང་། དབུལ་པོ་རྣམས་ཀྱི་བསམ་པ་རྫོགས་པར་མ་བྱས་པ་དང་། འཇིགས་པ་ཅན་ལ་མི་འཇིགས་པ་མ་བྱིན་པ་དང་། སྡུག་བསྔལ་གྱིས་ཉམ་ཐག་པའི་སེམས་ཅན་ལ་བདེ་བ་མ་བྱིན་པ་སྟེ་བྱམས་པས་མ་བསྐྱངས་ན་བདག་སྦྲུམ་པས་མ་ཡི་མངལ་གྱི་ཟུག་རྔུ་དང་། སྐྱེས་ནས་སྲེལ་སྐྱོང་གིས་མ་སྡུག་བསྔལ་བ་འབའ་ཞིག་བསྐྱེད་པར་ཟད་དོ། །དེས་ན་ཕྱིན་ཆད་དེ་ལྟར་མི་བགྱི་བར་སངས་རྒྱས་མཆོད་སོགས་དེ་དག་ལ་བརྩོན་པར་བྱའོ། །བདག་གིས་སྔོན་དང་ད་ལྟར་ཡང་ནི་ཆོས་ལ་མོས་པ་དང་བྲལ་བ་ཡིས། ཡོན་ཏན་གྱིས་ཕོངས་པ་འདི་འདྲ་བ་འབྱུང་བར་གྱུར་པས། སེམས་ཤེས་སུ་ཞིག་ཆོས་ལ་མོས་པ་གཏོད་པ་མི་རིགས་ཏེ། དགེ་བའི་ཕྱོགས་ནི་ཐམས་ཅད་ཀྱི་རྩ་བ་མོས་པར་ཐུབ་པས་གསུངས་སོ། །མོས་པ་དེའི་ཡང་རྩ་བ་རྟག་ཏུ་ནི། རྣམ་སྨིན་འབྲས་བུ་ངན་སོང་གི་ཉེས་དམིགས་དང་མཐོ་རིས་དང་ཐར་པའི་ཕན་ཡོན་བསྒོམ་པས་སོ། །སྒོམ་ཁྱེར་འཁོར་བའི་ཉེས་དམིགས་ནི་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཇིགས་པ་རྣམ་པ་སྣ་ཚོགས་པ་དང་། འདོད་པ་རྣམས་དང་བྲལ་བ། མི་འདོད་པ་དང་ཕྲད་པ་ནི་སྡིག་པ་སྤྱོད་པ་ལས་འབྱུང་བར་འགྱུར་རོ། །རྣམ་སྨིན་དེ་མི་འདོད་པས་རྒྱུ་སྡིག་པ་སྤང་བར་བྱའོ་སྙམ་པའོ། །ཕན་ཡོན་ཡིད་ལ་བསམ་པའི་དང་སེམས་པའི་དགེ་བ་ཟག་བཅས་ཟག་མེད་བྱས་པས་གང་མཐོ་རིས་དང་གང་དུ་ཐར་པར་འགྲོ་བར་འགྱུར་བ། དེ་དང་དེར་ནི་བསོད་ནམས་དེ་ཡིས། འབྲས་བུ་བདེ་བའི་ཡོན་ཏན་གྱིས་མངོན་པར་མཆོད་པར་འགྱུར། སྡིག་པ་བྱེད་པ་དེ་རྣམ་སྨིན་བདེ་བ་འདོད་ཀྱང་ཚེ་ཕྱི་མ་ངན་འགྲོ་གང་དང་སྟེས་དབང་གིས། མཐོ་རིས་གང་དུ་འགྲོ་བར་འགྱུར་ཀྱང་དེ་དང་དེར་ནི་སྡིག་པ་དེས་སྡུག་བསྔལ་བའི་མཚོན་གྱིས་རྣམ་པར་འཇོམས་པ་དང་། འདབ་མ་རྒྱ་ཆེ་དྲི་བཟང་པོ་ནུས་པ་བསིལ་བའི་པདྨའི་སྙིང་པོར་གནས་པ་རྒྱལ་བའི་གསུང་སྙན་ཆོས་ཐོས་པའི་ཟས་ཀྱིས་གཟི་བརྗིད་བསྐྱེད་པར་བྱས་པ་ཐུབ་འོད་ཀྱིས་རྒྱས་པར་བྱས་པའི་པདྨ་ལས་བརྫུས་ཏེ་བྱུང་བའི་ལུས་མཆོག་མཚན་དཔེས་སྤྲས་པ་ཅན། རྒྱལ་བའི་མདུན་ན་གནས་པ་བདེ་གཤེགས་སྲས་སུ་དགེ་བ་བྱས་པས་འགྱུར་ལ། གཤིན་རྗེའི་སྐྱེས་བུས་ལུས་ཀྱི་པགས་པ་མ་ལུས་བཤུས་པས་ཤིན་ཏུ་ཉམ་ཐག་ཅིང་། རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་ཁོལ་མ་ལུས་ལ་བླུགས་པར་གྱུར་ལ། དེའི་སྟེང་དུ་འབར་བའི་རལ་གྲི་དང་མདུང་ཐུང་གིས་བསྣུན་པས་ཤ་ཡི་དུམ་བུ་བརྒྱར་ལྷགས་ཤིང་། ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་དྲུད་པ་ལྷུང་བར་ནི་སྔོན་མི་དགེ་མང་པོ་བྱས་པས་འགྱུར་རོ། །དེ་བས་ན་དགེ་བ་སྒྲུབ་པ་ལ་མོས་པར་བྱ་ཞིང་། གུས་པ་ཉིད་དུ་བསྒོམ་པར་བྱའོ། །གཉིས་པ་ང་རྒྱལ་གྱི་དཔུང་ནི་སངས་རྒྱས་ཕལ་པོ་ཆེའི་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་ལེའུ་དྲུག་པ་ནས་བཤད་པའི་ཆོ་ག་ཡིས་དོན་གྲུབ་པ་བརྩམས་ནས་ང་རྒྱལ་བསྒོམ་པར་བྱའོ། །དེར་ཇི་ལྟར་ཞེ་ན། དཔེར་ན་ལྷའི་བུ་ཉི་མ་འཆར་བ་ན་དམུས་ལོང་དང་དུ་བ་དང་ཁུག་སྣ་དང་རི་མི་མཉམ་པ་ལ་སོགས་པ་ཉེས་པ་ཅིས་ཀྱང་མི་ལྡོག་པར་འོས་པའི་ཡུལ་རྣམས་སྣང་བར་བྱེད་པ་ལྟར་ཞེས་དཔེ་བཀོད། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་དང་ཤེས་བཞིན་ཅན་སེམས་ཟབ་ཅིང་རྒྱ་ཆེ་བ་ལ་རྣམ་པར་མ་ཞུམ་པ་ཡོན་ཏན་གྱི་སྤྱོད་པ་དང་། ཡེ་ཤེས་ཀྱི་སྤྱོད་པ་མཐའ་གཏུགས་པ་ནི་སེམས་ཅན་འཁུ་བའི་ངང་ཚུལ་གྱི་ཉེས་པས་མི་ལྡོག་གོ་དང་། སེམས་ཅན་དམྱལ་བར་སྐྱེས་པ་དེ་དག་དང་ངན་སོང་གི་ས་ལ་གནས་པའི་སེམས་ཅན་དེ་དག་ཐམས་ཅད་དེ་ནས་ཤི་འཕོས་པར་གྱུར་ཅིང་བདག་གིས་དེ་དག་གི་དུཿཁའི་ཕུང་པོ་ཆེན་པོ་བླང་བར་བྱའོ། །བརྩོན་པར་བྱའོ། །སྤྲོ་བར་བྱའོ། །མི་ལྡོག་པར་བྱའོ། །མི་འབྲོས་པར་བྱའོ། །མི་སྐྲག་པར་བྱའོ། །མི་འཇིགས་པར་བྱའོ། །ཕྱིར་མི་ལྡོག་པར་བྱའོ། །སྒྱིད་མི་ལུག་པར་བྱའོ་སོགས་རྒྱས་པར་གསུངས་སོ། །དང་པོར་འབྱོར་བ་དེ་སྒྲུབ་ནུས་སམ་མི་ནུས་བརྟགས་ནས་ནི། ནུས་ན་བརྩམ་མམ། ཡང་ན་མི་ནུས་ན་མི་བརྩམ་པར་བྱ། མ་བརྩམས་པ་ནི་མཆོག་ཡིན་གྱིས། བརྩམས་ནས་ལྡོག་པར་གྱུར་པ་དེ་ལྟ་མ་ཡིན་པས་མི་བྱའོ། །སྒྲུབ་མི་ནུས་པ་བསྒྲུབས་ན་ལྟུང་བར་འགྱུར་ལ་སྐྱེ་བ་གཞན་དུ་དེ་གོམས་ཤིང་སྡིག་དང་སྡུག་བསྔལ་འཕེལ་བར་འགྱུར་ཏེ། ལྟུང་བ་དེ་རྣམ་སྨིན་ངན་པ་འབྱིན་བྱེད་ཡིན་པས་སོ། །དགེ་བ་སྒྲུབ་འོས་པ་མ་བསྒྲུབས་ན་ཡང་ལྟུང་བ་ཡིན་པས་སྐྱེ་བ་གཞན་དང་འབྲས་བུའི་དུས་ཀྱང་ནི་སྔ་མ་བཞིན་ལ། དགེ་བ་སྒྲུབ་འཕྲོ་བཞག་ན་འབྲས་བུ་དམན་པར་འགྱུར་ཞིང་། བརྩམས་པའི་དོན་དེ་ཡང་འགྲུབ་པར་མི་འགྱུར་རོ། །དེས་ན་ལས་དང་ཉོན་མོངས་དང་ནུས་པ་སྟེ། གསུམ་པོ་དག་ལ་ང་རྒྱལ་བྱ་སྟེ་ཇི་ལྟར་བདག་ཉིད་གཅིག་པུས་བྱའོ་ཞེས་འདི་ནི་ལས་ཀྱི་ང་རྒྱལ་ཉིད་དོ། །ཉོན་མོངས་པས་དབང་མེད་པའི་འཇིག་རྟེན་འདི་རང་དོན་སྒྲུབ་པར་མི་ནུས་པས་གཞན་དོན་ལྟ་ཅི། དེས་ན་འགྲོ་བས་བདག་ལྟར་མི་ནུས་ཏེ། དེ་བས་བདག་གིས་འདིའི་དོན་བྱའོ། །གཞན་དག་དམན་པའི་ལས་ལ་བརྩོན་པར་བྱེད་ན། བདག་ཉིད་ཀྱང་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་དགོས་པས་ནི་ཇི་ལྟར་དལ་བར་འདུག་འདིའི་ལས་བྱའོ། །དེ་ཡང་གཞན་གྱིས་དམན་པའི་ལས་བྱེད། བདག་གིས་ནི་བཟང་པོའི་ལས་བྱས་སོ་སྙམ་པའི་ང་རྒྱལ་གྱིས་ནི་མི་བྱེད་དེ། བདག་ལ་ང་རྒྱལ་མེད་པ་མཆོག་ཡིན་པས་སོ། །ཤི་བའི་སྦྲུལ་དང་ཕྲད་གྱུར་ན་ཁྭ་ཏ་ཡང་མཁའ་ལྡིང་ཁྱུང་ལྟ་བུར་སྤྱོད་པ་བཞིན། གལ་ཏེ་བདག་ཉིད་ཉམ་ཆུང་ན་ལྟུང་བ་ཆུང་ངུས་ཀྱང་གནོད་པ་བྱེད་ལ། དེ་ལ་ཞུམ་པར་བྱས་ཏེ་བདག་འདྲས་ག་ལ་འོང་ཞེས་རྩོལ་བ་དོར་བ་ལ། ཐབས་ཀྱིས་ཕོངས་པ་ལས་ཐར་པ་ཡོད་དམ་ཅི་སྟེ་མེད་དོ། །དེ་ལྟ་མིན་པར་མདོ་སྡེ་རྒྱན་ནས། མགོ་ལ་སེམས་ཅན་ཁུར་ཆེན་ཁྱེར་བ་ཡིས། །སེམས་དཔའ་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །བདག་གཞན་འཆིང་བ་སྣ་ཚོགས་རབ་བཅིངས་པས། །བརྩོན་པ་བརྒྱ་འགྱུར་དུ་ནི་བྱ་བར་རིགས། །ཞེས་པས་གཉེན་པོའི་ང་རྒྱལ་གྱིས་རྩོལ་བ་བསྐྱེད་པར་བྱས་ན། དེས་ནི་ལྟུང་བ་ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ་བ་ཐོབ་བོ། །དེ་བས་སེམས་ནི་བརྟན་པ་ཡིས་ལྟུང་བ་རྣམས་ནི་གཞོམ་པར་བྱ་སྟེ། བདག་ནི་ལྟུང་བས་ཚུར་ཕམ་པར་བྱས་ན། བདག་ཁམས་གསུམ་ལས་རྒྱལ་བར་འདོད་པ་དེ་བཞད་གད་ཀྱི་གནས་སུ་འགྱུར་བ་དེས་ན་བདག་གིས་ཀུན་ལས་རྒྱལ་བར་བྱ་ཞིང་། བདག་ལས་སུ་ཡང་རྒྱལ་དུ་འཇུག་པར་མི་བྱ་སྟེ། བདག་རྒྱལ་བ་སེང་གེའི་སྲས་དག་པས། ང་རྒྱལ་འདི་ལ་གནས་པར་བྱའོ། །འོ་ན་ང་རྒྱལ་སྤང་བྱ་མ་ཡིན་ནམ་སྙམ་ན། འགྲོ་གང་ང་རྒྱལ་གྱིས་བཅོམ་པ་དེ་ཉོན་མོངས་པའི་ང་རྒྱལ་ཡིན་གྱིས། འདིར་བསྟན་པའི་ང་རྒྱལ་ཅན་མ་ཡིན། འདིའི་ང་རྒྱལ་ཅན་དཔའ་བོ་ཡིན་པས་དགྲ་ཡི་དབང་དུ་མི་འགྲོ་བ་ཡིན་པ་ལ། གཞན་གྱིས་དེ་དག་ང་རྒྱལ་དགྲ་དབང་དུ་གྱུར་པའོ། །དེ་བས་ཉོན་མོངས་པའི་ང་རྒྱལ་གྱིས་ཁེངས་ན་ཁེངས་པའི་དབང་གིས་ངན་འགྲོར་ང་རྒྱལ་གྱིས་ཁྲིད་ཅིང་། དེར་མ་ཟད་མི་ཡི་དགའ་སྟོན་བཅོམ་པ་དང་། གཞན་གྱི་ཟས་ཟ་བའི་བྲན་གཡོག་དང་ནི། གླེན་པ་དང་མི་སྡུག་པ་དང་ཉམ་ཆུང་བ་དང་། ཐམས་ཅད་དུ་ནི་བརྙས་པར་འགྱུར་རོ། །སྤང་བྱའི་ང་རྒྱལ་གྱིས་ཁེངས་པའི་དབང་གིས་སྡུག་བསྔལ་ལ་སྤྱོད་པའི་དཀའ་ཐུབ་ཅན་དེ་ཡང་། བསྔགས་འོས་ཀྱི་ང་རྒྱལ་ཅན་དུ་གཏོགས་ན་ང་རྒྱལ་མེད་པའི་དམན་པ་ཅི་འདྲ་ཞིག་ཡིན་པ་སྨྲོས། གང་ཞིག་ང་རྒྱལ་དགྲ་ལས་རྒྱལ་ཕྱིར་གཉེན་པོའི་ང་རྒྱལ་འཆང་བའི་སྐྱེས་བུ་དེ་ནི་ང་རྒྱལ་ཅན་ཞེས་བྱ་བ་དང་། རྣམ་པར་རྒྱལ་བ་དང་དཔའ་བོ་ཡང་དེ་ཉིད་དོ། །གང་ཞིག་ཉོན་མོངས་པའི་ང་རྒྱལ་གྱི་དགྲ་བདོ་བ་ཡང་དེས་བཅོམ་སྟེ། འགྲོ་ལ་འདོད་པ་བཞིན་རྒྱལ་བའི་འབྲས་བུ་རྫོགས་པར་བྱེད་པས་སོ། །དེས་ན་ཉོན་མོངས་ཕྱོགས་ཀྱི་ཁྲོད་གནས་ན། རྣམ་པ་སྟོང་འགྱུར་དུ་སྲན་གཟུགས་ཏེ་ཝ་ལ་སོགས་པས་སེང་གེ་ལ་མི་ཚུགས་པ་བཞིན་དུ་ཉོན་མོངས་རྣམས་ཀྱིས་གཉེན་པོ་ལ་མི་ཚུགས་པར་བྱའོ། །རྡེག་འཚོག་ཉམ་ང་ཆེ་ཐང་བ་བྱུང་གྱུར་ཀྱང་། མི་ཡིས་དེ་ལ་མིག་ནི་སྲུང་སྟེ་དེ་ལ་མ་ཕོག་པར་བྱེད་པ་ལྟར། དེ་བཞིན་ཉམ་ང་བ་བྱུང་བར་གྱུར་ཀྱང་གཉེན་པོ་བསྲུངས་ནས་ཉོན་མོངས་པའི་དབང་དུ་མི་འགྱུར་བར་བྱའོ། །གཉེན་པོ་བརྟན་པའི་ཚད་ནི། བདག་ནི་བསྲེགས་ཏེའམ་ཁོང་ལག་བཏང་ནས་བསད་པར་གྱུར་ཏམ། བདག་གི་མགོ་བོ་བཅད་ཀྱང་བླ་ཡི་རྣམ་པ་ཀུན་ཏུ་ཉོན་མོངས་པའི་དགྲ་ལ་འདུད་པར་མི་བྱའོ། །དེ་ལྟར་གནས་སྐབས་ཐམས་ཅད་དུ། །རིགས་པ་ལས་ནི་གཞན་མི་སྤྱད། །ཅེས་གཞུང་ཕལ་ཆེ་བ་ན་ཡོད་ཀྱང་རྒྱ་དཔེ་དང་འགྲེལ་པ་དག་ན་མི་སྣང་གསུང་ངོ་། །གསུམ་པ་དགའ་བའི་དཔུང་ནི། རྩེད་མོའི་བདེ་འབྲས་འདོད་པ་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིས་བྱ་བར་འོས་པའི་ལས་གང་ཡིན། ལས་དེ་ལ་ནི་ཞེན་པར་བྱ་སྟེ། ལས་དེས་མི་ངོམས་དགའ་བར་བྱའོ། །འཇིག་རྟེན་པ་བདེ་བའི་དོན་དུ་ལས་བྱས་ཀྱང་། བདེ་བར་འགྱུར་རམ་མི་འགྱུར་གཏོལ་མེད་ཀྱི་བྱང་སེམས་གང་གི་དགེ་བའི་ལས་འདི་ཉིད་འཕྲལ་ཕུགས་གཉིས་ཀར་བདེ་བར་འགྱུར་བ་ངེས་པ་ཡིན་ན། དེའི་ལས་མི་བྱེད་ན་འཕྲལ་ཕུགས་ཇི་ལྟར་བདེ་སྟེ་བདེ་བར་མི་འགྱུར་རོ། །སྤུ་གྲིའི་སོར་ཆགས་སྦྲང་རྩི་བལྡག་པ་ལྟའི་འཕྲལ་དུ་མནོག་ཆུང་ཞིང་། ཕུགས་ཉེས་དམིགས་ཆེ་བའི་འདོད་པ་རྣམས་ཀྱིས་མི་ངོམས་ན། རྣམ་སྨིན་བདེ་བ་གནས་སྐབས་མངོན་མཐོ་དང་ཞི་བ་མཐར་ཐུག་ངེས་ལེགས་སྐྱེད་པ་ཡི་བསོད་ནམས་ཀྱིས་ལྟ་ཅི་སྟེ་ངོམས། དེ་ལྟས་བགྱིར་འོས་པའི་ལས་ཚར་ཕྱིན་པར་བྱ་བའི་ཕྱིར་སོས་ཀ་ཉི་མ་ཕྱེད་ཀྱི་དུས་ཚད་པས་གདུངས་པས་གླང་ཆེན་ནི་མཚོ་དང་ཕྲད་ན་མཚོར་འཇུག་པ་ལ་དགའ་ཞིང་སྤྲོ་བ་དེ་ལྟར། ལས་དེ་ལ་ཡང་འཇུག་པར་བྱའོ། །གསུམ་པ་ཕྱི་མ་ཆ་ཙམ་བསྟན་པ་ནི། དགེ་བའི་ལས་དེ་ལ་འབད་པས་ལུས་སེམས་སྟོབས་ཉམས་པ་དང་རྗེས་སུ་འབྲེལ་ན་ཡང་སླར་བྱ་བའི་དོན་དུ་རེ་ཞིག་ཙམ་དོར་བར་བྱ་སྟེ། མདོར་ན་སུན་ཅིང་སྐྱོ་ན་མི་འགྲུབ་པའི་རྒྱུར་འགྱུར་རོ། །གཞན་ཡང་ལུས་ངག་གི་བྱ་བ་ཁ་ཅིག་ལེགས་པར་ཟིན་ན་དེ་དོར། ཕྱི་མ་སྒོམ་པ་ལྟ་བུ་དང་། ཕྱི་མ་འདོད་པས་སྔ་མ་དེ་སྤང་བར་བྱ་སྟེ། ཇོ་བོས། གཅིག་ཏུ་མཉམ་གཞག་སེམས་བརྟན་ན། །ལུས་ངག་དགེ་བ་གཙོར་མི་བྱ། །ཞེས་པའི་སྐབས་ལྟ་བུའོ། །གསུམ་པ་དོན་བསྡུ་བ་ནི། འཐབ་མོ་རྙིང་པ་དག་དགྲ་དང་ལྷན་ཅིག་ཏུ་གཡུལ་ངོར་རལ་ཁ་ལྷགས་པ་གཞན་གྱི་མཚོན་ལ་གཟུར་བ་དང་། ཕར་ལ་བརྡེག་པ་ལ་མཁས་པ་བཞིན། ཉོན་མོངས་པའི་མཚོན་ཆ་ལ་གཟུར་བར་བྱ་ཞིང་། ཉོན་མོངས་པའི་དགྲ་རྣམས་ལ་གཉེན་པོའི་མཚོན་ཆ་འཇེབས་པར་བཏབ་བོ། །གཡུལ་དུ་རལ་གྲིའི་ཐབས་ཤེས་པ་དེའི་རལ་གྲི་ལྷུང་བར་གྱུར་ན། འཇིགས་པས་མྱུར་དུ་ལེན་པ་ལྟར། དེ་བཞིན་དྲན་པའི་མཚོན་ཆ་ཤོར་ན། དམྱལ་བའི་འཇིགས་པ་དྲན་པས་མྱུར་དུ་བླང་ངོ་། །ཇི་ལྟར་མདའ་དུག་ཅན་ལུས་ལ་ཟུག་པའི་ཚེ། དེའི་ཁྲག་ལ་རྟེན་བཅས་ནས་དུག་ནི་ལུས་ལ་ཁྱབ་པར་འགྱུར་པ་དེ་བཞིན་དྲན་ཤེས་ཉམས་ན་ཉོན་མོངས་པས་གླགས་ནི་རྙེད་པར་འགྱུར་ན། ཉེས་པས་སེམས་ལ་ཁྱབ་པར་འགྱུར་བས་དྲན་ཤེས་ཀྱིས་བསྒྲིམ་མོ། །ཇི་ལྟར་བསྒྲིམ་ན། ཡུངས་མར་བཀང་བའི་སྣོད་བཀུར་ལ་རལ་གྲི་ཐོགས་པས་དྲུང་བསྡད་དེ། ཐིགས་པ་གཅིག་བོ་ན་གསོད་དོ་ཞེས་བསྡིགས་པས་འཇིགས་ནས་མ་ཡེངས་པར་སྒྲིམ་པ་ལྟར། བརཏལ་ཞུགས་ཅན་གྱིས་དེ་བཞིན་བསྒྲིམས། དེ་བས་པང་དུ་སྦྲུལ་འོངས་ན་ཇི་ལྟར་རིངས་པས་ལྡང་བ་ལྟར། དེ་བཞིན་དྲན་ཤེས་གཡེལ་བའི་རྒྱུ་གཉིད་དང་སྙོམ་ལས་འོངས་ན་མྱུར་དུ་དེ་དག་ལས་ཟློག་པར་བྱའོ། །ཉེས་པ་བྱུང་བ་རེ་རེ་ཞིང་། ཀྱེ་མ་བདག་གིས་མ་ལེགས་པ་བྱས་ཏེ་ཐ་ཤལ་བདག་ཅེས་བདག་ལ་སྨད་ནས་ཅི་ནས་ཀྱང་བདག་ལ་ཕྱིས་འདི་མི་འབྱུང་བ་དེ་ལྟར་བྱ་ཞེས་ཡུན་རིང་བསམ་མོ། །ཇི་ལྟར་ཉོན་མོངས་པའི་གནས་སྐབས་འདི་དག་ལ་གཉེན་པོ་དྲན་པ་གོམས་པ་ཉིད་དུ་གང་གིས་འགྱུར་ཞེས་བརྟགས་ནས། དྲན་པ་བརྟེན་པའི་རྒྱུ་འདི་ཡིས་ནི། གཙོ་བོ་དགེ་བའི་བཤེས་གཉེན་དང་ཕྲད་པའམ། རིགས་ཤིང་འཐད་པའི་ལས་ནི་ཐོས་བསམ་ལ་སོགས་པར་མཐོང་སྟེ་དེ་འདོད་པར་བྱའོ། །ཅི་ནས་ལས་བྱེད་པའི་སྔོན་རོལ་ནས། ལུས་ངག་ཡིད་ཐམས་ཅད་ལ་ནི་མཐུ་ཡོད་པ། དེ་ལྟར་བག་ཡོད་པ་བརྟེན་དགོས་པའི་གཏམ་དྲན་པར་བྱས་ཏེ། བདག་ཉིད་ལྡང་བ་ཡང་བར་བྱ་བ་བཀའ་བློ་བདེ་དགོས་པའི་དོན། ཇི་ལྟར་རླུང་གིས་ཕར་འགྲོ་བ་དང་ཚུར་འོང་བས་ཤིང་བལ་དབང་བསྒྱུར་བ་དེ་བཞིན། དགེ་བ་ཐམས་ཅད་ལ་སྤྲོ་བས་འཇུག་ལྡང་ཐམས་ཅད་ལ་དབང་བསྒྱུར་ཏེ། དེ་ལྟར་བྱས་ན་ནི་ལུས་ངག་ཡིད་ཀྱི་ལས་ཐམས་ཅད་ཕུན་སུམ་ཚོགས་པར་འགྲུབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བརྩོན་འགྲུས་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བདུན་པའོ།། །། ༈ གསུམ་པ་ཕྱི་མ་གཉིས་ཀྱི་དབང་དུ་བྱས་པ་བསམ་གཏན་དང་ཤེས་རབ་བཤད་པ་ལ། བསླབ་པ་གསུམ་གྱི་འབྲེལ་སྤྱི་དོན་དུ་བཤད། ལྷག་པའི་སེམས་བསྟན་པ་བསམ་གཏན་གྱི་ལེའུ། ལྷག་པའི་ཤེས་རབ་བསྟན་པ་ཤེས་རབ་ཀྱི་ལེའུ་བཤད་པ་གསུམ་ལས། དང་པོ་ནི། ལྷག་པའི་ཚུལ་ཁྲིམས་ཡན་ལག་དྲུག་དང་ལྡན་པར་སྤྱད་པས་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་འགྱུར་ཞིང་། དེས་རྣམ་པར་གཡེང་བ་ཞི་ནས་ལྷག་པའི་སེམས་ཐོབ་པར་འགྱུར་རོ། །དེ་ལ་ཡོངས་སུ་སྦྱངས་པས་ཏིང་ངེ་འཛིན་གྱི་ཕུང་པོ་རྫོགས་པར་འགྱུར་ལ། ཏིང་ངེ་འཛིན་ལ་གནས་པས་ཤེས་རབ་རྙེད་དེ། དེས་ཉོན་མོངས་པ་ཐམས་ཅད་འཇོམས་པར་དཔའ་བ་ན་ཤེས་རབ་ཀྱི་ཕུང་པོ་ཞེས་བྱ། གང་དེས་ཉོན་མོངས་པ་བཅོམ་པ་ནི་རྣམ་པར་གྲོལ་བ་ཡིན་ལ། གྲོལ་བ་དེ་སྤང་བྱ་ལ་བལྟོས་ནས་མང་བས་རྣམ་པར་གྲོལ་བའི་ཕུང་པོ་ཡིན་ལ། དེས་ཡེ་ཤེས་མཐོང་བ་དེ་རྟོགས་བྱ་ལ་བལྟོས་ནས་མང་བས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཞེས་བྱའོ། །དེའི་ཕྱིར་ལྷག་པའི་ཚུལ་ཁྲིམས་སྔར་བསྟན། དེ་ནས་ལྷག་པའི་སེམས་ལ་འཇུག་པ་སྟོན་ཅིང་ཕྱི་ནས་ལྷག་པའི་ཤེས་རབ་སྟེ། གོ་རིམ་ནི་དེ་ལྟ་བུའོ། །གཉིས་པ་ལྷག་པའི་སེམས་བསྟན་པ་བསམ་གཏན་གྱི་ལེའུ་ལ། ཡིད་མཉམ་པར་བཞག་དགོས་པ། གང་ལ་འཇོག་པའི་ཏིང་ངེ་འཛིན། དེའི་རྒྱུ་འཇིག་རྟེན་ལ་ཆགས་པ་མེད་པ་སྒྲུབ་པ་གསུམ་ལས། དང་པོ་ནི། དེ་ལྟར་བརྩོན་འགྲུས་བསྐྱེད་ནས་ནི་ཡོན་ཏན་གོང་མ་རྣམས་སྒྲུབ་པའི་ཕྱིར། ཡིད་ནི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པར་བྱའོ། །ཏིང་ངེ་འཛིན་ལ་མ་བཞག་ན་ཉེས་པ་ཅི་ཡོད་ན། སེམས་ནི་འདུ་འཛིས་རྣམ་པར་གཡེང་བའི་མི་དེ་ནི་ཉོན་མོངས་མཆེ་བའི་ཕྲག་ན་གནས་ཏེ། དེས་ཟ་བ་ལ་ཚེགས་མེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ལ་བཞག་པ་ལ་ཡོན་ཏན་ཅི་ཡོད་ན། ལུས་དང་སེམས་ནི་དབེན་པ་ཡིས་ནི་རྣམ་པར་གཡེང་བ་མི་འབྱུང་ངོ་། །རྣམ་པར་མི་གཡེང་བ་ལས་ཏིང་ངེ་འཛིན་འགྲུབ་བོ། །གཉིས་པ་གང་ལ་འཇོག་པའི་ཏིང་ངེ་འཛིན་ནི། དེ་བས་འཇིག་རྟེན་སྤང་བར་བྱ་ཞིང་། རྣམ་པར་རྟོག་པའང་ཡོངས་སུ་དོར་རོ། །སྔར་ཆགས་པའི་ཕྱིར་དང་རྙེད་པ་སོགས་ལ། སྲེད་པས་འཇིག་རྟེན་མི་སྤོངས་ཏེ། དེ་བས་འཇིག་རྟེན་འདི་དག་ཡོངས་སུ་སྤོང་བ་ལ་མཁས་པས་ཆགས་སྲེད་རྒྱུར་ཤེས་ནས་གཉེན་པོ་འདི་ལྟར་དཔྱད་པར་བྱ་བས་སོ། །ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར་སེམས་གནས་པས་ན་ཞི་གནས་ཏེ་ངོ་བོ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཡིན་ལ། མཚན་ཉིད་ནི་དམིགས་པ་ལ་སེམས་ཉེ་བར་གཏད་པའི་བསམ་གཏན་ཏེ། དབྱེ་ན་བསམ་གཏན་བཞི་གཟུགས་མེད་བཞི་ལ་དངོས་གཞི་དང་། ཉེར་བསྡོགས་བརྒྱད། བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་དང་བཅུ་བདུན་ནོ། །ལྷག་མཐོང་ནི་ངོ་བོ་ཆོས་ཀྱི་དེ་ཁོ་ན་ཉིད་ལ་དམིགས་པའི་ཤེས་རབ་ཡིན་ལ། ངེས་ཚིག་དེ་ཁོ་ན་ཉིད་ཁྱད་པར་དུ་མཐོང་བའམ་ཆོས་ཀྱི་རང་བཞིན་ལྷག་པར་རྟོགས་པའི་ལྟ་བའོ། །དབྱེ་ན་ཇི་སྙེད་པ་དང་། ཇི་ལྟ་བ་ཤེས་པ་དང་། མཚན་མ་ལས་བྱུང་བ་དང་། ཡོངས་སུ་ཚོལ་བ་ལས་བྱུང་བ་དང་། སོ་སོར་རྟོག་པ་ལས་བྱུང་བ་སྟེ་ལྔའོ། །ཞི་གནས་ཀྱི་རྒྱུ་ལས་བྱུང་ཞིང་ཞི་གནས་དང་ཟུང་དུ་འཇུག་པས་ན། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་བསམ་གཏན་གྱི་དངོས་གཞི་བཞི། དང་པོའི་དངོས་གཞི་ཁྱད་པར་ཅན་ཏེ་དྲུག་ལ་བརྟེན་པའི་ལྷག་མཐོང་མཐོང་ལམ་གྱིས་མཐོང་སྤང་གི་ཉོན་མོངས་པ་དང་། བསམ་གཏན་ས་དྲུག་གི་སྟེང་དུ་གཟུགས་མེད་དང་པོ་གསུམ་གྱི་དངོས་གཞི་བསྣན་པ་ས་དགུ་ལ་བརྟེན་པའི་ལྷག་མཐོང་ཟག་མེད་སྒོམ་ལམ་གྱིས་སྒོམ་སྤང་ཉོན་མོངས་ཀྱི་ས་བོན་རྣམ་པར་འཇོམས་པར་ཤེས་པར་བྱས་ནས་ཉོན་མོངས་པ་འཇོམས་པ་ལ་ལྷག་མཐོང་དགོས། དེ་ལ་ཞི་གནས་དགོས་བྱུང་བས་ཐོག་མར་སྟེ་དང་པོ་ཉིད་དུ་ཞི་གནས་བཙལ་བར་བྱ། དེ་ནས་ནི་ལྷག་མཐོང་བཙལ་བར་བྱ་ཞིང་། ཞི་གནས་དེ་ཡང་ནི་འཇིག་རྟེན་ལ་ཆགས་པ་མེད་ཅིང་དབེན་པ་ལ་མངོན་པར་དགའ་བས་འགྲུབ་བོ། །འདིས་དབུ་མ་པ་གཞན་དང་འདི་སྒོམ་ཁྱེར་གྱི་ཁྱད་ཐོན་ཏེ། གཞན་དག་དང་པོར་ལུང་རིགས་ཀྱི་དཔྱད་པ་སྔོན་དུ་འགྲོ། དེ་ནས་གདོད་ཞི་གནས་བསྒྲུབ་སྟེ། ལམ་སྒྲོན་དུ། ལུང་དང་རིགས་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི། །རང་བཞིན་མེད་པ་ངེས་བྱས་ནས། །རྣམ་པར་རྟོག་མེད་དེ་བསྒོམ་བྱ། །ཞེས་འབྱུང་། འདིར་ཞི་གནས་ཀྱི་སྔོན་དུ་དཔྱད་པ་མ་མཛད་པའི་ཕྱིར་རོ། །གསུམ་པ་དེའི་རྒྱུ་འཇིག་རྟེན་ལ་ཆགས་པ་མེད་པར་སྒྲུབ་པ་ལ། འདོད་པ་ལ་ཆགས་པ་སྤོང་ཚུལ། དབེན་པ་ལ་དགའ་བ་བྱ་ཚུལ། དེར་སྐས་གདང་འཛེག་པ་ལྟ་བུར་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་གསུམ་ལས། དང་པོ་ལ་ཆགས་པའི་རྒྱུ་གཉེན་བཤེས་སྤོང་བ། ཆོས་བརྒྱད་ལ་ཞེན་པ་སྤོང་བ། དེ་གཉིས་ཀྱི་དོན་བསྡུ་བ་གསུམ་ལས། དང་པོ་ནི། མི་རྟག་པ་ནི་སྙིང་པོ་མེད་པ་སྟེ། སུ་ཞིག་གཉེན་བཤེས་ལ་སོགས་པའི་མི་རྟག་པ་ལ་བདེན་པ་ཉིད་དུ་ཞེན་ནས་ཡང་དག་པར་ཆགས་པར་བྱེད་པ་ཡོད་དེ། དེ་དག་ནི་ཚེ་རབས་སྟོང་ཕྲག་དག་ཏུ་ངན་སོང་དུ་སྐྱེས་ནས་འདོད་པའི་ཡུལ་སྙིང་དུ་སྡུག་པ་མཐོང་བར་ཡང་མི་འགྱུར་རོ། །མ་མཐོང་མོད་སྙམ་ན་ནི་དེས་དགའ་བར་མི་འགྱུར། མི་དགའ་བས་གདུངས་ནས་ཡིད་ཀྱང་མཉམ་པར་འཇོག་པར་མི་འགྱུར་ལ། མཐོང་ན་ཡང་ངོམས་ཤིང་ཚིམ་པར་མི་འགྱུར་བས་སྔར་བཞིན་སྲེད་པས་གདུང་བར་འགྱུར་རོ། །གཉེན་བཤེས་སོགས་སེམས་ཅན་རྣམས་ལ་ཆགས་པར་བྱས་ན་ཡང་དག་པའི་དོན་མཐོང་བ་ཉིད་ལ་ཀུན་ནས་སྒྲིབ་སྟེ། ཐོས་བསམ་སྒོམ་པ་ལ་མི་འཇུག དེས་འཁོར་བ་པ་ལ་ཡིད་སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད་ལ། ཐ་མར་འཆི་ཁར་ཕན་ཚུན་ཆགས་པས་འབྲལ་བ་ལ་མྱ་ངན་གྱིས་གདུང་བ་སྐྱེ་བར་འགྱུར་རོ། །གཉེན་བཤེས་སོགས་འདོད་པའི་ཡུལ་དེ་ལ་སེམས་པ་འབའ་ཞིག་གིས་ཚེ་འདི་དོན་མེད་པར་འདའ་བར་འགྱུར། རྟག་པ་མེད་པའི་མཛའ་བཤེས་ཀྱི་ངོ་བསྲུང་བ་ལ་སོགས་པས་གཡེངས་ནས། གཡུང་དྲུང་ཆོས་ཏེ་མྱ་ངན་ལས་འདས་པ་ཐོབ་པ་ཡང་འཇིག་པར་འགྱུར་ཏེ། དེས་བར་དུ་བཅད་པས་སོ། །བྱིས་པ་སོ་སོ་སྐྱེ་བོ་དང་འགྲོགས་ཤིང་འཇིག་རྟེན་ཆོས་བརྒྱད་ལ་སྐལ་བ་མཉམ་པར་སྤྱོད་ན། ངེས་པར་ངན་འགྲོར་འགྲོ་བར་འགྱུར་ཏེ། དེ་དག་གི་ཕྱི་མའི་འགྲོས་དེར་འགྱུར་བས་སོ། །སྐལ་པ་མི་མཉམ་པར་རང་མཐོ་རིས་སུ་ཁྲིད་པར་བྱེད་ན། བྱིས་པ་དེ་དག་བརྟེན་པས་ཅི་ཞིག་བྱ་སྟེ། འདོད་པ་མི་མཐུན་པའི་ཕྱིར་རོ། །བྱིས་པ་སོ་སྐྱེ་ལ་མཐུན་འཇུག་བྱས་ཀྱང་སྐད་ཅིག་གིས་ནི་མཛའ་བར་འགྱུར་ལ། ཡུད་ཙམ་ཞིག་གིས་དགྲར་ཡང་འགྱུར་རོ། །ལེགས་པར་སྤྱོད་ཅིག་ཅེས་ཕྱི་མ་དགའ་བའི་གནས་ལ་སྦྱར་ན་དེ་ཁྲོ་བར་བྱེད་པས། སོ་སོ་སྐྱེ་བོ་མགུ་བར་དཀའོ། །ཉེས་སྤྱོད་ལས་བཟློག་པ་ལྟ་བུ་ཕན་པ་སྨྲས་ན་ཁྲོ་བར་བྱེད་དེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཆོས་དང་མཐུན་པའི་ཚིག་ནི་སྨྲས་གྱུར་ཀྱང་། །ཁྲོ་དང་ཞེ་སྡང་ཡིད་མི་ཆེས་པ་དག རབ་ཏུ་སྨྲ་སྟེ་འདི་ནི་བྱིས་པའི་ཆོས། །དོན་དེ་རྣམ་པར་རིག་ནའང་ཡིད་མི་རྟོན། །ཞེས་གསུངས་སོ། །དེ་དག་གིས་ཚུར་ལ་བདག་ཀྱང་ཕན་པ་སྒྲུབ་པ་ལས་ཟློག་པར་བྱེད་ལ། དེ་དག་གི་ངག་ནི་མ་མཉན་ན་བདག་ལ་ཁྲོ་བས་ནམ་ཞིག་དེ་དག་ངན་འགྲོར་འགྲོ་བར་འགྱུར། དེ་དག་རང་ནི་མཐོ་ལ་ཕྲག་དོག་པ། མཉམ་པ་ལ་འགྲན་པ། དམན་པ་ལ་ང་རྒྱལ་བ་སྟེ་ཁྱད་དུ་གསོད། བསྟོད་ན་དྲེགས་པ་སྐྱེ། མི་སྙན་བརྗོད་པ་ཐོས་ན་ཁོང་ཁྲོ་སྐྱེ་སྟེ། དེའི་ཕྱིར་དུས་ནམ་ཞིག་བྱིས་པ་དང་འགྲོགས་པ་ལས་ཕན་པ་ཐོབ་སྟེ་ཐོབ་མི་སྲིད་དོ། །བྱིས་པ་དང་འགྲོགས་ན་བྱིས་པ་ལ་བདག་ལ་བསྟོད་གཞན་ལ་སྨོད་པ་དང་། འཁོར་བར་དགའ་བའི་གཏམ་འདོད་པ་རྣམས་ཀྱི་ཡོན་ཏན་བརྗོད་པ་ལ་སོགས་མི་དགེ་བ་ཅིས་ཀྱང་ངེས་པར་འབྱུང་ངོ་། །དེ་ལྟར་བདག་དང་བྱིས་པ་གཞན་ཕན་ཚུན་རྟེན་ཅིང་འགྲོགས་པ་དེས་ནི་སྡིག་པ་གསོག་པས་ཕུང་བར་འགྱུར་བར་ཟད་དོ། །བྱིས་པའི་གྲོགས་དེས་ཀྱང་བདག་གི་དོན་མ་བྱས་ལ། བདག་ཀྱང་དེའི་དོན་སྒྲུབ་མཁན་དུ་མི་འགྱུར་བས། བྱིས་པ་དེ་ལས་ཐག་རིང་དུ་བྱོལ་བར་བྱའོ། །སྐབས་འགར་ཕྲད་ན་དགའ་བར་འགྱུར་བའི་གཏམ་སྨྲ་བས་མགུ་བར་བྱ་སྟེ། དེ་ཙམ་ལས་འདྲིས་ཆེན་བཤེས་ཉིད་དུ་མི་འགྱུར་བར། དེ་བཞིན་འཁོན་པ་ཡང་མི་འགྱུར་བ། ཐ་མལ་པ་སྟེ་བཏང་སྙོམས་ཙམ་གྱི་གཤིབ་ལུགས་ལེགས་པར་བྱའོ། །བུང་བས་མེ་ཏོག་ལས་སྦྲང་རྩི་ལེན་པ་བཞིན་དུ། དེ་དག་ལས་བསོད་སྙོམས་ལ་སོགས་པ་ཆོས་ཀྱི་དོན་ཙམ་བླངས་ནས་ནི། ཀུན་ལ་སྔོན་ཆད་མ་མཐོང་བ་བཞིན་དུ་འདྲིས་པ་མེད་པར་གནས་པར་བྱའོ། །གཉིས་པ་ཆོས་བརྒྱད་ལ་ཞེན་པ་སྤོང་བ་ནི། བདག་ནི་གཞན་པས་རྙེད་པ་ཡང་མང་ཞིང་གཞན་གྱིས་བཀུར་སྟི་དང་བཅས་ཏེ། དེ་ཕྱིར་བདག་ལ་སྐྱེ་བོ་མང་པོ་དགའོ་ཞེས་དེ་འདྲའི་སྙེམས་པ་འཆང་བར་གྱུར་ན། དེའི་གཡེང་བས་དགེ་བའི་བྱ་བ་སྒྲུབ་མ་ཁོམ། དེས་ཤི་བའི་འོག་ཏུ་འཇིགས་པ་སྐྱེ་སྟེ། ཡ་རེ་ཆ་བ་ཞིག་འོང་ངོ་ཨང་། དེ་བས་རྣམ་པར་རྨོངས་པའི་ཡིད་ནི་ཕྱིའི་དངོས་པོ་གང་དང་ནང་གི་གང་ལ་ཆགས་གྱུར་པ། ཆགས་པ་དེ་དང་དེ་བསྡོངས་ནས་སྟོང་འགྱུར་དུ་སྡུག་བསྔལ་ཉིད་དུ་འགྱུར་ཞིང་ལྡང་བ། དེ་བས་ན་མཁས་པས་ཆགས་པར་མི་བྱ་སྟེ། ཆགས་པ་ལས་ནི་འབྲས་བུ་སྡུག་བསྔལ་འཇིགས་སུ་རུང་བ་སྐྱེ་བས་སོ། །ཆགས་ཡུལ་འདི་དག་འཆི་དུས་རང་བཞིན་གྱིས་དོར་བར་འགྱུར་བས་ཡིད་བརྟན་པར་བགྱིས་ཏེ་རབ་ཏུ་རྟོགས་ཤིག རྙེད་པ་དག་ནི་མང་དུ་འབྱུང་ཞིང་། གྲགས་པ་དང་ནི་སྙན་པ་བྱུང་བར་གྱུར་ཀྱང་འཆི་བའི་ཚེ་རྙེད་དང་གྲགས་པའི་ཚོགས་དང་བཅས་ཏེ་གང་དུ་འདོང་བའི་གཏོལ་མེད་དོ། །རྙེད་སོགས་བཞག་ནས་གཅིག་པུར་ག་ཤེད་དུ་འཕྱན་ནོ། . །བདག་ལ་སྨོད་པ་ཡང་གཞན་ན་ཡོད་ན། འགའ་ཞིག་གིས་བསྟོད་པས་བདག་དགའ་རྒྱུ་ཅི་ཞིག་ཡོད། བདག་ལ་བསྟོད་པ་ཡང་གཞན་ཡོད་ན། འགའ་ཞིག་གིས་སྨད་པས་མི་དགའ་རྒྱུ་ཅི་ཞིག་ཡོད། སེམས་ཅན་མོས་པ་སྣ་ཚོགས་པས་རྒྱལ་བས་ཀྱང་ནི་མི་མགུ་བ་མུ་སྟེགས་བྱེད་དང་ཀླ་ཀློ་དག་དེའི་ལུགས་འཇིག་ཅིང་དེ་ལ་མི་སྙན་པ་བརྗོད་པས། སངས་རྒྱས་ལའང་དེ་འདྲ་ན་བདག་འདྲ་ངན་པས་སྨོས་ཅི་དགོས། དེ་བས་འཇིག་རྟེན་མཐུན་འཇུག་གི་བསམ་པ་བཏང་ངོ་། །སེམས་ཅན་འདི་དག་ཕ་རོལ་པོ་རྙེད་པ་མེད་ན་བསོད་ནམས་ཟད་པ་ཞིག་འདུག་ཅེས་སྨོད། ཕ་རོལ་པོ་རྙེད་པ་ཅན་ལ་ནི་ལོག་འཚོ་ཅན་ཡིན་ཟེར་མི་སྙན་པ་བརྗོད་པས་རང་བཞིན་གྱིས་འགྲོགས་པར་དཀའ་བ་དེ་དག་གི་ནི་ཐམས་ཅད་དགའ་བ་ཇི་ལྟར་སྐྱེ་བར་འགྱུར་ཏེ་མི་འགྱུར་རོ། །གསུམ་པ་དེ་གཉིས་ཀྱི་དོན་བསྡུ་བ་ནི། གང་ཕྱིར་བྱིས་པ་རང་དོན་ནི་གྲུབ་པ་མེད་པར་དགའ་བ་མི་འབྱུང་བས། བྱིས་པ་དང་བཤེས་པ་ལ་དགའ་བ་མེད་ཅེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཏེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། བྱིས་པ་ཇི་སྲིད་ཡུན་རིང་ལེགས་བསྙེན་ཀྱང་། །དེ་དག་ཕྱིར་ཞིང་མི་མཛའ་དགྲར་འགྱུར་ཞེས། །བྱིས་པའི་ངོ་བོ་ཉིད་ཀྱི་རྒྱུས་ཤེས་ནས། །མཁས་པ་བྱིས་པ་དག་དང་བསྟེན་མི་བྱེད། །ཅེས་གསུངས་སོ། །གཉིས་པ་དབེན་པ་ལ་དགའ་བར་བྱ་བ་ལ། དབེན་པ་ལ་སྨོན་པ། དེར་འདོད་པའི་ཉེས་དམིགས་བསམ་པ། དབེན་པའི་བསྔགས་པ་གསུམ་ལས། དང་པོ་ནི། ནགས་ན་རི་དྭགས་དང་བྱ་རྣམས་དང་། ཤིང་རྣམས་མི་སྙན་པ་བརྗོད་པར་མི་བྱེད། དེས་འགྲོགས་ན་བདེ་བ་དེ་དག་དང་ནམ་ཞིག་ལྷན་ཅིག་བདག་གནས་པར་འགྱུར། ཕུག་གམ་ལྷ་ཁང་སྟོང་པའམ་ལྗོན་ཤིང་གི་དྲུང་དུ་གནས་བཅས་ཏེ། ནམ་ཞིག་རྒྱབ་ཏུ་ནི་སྔར་སྤངས་པའི་ཁྱིམ་མམ་འཇིག་རྟེན་གྱི་ཆོས་ཏེ་དེ་ལ་མི་བལྟ་ཞིང་། དེ་དག་ལ་ཆགས་པ་མེད་པར་གྱུར་ཅིག་གུ་ཞེས་པ་དེ་ལྟར་གྱུར་ན་སྙམ་དུ་སྨོན་པའོ། །ས་ཕྱོགས་གཞན་གྱིས་བདག་གིར་གཟུང་བ་མེད་པས། རང་བཞིན་གྱིས་ནི་བག་ཡངས་པ་རྣམས་སུ་གཞན་གྱི་ངོར་ལྟ་མི་དགོས་པ་རང་དབང་དུ་སྤྱོད་ཅིང་གནས་དེ་ཁ་ལ་ཡང་ཆགས་པ་མེད་པར་ནམ་ཞིག་བདག་ནི་གནས་པར་འགྱུར་ན་ཞེས་སྨོན་པའོ། །དེར་ཡོ་བྱད་ཀྱང་སྣོད་ལྷུང་བཟེད་ལ་སོགས་ཉི་ཚེ་དང་། ཀུན་ལ་མི་མཁོ་བའི་ཆོས་གོས་གསུམ་འཆང་ཞིང་། ལུས་འདི་སྦ་བར་མ་བྱས་ཀྱང་འཇིགས་པ་མེད་པས་གནས་པར་ནམ་ཞིག་ན་འགྱུར། གཉིས་པ་དེར་འདོད་པའི་ཉེས་དམིགས་བསམ་པ་ནི། དུར་ཁྲོད་དུ་སོང་ནས་སྔར་ཤི་ཟིན་པ་གཞན་དག་གི་རུས་པའི་གོང་བུ་དག་དང་བདག་གི་ལུས་གཉིས་འཇིག་པའི་ཆོས་ཅན་དག་ཏུ་ནི། དུས་ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར་དང་། བདག་གི་ལུས་ནི་གཅེས་སྤྲས་སུ་བྱས་པ་འདི་ཉིད་ཀྱང་། རོ་རུལ་ཞིང་མྱགས་པ་གང་གི་དྲི་མི་ཞིམ་པ་ཡིས་ཝ་དག་ཀྱང་དྲུང་དུ་ཉེ་བར་འགྲོ་བར་མི་འགྱུར་བ་དེ་ལྟ་བུ་ནི་འགྱུར་བར་འོང་ངོ་། །དབེན་པར་འགྲོ་བ་ལ་གཉེན་དང་འབྲལ་མི་ཕོད་སྙམ་ན། ལུས་འདི་དང་པོ་གཅིག་པུར་བྱུང་བ་ཡང་། ཁོ་རང་དང་ལྷན་ཅིག་སྐྱེས་པའི་ཤ་རུས་དག་ཞིག་སྟེ་སོ་སོར་གྱེས་པར་འགྱུར་ན། སོ་སོ་ནས་འོངས་པའི་མཛའ་བ་གཞན་དག་གྱེས་འགྲོ་བ་ལྟ་ཅི་ཞིག་སྨོས། དེ་བས་སྐྱེ་ནའང་གཅིག་པུ་སྐྱེ་བར་འགྱུར་ཞིང་། འཆི་ནའང་དེ་ཉིད་གཅིག་པུ་འཆི་སྟེ། སྡུག་བསྔལ་གྱི་སྐལ་པ་གཞན་གྱིས་མི་ལེན་ན། དགེ་བ་བྱེད་པའི་དུས་སུ་གེགས་བྱེད་པའི་མཛའ་བོས་ཅི་ཞིག་བྱ། ལམ་དག་ཏུ་ན་ཞུགས་པ་རྣམས་ཀྱང་ཇི་ལྟར་མགྲོན་ཁང་ལ་སོགས་པའི་གནས་ནི་འཛིན་པར་བྱེད་པ་དེ་ལྟར། དེ་བཞིན་སྲིད་པའི་ལམ་དུ་ཞུགས་པའང་། སྐྱེ་བའི་གནས་ནི་ཡོངས་སུ་འཛིན་ཏེ་ཐམས་ཅད་སྐྱེ་བའི་སྡུག་བསྔལ་ཅན་ནོ། །འཇིག་རྟེན་མྱ་ངན་གྱིས་ཀུན་ནས་གདུང་བ་གདོང་མཆི་མ་དང་བཅས་བཞིན་དུ་ཇི་སྲིད་སྐྱེས་བུ་བཞི་ཡིས་ནི་རོ་སྐྱེལ་བའི་ཁྱོགས་བཏེག་སྟེ་འགྲོ་དགོས་ན། དེ་ལུས་དེ་ནི་མ་བཏེག་པ་དེ་སྲིད་དུ་ནི་ནགས་སུ་སོང་ཞིག ནགས་ན་ཕྱིན་པས་འཆི་བས་མི་ཚུགས་སམ་སྙམ་ན་འཆི་བས་ཚུགས་ཀྱང་དེར་བཤེས་མེད་པས་ཆགས་པ་མེད་ཅིང་དགྲ་མེད་པས་འཁོན་དུ་འཛིན་པའང་མེད་པར་བྱས་ན། ལུས་འདི་གཅིག་པུ་དབེན་པར་གནས་ཏེ་སྔ་ནས་ཤི་བ་དང་འདྲ་བར་རྩིས་ན། ཤི་ནའང་མྱ་ངན་བྱེད་པ་མེད་པས་སོ། །དྲུང་ན་འཁོད་པ་སུ་དག་ཀྱང་མྱ་ངན་དང་གནོད་པ་བྱེད་པ་མེད་པས། དབེན་པར་གནས་པ་འདིའི་སངས་རྒྱས་རྗེས་སུ་དྲན་པ་སོགས་སུས་ཀྱང་གཡེང་བར་འགྱུར་བ་མེད་དོ། །དེ་བས་ན་ཤིན་ཏུ་མདངས་གསལ་ཞིང་ཉམས་དགའ་བའི་ནགས་ཚལ་ཚེགས་ཆུང་ངུས་བདེ་བ་བསྐྱེད་ཅིང་གཡེང་བ་ཐམས་ཅད་ཞི་བར་བྱེད་པར་བདག་ཉིད་གཅིག་པུ་གནས་པར་བྱའོ། །དེར་གནས་ནས་བསམ་པ་གཞན་ནི་ཀུན་ནས་བཏང་སྟེ། བདག་ལ་སེམས་པ་གཅིག་པུ་ཡིས། སེམས་ནི་ཏིང་འཛིན་ལ་མཉམ་པར་གཞག་པའི་ཕྱིར་དང་། ཉོན་མོངས་པ་འདུལ་བར་བྱ་བའི་ཕྱིར་བརྩོན་ཏེ་བྱའོ། །འོ་ན་དེར་བདག་གཅིག་པུ་སེམས་ཅན་གཞན་དོན་མི་སྤྱོད་པས་བསླབ་བྱ་དང་འགལ་ལོ་སྙམ་ན་བཤད་སྦྱར་ལས། གཞན་ཕན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་གསུངས་པས། རེ་ཞིག་ཏིང་ངེ་འཛིན་བསྐྱེད། དེས་མངོན་ཤེས་རྫུ་འཕྲུལ་བསྒྲུབས་ན་གཞན་དོན་རླབས་ཆེ་བས་དེའི་ཕྱིར་ཡིན་པས་དབེན་པར་བསྒོམས་པས་གཞན་དོན་མི་ཉམས་པ་ཡིན་ནོ། །འཇིག་རྟེན་འདི་དང་ཕ་རོལ་ཏུའང་། འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་ཡིན་ཏེ། རྒྱུ་མཚན། འདིར་ནི་བསད་དང་བཅིང་དང་སྲོག་གཅོད་པ་སྟེ་ཕ་རོལ་ཏུ་ནི་དམྱལ་སོགས་སྒྲུབ་པའོ། །ཕོ་ཉ་ཕོ་ཉ་མོ་ཡིས་སྔོན། གང་ཕྱིར་དུ་མར་གཉེན་དུ་བྱ་བར་གསོལ་བ་བཏབ་ཅིང་། སྡིག་པ་རྣམས་སམ་གྲགས་པ་མིན་ལའང་། བུད་མེད་གང་གི་དོན་དུ་མ་འཛེམས་པར། ཚེ་འདི་དང་ཕྱི་མའི་འཇིགས་པ་ལ་ཡང་བདག་ཞུགས་ཤིང་། ནོར་རྫས་ཀྱང་དེ་དག་གི་དོན་དུ་ཟད་པར་བྱས་གྱུར་ཏེ། བུད་མེད་གང་ལ་ཡོངས་སུ་འཁྱུད་པས་ན་མཆོག་ཏུ་དགའ་མགུར་འགྱུར་སྙམ་པའི་བུད་མེད་དེ་དག་ཉིད་བརྟགས་ན་ཀེང་རུས་ཤ་དང་པགས་པའི་འཁྲུལ་འཁོར་གྱིས་བསྒྲིབས་པ་ཉིད་ཡིན་གཞན་མིན་ན། རང་དབང་དང་ནི་བདག་གི་མིན་པ་ལ་རབ་ཏུ་འདོད་ཅིང་ཡོངས་སུ་ཞེན་ནས་ཅི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོ། བུད་མེད་གང་ཞིག་དང་པོ་བག་གསར་ཀྱི་ཚེ་འབད་དེ་གདོང་པ་གྱེན་ལ་བཏེག་ནས་དྲངས་ཀྱང་ངོ་ཚས་མིག་འོག་ཏུ་བལྟ་ཞིང་། སྔོན་ནི་མཐོང་ངམ་མ་མཐོང་ཡང་འདྲ་བར་གོས་ཀྱིས་གདོང་ནི་གཡོགས་པར་གྱུར་ལ། སྐྱེས་པ་ཁྱོད་ཉོན་མོངས་པ་སྐྱེ་བའི་ཆགས་ཡུལ་བུད་མེད་དེའི་གདོང་དེ་ནི་ད་ལྟ་དུར་ཁྲོད་དུ་བོར་བའི་ཚེ། གོས་ཀྱིས་མ་བསྒྲིབས་པར་མངོན་སུམ་དུ་གྱུར་པ་བཞིན་དུ་བྱ་རྒོད་ཀྱི་མཆུ་ཏོས་གདོང་ལྤགས་བཤུས་ཏེ་བསལ་ནས་གདོང་པའི་གནས་ལུགས་ཇི་ལྟར་ཡིན་པ་གསལ་པོར་བྱས་པ་མཐོང་ནས། ད་ལྟར་སྐྱེས་པ་ཁྱོད་ཅིའི་ཕྱིར་ཞེད་ནས་འབྱེར་བར་བྱེད། སྔར་སྐྱེས་པ་གཞན་རྣམས་མིག་གིས་དེ་ལ་ལྟ་ནན་ཆེ་ན་ཡང་། མིག་སེར་གྱིས་ཆུང་མ་དེ་གང་ཞིག་ཐབས་དུ་མས་ཡོངས་སུ་བསྲུང་བར་གྱུར་པ། ད་བུད་མེད་ཀྱི་ལུས་ཇི་སྲིད་དེ་ནི་བྱ་རྒོད་དེས་དེང་ཟ་ན་སེར་སྣ་ཅན་ཁྱོད་ཅིས་མི་བསྲུང་། ཤ་ཡི་ཕུང་པོ་འདི་མཐོང་ནས་བྱ་རྒོད་དང་ཅེ་སྤྱང་ལ་སོགས་པ་གཞན་གྱིས་ཟ་བར་བྱེད་ན་ཕུགས་གཞན་གྱི་ཟས་ཡིན་ལ། ད་ལྟ་མེ་ཏོག་གི་ཕྲེང་བ་ཙན་དན་གྱི་བྱུག་པ་དང་རྒྱན་གྱིས་བརྒྱན་ནས་མཆོད་པ་དེ་བུལ་མེད་པའོ། །ཡང་རུས་གོང་ཉིད་དུ་མཐོང་ནས་ནི་མི་འགུལ་བ་ལ་ཡང་ནི་སྐྱེས་པ་ཁྱོད་སྐྲག་ན། དེ་རོ་ལངས་བཞིན་དུ་ཆགས་པའི་གདོན་འགའ་ཡིས་ཀྱང་བསྐྱོད་པར་གྱུར་ན་ཅིས་མི་འཇིགས། བུད་མེད་ཀྱི་ལུས་གང་ལ་གོས་ལ་སོགས་པ་གཡོགས་ཀྱང་སྐྱེས་པ་འདི་ཆགས་པ་འདི་བས་ན། རོའི་གནས་སྐབས་ན་དེ་མ་གཡོགས་ན་ཅིས་མི་འདོད། དེ་ལ་དགོས་པ་མེད་ན་ནི་གཡོགས་པ་ལ་ཁྱོད་ཅིའི་ཕྱིར་འཁྱུད། ཆགས་པ་སྤྱོད་ཚེ་བུད་མེད་དེའི་མཆི་མ་འཐུང་བས། རྒྱུ་ཟས་ནི་གཅིག་པུ་ཉིད་ལས་ནི། སྨད་དུ་བཤང་བ་དང་སྟོད་དུ་ཁ་ཆུ་བྱུང་གྱུར་ན། དེ་ལས་དེའི་བཤང་བ་ལ་མི་དགའ་ཞིང་ཁ་ཆུ་ལ་ཁྱོད་ཅིའི་ཕྱིར་དགའ་སྟེ་སྐྱུག་བྲོ་བའི་གནས་སུ་མཚུངས་པས་སོ། །རེག་པ་ལ་སྲེད་ནས་ཡིན་ན། ཤིང་བལ་རེག་ན་འཇམ་པ་ཡི་ནང་ཚངས་ཅན་གྱི་སྔས་ལ་དགའ་བར་མི་བྱེད་པར། བུ་ག་རྣམས་ནས་དྲི་ང་འཛག་པ་མ་ཡིན་ཞེས་ཕྱིན་ཅི་ལོག་གི་བློས་འདོད་ལྡན་མི་གཙང་བ་ལ་གཙང་བར་རྨོངས་ཏེ། འདོད་ལྡན་ངན་པ་སྟེ་བླུན་པ་རྨོངས་པ་རྣམས། ཤིང་བལ་རེག་ན་འཇམ་པ་དེ་ལའང་ཉལ་པོ་བྱ་བར་མི་ནུས་ཞེས་དེ་ལ་ཁྲོ་བ་སྟེ་མི་དགའ་བ་དག་ཏུ་བྱེད། དེ་ནི་གཙང་བ་ལ་ཁྲོ་ཞིང་བཙོག་པ་ལ་ཆགས་པ་ཡིན་ནོ། །གལ་ཏེ་མི་གཙང་བ་ལ་སྐྱུག་བྲོ་ཡི་ཆགས་པ་མེད་དོ་སྙམ་ན། བུད་མེད་འདི་རུས་གཟེབ་རྒྱུས་པས་ཕན་ཚུན་སྦྲེལ་བ་ལ་ཤ་ཡི་འདམ་གྱིས་ཞལ་ཞལ་བྱས་པ་སྟེ། དེས་ན་མི་གཙང་བའི་རང་བཞིན་གཞན་གྱི་ལུས་ལ་ཁྱོད་ཅིའི་ཕྱིར་པང་དུ་འཁྱུད། ཁྱོད་ཉིད་ཀྱི་ལུས་ཀྱང་མི་གཙང་བ་མང་པོ་ཡོད་པ་དེ་ཉིད་ལ་ཁྱོད་གཏན་དུ་སྤྱོད་ཀྱང་། དེས་མི་ཆོག་པར་མི་གཙང་རྐྱལ་པ་གཞན་བུད་མེད་ཀྱི་ལུས་ལའང་། མི་གཙང་བརྐམ་པའམ་ཆགས་པས་འདོད་པར་བྱེད། ཁྱོད་བུད་མེད་ལ་ཆགས་པ་ན་བུད་མེད་ཀྱི་ལུས་ལ་ཆགས་སམ་སེམས་ལ་ཆགས། བདག་ནི་ལུས་ཀྱི་ཤ་འདི་ལ་དགའ་བའོ་ཞེས་བུད་མེད་ཀྱི་ལུས་ལ་རེག་པ་དང་མིག་གིས་བལྟ་བར་འདོད་ན་ཀོ། དེས་ན་བུད་མེད་ཀྱི་རོ་ལའང་ཁྱོད་དགའ་བར་རིགས་ལ། སེམས་མེད་པ་ཡི་རང་བཞིན་གྱི་རོ་དེའི་ཤ་ནི་ཁྱོད་ཀོ་ཅིས་མི་འདོད། དེས་ལུས་ལ་དགའ་བ་མ་ཡིན་པར་ཤེས་སོ། །གལ་ཏེ་སེམས་ལ་ཆགས་ན་ནི་འདོད་པའི་སེམས་གང་ཡིན་པ་དེ་ནི་རེག་པ་དང་ལྟ་བར་མི་ནུས་ལ། གང་ཞིག་རེག་པར་ནུས་པ་དེ་ནི་ཤེས་པ་མིན་ན་དོན་མེད་པས་ལུས་ལ་འཁྱུད། དེས་ཅི་ཞིག་བྱ། ཁྱོད་ནི་མི་གཙང་བའི་རང་བཞིན་ཏེ་གཞན་གྱི་ལུས་མི་རྟོགས་པ་ངོ་མཚར་མི་ཆེ་ཡི། རང་ཉིད་ཀྱི་ལུས་མི་གཙང་བ་ཉིད་ཡིན་ཡང་ཡིན་པར་རྟོགས་པར་མི་འགྱུར་བ་ངོ་མཚར་ཆེ་སྟེ། ཐག་རིང་གི་བཤང་གཅིའི་ཕུང་པོ་མི་གཙང་བར་མ་གོ་ན་ཡང་། ཐག་ཉེ་བའི་བཤང་གཅིའི་ཕུང་པོ་མི་གཙང་བར་མི་རིག་པའི་རྒྱུ་མེད་པ་ལྟ་བུས་སོ། །གལ་ཏེ་དབྱིབས་དང་ཁ་དོག་ལ་ཆགས་སོ་སྙམ་ན། སྤྲིན་དང་བྲལ་བའི་ཉི་མའི་ཟེར་གྱིས་ཁ་ཕྱེ་བའི་པདྨ་གཞོན་ནུ་འདི་ལྟ་བུ་དབྱིབས་ལེགས་ལ་ཁ་དོག་བཀྲག་པ་སྤངས་ནས་ནི། མི་གཙང་འདི་ལ་སྔར་ཞེན་པའི་སེམས་ཀྱིས་ནི་ད་དུང་མི་གཙང་བའི་གཟེབ་ལ་ཅིའི་ཕྱིར་དགའ། དེ་བཞིན་ས་སོགས་མི་གཙང་གིས་གོས་པ་ལའང་སྐྱུགས་བྲོ་ཞེས་གལ་ཏེ་རེག་པར་མི་འདོད་ན། གང་ལས་མི་གཙང་བ་དེ་ནི་བྱུང་བ་ཡི་ལུས་ལ་ཇི་ལྟར་ཁྱོད་རེག་པར་འདོད། གལ་ཏེ་མི་གཙང་བ་ལ་སྐྱུགས་བྲོ་བས་ཆགས་པ་མེད་ན་ནི། མི་གཙང་བའི་ཞིང་མའི་མངལ་ལས་བྱུང་བར་གྱུར་ཅིང་། དེའི་ས་བོན་དེས་བསྐྱེད་པ་ལུས་གཞན་དེ་ཁྱོད་ཅིའི་ཕྱིར་པང་དུ་འཁྱུད། མི་གཙང་ལས་བྱུང་མི་གཙང་བའི་སྲིན་བུ་ཆུང་ངུ་སྟེ་ཕྲན་བུ་ལའང་ཁྱོད་རེག་པར་འདོད་པ་མི་བྱེད་ལ། མི་གཙང་མང་པོའི་རང་བཞིན་དུ་གྱུར་པའི་ལུས། མི་གཙང་བ་ལས་སྐྱེས་པའི་སྲིན་བུ་ཆེན་པོའང་རེག་པར་འདོད་པར་བྱེད་པ་ནི་འགལ་ལོ། །ཁྱོད་ནི་རང་ཉིད་ཀྱི་ལུས་མི་གཙང་བའང་སྨོད་པར་མི་བྱེད་པར་མ་ཟད་ཀྱི། མི་གཙང་རྐྱལ་པ་མི་གཙང་བ་ལ་བརྐམ་པས་གཞན་ཡང་འདོད་པར་བྱེད་དོ། །ག་བུར་ལ་སོགས་པ་ཡིད་དུ་འོང་བ་དང་། འབྲས་ཆེན་དག་གམ་ཚོད་མའང་རུང་སྟེ་ཁར་བཅུག་ནས་ཕྱིར་ཕྱུང་བོར་བ་ཡིས་ས་དེ་ཡང་མི་གཙང་བ་བཙོག་པར་འགྱུར་ན། གལ་ཏེ་མི་གཙང་བའི་ཕུང་པོ་འདི་འདྲ་བ་མངོན་སུམ་དུ་གྱུར་ཀྱང་ཐེ་ཚོམ་ཟ་ན། དུར་ཁྲོད་དག་ཏུ་བོར་བའི་ལུས་སམ་མི་གཙང་གཞན་ཡང་ལྟ་བར་གྱིས་དང་དེ་དང་ཁྱད་པར་མེད་དོ། །ལུས་གང་ལས་པགས་པའི་ཁ་ཕྱེ་དམར་བཏང་ངེ་བཞག་ན་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་བར་ཤེས་ཀྱང་། ཇི་ལྟར་ལུས་དེ་ཉིད་ལ་ཕྱིར་ཞིང་དགའ་བ་སྐྱེ་བར་འགྱུར་རམ། བུད་མེད་ཀྱི་ལུས་ལ་བསྐུས་པའི་དྲི་དེ་ཡང་ཙནྡན་སོགས་ཡིན་གྱི། གཞན་བུད་མེད་དེའི་དྲི་མ་ཡིན། གཞན་ཙན་དན་གྱི་དྲི་དེས་གཞན་གྱི་ལུས་དག་ལ་ཅི་ཡི་ཕྱིར་ན་ཆགས་པར་བྱེད་དེ་མི་རིགས་སོ། །གལ་ཏེ་རང་བཞིན་དྲི་ང་བས་ལུས་འདི་ལ་མ་ཆགས་ན་ལེགས་པ་མིན་ནམ། འཇིག་རྟེན་དོན་མེད་སྲེད་པ་དག ཇི་སྟེ་ལུས་མི་གཙང་བ་དེ་ལ་དྲི་ཞིམ་བསྐུད་ཅིང་གཙང་བ་སྐད་བྱེད། འོན་ཏེ་དྲི་ཞིམ་ཙནྡན་གྱི་ཡིན་ན། ལུས་ལས་འདིར་ནི་ཅི་ཞིག་བྱུང་སྟེ་མ་བྱུང་། གཞན་གྱི་དྲི་ཡིས་གཞན་དག་ལ་ནི་ཅི་ཡི་ཕྱིར་ན་ཆགས་པར་བྱེད། གལ་ཏེ་བུད་མེད་དེའི་སྐྲ་དང་སེན་མོ་རིང་བ་དང་། སོ་ནི་སྐྱ་ལ་ལུས་དྲི་མར་བཅས་པ་དང་། འདམ་གྱི་དྲི་བསྒོས་པས་ལུས་ཀྱི་རང་བཞིན་ནི་གཅེར་བུ་འཇིགས་སུ་རུང་བ་ཡིན་ན། རང་ལ་གནོད་པའི་མཚོན་ཆ་ལ་ངར་གཏོང་བ་བཞིན་དུ་ལུས་དེ་ལ་འབད་པས་ཅིའི་ཕྱིར་བྱི་དོར་བྱེད། ཀྱེ་མ་བདག་ལ་རྨོངས་པའི་ཕྱིན་ཅི་ལོག་གི་འབད་པ་ཡིས། སེམས་ཤིན་ཏུ་འཁྲུལ་པའམ་མྱོས་པའི་སྐྱེ་བོས་ས་འདི་ཀུན་ཏུ་གང་ཞིང་འཁྲུགས་པ་ནི་སྙིང་རྗེའི་གནས་ཡིན་ནོ། །རུས་གོང་འགའ་ཞིག་མཐོང་ནས་ནི་དུར་ཁྲོད་དུ་ཡིད་འབྱུང་བ་སྐྱེ་ན། གཡོ་བའི་རུས་གོང་གིས་ཀུན་ཏུ་ཁྱབ་པ་ཡི་གྲོང་གི་དུར་ཁྲོད་ལ་དགའ་འམ། དེ་ལྟར་མི་གཙང་བར་གྱུར་པའི་བུད་མེད་དེའང་རིན་མེད་པར་ནི་མི་རྙེད་དོ། །དེ་དོན་དུ་ནོར་བསྒྲུབས་པས་ཚེ་འདིར་ཤ་ཐང་ཆད་པ་དང་། ཕྱི་མ་དམྱལ་བ་ལ་སོགས་པའི་གནོད་པར་འགྱུར་ན་ནོར་བསྒྲུབས་པས་ཇི་ལྟར་དལ། བྱིས་པ་ནོར་སྤེལ་མི་ནུས་པས་རེ་ཞིག་ཁྱིམ་དུ་བསྡད་ཆོག་པར་འདུག་ལ། དར་ལ་བབ་ན་ནོར་ཚོལ་བ་ལ་རྒྱུག་དགོས་པ་འདི་ཅི་ཞིག་བདེ། ནོར་གསོག་གསོག་པ་དེ་ཡིས་ཚེ་རྒས་པ་ལ་གཏུགས་ན། རྒས་ནས་ཆུང་མ་བསྟེན་པའི་འདོད་པས་ཅི་ཞིག་བྱ། འདོད་ལྡན་ངན་པ་ཁ་ཅིག་ནི། ཉིན་རངས་ལས་ཀྱིས་ཡོངས་སུ་དུབ་སྟེ། རང་ཁྱིམ་དུ་འོངས་ནས་ཆད་པའི་ལུས་རོ་དང་འདྲ་བར་ཉལ་བར་བྱེད་ལ། ཁ་ཅིག་བྱེས་སུ་བགྲོད་པས་ཉོན་མོངས་པ་དང་། རིང་དུ་སོང་བའི་སྡུག་བསྔལ་ཅན་གྱིས་བུ་སྨད་སྙིང་ལ་འདོད་བཞིན་དུ་བུ་སྨད་རྣམས་ཁྱུད་ཁོར་ལོས་ཀྱང་མཐོང་བར་མི་འགྱུར་རོ། །དེ་ལྟར་བདག་ལ་ཕན་འདོད་རྣམ་པར་རྨོངས་པས། གང་དོན་ཉིད་དུ་བདག་བཙོངས་པ་ཡང་། དོན་དེ་མ་ཐོབ་པར་དོན་མེད་པའི་གཞན་བུད་མེད་སོགས་ཀྱི་ལས་ཀྱི་རླུང་གིས་བདས། ལ་ལ་རང་གི་ལུས་བྲན་གཡོག་ཏུ་བཙོངས་ཤིང་དབང་མེད་གཞན་གྱིས་བཀོལ་འགྱུར་ཏེ། དེའི་ཆུང་མ་དག་ཀྱང་བུ་བྱུང་ན་བདེ་བའི་མལ་དུ་བཙའ་བའི་རང་དབང་མེད་པས་ལས་བྱེད་པའི་ས་ཤིང་དྲུང་དགོན་པ་གར་བབ་བབ་ཏུ་འབྱུང་ཞིང་སྐྱེའོ། །འདོད་པས་བསླུས་པའི་གླེན་པ་དག་ནི་སྲོག་འཚོ་འདོད་འཚོ་བར་བྱའོ་ཞེས། སྲོག་སྟོར་དོགས་བཞིན་གླ་རྔན་ཅུང་ཟད་ཀྱི་ཕྱིར་གཡུལ་དུ་འཇུག་ལ། བག་ཙམ་གྱི་ཁེའི་ཕྱིར་བྲན་དུ་འགྲོ་བར་བྱེད། འདོད་ལྡན་ལ་ལ་བུད་མེད་དམ་ནོར་ཕྱིར་ལུས་ཀྱང་དུམ་བུར་བཅད། ཁྲིམས་ཕོག་པ་ཁ་ཅིག་གསལ་ཤིང་གི་རྩེ་ལ་བཙུགས། ཁ་ཅིག་གཞན་གྱི་མདུང་ཐུང་དག་གིས་བསྣུན། ཁ་ཅིག་སྲེག་པ་དག་ཀྱང་སྣང་ངོ་། །དེས་ན་དང་པོ་བསག་པ་དང་། བར་དུ་བསྲུང་བ་དང་། ཐ་མ་རླག་པའི་གདུང་བ་ཡིས་ནོར་ནི་ཕུང་ཁྲོལ་མཐའ་ཡས་པའི་རྩ་བ་ཡིན་པར་ཤེས་པར་བྱའོ། །ནོར་ལ་ཆགས་པས་གཡེངས་པར་འགྱུར་པ་རྣམས་ནི་སྲིད་པའི་སྡུག་བསྔལ་ལས་གྲོལ་བའི་སྐབས་མེད་དོ། །དེ་བས་ན་འདོད་ལྡན་རྣམས་ལ་དེ་དག་ལ་སོགས་པ་ཉེས་དམིགས་མང་ལ་མནོག་ཆུང་བ་སྟེ། དཔེར་ན་ཤིང་རྟ་འདྲེན་པའི་ཕྱུགས་དག་གིས་རྩྭ་ནི་ཁམ་འགའ་ཟོས་པ་བཞིན་ཏེ། དེའི་དབང་གིས་རྡེག་འཚོག་མྱོང་བས་སོ། །དེས་ན་ཕྱུགས་ཀྱིས་བསྒྲུབས་ནའང་མི་དཀོན་པའི་མནོག་ཆུང་གང་ཡིན་པ་དེའི་དོན་དུ། དལ་འབྱོར་ཕུན་སུམ་ཚོགས་པ་རྙེད་དཀའ་བ་འདི། སྔོན་ལས་ཀྱིས་མནར་བ་སྡུག་བསྔལ་རྣམས་ཀྱིས་བཅོམ་མོ། །འདོད་པ་ངེས་པར་འཇིག་འགྱུར་ཞིང་མི་རྟག་པ་སྙིང་པོ་མེད་པ་དམྱལ་བ་ལ་སོགས་པར་ལྟུང་བར་བྱེད་པ་དོན་ཆེན་པོ་མིན་པའི་ཕྱིར། དུས་ཀུན་ཏུ་དུབ་པའི་ཚེགས་ཆེན་པོ་བྱུང་བ་གང་ཡིན་པ་དེ་ཡི་བྱེ་བར་བགོས་པའི་ཆ་ཙམ་གྱི་ཚེགས་ཀྱིས་སངས་རྒྱས་ཉིད་དུ་འགྲུབ་ན། འདོད་ལྡན་བྱང་ཆུབ་སྤྱོད་པ་བས་གཞན་སྡུག་བསྔལ་ཆེ་ལ་བྱང་ཆུབ་མེད་པ་མ་འདམ་ཞིག དམྱལ་བ་སོགས་ཀྱི་སྡུག་བསྔལ་བསམ་པར་བྱས་ན། འདོད་པ་རྣམས་ནི་མཚོན་དང་ནི། ཕུང་བྱེད་དུག་དང་སྲེག་པའི་མེ་དང་ལྟུང་བའི་གཡང་ས་དང་། དགྲ་རྣམས་ཀྱིས་ཀྱང་ཕུང་བར་བྱེད་པ་དེའི་དཔེར་མི་ཕོད་པའོ་ཞེས་དེ་ལྟར་འདོད་པ་ལ་སྐྱོ་བར་བྱས་ཏེ། དེ་མི་འབྱུང་བའི་དབེན་པ་ལ་ནི་དགའ་བ་བསྐྱེད་པར་བྱའོ། །གསུམ་པ་དབེན་པའི་བསྔགས་པ་ནི། ཕན་ཚུན་རྩོད་དང་ཉོན་མོངས་ཀྱིས་སྟོང་པའི་ཞི་བའི་ནགས་ཚལ་གྱི་ནང་དག་ཏུ། སྐལ་ལྡན་བྱང་ཆུབ་སེམས་དཔས་ཟླ་འོད་ཙནྡན་གྱིས་བསིལ་བའི་ཡངས་པའི་རྡོ་ལེབ་ཁང་བཟང་ལྟ་བུ་ཉམས་དགའ་བར། མི་སྙན་པའི་དགྲ་མེད་པར་ཞི་བའི་ནགས་ཀླུང་དལ་བུར་གཡོབ་པ་ཡིས་དེར་དེས་གཞན་ལ་ཕན་པའི་དོན་སེམས་ཤིང་འཆག་པར་བྱེད་ལ། ཁང་སྟོང་ངམ་ཤིང་དྲུང་ངམ་ས་ཕུག་དག་ཏུ། གཞི་གང་དུ་ཇི་སྲིད་འདོད་པར་གནས་ཤིང་ནོར་ཡོངས་སུ་འཛིན་པ་དང་བསྲུང་བའི་སྡུག་བསྔལ་སྤངས་ནས། སུ་ལའང་བལྟོས་པ་མེད་པར་བག་ཡངས་སྤྱོད་པ་གནས་ཟས་གང་ལའང་རང་དབང་སྤྱོད་ཅིང་ཆགས་མེད་ལ། གཉེན་བཤེས་གང་དང་ཡང་ནི་འབྲེལ་མེད་པ། ཆོག་ཤེས་པའི་བདེ་བ་ལ་སྤྱོད་པ་གང་ཡིན་པ། ལྷའི་དབང་པོས་ཀྱང་ནི་བདེ་བ་དེ་རྙེད་པར་དཀའ་ན་གཞན་གྱིས་ལྟ་ཅི། དེ་ལ་སོགས་པ་ཡི་རྣམ་པ་ཡིས་ནི་དབེན་པའི་ཡོན་ཏན་བསམ་བྱས་ནས་དེ་ལ་དགའ་བར་བྱའོ། །གསུམ་པ་སྐས་གདང་འཛེག་པ་ལྟ་བུར་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཚུལ་ལ། བདག་གཞན་མཉམ་པའི་བྱང་སེམས། བདག་གཞན་བརྗེ་བའི་བྱང་སེམས། བདག་གཞན་མི་དམིགས་པའི་བྱང་སེམས་སྒོམ་པའི་ཚུལ་གསུམ་ལས། དང་པོ་ནི། དབེན་པ་དེར་རྣམ་པར་རྟོག་པ་ཉེ་བར་ཞི་བ་དང་། བྱང་ཆུབ་སེམས་ནི་བསྒོམ་པར་བྱ་སྟེ། དེའི་ནང་ནས་བདག་དང་གཞན་དུ་མཉམ་པའི་བྱང་ཆུབ་སེམས་ནི། དང་པོ་ཉིད་དུ་འབད་དེ་སྒོམ་མོ། །ཇི་ལྟར་མཉམ་པ་ཞེ་ན། བདག་གཞན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པར་མཉམ་པས་ན། སེམས་ཅན་ཐམས་ཅད་བདག་བཞིན་སྡུག་བསྔལ་ལས་མཉམ་པོར་བསྲུང་བར་བྱ། བདག་བཞིན་ཐམས་ཅད་ལ་བདེ་བར་བསྒྲུབ་པར་བྱའོ། །དེ་ཡང་ཐམས་ཅད་བདག་བཞིན་སྲུང་ཞིང་སྒྲུབ་མི་ནུས་སམ་སྙམ་ན། དཔེར་ན་རང་གི་ལག་པ་ལ་སོགས་དབྱེ་བ་རྣམ་མང་ཡང་དེ་ཡོངས་སུ་བསྲུང་བར་བྱ་བའི་ལུས་སུ་གཅིག་པ་ལྟར། དེ་བཞིན་འགྲོ་བ་ཐ་དད་པའི་བདེ་སྡུག་སྣ་ཚོགས་པ་དག་ཀྱང་ཐམས་ཅད་བདག་བཞིན་དུ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ལ་མཉམ་པས་གཅིག་ཏུ་བལྟའོ། །གལ་ཏེ་བདག་གི་སྡུག་བསྔལ་གྱིས་གཞན་གྱི་ལུས་ལ་མི་གནོད་པ་དེ་ལྟ་ནའང་དེ་བདག་གི་སྡུག་བསྔལ་ཏེ་བདག་ཏུ་ཞེན་པས་མི་བཟོད་པ་ཉིད་དོ། །དེ་བཞིན་སྙིང་རྗེས་གཞན་གཅེས་པར་བཟུང་ན་ཡང་། གཞན་གྱི་སྡུག་བསྔལ་དག་བདག་ལ་འབབ་པར་མི་འགྱུར་ཡང་དེ་ལྟའང་དེས་བདག་སྡུག་བསྔལ་ཏེ། སྙིང་རྗེའི་དབང་གིས་གཞན་གྱི་ཕུང་པོ་ལ་བདག་ཏུ་ཞེན་པས་གཞན་གྱི་སྡུག་བསྔལ་དེ་ཡང་བཟོད་པར་དཀའ་སྟེ། བུ་གཅིག་པའི་སྡུག་བསྔལ་མཐོང་བའི་མ་བཞིན་ནོ། །དེས་ན་བདག་གིས་གཞན་གྱི་སྡུག་བསྔལ་བསལ་བར་བྱ་བ་ཡིན་ཏེ། སྡུག་བསྔལ་བ་ཡིན་པའི་ཕྱིར་བདག་གི་སྡུག་བསྔལ་བཞིན། བདག་གིས་གཞན་ལ་ཕན་པར་བྱ་སྟེ་གཞན་སེམས་ཅན་ཡིན་པའི་ཕྱིར་བདག་གི་ལུས་བཞིན། གང་ཚེ་བདག་དང་གཞན་གཉིས་ཀ་ཡང་བདེ་བ་འདོད་དུ་མཚུངས་པ་ཡིན་ལ་དེས་བདག་དང་ཁྱད་པར་ཅི་ཡོད་ན། གང་ཕྱིར་བསམ་པ་ཆུང་ངུས་བདག་གཅིག་པུ་བདེ་བར་བརྩོན་པ་མི་རིགས་སོ། །གང་ཚེ་བདག་དང་གཞན་གཉིས་ཀ་ནི། སྡུག་བསྔལ་མི་འདོད་པར་མཚུངས་པ་ལ། བདག་དང་ཁྱད་པར་ཅི་ཡོད་ན་གང་ཕྱིར་གཞན་སྡུག་བསྔལ་ལས་མི་བསྲུང་བདག་གཅིག་པུ་བསྲུང་བར་བྱེད། གལ་ཏེ་དེ་ལ་སྡུག་བསྔལ་བས་བདག་ལ་མི་གནོད་དེའི་ཕྱིར་གཞན་སྡུག་བསྔལ་བ་མི་བསྲུང་ངོ་སྙམ་ན། མ་འོངས་པའི་སྡུག་བསྔལ་ལ་ཡང་མཚུངས་ཏེ། དེས་བདག་ལ་གནོད་པ་མི་བྱེད་ན་དེས་རྒྱུ་ཅི་ཞིག་གིས་བསྲུང་བར་བྱེད། བདག་གིས་དེ་ནི་མྱོང་བར་འགྱུར་རོ་སྙམ་ན་སྙམ་པའི་རྣམ་པར་རྟོག་པ་དེ་ཕྱིན་ཅི་ལོག་པ་སྟེ། འདི་ལྟར་སྔར་ཤི་བའང་གཞན་ཉིད་ལ། ཕྱིས་སྐྱེ་བ་ཡང་ནི་གཞན་ཉིད་ཡིན་ཏེ་ཐ་དད་པས་སོ། །ཡང་གང་གི་ཚེ་གཞན་གང་གི་སྡུག་བསྔལ་གང་ཡིན་པ་དེ་ནི་གང་ཟག་དེ་ཉིད་ཀྱི་སྡུག་བསྔལ་ཡང་བདག་གིས་བསྲུང་མི་དགོས་སྙམ་ན། རྐང་པའི་སྡུག་བསྔལ་དེ་ཡང་ལག་པའི་མིན་པས་ཅིའི་ཕྱིར་རྐང་པའི་དུཿཁ་དེ་ནི་ལག་པ་དེ་ཡིས་སྲུང་བར་བྱ། གལ་ཏེ་རིགས་པ་མིན་ཡང་འཇིག་རྟེན་འདིར་རིལ་པོའི་བདག་ཏུ་འཛིན་པས་དེའི་ཕྱིར་རྐང་པ་དང་ལག་པ་ཕན་ཚུན་གཅིག་གིས་ཡིན་པའི་བློ་འཇུག་ཅེ་ན། བདག་གཞན་གཉིས་སུ་འཛིན་པའང་མི་རིགས་པ་དེས་ན་མི་རིགས་པ་གང་ཡིན་པ་དེ་ཅི་ནུས་པར་ནི་སྤང་བར་བྱ་བ་ཉིད་དོ། །བདག་གཞན་མི་རིགས་པའི་རྒྱུ་མཚན་ནི། རྒྱུད་གཅིག་པ་ཞེས་པ་དང་། ཚོགས་ཞེས་གསུངས་པ་བྱ་བ་ནི། སྐད་ཅིག་དུ་མ་ལ་དང་དངོས་པོ་དུ་མ་ལ་གཅིག་ཏུ་སྒྲོ་བཏགས་པ་སྟེ། ཕྲེང་བ་རྒྱུད་གཅིག་པ་དང་། དམག་དཔུང་ཚོགས་པ་ལ་སོགས་པ་བཞིན་དུ་བརྫུན་ནོ། །སེམས་ཅན་ཐམས་ཅད་རང་བཞིན་གྱིས་སྟོང་པས། སྡུག་བསྔལ་ཅན་བདག་གང་དེ་མེད་པ་དེས་ན་འདི་སུ་ཞིག་དབང་བར་འགྱུར་ཏེ་མི་འགྱུར་རོ། །སྡུག་བསྔལ་ལ་སྤྱོད་པའི་བདག་པོ་མེད་པར་ནི་རང་དང་གཞན་ཐམས་ཅད་བྱེ་བྲག་མེད་པ་ཉིད་དོ། །དེས་ན་རང་གི་སྡུག་བསྔལ་བསལ། གཞན་གྱི་སྡུག་བསྔལ་མི་སེལ་བ་མི་རིགས། སྡུག་བསྔལ་ཡིན་ཕྱིར་དེ་བསལ་བར་བྱ་རིགས་སོ། །དེས་ན་རང་གི་དེ་སེལ་གཞན་གྱི་དེ་མི་སེལ་བའི་ངེས་པ་དེས་འདིར་ནི་ཅི་ཞིག་བྱ། རྒྱུ་མཚན་ཅིའི་ཕྱིར་ཀུན་གྱི་སྡུག་བསྔལ་ནི་བཟློག་པར་བྱའོ་ཞེས་པ་ལ་བརྩད་དུ་མེད་ལ། གལ་ཏེ་བཟློག་ནའང་ཐམས་ཅད་བཟློག་པར་རིགས། དེ་ལྟ་མིན་ན་བདག་གིས་ཀྱང་སྡུག་བསྔལ་དེ་སེམས་ཅན་གཞན་གྱི་སྡུག་བསྔལ་བཞིན་དུ་བཟློག་པར་མི་བྱའོ། །སྙིང་རྗེ་སྒོམ་པ་ནི། སྡུག་བསྔལ་མང་པོར་གྱུར་པས་ཅིའི་ཕྱིར་ནན་གྱིས་གཞན་ལ་སྙིང་རྗེ་བསྐྱེད་ཅེ་ན། འགྲོ་བའི་སྡུག་བསྔལ་བསམ་བྱས་ན་ཇི་ལྟར་སྙིང་རྗེ་མཁན་སྡུག་བསྔལ་མང་བ་བདེན་ཡང་། གལ་ཏེ་སྙིང་རྗེ་ཅན་གཞན་དོན་དུ་ལུས་གཏོང་བའི་སྡུག་བསྔལ་གཅིག་གིས་ནི། རང་གཞན་གྱི་སྡུག་བསྔལ་མང་པོ་མེད་པར་འགྱུར་ན། བརྩེ་དང་ལྡན་པས་སྡུག་བསྔལ་གཅིག་པོ་དེ་རང་དང་གཞན་ལ་སྡུག་བསྔལ་ཡིན་པ་ཡང་གང་ཕན་དང་། ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་པ་ལྟར་འབད་པས་བསྐྱེད་པར་བྱ་བ་ཉིད་དོ། །སྡུག་བསྔལ་མང་པོ་མེད་པར་བྱེད་པ་ལ་སྡུག་བསྔལ་གཅིག་བླང་བ་དེས་ན། སྔོན་སེམས་དཔའ་མེ་ཏོག་ཟླ་མཛེས་ཀྱིས་རྒྱལ་པོ་དཔའ་བས་བྱིན་གྱིས་རང་གསོད་པའི་གནོད་པ་ཤེས་ཀྱང་ནི་བདག་གི་སྡུག་བསྔལ་དེ་མ་བསལ་ཏེ། ཕོ་བྲང་འཁོར་གྱི་སྐྱེ་བོ་བྱེ་བ་ཁྲག་ཁྲིག་མང་པོའི་སྡུག་བསྔལ་ཟད་པར་འགྱུར་བ་གཟིགས་ནས་དོན་ཆེ་བ་དེའི་ཕྱིར། ཆོས་སྨྲ་བའི་ནགས་ཚལ་བཏང་ནས་རྒྱལ་པོའི་ཕོ་བྲང་དུ་བཞུགས་པ་ལྟ་བུར། དེ་ལྟར་བདག་གཞན་མཉམ་པར་མཐོང་བས་རྒྱུད་ནི་གོམས་ཞིང་འདྲིས་པར་གྱུར་པ་དེ། གཞན་གྱི་སྡུག་བསྔལ་ཞི་བར་དགའ་བས་པདྨའི་མཚོ་རུ་ངང་པ་ལྟར་མནར་མེད་པར་ཡང་འཇུག་པ་ལ་དགའ་བ་དང་སྤྲོ་བར་འགྱུར་རོ། །དེས་ན་དེ་ལ་སེམས་ཅན་རྣམས་ནི་ལས་ཉོན་གྱིས་བཅིངས་པ་ལས་གྲོལ་བས་ན་འདོད་པའི་དོན་འགྲུབ་པས་བྱང་སེམས་དེ་དགའ་བའི་རྒྱ་མཚོ་ཐོབ་པ་གང་ཡིན་པ་དེ་ཉིད་ཀྱིས་ནི་མཆོག་མིན་ནམ་སྟེ་ཡིན་ནོ། །གཞན་དུ་རང་ཐར་པ་འདོད་པས་ཅི་ཞིག་བྱ། འདིར་རྒྱ་མཚོ་མང་པོར་བཞག་གི། དཔེའམ་གཟུགས་སུ་བཀོད་པ་མ་ཡིན་ནོ། །དེ་ལྟར་གཞན་གྱི་དོན་བྱས་ཀྱང་རློམ་སེམས་དང་ནི་ངོ་མཚར་དུ་འཛིན་པ་མེད་ལ། གཅིག་ཏུ་གཞན་དོན་ལ་དགའ་བས་རྣམ་སྨིན་གྱི་འབྲས་བུའི་རེ་བའང་མེད། དེ་བས་ཇི་ལྟར་ཆུང་ངུ་ན་ཚིག་མི་སྙན་པ་ལས་ཀྱང་བདག་བསྲུང་བ་དེ་བཞིན་གཞན་ལའང་མི་སྙན་པ་ཡན་ཆད་བསྲུང་བའི་སེམས་དང་། སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང་རྗེའི་སེམས་ནི་དེ་ལྟར་བསྒོམ་པར་བྱའོ། །དེ་ལྟ་བུར་གོམས་པ་ཡིས་ནི་དཔེར་ན་གཞན་དག་གི་ཁུ་བ་དང་ཁྲག་གི་ཐིགས་པ་ལ་བདག་གི་དངོས་པོ་མེད་པར་གྱུར་ཀྱང་ནི་བདག་གོ་ཞེས་ནི་ཤེས་པ་ལྟར། དེ་བཞིན་གཞན་གྱི་ལུས་དེ་ལ་ཡང་བདག་ཅེས་ཅི་ཡི་ཕྱིར་མི་གཟུང་སྟེ་གཟུང་ངོ་། །གཉིས་པ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ། བདག་གཞན་བརྗེ་ནུས་ཚུལ། མི་མཐུན་ཕྱོགས་བདག་འཛིན་འཇོམས་ཚུལ། དེ་ལ་ཡོན་པོ་བསྲང་བའི་མན་ངག་གི་ཚུལ་གསུམ་ལས། དང་པོ་ནི། བདག་གི་ལུས་ནི་གཞན་མི་གཅེས་པ་དག་ཏུའང་བཞག་པ་དེ་ལྟར་དེ་ནས་དཀའ་བ་མེད་ལ། དེ་ཡང་བདག་ཉིད་སྐྱོན་དང་བཅས་པ། གཞན་ལ་ཡང་ཡོན་ཏན་རྒྱ་མཚོར་ཤེས་པར་བྱས་ནས། བདག་གཅེས་པར་འཛིན་པ་ཡོངས་སུ་དོར་བ་དང་། གཞན་གཅེས་པར་འཛིན་པ་བླང་བ་ནི་བསྒོམ་པར་བྱའོ། །ཇི་ལྟར་ལག་པ་ལ་སོགས་པ་ལུས་ཀྱི་ཡན་ལག་ཡིན་པར་འདོད་པ་ལྟར། དེ་བཞིན་འགྲོ་བའི་ཡན་ལག་ཏུ་ཅི་ཕྱིར་ན་ལུས་ཅན་རྣམས་མི་འདོད། བདག་གཞན་བརྗེ་བ་རྒྱུད་ལ་སྐྱེ་དཀའ་བས་བདག་གིས་ད་ལྟ་མི་འགྲུབ་ཀྱང་ཡིད་ཤི་མི་དགོས་ཏེ་གོམས་པར་བྱས་ན་ཤིན་ཏུའང་འགྲུབ་སྟེ། ཇི་ལྟར་བདག་མེད་པའི་ལུས་འདི་ལ་གོམས་པས་ན་བདག་གི་བློ་འབྱུང་བ་དེ་བཞིན་དུ་སེམས་ཅན་གཞན་ལ་ཡང་གོམས་པས་བདག་ཡིན་ནོ་སྙམ་པའི་བློ་ཅིས་མི་སྐྱེ་སྟེ་སྐྱེའོ། །གོམས་པ་དེ་ལྟ་ན་ནི་གཞན་གྱི་དོན་བྱས་ཀྱང་རང་ལ་ངོ་མཚར་དུ་འཛིན་པ་དང་། རློམས་སེམས་པ་མི་འབྱུང་སྟེ། བདག་ཉིད་ཀྱིས་ནི་ཟས་ཟོས་ནས་ལན་ལ་རེ་བ་མི་འབྱུང་བ་བཞིན་ནོ། །དེ་བས་ཇི་ལྟར་ཆུང་ངུ་ན། མི་སྙན་པ་ལས་ཀྱང་བདག་བསྲུང་བ་དེ་བཞིན་དུ་འགྲོ་ལ་བསྲུང་བར་སེམས་པ་དང་། སྙིང་རྗེའི་སེམས་ནི་གོམས་པར་བྱའོ། །དེ་བས་མགོན་པོ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོས་འགྲོ་བ་ཡི་སྡུག་བསྔལ་ཐ་ན་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པའང་བསལ་བའི་ཕྱིར་དུ་རང་གི་མཚན་ཡང་བྱིན་གྱིས་བརླབས་ཏེ། བདག་གི་མིང་འཛིན་པ་དེ་འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་དང་བྲལ་བར་གྱུར་ཅིག་ཅེས་སོགས་གསུང་པ་བཞིན་ནོ། །བདག་གཞན་བརྗེ་བ་ཡོན་ཏན་ཆེ་ཡང་བརྗེ་བ་ཤིན་ཏུ་དཀའོ་སྙམ་ན་དཀའ་བས་དེ་ལས་ཕྱིར་ཟློག་མི་བྱ་སྟེ། འདི་ལྟར་གོམས་པའི་མཐུ་ཡིས་ནི་སྔར་གང་གི་མིང་ཐོས་པ་ཙམ་གྱིས་འཇིགས་པ་དེ་ཡང་། ཕྱིས་དེ་ཉིད་མེད་པ་ཐོས་ན་མི་དགར་འགྱུར་བ་ཡོད་པས་བདག་གཞན་བརྗེ་ནུས་པ་ཡིན་ནོ། །དེས་ན་གང་ཞིག་བདག་དང་གཞན་རྣམས་ནི་མྱུར་དུ་སྐྱོབ་པར་འདོད་པ་དེ་ཡིས་བདག་དང་གཞན་དུ་བརྗེ་བར་བྱ་བ་གསང་བའི་དམ་པ་འདི་སྤྱད་པར་བྱའོ། །གཉིས་པ་མི་མཐུན་ཕྱོགས་བདག་འཛིན་འཇོམས་ཚུལ་ནི། དེ་སྤྱོད་པ་ལ་མི་མཐུན་ཕྱོགས་བདག་གི་ལུས་གང་ལ་ཆགས་པ་དེ་ཡིས་བྱེད་པས་དེ་ཟློག་པར་བྱའོ། །ཚུལ་ཇི་ལྟ་བུས་ན། སྔར་ཚེར་མ་ཟུག་པ་ཡན་ཆད་ཀྱི་འཇིགས་གནས་ཆུང་ངུ་ལའང་འཇིགས་པ་སྐྱེ་བ། འཇིགས་པ་ཆེན་པོ་སྐྱེ་བའི་གཞི་རྟེན་ལུས་དེ་ལ་སུ་ཞིག་དགྲ་བཞིན་དུ་སྡང་བ་མི་བྱེད་དེ་བྱེད་རིགས་སོ། །རྒྱུ་མཚན་ལུས་གང་བཀྲེས་དང་སྐོམ་སོགས། ནད་གསོ་བའི་ཆོ་ག་བྱེད་པར་འདོད་པས། བྱ་དང་ཉ་དང་རི་དྭགས་སོགས་དག་གསོད་པར་བྱེད་ཅིང་མགྲོན་པོ་རྣམས་བརྡུང་བའི་ཕྱིར་ལམ་བསྒུགས་བྱེད། གང་ཞིག་ཁེ་དང་རིམ་གྲོའི་ཕྱིར་དུ་ཕ་དང་མ་ཡང་གསོད་པར་བྱེད་ཅིང་། དཀོན་མཆོག་གསུམ་གྱི་དཀོར་བརྐུས་ནས་སུ། དེ་ནས་མནར་མེད་སོང་སྟེ་སྲེག་པར་གྱུར་ན། མཁས་པ་སུ་ཞིག་ལུས་དེ་ལྟ་བུ་ལ་འདོད་ཅིང་སྲུང་བ་དང་མཆོད་པར་བྱེད་པ་མི་རིགས་ཀྱི། འདི་ལ་ནི་སུ་ཞིག་དགྲ་བཞིན་དུ་ལྟ་བར་ཡང་མི་བྱེད། བརྙས་པར་ཡང་མི་བྱེད་དེ་བྱེད་རིགས་སོ། །གལ་ཏེ་གཞན་ལ་བྱིན་ན་བདག་ཉིད་ཅི་སྤྱད་ཅེས། བདག་དོན་སེམས་པ་དེ་འདྲའི་ཚུལ། ཡོ་བྱད་ལྟ་བུ་གལ་ཏེ་བདག་གིས་ཆེད་དུ་ལོངས་སྤྱད་ན་གཞན་ལ་ཅི་སྦྱིན་ཞེས། གཞན་དོན་སེམས་པ་ལྷ་ཡི་ཆོས་ལུགས་ཡིན་ནོ། . །བདག་བདེ་བའི་ཕྱིར་གཞན་ལ་གནོད་པ་བྱས་ན་དམྱལ་བ་ལ་སོགས་པར་སྡུག་བསྔལ་གྱིས་གདུང་བར་འགྱུར་ཞིང་། གཞན་ཕྱིར་བདག་ལ་གནོད་པ་བྱས་ན་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་བོ། །བདག་ཉིད་མཐོ་བར་འདོད་པ་དེས་མཐོ་བར་མི་འགྱུར་བའི་ཁར་ངན་འགྲོ་ངན་དང་གླེན་པར་འགྱུར་ཞིང་། དེ་ཉིད་གཞན་ལ་སྤོ་བྱས་ན་སྟེ་གཞན་མཐོ་བར་འདོད་ན། ཕྱི་མ་བདེ་འགྲོར་རིམ་གྲོ་ཐོབ་པར་འགྱུར་རོ། །བདག་གི་དོན་དུ་གཞན་ལས་ལ་བཀོལ་ན། ཕྱིས་རང་དེའི་བྲན་དང་ཁལ་མ་ལ་སོགས་པ་མྱོང་བར་འགྱུར་ཞིང་། གཞན་གྱི་དོན་དུ་བདག་སྤྱད་ན་ནི་ཕྱིས་རྗེ་དཔོན་ཉིད་སོགས་མྱོང་བར་འགྱུར་ཏེ། འཇིག་རྟེན་བདེ་བ་ཇི་སྙེད་པ་དེ་ཀུན་ནི་གཞན་བདེ་འདོད་ལས་བྱུང་ཞིང་། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ་དེ་ཀུན་ནི་རང་བདེ་འདོད་ལས་བྱུང་བའི་ཕྱིར་རོ། །དེ་ལྟར་མང་དུ་བཤད་པ་ལྟ་ཅི་ཞིག་དགོས། བྱིས་པ་སོ་སོའི་སྐྱེ་བོས་རང་གི་དོན་བྱེད་པ་དང་། ཐུབ་པའི་དབང་པོ་རྣམས་གཞན་གྱི་དོན་ཤ་སྟག་མཛད་པ། འདི་གཉིས་ཀྱི་ནི་ཁྱད་པར་ལྟོས་དང་ཤེས་པར་འགྱུར་རོ། །དེས་ན་བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་དག་ཚོང་བྱས་པ་བཞིན་ཡང་དག་པ་བརྗེ་བ་མ་བྱས་ན་ནི་མཐར་ཐུག་སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། གནས་སྐབས་འཁོར་བ་ན་ཡང་བདེ་བ་མེད་དོ། །རང་དོན་ལ་འཇིག་རྟེན་ཕ་རོལ་གྱི་བདེ་བ་མེད་པ་ཕར་ཞོག་གི། བྲན་གཡོག་ལས་ཀ་མི་བྱེད་པ་ལ། རྗེ་དཔོན་གཡོག་བྱས་པར་རྔན་པ་མི་སྟེར་བས་ཚེ་འདིའི་དོན་ཡང་འགྲུབ་པར་མི་འགྱུར་རོ། །དེ་བཞིན་དུ་མཐོང་བ་ཚེ་འདིའི་བདེ་བ་དང་། མ་མཐོང་བ་ཚེ་ཕྱི་མ་བདེ་བ་འགྲུབ་པའི་རྒྱུ་ཕུན་སུམ་ཚོགས་པ་འབྲས་བུ་བདེ་སྐྱིད་ཐོབ་པ་དེ་ཡོངས་སུ་བོར་ཞིང་། གཞན་ལ་སྡུག་བསྔལ་བར་བྱས་པའི་རྒྱུས་རྨོངས་པ་སོ་སྐྱེ་རྣམས་ཀྱིས་སྡུག་བསྔལ་མི་ཟད་པ་ལེན་ནོ། །དེས་ན་འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། འཇིགས་པ་དང་སྡུག་བསྔལ་བ་ཇི་སྙེད་ཅིག་ཡོད་པར་གྱུར་པ། དེ་ཀུན་ནི་རྩ་བ་བདག་ཏུ་འཛིན་པ་ལས་བྱུང་བར་གྱུར་ན། བདག་ཏུ་འཛིན་པའི་འདྲེ་ཆེན་པོ་དེས་ཀོ་བདག་ལ་ཅི་ཞིག་བྱ། བདག་ཉིད་ཡོངས་སུ་མ་བཏང་ན་བདག་འཛིན་མི་ཐོངས། དེ་མ་ཐོངས་ན་སྡུག་བསྔལ་སྤང་བར་མི་ནུས་ཏེ། ཇི་ལྟར་མེ་ནི་མ་བཏང་ན་སྲེག་པ་སྤོང་བར་མི་ནུས་པ་བཞིན་དུ། དེ་ལྟས་བདག་གནོད་ཞི་བ་དང་ནི་གཞན་གྱི་སྡུག་བསྔལ་ཞི་བྱའི་ཕྱིར་དུ། བདག་ཉིད་གཞན་ལ་བཏང་བ་དང་། གཞན་རྣམས་ནི་བདག་བཞིན་གཟུང་བར་བྱའོ། །དེ་ལྟར་བདག་སེམས་ཅན་སྤྱི་ལ་སྦྱིན་ཟིན་པས་ཕྱིན་ཆད་བདག་ནི་གཞན་གྱི་དབང་གྱུར་ཅེས་ཡིད་ཁྱོད་ཀྱིས་ངེས་པར་ཤེས་གྱིས་ལ། སེམས་ཅན་ཀུན་གྱི་དོན་མ་གཏོགས་པར་ད་ནི་ཁྱོད་ཀྱིས་གཞན་མི་བསམ་ཞིང་། གཞན་དབང་མིག་ལ་སོགས་པ་ཡིས་རང་གི་དོན་སྒྲུབ་པ་རིགས་པ་མ་ཡིན་པས། དེའི་དོན་མིག་ལ་སོགས་པ་ཡིས་གཞན་དོན་བྱ་ཡི། སེམས་ཅན་དེ་ལ་དབང་པོ་དེ་དག་གིས་ལོག་པར་བྱ་མི་རིགས། ཞེས་སྡང་མིག་ཏུ་ལྟ་བ་སོགས་དགག་པའོ། །དེས་ན་རང་བས་སེམས་ཅན་གཙོ་བར་བྱ་སྟེ། བདག་གི་ལུས་ལ་མཁོ་བའི་ཡོ་བྱད་ཅི་མཐོང་བ་དེ་དང་དེ་ནི་ལུས་ལས་ཕྲོགས་ནས་ཀྱང་གཞན་དག་ལ་ནི་ཕན་པར་སྤྱོད་ཅིག་གོ །གསུམ་པ་དེ་ལ་ཡོན་པོ་བསྲང་བའི་མན་ངག་གི་ཚུལ་ལ། ཡོན་པོ་སྲོང་ཁྱེར། རང་སྐྱོན་གཡེང་བ། ཡོན་ཏན་སྦེད་པ་གསུམ་ལས། དང་པོ་ནི། རང་བས་དམན་པ་དང་སོགས་པ་རང་དང་མཉམ་པ་དང་། རང་བས་བཟང་བ་སྟེ་དེ་དག་བདག་ཏུ་བྱས་པ་དང་། གཞན་ཉིད་དུ་ནི་བདག་བྱས་ནས་བདག་ལ་བདག་ཏུ་རྣམ་རྟོག་མེད་པའི་སེམས་ཀྱིས་སུ། ལྷག་པ་དེ་ལ་ཕྲག་དོག་དང་། མཉམ་པ་ལ་འགྲན་པ་དང་། དམན་པ་ལ་བལྟས་ནས་ང་རྒྱལ་བསྒོམ་སྟེ། ཇི་ལྟར་ཞེ་ན་རང་གཟུགས་ལ་མཛུབ་མོ་བཙུགས་ནས་འདི་ནི་འཇིག་རྟེན་གྱིས་བཀུར་བར་བྱས། སེམས་ཅན་ལ་བལྟས་ནས་བདག་ནི་མིན། འདི་བཞིན་དུ་བདག་གིས་མ་རྙེད་ཅིང་། འདི་ནི་ཀུན་གྱིས་བསྟོད་བྱས་བདག་ལ་སྨོད། འདི་ནི་བདེ་བ་བདག་ནི་སྡུག་བསྔལ་ལ། བདག་ནི་ལས་རྣམས་བྱེད་པ་དང་། འདི་ནི་བདེ་བ་ཉིད་དུ་གནས་སོ། །འདི་ནི་འཇིག་རྟེན་ཡོན་ཏན་གྱིས་ཆེ་བ་དང་བདག་དམན་ཞིང་ཡོན་ཏན་མེད་པར་གྲགས། ཡོན་ཏན་མེད་པ་འདིས་ཅི་ཞིག་བྱ་སྟེ། བདག་ཀུན་ཡོན་ཏན་ལྡན་པ་ཉིད་དོ། །བདག་གང་བས་འདི་དམན་པ་དེ་ཡོད་ཅིང་། དེས་དེ་ཞུམ་མི་རིགས་ལ། གང་བས་བདག་མཆོག་ཏུ་གྱུར་པ་དེ་ཡང་ཡོད་པས་བདག་ཅག་ཁེངས་མི་རིགས་སོ། །ཚུལ་ཁྲིམས་ལྟ་བ་རྒུད་སོགས་ཀྱིས་ནི་བདག་ལ་བརྙས་པར་མི་རིགས་ཏེ་གློ་བུར་གྱི་ཉོན་མོངས་པའི་སྟོབས་ཀྱིས་ཡིན་གྱི་བདག་རང་དབང་གིས་མིན་པས་སོ། །ཁྱོད་ནི་བྱང་ཆུབ་སེམས་པར་ཁས་འཆེ་བས་སྙིང་རྗེ་ཅན་ཡིན་ན་ཅི་ནུས་ཀྱིས། བདག་སེམས་ཅན་རྣམས་ནི་རྒུད་པ་དེ་ལས་གསོ་དགོས་ཏེ། བདག་སེམས་ཅན་གྱིས་གནོད་པ་བྱེད་ན་དེ་ཡང་ཁྱོད་ཀྱིས་དང་དུ་བླང་དགོས་སོ། །འོན་ཏེ་བདག་སེམས་ཅན་འདི་དག་འདིའི་སྟེ་ཁྱོད་ཀྱི་གསོ་བྱ་མིན་ནམ་སྙམ། ཕན་མི་འདོགས་ན་ཅིའི་ཕྱིར་ཁྱོད་ཀྱིས་བདག་སེམས་ཅན་ལ་བརྙས་པར་བྱེད། བདག་སེམས་ཅན་ལ་དེ་ཡི་ཡོན་ཏན་གྱི་གློ་བུར་བ་ཡིན་པས་ཅི་བྱ། འདི་བདག་སེམས་ཅན་རྣམས་རང་བཞིན་གྱི་ཡོན་ཏན་ཅན་ཏེ་སངས་རྒྱས་ཀྱི་སྙིང་པོ་བཞུགས་པས་སོ། །ངན་འགྲོ་གདུག་པའི་ཁར་གནས་པ་དེ་ལྟ་བུའི་འགྲོ་ལ་སྙིང་རྗེ་མེད་པས་འདི་ཉིད་ཕྱིར་ལ་ཡོན་ཏན་རློམ་པ་ཡིས། བདག་སེམས་ཅན་གྱི་བྱེ་བྲག་མཁས་པ་དག་ལ་བསྡོ་བར་འདོད་པ་བློ་མ་ཚད་དོ། །བདག་དང་མཉམ་པ་ལ་བལྟས་ནས་ནི། རྙེད་པ་དང་བཀུར་སྟི་ལ་སོགས་པ་གང་གི་སྒོ་ནས་སེམས་ཅན་བདག་རང་ཉིད་ལྷག་པར་བྱ་བའི་ཕྱིར། བདག་གི་རྙེད་པ་དང་བཀུར་སྟི་ནི་རྩོད་པས་འདི་ལས་འཕྲོགས་པ་ཡིས་ཀྱང་ངེས་པར་སྒྲུབ། ཅི་ནས་བདག་སེམས་ཅན་གྱི་ཡོན་ཏན་ནི་འཇིག་རྟེན་ཀུན་ལ་གསལ་བ་དང་། གཞན་ཡང་འདིའི་ཡོན་ཏན་གང་སུས་ཀྱང་ཐོས་པར་མི་འགྱུར་བར་བྱ། བདག་གི་སྐྱོན་ཡང་སྦ་བྱ་ཞིང་བདག་ནི་མཆོད་འགྱུར་འདི་ལ་མིན་ན་རུང་ངོ་། །བདག་སེམས་ཅན་གྱིས་དེང་རྙེད་པ་ལེགས་རྙེད་ཅིང་། བདག་ནི་བཀུར་འགྱུར་འདི་ལ་ནི་མིན། འདི་ནི་མ་རུངས་བྱས་པ་ལ། ཡུན་རིང་དུ་བདག་སེམས་ཅན་ནི་དགའ་བས་ལྟ་བ་དང་། འདི་ལ་འགྲོ་བ་ཀུན་གྱི་བཞད་གད་དང་། སྐྱེ་བོ་ཕན་ཚུན་གྱིས་སྨད་པ་དག་ཏུ་བྱའོ། །དམན་པ་ལ་ང་རྒྱལ་སྒོམ་པ་ནི། ཉོན་མོངས་པ་འདི་ཡང་བདག་སེམས་ཅན་དང་ནི་ལྷན་ཅིག་ཏུ་ནི་འགྲན་ཅེས་གྲགས་མོད་ཀྱི་འགྲན་མི་ཚུགས། འདི་དང་བདག་སེམས་ཅན་ཐོས་པ་དང་བསམ་བྱུང་སྒོམ་བྱུང་གི་ཤེས་རབ་བམ། གཟུགས་སམ་རིགས་སམ་ནོར་གྱིས་མཉམ་མམ་ཅི། དེ་ལྟར་ཀུན་ལ་སེམས་ཅན་ཡོན་ཏན་ལྷག་པར་གྲགས་པ་ཡི། བདག་སེམས་ཅན་གྱི་ཡོན་ཏན་ཐོས་ནས་ནི། བ་སྤུ་ལྡང་བའི་དགའ་བ་སྐྱེ་བར་འགྱུར་བའི་བདེ་བ་སྐྱེད་པ་ལ་ནི་ཡོངས་སུ་སྤྱོད། ཅི་སྟེ་འདི་ལ་རྙེད་པ་ཡོད་ཀྱང་གལ་ཏེ་ང་ཡི་ལས་བྱེད་པར་གྱུར་ན། འདི་ལ་འཚོ་བ་ཙམ་བྱིན་ནས་ལྷག་མ་བདག་གི་སྟོབས་ཀྱིས་དེ་འཕྲོགས་ནས་བླང་བར་བྱ། འདི་ནི་བདེ་བ་ལས་ཉམས་པར་བྱ་ཞིང་། བདག་སེམས་ཅན་གྱིས་འདི་གནོད་པ་དང་རྟག་ཏུ་སྦྱར་བར་བྱ། འདི་ཡིས་སྐྱེ་བ་བརྒྱ་ཕྲག་ཐམས་ཅད་དུ་འཁོར་བར་བདག་སེམས་ཅན་ལ་གནོད་པ་བྱས་སོ། །འདི་རྣམས་ནི་བདག་གཞན་མིང་བསྒྱུར་བ་ཙམ་དུ་མ་ཟད། དོན་བསྒྱུར་ནས་སྒོམ་པ་སྟེ། དཔེར་ན་ཤིང་ལྕུག་མ་ཧ་ཅང་ཡོ་བ་ནི་དྲང་པོར་སྲོང་བ་ལ་ཟློག་ཕྱོགས་སུ་འགུགས་དགོས་པ་ལྟར། བདག་གཞན་གཉིས་ཀྱང་བདག་གི་ཕྱོགས་སུ་ཡོ་དྲགས་པས་དེའི་གཉེན་པོར་གཞན་བདག་དང་བདག་གཞན་དུ་སྒོམ་པའོ། །གཉིས་པ་རང་སྐྱོན་གཡེང་བ་ནི། འདི་མན་རང་གི་སྒྲ་དང་གཞན་གྱི་སྒྲ་ཐ་སྙད་ཇི་ལྟ་བའོ། །ཡིད་ཁྱོད་རང་དོན་བྱེད་འདོད་པས་ནི། བསྐལ་པ་གྲངས་མེད་མང་པོ་འདས་གྱུར་ཀྱང་། ངལ་བ་ཆེན་པོ་དེ་ལྟ་བུས་ནི་ཡིད་ཁྱོད་ཀྱིས་སྡུག་བསྔལ་འབའ་ཞིག་བསྒྲུབས་པ་ཡིན་ནོ། །ད་དེ་ལྟར་མ་བྱེད་པར་དེང་ནས་གཟུང་སྟེ་དེ་ལྟར་ངེས་པས་རང་དོན་བོར་ནས་གཞན་དག་གི་དོན་སྒྲུབ་པ་ལ་རབ་ཏུ་འཇུག་པར་གྱིས་དང་། ཐུབ་པས་གཞན་དོན་བྱས་ན་ཡོན་ཏན་ཆེན་པོ་ཐོབ་པའི་བཀའ་ནི་མི་བསླུ་བས། དེ་ལྟར་བྱས་པ་དེའི་ཡོན་ཏན་ཕྱིས་མངོན་སུམ་དུ་མཐོང་བར་འགྱུར། གལ་ཏེ་ཁྱོད་ཀྱིས་སྔ་རོལ་གྱི་དུས་སུ་གཞན་དོན་གྱི་ལས་འདི་བྱས་པར་གྱུར་ན་ནི། དེ་ཙམ་ན་ཁྱོད་ཀྱིས་སངས་རྒྱས་ཀྱི་གོ་འཕང་ཕུན་སུམ་ཚོགས་པའི་བདེ་བ་ཐོབ་པ་མིན་པ་གནས་སྐབས་འདི་འདྲ་བར་འགྱུར་མི་སྲིད་དོ། །དེ་བས་ན་འདི་ལྟར་གཞན་དག་གི་ཁུ་བ་དང་ཁྲག་གི་ཐིགས་པ་ལ། ཡིད་ཁྱོད་ཀྱིས་ངར་འཛིན་བྱས་པ་ལྟར་དེ་བཞིན་གཞན་ལའང་གོམས་པར་གྱིས་དང་། གཞན་གྱི་རྟོག་ཆེན་ཏེ་ནང་བསླུ་མཁན་བྱས་ནས་ནི། བདག་གི་ལུས་ལ་ཡོན་ཏན་ཅི་སྣང་བ་དེ་དང་དེ་ཉིད་འཕྲོགས་བྱས་ནས་ཁྱོད་ཀྱིས་གཞན་ལ་ཕན་པར་སྤྱོད་ཅིག་གོ །བདག་སྐྱིད་པ་མི་དགའ་གཞན་ནི་མི་སྐྱིད་པ་མི་དགའ་ལ། བདག་མཐོ་བ་ལ་གཞན་ནི་དམའ་བ་ལ་དང་། བདག་ནི་ཕན་པ་བྱེད་པ་ལ། གཞན་ནི་མིན་པ་མི་དགའོ་ཞེས་བདག་ལ་ཕྲག་དོག་འདི་ཅིས་མི་བྱེད། བསམ་པ་དང་སྦྱོར་བའི་སྒོ་ནས་བདག་ནི་བདེ་དང་བྲལ་བར་བགྱིས་ཏེ། གཞན་གྱི་སྡུག་བསྔལ་བླངས་ནས་བདག་ལ་སྦྱོར། གང་ཚེ་འདི་ནི་ཅི་བྱེད་དམ་ཞེས་པས་བདག་གི་སྐྱོན་ལ་བརྟག་པར་གྱིས། དེའི་དགོས་པ་སྐྱོན་ངོས་ཟིན་ལ་དེ་ནས་སྤང་བའི་བློ་སྐྱེ་བས་སོ། །དེ་ཡང་ཐེག་བསྡུས་ལས། གང་ཞིག་ཉེས་པ་ཉེས་ཤེས་ན། །དུས་ཤིག་ན་ནི་འབྲལ་བར་འགྱུར། །ཉེས་ལ་ཡོན་ཏན་འཛིན་པ་ཡི། །ང་རྒྱལ་ཅན་ལ་འབྲལ་བ་མེད། །ཅེས་གསུངས་ཤིང་། དེ་ཡང་སྒེག་མོ་མེ་ལོང་ལ་ལྟ་བ་བཞིན་བྱའོ། །གཞན་གྱི་ཉེས་པ་བྱས་པ་ཡང་ངས་ལན་ནོ་ཞེས་རང་གི་སྐྱོན་དུ་བསྒྱུར་བྱོས་ལ། བདག་གིས་ཉེས་པ་ཆུང་བྱས་ཀྱང་། སྐྱེ་བོ་མང་པོའི་མདུན་དུ་འདུག་ལ་རབ་ཏུ་ཤོགས་ཤིག གསུམ་པ་བདག་གི་ཡོན་ཏན་སྦེད་པ་ནི། ཚུལ་ཁྲིམས་ཐོས་སོགས་གཞན་གྱི་གྲགས་པ་ལྷག་པར་བརྗོད་པས་རང་གི་གྲགས་པ་ཟིལ་གྱིས་ནོན་པར་གྱིས་ཤིག བདག་ནི་བྲན་གྱི་མཐའ་མ་ལྟར་སེམས་ཅན་གྱི་དོན་རྣམས་སུ་འགྱུར་བ་ཀུན་ལ་བཀོལ་བར་གྱིས། ཚེམ་བུ་པས་མཛེ་མོ་ཆུ་ལས་བསྒྲལ་བ་ལྟ་བུ། བདག་འདི་ནི་སྐྱོན་བཅས་རང་བཞིན་ཏེ། དེ་ལ་གློ་བུར་གྱི་ཡོན་ཏན་ཆ་ཤས་ཀྱིས་མི་བསྟོད་དོ། །བདག་འདིའི་ཡོན་ཏན་ཅི་ནས་ཀྱང་། འགས་ཀྱང་མི་ཤེས་དེ་ལྟར་སྦ་བར་གྱིས། མདོར་ན་བདག་གི་དོན་གྱི་ཕྱིར། ཁྱོད་ཀྱིས་གཞན་ལ་གནོད་བྱས་གང་། ད་ཕྱིན་གནོད་དེ་སེམས་ཅན་དོན་གྱི་ཕྱིར་བདག་ཉིད་ལ་ནི་འབབ་པར་གྱིས། བདག་འདི་ནི་གཉའ་དྲག་པོར་འགྱུར་བའི་ཚུལ་དུ་ཤེད་བསྐྱེད་པར་ནི་མི་བྱ་སྟེ། བག་མ་གསར་པའི་ཚུལ་བཞིན་དུ་ངོ་ཚ་དང་འཇིགས་དང་བཅས་པ་ལུས་ངག་གཉིས་བསྡམས་ཏེ་བཞག་ལ་དེ་བྱ། སྤྱོད་པ་དེ་ལྟར་གནས་བྱ་ཞིང་བསྟན་པ་དེ་ལྟར་ཁྱོད་ཀྱིས་མི་བྱ་བ་དེ་ལྟར་འདི་ནི་གཉེན་པོས་དབང་དུ་བྱ་སྟེ། དེ་ལས་འདས་ན་ཚར་བཅད་བྱའོ། །འོན་ཏེ་དེ་ལྟར་གདམས་ཀྱང་ནི། སེམས་ཁྱོད་དེ་ལྟར་བསླབ་པར་མི་བྱེད་ན། ཁྱོད་ལ་ཉེས་ཀུན་བརྟེན་པ་སྟེ་ཉེས་པ་ཀུན་འཁྲི་བས། ཁྱོད་ཉིད་ཚར་བཅད་བྱ་བར་ཟད་དོ། །ཡིད་ཁྱོད་ཀྱིས་ཁོ་བོ་གར་བརླག་པའི་སྔོན་གྱི་དུས་དེ་གཞན་ཡིན་ཏེ། ད་ནི་ངས་མཐོང་ད་ཁྱོད་གང་དུ་འགྲོ་སྟེ་འགྲོ་ས་མེད། ཁྱོད་ཀྱི་དྲེགས་པ་ཀུན་གཞོམ་པར་བྱའོ། །ད་དུང་དུ་བདག་ལ་རང་གི་དོན་ཡོད་སྙམ་སེམས་པ་དེ་དོར་ཅིག བདག་གིས་གཞན་གཉེན་པོ་ལ་ཁྱོད་བཙོང་གིས་སྐྱོ་བར་མ་སེམས་དེ་ལ་ཞོ་ཤ་ཕུལ། གལ་ཏེ་བདག་བག་མེད་གྱུར་ནས་ཁྱོད་སེམས་ཅན་རྣམས་ལ་མ་བྱིན་ན་ཁྱོད་ཀྱིས་ཁོ་བོ་དམྱལ་བ་ཡི་སྲུང་མ་རྣམས་ལ་བྱིན་དུ་ངེས་སོ། །དེ་ལྟ་བས་ཁྱོད་ཀྱིས་རེ་ལྟའམ་ལན་དུ་མ་ཞིག ཁོ་བོ་བྱིན་པས་ཡུན་རིང་དུ་སྡུག་པར་བྱས་སོ། །ད་ནི་དེ་ལྟར་བྱས་པའི་འཁོན་རྣམས་དྲན་བྱས་ཏེ། ཁྱོད་ཀྱིས་རང་དོན་སེམས་པ་དེ་གཞོམ་མོ། །དེ་སྟེ་ཁྱོད་བདག་ནི་དགའ་བར་འདོད་ན། རང་དོན་ལ་བདག་གིས་དགའ་བར་མི་བྱ། དེ་སྟེ་བདག་ནི་ངོ་བསྲུང་བར་འདོད་ན། གཞན་དག་གི་ངོ་རྟག་ཏུ་བསྲུང་བར་བྱ། ཇི་ལྟ་ཇི་ལྟར་ལུས་འདི་ནི། ཡོངས་སུ་སྐྱོང་བར་བྱེད་པར་འགྱུར་བ་དེ་དག་དེ་ལྟ་དེ་ལྟར་ཤིན་ཏུ་ནི་བཟེ་རེ་ཅན་དུ་འགྱུར། དུལ་བ་ཉིད་དུ་ལྷུང་། དེ་ལྟར་ལྷུང་བ་དེ་ཡི་ཡང་ཁྱོད་ལ་མི་ཆོག་པར། འདོད་པ་ཆེ་བས་ས་འདི་ཐམས་ཅད་ཀྱིས་རྫོགས་པར་ནུས་པ་ཡོད་མིན་ན། དེ་ཡི་འདོད་པ་སུས་སྐོང་བར་བྱེད་ནུས་ཏེ་ནུས་པ་མེད་དོ། །འདོད་པ་དེ་ལ་ཉོན་མོངས་དང་འདོད་པ་མ་འགྲུབ་པས་བསམ་པ་ཉམས་པའང་སྐྱེ་བར་འགྱུར་ལ། སུ་གང་ཞིག་འདོད་པའི་དངོས་པོ་ཀུན་ལ་མ་ཆགས་པས་སྤྱི་ལའང་ལྟོས་པ་མེད་པ་དེའི་ཕུན་ཚོགས་ཟད་མི་ཤེས་ཏེ་དབུལ་པོ་དེས་པ་བཞིན་ནོ། །དེ་བས་ལུས་ཀྱི་འདོད་པ་ནི་འཕེལ་བའི་ཕྱིར་སྐབས་དབྱེ་བར་མི་བྱ་སྟེ། གང་ཞིག་ཡིད་དུ་འོང་བ་མི་འཛིན་པ་དེ་ནི་དངོས་པོ་བཟང་པོ་ཡིན་ཏེ། བཤེས་སྤྲིངས་ལས། ནོར་རྣམས་ཀུན་གྱི་ནང་ནས་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཞེས་སོ། །ལུས་འདི་ཇི་ལྟར་བྱས་ཀྱང་ཐ་མར་ཐལ་བའི་རང་བཞིན་དུ་མཐར་གཏུགས་ཤིང་། ལུས་རང་མི་གཡོ་བ་སེམས་པ་གཞན་གྱིས་བསྐྱོད་པར་བྱ་བ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་འདུས་པའི་གཟུགས་ནི་མི་བཟད་པ་དེ་ལ་ཅི་ཕྱིར་བདག་ཏུ་འཛིན། གསོན་ནམ་ཡང་ན་ནི་ཤི་ཡང་བླའི། བདག་ལ་ལུས་ཀྱི་འཁྲུལ་འཁོར་འདིས་ཅི་བྱ། བོང་བ་དང་རྡོ་ལ་སོགས་པ་དང་ལུས་འདི་ལ་བཟང་ངན་ཁྱད་ཅི་ཡོད་ན། ཀྱི་ཧུད་འདི་ལ་ངའོ་སྙམ་པའི་ང་རྒྱལ་སེལ་མི་བྱེད། ལུས་ཀྱི་ཁ་ལྟ་བྱས་པ་ཡིས་ནི་དོན་མེད་པ་སྡུག་བསྔལ་ཉེ་བར་བསགས་ནས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྐྱེད་པས་ཤིང་དང་མཚུངས་པ་འདི་ལ་ཅི་ཞིག་བྱ། བདག་གིས་འདི་ལྟར་བསྐྱངས་པའམ། གསོས་པ་དང་བྱ་རྒོད་སོགས་ཀྱིས་ཟོས་ཀྱང་རུང་། སྔ་མ་ལ་ཆགས་པ་མེད་ཕྱི་མ་ལ་ཞེ་སྡང་ཡོད་མིན་ན་ཅི་སྟེ་དེ་ལ་ཆགས་པ་བྱེད། གང་ཞིག་གིས་སྨོད་པས་ཁྲོ་བ་དང་། གང་ཞིག་གིས་བསྟོད་པས་མགུ་གྱུར་པ། གལ་ཏེ་བསྟོད་སྨད་དེ་ཉིད་ལུས་ཀྱིས་ངོ་ཤེས་པ་མེད་ན། བདག་གིས་གཅེས་གཅེས་བྱེད་པ་གང་གི་ངལ་བ་བྱས། གང་ཞིག་གིས་ལུས་འདི་བདེ་བར་འདོད་གྱུར་པ། དེ་དང་བདག་བཤེས་དགའ་བ་ཡིན་ཞེ་ན། ཐམས་ཅད་རང་གི་ལུས་བདེ་འདོད་པས། དེ་ལ་ནི་བདག་ཀོ་ཅིས་མི་དགའ་བསམ། དེ་བས་བདག་གིས་ཆགས་པ་མེད་པར་འགྲོ་ལ་ཕན་ཕྱིར་ལུས་བཏང་བར་བྱའོ། །དེས་ན་འདི་ལ་ཉེས་མང་ཡང་། ལས་ཀྱི་ཆ་སྤྱད་བཞིན། གཞན་གྱི་དོན་དུ་གཟུང་བར་བྱའོ། །དེ་བས་བྱིས་པའི་སྤྱོད་པ་སྔར་གྱི་དེས་ཆོག་ལ། ད་ནི་བདག་གིས་མཁས་པ་སངས་རྒྱས་ལ་སོགས་པའི་རྗེས་སུ་བསྙེགས་ཏེ། བག་ཡོད་པའི་གཏམ་ནི་དྲན་བྱས་ནས། གཉིད་དང་རྨུགས་པ་བཟློག་པར་བྱ་ལ། རྒྱལ་སྲས་ཐུགས་རྗེ་ཅན་རྣམས་ལྟར། རིགས་པའི་ལས་ལ་གཉེན་པོའི་སྲན་ནི་གཟུགས་པར་བྱ་སྟེ། ཉིན་མཚན་ཕྱེད་པར་ཏེ་མཐའ་གཅིག་ཏུ་མ་འབད་ན་བདག་གི་སྡུག་བསྔལ་ནམ་ཞིག་མཐར་ཏེ་ཕ་རོལ་ཏུ་ཕྱིན་ཞེས་པའོ། །གསུམ་པ་བདག་གཞན་མི་དམིགས་པའི་བྱང་སེམས་སྒོམ་པ་ནི། དེ་བས་སྒྲིབ་པ་བསལ་བའི་ཕྱིར་བདག་བཀག་པས་དེ་མི་དམིགས་ལ། དེས་གཞན་ཞེས་ཕྱིས་འཕངས་པས་དེ་ཡང་མི་དམིགས་སོ། །དེས་ན་སྔར་བདག་ཏུ་དམིགས་པ་ཕྱིན་ཅི་ལོག་པའི་ལམ་ལས་སྤང་བྱ་སྤང་དུ་མེད་པ་དང་། གཉེན་པོ་བཞག་ཏུ་མེད་པའི་ཚུལ་གྱིས་སེམས་བླན་ཏེ། གཟུང་འཛིན་ཅི་ཡང་མི་དམིགས་པ་དེ་ཉིད་ཡང་དག་པ་དམིགས་པ་ཡིན་ལ། དེ་ལས་མ་ཡེངས་པ་ཉིད་ཀྱིས་ཡང་དག་པར་ལྟ་བས་བརྟག་པར་ཡང་བདག་གིས་མཉམ་པར་བཞག་པར་བྱའོ། །མགོན་པོ་བྱམས་པས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བསམ་གཏན་བསྟན་པ་ཞེས་བྱ་བ་སྟེ་ལེའུ་བརྒྱད་པའོ།། །། ༈ གསུམ་པ་ལྷག་པའི་ཤེས་རབ་བཤད་པ་ཤེས་རབ་ཀྱི་ལེའུ་ལ། ཡན་ལག་ཐམས་ཅད་ཤེས་རབ་ཀྱི་དོན་དུ་གསུངས་ཚུལ། བསྐྱེད་བྱའི་ཤེས་རབ་བདེན་གཉིས་ཀྱིས་བསྟན་པ། དེ་གཏན་ལ་དབབ་པའི་བློ་གྲོས་ཀྱི་ཁྱད་པར་བཤད་པ་གསུམ་ལས། དང་པོ་ནི། སྦྱིན་པ་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་གྱི་ཡན་ལག་འདི་དག་ཐམས་ཅད་ནི། ཐུབ་པས་ཤེས་རབ་ཀྱི་དོན་དུ་གསུངས་པ་ཡིན་ཏེ། མདོ་སྡེ་དགོངས་འགྲེལ་ལས། བྱང་ཆུབ་སེམས་དཔའི་ལུས་དང་ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ཡང་དག་པར་ལེན་པར་བྱེད་དོ། །ཚུལ་ཁྲིམས་རྗེས་སུ་བསྲུངས་ན་བཟོད་པ་དང་ལྡན་པར་འགྱུར་རོ། །བཟོད་པ་དང་ལྡན་ན་བརྩོན་འགྲུས་རྩོམ་མོ། །བརྩོན་འགྲུས་བརྩམས་ན་བསམ་གཏན་གྲུབ་བོ། །བསམ་གཏན་གྲུབ་ན་འཇིག་རྟེན་ལས་འདས་པའི་ཤེས་རབ་ཐོབ་བོ་ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པར། ཞི་བའི་བློ་གྲོས། གཞན་ཡང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི་བསམ་གཏན་གང་ཅི་སྒོམ་པ་དེ་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། བསྒྲུབ་པར་བྱ་བ་དང་འཕེལ་བར་བྱ་བའི་ཕྱིར་སྒོམ་སྟེ་ཞེས་པས་དེ་དག་ཡན་ལག་ཏུ་འགྱུར་ཚུལ་དང་། སྡུད་པར། སྦྱིན་པ་སྦྱིན་པའི་སྔོན་དུ་འགྲོ་བ་ཤེས་རབ་སྟེ་སོགས་དང་། ཡུམ་བར་མ་ལས། ཀོའུ་ཤི་ཀ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ནི་དམུས་ལོང་ལྟ་བུར་གྱུར་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་དེ་དག་ལ་དམིགས་བུ་མེད་པས་བྱང་ཆུབ་ཀྱི་ལམ་ཡང་བསྐྱེད་པར་མི་ནུས་ན། རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འགྲོ་བར་ལྟ་ག་ལ་ནུས་ཞེས་པས། འདིས་སྦྱིན་སོགས་ཐམས་ཅད་ཕར་ཕྱིན་དུ་བྱེད་པས་ཕར་ཕྱིན་ཐམས་ཅད་ཀྱི་སྔོན་འགྲོར་ཡང་བཞག་གོ །དེ་ཡི་ཕྱིར་ན་སྡུག་བསྔལ་དག་ཞི་བར་འདོད་པས་ཤེས་རབ་བསྐྱེད་པར་བྱ་སྟེ། སྡུད་པར། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་བྱེད། །དང་། ཆོས་མངོན་པ་ལས་ཀྱང་། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཞེས་གསུངས་པས་སོ། །གཉིས་པ་བསྐྱེད་བྱའི་ཤེས་རབ་བདེན་གཉིས་ཀྱིས་བསྟན་པ་ནི། ཡང་དག་པའི་དོན་ལ་སྒྲིབ་པར་བྱེད་པས་ཀུན་རྫོབ་དང་ནི་དོན་དུ་གཉེར་བྱའི་དམ་པ་ཡིན་པས་དོན་དམ་པ་སྟེ། དེའི་དང་པོ་གཏི་མུག་གིས་བསླད་པ་ཞུགས་ཀྱང་། ཐ་སྙད་ཙམ་དུ་མི་འཁྲུལ་བས་བདེན་པར་བཞག་སྟེ། དབུ་མ་འཇུག་པར། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །ཞེས་པས་སོ། །གཉིས་པ་ནི། ཀུན་རྫོབ་དང་དོན་དམ་པ་བསྟན་པའི་མདོ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་ན། དོན་དམ་པའི་གྲངས་སུ་མི་འགྲོ་ཞིང་། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །ལྷའི་བུ་འོན་ཀྱང་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་དང་། ཡང་དག་པར་མ་སྐྱེས་པ་དང་། མ་དགགས་པ་དང་། བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་། ཤེས་པ་དང་། ཤེས་བྱ་དང་བྲལ་བ་ཡིན་ཏེ། ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པ་ཡིན་ནོ་ཞེས་པས། དེ་ཁ་ནི་བསྟན་པར་མི་ནུས་ལ། མ་བསྟན་པ་ནི་གོ་བར་མི་ནུས་པས། སངས་རྒྱས་རྣམས་ཐབས་ལ་མཁས་པས་ཀུན་རྫོབ་ལ་བརྟེན་ནས་དེ་རྟོགས་པར་མཛད་དེ། འདི་ལྟ་བུའི་དོན་དམ་མོ་ཞེས་སྒྲོ་བཏགས་པས་སོ། །དེ་ཡང་ཏིང་ངེ་འཛིན་རྒྱལ་པོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་པོ་གང་སྟོན་པ་གང་། །དོན་གང་ཉན་ཅིང་སྟོན་བྱེད་པ། །སྒྲོ་བཏགས་པས་ན་ཡི་གེ་མེད། །ཅེས་གསུངས་པ་དང་། རྗེ་བཙུན་མི་ལས། ཡང་དག་དོན་གྱི་རྟོགས་ཚད་ནི། །རྨོངས་པ་ང་འདྲ་མ་ཡིན་པ། །ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། །ལྐུགས་པའམ་གཞོན་ནུའི་བདེ་བ་བཞིན། །མཚོན་པ་ཙམ་གྱིས་མ་གཏོགས་པ། །འདི་ནི་སྟོན་པར་ནུས་མ་ཡིན། །ཞེས་གསུངས། དེས་ན་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་པ་ལྟར་ཐབས་ཐབས་བྱུང་གི་འབྲེལ་བ་གཟིགས་ནས་འདི་ནི་བདེན་པ་གཉིས་སུ་འདོད་དོ། །དེ་ཡང་སྒྲོ་བཏགས་ནས་དོན་དམ་དེ་འཇོག་པ་ན་ཡང་། རྩ་ཤེར། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་དེ་ཁོ་ནའི་མཚན་ཉིད་དོ། །ཞེས་དགག་པས་བསྟན་ལ། ཟླ་བས། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ། །ངོ་བོ་ལོག་པ་གང་ཞིག་རྣམ་བཏགས་པ། །དེ་ཉིད་བདག་ཉིད་གང་ཞིག་མིག་དག་པས། །མཐོང་བ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་པས་དགག་ཚིག་གིས་བསྟན། དེ་ཡང་དགག་པ་ཡིན་ནས་བསྟན་པ་མ་ཡིན་ཏེ། ཇི་ལྟར་ན། རབ་རིབ་ཅན་གྱིས་ནམ་མཁའ་ལ་སྐྲ་ཤད་ཡོད་དོ་ཞེས་སྟོན་པ་ན། མིག་དག་པས་བལྟས་པས་སྐྲ་ཤད་དེ་གང་དུ་ཡང་མ་མཐོང་ནས། ཁོའི་ཡོད་རྟོག་སྤང་བའི་དོན་དུ་སྐྲ་ཤད་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་སྨྲ། དེ་ཡང་ཡོད་རྟོག་པའི་ངོར་དགག་པ་ལྷུར་བྱེད་པའི་ཚིག་ཡིན་གྱིས། དོན་ལ་དགག་སྒྲུབ་བྱས་པ་མེད་པ་བཞིན་དུ་བྱིས་པ་རྣམས་ཕུང་ཁམས་སྐྱེ་མཆེད་ཡོད་པར་རྟོག་པས་ན། དེ་དགག་པའི་དབང་གིས་ཡོད་མེད་དང་བྲལ་ལོ་ཞེས་བརྗོད་ཀྱི། དོན་དམ་བློའི་སྤྱོད་ཡུལ་མིན་པས་དགག་པའམ་སྒྲུབ་པར་ཇི་ལྟར་འགྲེལ། ཁ་ཅིག་ཀུན་རྫོབ་ཏུ་ཐམས་ཅད་ཡོད་ལ། དོན་དམ་པར་ཅང་མེད་པར་དབུ་མའི་ལྟ་བར་འདོད། དེ་མི་འཐད་དེ། དོན་དམ་པར་མེད་པ་ཀུན་རྫོབ་ཏུ་ཡོད་པ་ནི། ཀུན་རྫོབ་འདི་དག་རང་ཡིན་ལ། དེས་ན་དེ་དག་སྣང་ལ་མ་གྲུབ་པས་སྒྱུ་མ་ལྟ་བུའོ་ཞེས་བཞག་པ་ཡིན། དེའི་ཕྱིར་བཞག་བྱ་འཇོག་བྱེད་ཀྱི་བློ་གཅིག་འདུག་ཕན་བློ་དེ་ནི་ཀུན་རྫོབ་ཡིན་པར་འདོད་དོ། །དེས་ན་མཐོང་བྱ་ཞིག་གང་གིས་མཐོང་ན་གཉིས་ཀ་ཀུན་རྫོབ་ཡིན་པས། ས་ལ་བཞུགས་པའི་འཕགས་པ་རྣམས་ཀྱི་མཐོང་བྱ་དེ་ལྟ་བུ། མཐོང་བྱེད་གང་གིས་ཀྱང་མ་གཟིགས་པ་དེ་ཙམ་ཞིག རེ་ཞིག་དོན་དམ་གཟིགས་པར་བཞག་སྟེ་ཀུན་རྫོབ་ཀྱི་སྒྲིབ་གཡོགས་བསལ་བས་སོ། །དེ་ལྟར་ཡང་སྡུད་པར། ནམ་མཁའ་མཐོང་ཞེས་བྱིས་པ་ཚིག་ཏུ་རབ་ཏུ་བརྗོད། །ནམ་མཁའ་ཇི་ལྟར་མཐོང་ཞེས་དོན་ཏེ་བརྟག་པར་གྱིས། །དེ་ལྟར་ཆོས་མཐོང་བ་ཡང་དེ་བཞིན་གཤེགས་པས་བསྟན། །མཐོང་བ་དཔེ་གཞན་གྱིས་ནི་བསྙད་པར་ནུས་མ་ཡིན། །ཞེས་གསུངས་པའི་དཔེ་གཞན་གྱིས་བསྙད་མ་ནུས་པའི་མཐོང་བྱ་དེ་གཟུང་འཛིན་གྱིས་བཏང་བའི་སྟོང་པ་ཉིད་དོ་སྙམ་སེམས་ན། དེ་ནི་སྔར་དངོས་པོར་གཟུང་བ་དེ་ལས་ཆེས་ལོད་དེ། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་བླ་ཡི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་དང་། རྩ་ཤེར། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་བཤད་དོ། །ཧྲིལ་བསྒྲིལ་ན། དོན་དམ་བློའི་སྤྱོད་ཡུལ་མིན་པ་ལ་བློས་འདིའོ་འདི་མིན་ནོ་ཞེས་བརྟགས་ཀྱང་། ནམ་མཁའི་ཚད་གཞལ་འདོད་ནས་འདོམ་རྒྱག་པ་ལྟ་བུ་བཞད་གད་ཀྱི་གནས་སུ་འགྱུར་བས་ཁས་ལེན་བྲལ་ལོ་ཞེས་བཞག་པ་ཉིད་འཐད་པར་སེམས་སོ། །གསུམ་པ་དེ་གཏན་ལ་དབབ་པའི་བློ་གྲོས་ཀྱི་ཁྱད་པར་བཤད་པ་ལ། རྟོགས་པ་ལ་མཐོ་དམའི་གོ་རིམ་ཡོད་ཚུལ། སྤྱིར་སྒྱུ་མ་ལྟ་བུ་བཤད་པ་ལ་མདོ་སྡེ་པས་བརྒལ་ལན། ཁྱད་པར་སེམས་བདེན་མེད་དུ་བཤད་པ་ལ་སེམས་ཙམ་པའི་བརྒལ་ལན་བསྟན་པ་གསུམ་ལས། དང་པོ་ནི། དེ་ལ་འཇིག་རྟེན་ན་རྣམ་པ་གཉིས་སུ་མཐོང་སྟེ། རྣལ་འབྱོར་པ་དེ་སངས་རྒྱས་པའི་གྲུབ་མཐའ་ལ་ཞུགས་པ་དང་། མ་ཞུགས་པ་འཇིག་རྟེན་ཕལ་པའོ། །གཞན་དག་གྲུབ་མཐའ་བློས་མ་བསྒྱུར་བ་དང་། བསྒྱུར་བ་ཟེར་བ། ཕྱི་པ་མུ་སྟེགས་པ་དང་སངས་རྒྱས་པར་འབྱེད་ཀྱང་། ཟླ་བས། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱིས་བདག་ཉིད་ཇི་བཞིན་བཏགས་པ་དང་། །སྒྱུ་མ་སྨིག་རྒྱུ་སོགས་ལ་བཏགས་པ་གང་། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མི་ཉིད། །ཅེས་གསུངས་པས། མུ་སྟེགས་ཅན་ལས་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལྷག་ལ། ལྟ་བ་དེ་དང་ལྡན་པའི་འཇིག་རྟེན་དང་། དེ་ལས་གོང་དུ་སོང་བའི་རྣལ་འབྱོར་པ་གཉིས་ཡིན་པས། སངས་རྒྱས་པ་ཁོ་ན་འཇོག་པ་ལེགས་པ་ཡིན་ནོ། །དེ་ལ་འཇིག་རྟེན་ཕལ་པ་ནི། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཁས་ལེན་པ་དག་ཡིན་ལ། དེ་ལ་རྣལ་འབྱོར་པ་སྒྱུ་མ་ལྟ་བུ་གཟིགས་པ་རྣམས་ཀྱི་གཟིགས་པས་གནོད་པས། གཞུང་འདི་འགྱུར་གསར་དུ། རྣལ་འབྱོར་འཇིག་རྟེན་གྱིས་གནོད་ཅིང་དང་། འགྱུར་རྙིང་པར། འཇིག་རྟེན་རྣལ་འབྱོར་གྱིས་གནོད་ཅིང་ཞེས་འབྱུང་བ་ཁྱད་མེད། དོན་རྣལ་འབྱོར་པའི་འཇིག་རྟེན་ཀུན་རྫོབ་ཀྱི་དེ་ལ་གནོད་པ་ཡིན་ནོ། །དེ་ལྟ་བུའི་རྣལ་འབྱོར་པ་ལ་ཡང་། བློའི་ཁྱད་པར་གྱིས་གོང་མ་གོང་མ་རྣམས་ཀྱིས། འོག་མ་འོག་མ་རྣམས་ལ་གནོད། མདོ་སྡེ་པས་བྱེ་བྲག་ཏུ་སྨྲ་བ་ལ་དང་། སེམས་ཙམ་པས་མདོ་སྡེ་པ་དང་། དབུ་མ་པས་སེམས་ཙམ་པ་ལའོ། །དེ་ལ་ནི་གནོད་པར་བྱེད་པ་མེད་དེ་སྐྱོན་མེད་པ་སྨྲ་བ་ལ་ཞུགས་པའི་ཕྱིར་རོ། །རྣལ་འབྱོར་པས་འཇིག་རྟེན་ལ་ཇི་ལྟར་གནོད་ཅེ་ན། གཉིས་ཀ་ལ་ཡང་རང་བཞིན་མེད་པར་འདོད་པའི་ཐུན་མོང་དུ་གྱུར་པ། སྒྱུ་མ་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་དཔེས་འབྲས་བུ་དོན་དམ་པ་གཏན་ལ་དབབ་པའི་དོན་དུ་མ་དཔྱད་པའི་ཕྱིར། དཔྱད་གཞི་ཀུན་རྫོབ་འཇིག་རྟེན་པ་ཡིས་དངོས་པོ་གཟུགས་ལ་སོགས་པ་མཐོང་ཞིང་དེ་དག་ལ་ཡང་དག་པ་ཉིད་དུའང་རྟོག་བྱེད་ཀྱི་སྟེ། བདེན་པར་ཡོད་པ་རྟག་པར་འཛིན། རྣལ་འབྱོར་པ་རྣམས་ཀྱིས་ནི་དེ་དག་སྙིང་པོ་མེད་པ་སྒྱུ་མ་ལྟ་བུའི་དཔེས་མཚོན་པར་གཟིགས་པས། དེ་གཉིས་མཐུན་པ་མིན་པས། འདིར་རྣལ་འབྱོར་པ་དང་འཇིག་རྟེན་རྩོད་དེ་གཟུགས་སོགས་འདི་ལྟར་བདེན་ནོ་མི་བདེན་ནོ་ཞེས་བྱ་བས་སོ། །རྣལ་འབྱོར་པ་ནང་རྩོད་པའི་ཚུལ་ནི་ལོགས་སུ་བཤད་ཟིན་ནོ། །གཉིས་པ་སྤྱིར་སྒྱུ་མ་ལྟ་བུར་བཤད་པ་ལ་མདོ་སྡེ་པས་བརྒལ་ལན་ནི། དེས་ཇི་ལྟར་བརྒལ་ན། ཆོས་ཐམས་ཅད་སྒྱུ་མའི་རྟ་གླང་ལྟར་དོན་ལ་མ་གྲུབ་ན། གཟུགས་སོགས་མངོན་སུམ་གྱིས་གྲུབ་པ་དང་འགལ་བས་ཁས་བླངས་དེ་ནི་ཚད་མས་བསལ་བའོ་ཞེས་དང་། ལུང་དང་འགལ་བ། རྒྱལ་བ་མཆོད་པ་དོན་མེད་དུ་ཐལ་བ། ཉིང་མཚམས་མི་སྦྱོར་བར་ཐལ་བ། དགེ་སྡིག་མེད་པར་ཐལ་བ། བྱང་ཆུབ་ཀྱི་སྤྱོད་པ་དོན་མེད་དུ་ཐལ་བར་འཕངས་པའོ། །འོ་ན་ཉན་ཐོས་སྡེ་གཉིས་ཀ །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་འདུས་བྱས་སྒྱུ་མ་ལྟ་བུར་ཁས་བླངས་མཐུན་པས་རྩོད་མི་རིགས་སྙམ་ན། དེས་གཟུགས་སོགས་སྐད་ཅིག་མའི་རིང་དོན་དམ་པར་ཡོད་པ། ཕྱི་ལོགས་སུ་མེད་པར་འགྱུར་བས། རྣམ་འགྲེལ་དུ། སྔར་བྱུང་དངོས་པོ་མེད་གྱུར་པ། །མི་རྟག་ཅེས་ནི་བརྗོད་པ་ཡིན། །ཞེས་ཡུན་ཐུང་བའི་ཕྱིར་དཔེ་དེ་དག་དང་ཆོས་མཚུངས་སུ་བྱས་ལ། འདིར་སྐད་ཅིག་མ་རང་གི་དུས་ཉིད་སྒྱུ་མ་ལྟ་བུར་བཤད་པས་དེ་མ་འཐད་ནས་རྩོད་དོ། །ལན་ནི་རིམ་པ་བཞིན་གྱི་དང་པོ་གཟུགས་སོགས་མངོན་སུམ་གྱིས་གྲུབ་བོ་ཞེས་བསྟན་པ་ཉིད་ཀྱང་ནི་འཇིག་རྟེན་འཁྲུལ་པ་ལ་གྲགས་པས་ཡིན་གྱི། ཡུལ་བདེན་བརྫུན་མཇལ་བའི་ཚད་མས་གྲུབ་པ་མ་ཡིན་ནོ། །གྲགས་པ་ཙམ་དེ་ནི་བུད་མེད་ཀྱི་ལུས་མི་གཙང་བ་ལ་སོགས་པ་ལ་གཙང་སོགས་སུ་གྲགས་པ་བཞིན་དུ་བརྫུན་པ་ཡིན་ནོ། །གཟུགས་སོགས་སྒྱུ་མ་ལྟ་བུ་མ་གྲུབ་ཅེས་སྨྲ་བ་འདི་ནི་ལུང་བྲམ་ཟེ་ཐམས་ཅད། ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་དོ་ཞེས་གསུངས་པ་དང་འགལ་ལོ་ཞེས་བརྒལ་བའི་ལན། འཇིག་རྟེན་སྟོང་ཉིད་ལ་སྐྲག་པ་དག་སངས་རྒྱས་ཀྱི་བསྟན་པ་ལ་གཞུག་པའི་དོན་དུ་ནི་མགོན་པོས་དངོས་བསྟན་དེ་ཉིད་དུ་དེ་སྐད་བསྟན་གྱི། དངོས་པོའི་ངོ་བོ་ཉིད་དེ་སྐད་ཡིན་ནས་གསུངས་པ་མིན་པས་མི་འགལ་ལོ། །དེ་ལྟར་རིགས་པ་དྲུག་ཅུ་པར། དགོངས་པའི་དབང་གིས་རྒྱལ་བ་རྣམས། །ང་དང་ང་ཡི་ཞེས་གསུངས་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོངས་པའི་དབང་གིས་གསུངས། །ཞེས་སོ། །དོན་དམ་པར་མེད་ན་གཟུགས་སོགས་སྐད་ཅིག་མ་ཉིད་དུ་མི་འགྲུབ་ལ། དེས་ན་ལུང་འདུས་བྱས་ཐམས་ཅད་སྐད་ཅིག་མ་མི་གནས་བྱ་བ་ག་ལ་ཡོད་ཅེས་པ་དང་འགལ་ལོ་ཞེ་ན། དེ་ཁོ་ནར་འདུས་བྱས་དེ་དག་སྐད་ཅིག་མ་ཉིད་མིན་ཏེ་རང་བཞིན་མེད་པའི་ཕྱིར་རོ། །འོ་ན་ལུང་དེ་གང་ལ་དགོངས་ན་ཀུན་རྫོབ་ལ་དགོངས་ནས་སྐད་ཅིག་མར་བསྟན་ནོ། །སྐད་ཅིག་མ་ཀུན་རྫོབ་ཏུ་ཡང་བཤད་མི་རིགས་ཏེ། བཤད་ན་ལུང་ལས། སྐད་ཅིག་མ་མཐོང་བ་དེ་བདེན་མཐོང་དུ་གསུངས་པ་དང་འགལ་ལོ་ཞེ་ན། རྣལ་འབྱོར་ཀུན་རྫོབ་ཀྱི་དབང་དུ་བྱས་པས་ཉེས་པ་མེད་དེ། འཇིག་རྟེན་ལ་ལྟོས་ནས་སྐད་ཅིག་མཐོང་བ་དེ་ཀུན་རྫོབ་ཀྱི་དེ་ཉིད་མཐོང་བ་ཡིན་པས་བདེན་མཐོང་དུ་བཞག་གི། དེ་ལྟར་མིན་ན་ཁྱེད་རང་ཡང་གཞན་དུ་བུད་མེད་མི་གཙང་བར་ངེས་པར་རྟོགས་པས་དེ་ལ་འཇིག་རྟེན་གྱིས་གནོད་པར་འགྱུར་རོ། །འཇིག་རྟེན་ཕྱིན་ཅི་ལོག་ཏུ་འཛིན་ལ་བུད་མེད་དེའི་རང་བཞིན་གཙང་བ་མིན་པས་རྣལ་འབྱོར་པས་ཇི་ལྟ་བ་མཐོང་བའོ་སྙམ་ན་འདི་ལའང་མཚུངས་སོ། །རྒྱལ་བ་མཆོད་པ་དོན་མེད་དུ་ཐལ་ཏེ། མཆོད་ཡུལ་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་ཡིན་པས་འབྲས་བུ་མི་འབྱུང་ཞིང་མི་བདེན་པར་གྱུར་ཡང་མི་རུང་བའི་ཕྱིར་ཞེ་ན། སྒྱུ་མ་འདྲ་བའི་རྒྱལ་བ་ལ་སྒྱུ་མ་ལྟ་བུའི་མཆོད་པ་བྱས་པས་སྒྱུ་མ་ལྟ་བུའི་བསོད་ནམས་ནི་ཐོབ་སྟེ། ཇི་ལྟར་ཁྱོད་སངས་རྒྱས་དངོས་པོར་ཡོད་པ་ལ་མཆོད་པས་བསོད་ནམས་དངོས་པོར་ཡོད་པ་འབྱུང་བ་འདོད་པ་ཇི་བཞིན་ནོ། །ཉིང་མཚམས་མི་སྦྱོར་བར་ཐལ་བ་ནི། གལ་ཏེ་སེམས་ཅན་འདི་དག་སྒྱུ་མ་འདྲ་ན། སྲེད་ལེན་གྱིས་སེམས་ཅན་ཤི་ནས་ཇི་ལྟར་སྐྱེ་སྟེ་མི་སྐྱེ་བར་ཐལ་ལོ་ཞེ་ན། ཇི་སྲིད་རྐྱེན་རྫས་སྔགས་རྣམས་ཚོགས་པར་གྱུར་པ་དེ་སྲིད་སྒྱུ་མའང་འབྱུང་བར་འགྱུར་བས་སོ། །ཁོ་ན་རེ་སྒྱུ་མ་ཡུན་ཐུང་བས་བརྫུན། སེམས་ཅན་འཁོར་བ་ཐོག་མ་མེད་པ་ནས་གནས་པས་མི་འདྲའོ་ཞེ་ན། རྒྱུན་རིང་ཐུང་ཙམ་གྱིས་ཇི་ལྟར་ན་ཅིག་ཤོས་བདེན་གཞན་མི་བདེན་པས། སེམས་ཅན་བདེན་པར་ཡོད་པ་ཡིན་ན། ཞག་གཅིག་གནས་པའི་སྒྱུ་མའི་རྟ་གླང་དང་། ལོ་སྐོར་ཙམ་དུ་གནས་པའི་སྒྱུ་མའི་རྟ་གླང་བརྫུན་བདེན་གྱི་ཁྱད་འབྱེད་རིགས་ལ། དེས་ན་སྒྱུ་མ་བརྫུན་ཞེས་སྨྲ་མི་རིགས་སོ། །དགེ་སྡིག་མེད་པར་ཐལ་བ་ནི། སྒྱུ་མ་ལྟར་མི་བདེན་པའི་ཕྱིར་ན་སེམས་ཅན་ལ་ཕན་གནོད་བྱས་པས་དགེ་སྡིག་འབྱུང་བར་མི་རིགས་སོ་ཞེ་ན། སྒྱུ་མའི་སྐྱེས་བུ་བསད་པ་སོགས་ལ། སེམས་མེད་ཕྱིར་ན་སྡིག་པ་མེད་དེ་སེམས་ཅན་བསད་ན་སྡིག་པ་འབྱུང་བས་མི་མཚུངས་ཞེ་ན། སྒྱུ་མ་ལྟ་བུའི་སེམས་དང་ལྡན་པ་ལ་ཕན་གནོད་བྱས་ན། སྒྱུ་མ་ལྟ་བུའི་བསོད་ནམས་དང་ནི་སྒྱུ་མ་ལྟ་བུའི་སྡིག་པ་འབྱུང་བར་འགྱུར་རོ། །འོ་ན་དེ་གཉིས་ལ་སེམས་ཡོད་མེད་ཀྱི་ཁྱད་ཡོད་པས་ཞེ་ན། ཇི་ལྟར་སྒྱུ་མ་མཁན་པོའི་སྔགས་དང་སོགས་པ་རྫས་རྣམས་ལ། སེམས་བསྐྱེད་པའི་ནུས་པ་མེད་པའི་ཕྱིར་སྒྱུ་མའི་སེམས་ནི་དེ་དག་ལ་འབྱུང་བ་མེད་ལ། སྣ་ཚོགས་རྐྱེན་ལས་བྱུང་བ་ཡི་སྒྱུ་མ་སྐྱེ་བ་དེ་ཡང་སེམས་དང་བཅས་པ་སྣ་ཚོགས་པ་ཉིད་ཡིན་པ་དེའི་ཕྱིར། དེ་གཉིས་རྒྱུའི་རྐྱེན་མང་ཉུང་གི་ཁྱད་ཡིན་ནོ། །རྐྱེན་གཅིག་གིས་ནི་དེ་ལྟ་བུ་ཀུན་ནུས་པ་དེ་ནི་གང་ན་ཡང་ནི་ཡོད་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་སྤྱོད་པ་དོན་མེད་དུ་ཐལ་བ་ནི། གལ་ཏེ་དོན་དམ་པར་སེམས་ཅན་ཐམས་ཅད་རང་བཞིན་གྱི་མྱ་ངན་ལས་འདས་པ་ཡིན་ལ། འཁོར་བར་འཁྱམས་པ་ཀུན་རྫོབ་ཏུ་སྒྱུ་མ་ཙམ་དུ་འབྱུང་བ་དེ་ལྟ་ཡིན་ན། སངས་རྒྱས་ཀྱང་ནི་འཁོར་བར་འགྱུར་བས་བྱང་ཆུབ་སྤྱོད་པས་ཅི་ཞིག་བྱ་སྟེ། བྱང་ཆུབ་ཐོབ་ཀྱང་སླར་འཁོར་བར་སྐྱེ་བའི་ཕྱིར་རོ་ཞེས་བརྒལ་བར། ལན་མ་རིག་པ་སོགས་རྐྱེན་རྣམས་རྒྱུན་ནི་མ་ཆད་པས་ན། འཁོར་བ་སྒྱུ་མའང་ལྡོག་པར་མི་འགྱུར་གྱི་སྟེ་ཡང་ཡང་འཁོར་ལ། མ་རིག་པ་སོགས་རྐྱེན་རྣམས་རྒྱུན་ནི་ཆད་པ་ན། སྐྱེ་བ་ཀུན་རྫོབ་ཏུ་ཡང་མི་འབྱུང་ངོ་། །དེས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་དོན་མེད་པར་མི་འགྱུར་ཞེས་པའོ། །གསུམ་པ་ཁྱད་པར་སེམས་བདེན་མེད་དུ་བཤད་པ་ལ། སེམས་ཙམ་པའི་བརྒལ་ལན་ལ་རྣམ་བདེན་པའི་བརྒལ་ལན། རྣམ་བརྫུན་པའི་བརྒལ་ལན། ཞར་ལ་དབུ་མ་སྒྱུ་མ་ལྟ་བུ་བའི་འདོད་པ་དགག་པ་གསུམ་ལས། དང་པོ་ནི། རྣམ་བདེན་པ་བྱེ་མདོ་བཞིན་གཟུང་དོན་མི་འདོད་ལ། སེམས་གཟུང་རྣམ་དང་འཛིན་རྣམ་གྱི་ཆ་གཉིས་སུ་བྱས། དེ་གཉིས་དོན་དམ་མམ་བདེན་གྲུབ་ཏུ་འདོད་པས་རྩོད་པ། ཁྱོད་ལ་དམིགས་བྱེད་འཁྲུལ་པའང་ཡོད་པ་མིན་ན། སྒྱུ་མ་གང་གིས་དམིགས་པར་འགྱུར་ཏེ་མི་དམིགས་པར་ཐལ་ལོ་ཞེས་འཕངས་པའི་ལན། གང་གི་ཚེ་སེམས་ཙམ་ཁྱོད་གླང་པོ་ཆེ་ལ་སོགས་པ་སྒྱུ་མ་ཉིད་དེ་ཚེ་ཅི་ཞིག་དམིགས་ཏེ་མི་དམིགས་པར་ཐལ། དམིགས་བྱ་སྒྱུ་མ་མེད་པའི་ཕྱིར་ཞེས་མགོ་མཚུངས་བཏང་། ཁོ་ན་རེ། གལ་ཏེ་དེ་ཁོ་ན་ཉིད་དུ་སེམས་རང་། སྣང་ངོར་གཟུགས་སོགས་གཞན་དུ་ཡོད་པ་ལྟར་སྣང་བའི་གཟུང་བའི་རྣམ་པ་དེ་ཉིད་ནི་ཕྱི་རོལ་ན་མེད། ནང་གི་སེམས་ཉིད་ཡིན་ནོ་ཞེས་ཟེར། གང་ཚེ་སེམས་ཉིད་ཀྱིས་སྤྲུལ་པའི་སྒྱུ་མ་ཡིན་ན། ཡུལ་དང་སེམས་རྫས་གཅིག་པ། དེ་ཚེ་རིག་བྱ་ཡུལ་གང་ཞིག་རིག་བྱེད་ཀྱི་བློ་གང་གིས་མཐོང་སྟེ་མི་མཐོང་བར་ཐལ། མཐོང་བ་ནི་མཐོང་བྱ་ལ་ལྟོས་པས་སོ། །འདོད་ན་ནི་འགྲོ་བ་མ་ལུས་པ་ལོང་བར་འགྱུར་རོ། །འཇིག་རྟེན་གྱི་ནི་མགོན་པོས་ཀྱང་། སེམས་ཀྱིས་སེམས་མི་མཐོང་ཞེས་གསུངས་ཏེ། ལངྐར་གཤེགས་པ་ལས། ཇི་ལྟར་རལ་གྲི་རང་སོ་དང་། །ཇི་ལྟར་སོར་མོ་རང་རྩེ་ལ། །མི་གཅོད་པ་དང་མི་རེག་པ། །དེ་བཞིན་སེམས་ཀྱིས་སེམས་མི་མཐོང་། །ཞེས་པས་སོ། །དེས་ན་རལ་གྲིའི་སོ་ནི་རང་ལ་རང་། ཇི་ལྟར་མི་གཅོད་པ་དེ་བཞིན་དུ། ཡིད་དེ་ཤེས་པ་ཆ་མེད་གཅིག་ལ་རིག་བྱ་རིག་བྱེད་རིག་པའི་བདག་ཉིད་གསུམ་མི་འཐད་དོ། །སེམས་ཙམ་པ་ན་རེ། ཇི་ལྟར་མུན་ནང་གི་མར་མེ་བུམ་སོགས་གསལ་བྱེད་དེ་ཉིད་མར་མེ་རང་གི་དངོས་པོ་ཡང་དག་པར་གསལ་བར་བྱེད་ཀྱི། གཞན་ལ་མི་ལྟོས་པ་བཞིན་དུ་ན། ཤེས་པའང་རིག་པའི་བདག་ཉིད་དུ་སྐྱེས་པས། རིག་བྱེད་གཞན་ལ་མ་ལྟོས་པར་རང་རིག་ཅེས་སྨྲའོ། །དེ་ལ་དཔེ་དགག་པ་ནི། མར་མེ་དེ་ནི་རང་གིས་རང་གསལ་བར་བྱ་བ་མིན་ཏེ། གང་གི་ཕྱིར་སྔར་མུན་གྱིས་སྒྲིབ་པ་མེད་པའི་ཕྱིར་རོ། །དེ་ལ་ཁོ་ན་རེ། སྐྱོན་མེད་དེ་ཤེལ་བཞིན་སྔོན་པོ་གཞན་ལ་ལྟོས་པ་དང་། ཨུཏྤ་ལའི་སྔོ་བ་ཉིད་གཞན་ལ་ལྟོས་པ་ཡོད་པ་མ་ཡིན་པ་དེ་བཞིན། མུན་ཁུང་གི་རྫས་འགའ་ཞིག་གསལ་བ་གཞན་ལ་ནི་ལྟོས་པ་དང་། མར་མེ་གསལ་བ་ལྟ་བུ་གཞན་ལ་ལྟོས་པ་མེད་པ་ཡང་མཐོང་བས་སོ་ཞེ་ན། གལ་ཏེ་ཨུཏྤལ་དེ་རང་གི་རྒྱུ་རྐྱེན་ལ་སྔོན་པོ་ཉིད་ཡིན་ལ། སྔོན་པོར་བདག་གིས་བདག་ཉིད་བྱས་པ་མེད་དེ། དེའི་སྔོ་བའང་རྒྱུ་རྐྱེན་ལ་ལྟོས་པས་སོ། །མར་མེ་ནི་གཞན་ལ་མི་ལྟོས་པར་རང་གིས་རང་གསལ་བར་བྱེད་དོ། །ཞེས་ཁྱོད་ཀྱི་རྣམ་པར་ཤེས་པས་ཤེས་ཏེ་ད་ལྟ་ངག་ཏུ་རྗོད་པར་བྱེད་ན། བློ་ནི་རང་གིས་རང་གསལ་བ་ཉིད་ཡིན་ཅེས་ཤེས་བྱེད་གང་གིས་ཤེས་ནས་དེ་སྐད་བརྗོད་དེ། ཤེས་བྱེད་མེད་དོ། །གཞན་རིག་གིས་ཤེས་ན་ཁྱོད་ཀྱི་ཁས་བླངས་ཉམས། རང་རིག་ནི་རྩོད་གཞིར་ཟད་ལ། ཤེས་པ་ནི་བདག་རིག་གཞན་རིག་གཉིས་སུ་ཁྱེད་ཀྱིས་ཁ་ཚོན་བཅད་པའོ། །དེ་ལྟར་བློ་ནི་རྟོགས་པ་པོ་མེད་པའི་ཕྱིར། འོད་སྲུངས་ཀྱིས་ཞུས་པ་ལས། འོད་སྲུངས་སེམས་ནི་སངས་རྒྱས་ཀྱིས་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་ཞེས་གསུངས་ན། གང་ཚེ་འགས་ཀྱང་མཐོང་བ་མིན་ན། དེ་རང་གསལ་བའམ་ནི་མི་གསལ་བ་ཅི་བརྗོད་པ་དེ་ནི། མོ་གཤམ་གྱི་བུའི་འགྱིང་བག་ཆེ་ཆུང་ངོ་ཞེས་པ་བཞིན་ནོ། །དེ་ནི་བརྗོད་ཀྱང་རྟོགས་ལྡན་ངེས་ཤེས་མི་སྐྱེ་བས་དོན་མེད་དོ། །ཁོ་ན་རེ། གལ་ཏེ་རང་གིས་རང་རིག་པ་ཡོད་པ་མིན་པའི་ཕྱིར་ན། བདག་ལ་རྣམ་ཤེས་དེ་ལྟ་བུ་སྐྱེས་སྙམ་དུ་དྲན་པར་ཇི་ལྟར་འགྱུར་ཏེ། རྣམ་ཤེས་དྲན་པ་མི་སྲིད་པར་ཐལ་ལོ། །འབྲེལ་ཡོད་དེ། དྲན་པ་མྱོང་བའི་འབྲས་བུ་ཡིན་པའི་ཕྱིར་ཟེར་རོ། །ངེད་དབུ་མ་པའི་ངོར། རང་རིག་མ་གྲུབ་པས་དྲན་པ་དེའི་འབྲས་བུར་མི་འགྲུབ། འོ་ན་ཁྱོད་རང་ཇི་ལྟར་འདོད་ཅེ་ན། ངེད་ལ་རང་རིག་མེད་ཀྱང་། ཤེས་པ་ལ་གཞན་གཟུང་བ་མྱོང་བ་དང་མྱོང་བྱེད་དུ་འབྲེལ་བ་ལས་དེའི་ཤེས་པ་དྲན་པར་འགྱུར་ཏེ། བྱི་བའི་དུག་དགུན་གྱི་དུས་སུ་ཆུ་བྱིས་གྲིབ་མ་ལ་སོ་བཏབ་པ་དཔྱིད་ཀ་འབྲུག་བྱུང་བ་ན་སྐྲངས་ཏེ་ནད་མྱོང་བ་ན་དུག་གིས་ཟིན་པར་ཤེས་པ་བཞིན་ནོ། །རྐྱེན་གཞན་ལྟ་བའི་རིག་པ་སོགས་དང་། གཞན་སེམས་ཤེས་པའི་མངོན་ཤེས་དག་དང་ལྡན་པ་ནི་ཐག་རིང་ཤོས་གཞན་གྱི་སེམས་ཀྱང་མཐོང་བའི་ཕྱིར་ན་ཉེ་ཤོས་རང་གི་སེམས་རང་ཉིད་རང་ལ་གསལ་བར་གྲུབ་བོ་ཞེ་ན། དེ་མི་རིགས་ཏེ། གྲུབ་པའི་མིག་སྨན་གྱི་སྦྱོར་བ་ལས་ཐག་རིང་བའི་གཏེར་གྱི་བུམ་པ་མཐོང་ཡང་། ཐག་ཉེ་བའི་མིག་སྨན་བརྐུས་པ་ཉིད་མཐོང་བར་འགྱུར་བ་མིན་པ་བཞིན་ནོ། །མིག་གིས་གཟུགས་མཐོང་། རྣ་བས་སྒྲ་ཐོས། སྣས་དྲི་ཚོར་བ་སོགས་ཀྱི་ཤེས་པ་དག་གིས་གཟུང་བ་འདིར་ནི་དགག་པར་བྱ་བ་མ་ཡིན་ཏེ། ཤེས་བྱ་ཐམས་ཅད་དཔྱོད་དུ་མི་ལང་བའི་ཕྱིར། འོ་ན་གང་འགོག་ཅེ་ན། འདིར་ནི་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུར་གྱུར་པ། དངོས་པོ་ལ་མངོན་པར་ཞེན་པའི་གདོན་ཆེན་པོ་བདེན་པར་རྟོག་པའི་སེམས་དེ་བཟློག་བྱ་ཡིན་ལ། དེ་བཟློག་པས་ཐམས་ཅད་བཟློག་པར་འགྱུར་རོ། །གཉིས་པ་རྣམ་བརྫུན་པའི་བརྒལ་ལན་ནི། སེམས་ནི་ཡོངས་གྲུབ་འདི་པ་ལས་གཞན་དབང་སྒྱུ་མ་ལྟ་བུར་གཞན་ཐ་དད་མིན་ཞིང་། གཞན་མིན་པ་གཅིག་པར་ཡང་མི་རྟག་པས་སེམས་ཀྱི་ངོ་བོ་དང་སྤྲོས་པ་ཐམས་ཅད་ཁྱད་པར་མ་ཕྱེད་པར་ཐལ་ལོ་ཞེ་ན། ལན་གཞན་དབང་དངོས་པོ་ཡིན་ན། ཇི་ལྟར་སེམས་དེ་ཡང་དེ་བཞིན་ཉིད་ཡོངས་སུ་གྲུབ་པ་ཡིན་པ་ལྟར། དེ་ཅིས་མིན་ཏེ་ཡིན་པར་ཐལ་ལོ། །གཞན་ཐ་དད་མིན་ཞེ་ན། སེམས་ཡོངས་གྲུབ་ཏུ་འདོད་པ་དེ་ཡང་སྒྱུ་མ་བཞིན་དུ་དངོས་པོ་མེད་པར་ཐལ་ལོ། །ཁོ་ན་རེ། ཇི་ལྟར་སྒྱུ་མ་བདེན་པ་མིན་ཡང་མ་བརྟགས་པའི་ངོ་ན་དེ་བལྟ་བྱ། དེ་བཞིན་དུ་ལྟ་བྱེད་ཡིད་དུ་འཐད་པས། གལ་ཏེ་མ་བརྟགས་མ་དཔྱད་པ་དེ་སྲིད་འཁོར་བ་སེམས་ཀྱི་དངོས་པོ་ལ་སྤྲིན་ལྟ་བུ་བརྟེན་པ་ཅན་འཁོར་བའི་བྱ་བ་བྱེད། དེ་ནི་གཞན་དུ་བརྟགས་ཤིང་དཔྱད་ན་དེ་སངས་ནས་སེམས་རང་ནམ་མཁའ་དང་འདྲ་བར་དག་པར་འགྱུར་བས་འཁོར་བའི་བྱ་བ་མི་བྱེད། དེས་མྱ་ངན་ལས་འདའོ་ཟེར་རོ། །དེའི་ལན་འཁོར་བ་དངོས་པོ་མེད་པ་དེ་དག སེམས་དངོས་པོ་ལ་བརྟེན་པས་ན་འཁོར་བའི་བྱ་བ་བྱེད་ནུས་པ་དང་ལྡན་པར་ཇི་ལྟར་འགྱུར་ཏེ། རི་བོང་གི་རྭ་མགོ་ལ་བརྟེན་ནས་འབུགས་པའི་བྱ་བ་བྱེད་མི་ནུས་པ་བཞིན་ནོ། །ཡང་ཁྱོད་ཀྱིས་སེམས་ནི་གཟུང་འཛིན་གྱི་གྲོགས་མེད་པར་དོན་དམ་པ་རང་རིག་གཅིག་པུ་ཉིད་དུ་འགྱུར་བ་ཡིན། མིན་ན་གང་ཚེ་སེམས་ནི་གཟུང་འཛིན་དང་བྲལ་བ་གཉིས་མེད་ཡེ་ཤེས་གཅིག་པུར་སོང་བ་དེའི་ཚེ། སེམས་ཅན་ཐམས་ཅད་འབད་པ་མེད་པར་དེ་བཞིན་གཤེགས་པར་འགྱུར་བར་ཐལ་ལོ། །སྐྱོན་དེ་ལྟ་བུ་ཡོད་ན་ཡང་། རྣམ་པ་བརྫུན་པའི་སེམས་ཙམ་དུ་བརྟགས་པ་ལ་ཡོན་ཏན་ཅི་ཞིག་ཡོད་དེ་མེད་པས་ཞེན་པ་དེ་ཐོང་ཞིག གསུམ་པ་ཞར་ལ་སྒྱུ་མ་ལྟ་བུ་བའི་འདོད་པ་དགག་པ་ནི། གལ་ཏེ་ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ། མྱ་ངན་ལས་འདས་པའམ་དེ་ལས་ལྷག་པའི་ཆོས་ཤིག་ཡོད་ཀྱང་དེ་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་སྙམ་དུ་ཤེས་ན་ཡང་ཇི་ལྟར་ཉོན་མོངས་པ་ལས་ཟློག་པར་འགྱུར་ཏེ། སྒྱུ་མར་འཛིན་པ་དེ་ཉིད་ཆོས་ཀྱི་བདག་འཛིན་ཕྲ་བ་ཡིན་པའི་ཕྱིར་རོ། །དཔེས་གྲུབ་སྟེ། གང་ཚེ་སྒྱུ་མས་སྤྲུལ་པའི་བུད་མེད་མཛེས་མ་ལ། དེ་བྱེད་པའི་སྒྱུ་མའི་མཁན་པོ་དེ་ཉིད་ཀྱང་འཁྱུད་སོགས་ཀྱི་བློ་མི་འབྱུང་ཡང་། ལེགས་སོ་སྙམ་ཡིད་ཆགས་པ་སྐྱེ་བར་འགྱུར་བ་ལྟ་བུ་སྒྱུ་མ་ལྟ་བུར་ཐམས་ཅད་མཐོང་བ་སྟེ། དེ་ལྟར་ཆགས་པར་བྱེད་པ་ནི་ད་དུང་ཤེས་བྱ་ལ་ཉོན་མོངས་པའི་བག་ཆགས་མ་སྤངས་པ་དེས་ན། སྒྱུ་མ་ལྟ་བུ་དེ་མཐོང་ལ། མཐོང་བ་ན་དེ་སྒྱུ་མར་འཛིན་ནོ། །དེ་དཔལ་ཕྲེང་གིས་ཞུས་པའི་མདོ་ལས་གསུངས་པའི་འདུས་མ་བྱས་ཀྱི་འཁོར་བ་བསམ་གྱིས་མི་ཁྱབ་པའི་སྐྱེ་བ་དང་འཆི་འཕོ་བྱེད་པར་འཁོར་རོ། །གསུམ་པ་འགྲུབ་པའི་སྤྱོད་པ་སངས་རྒྱས་པ་བཤད་པ་ལ། གང་ནས་སངས་རྒྱ་བར་བྱེད་པ་དབུ་མའི་ལམ། གང་དུ་སངས་རྒྱས་པའི་ཐེག་ཆེན་གྱི་བྱ་བ། དེའི་རྒྱུ་སྟོང་ཉིད་སྒོམ་པ་ལ་རྩོད་པ་སྤོང་བ་གསུམ་ལས། དང་པོ་ནི། སྒྱུ་མ་ལྟ་བུ་བ་ན་རེ། ཁྱོད་ཉིད་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་དུ་འཛིན་ན་འཛིན་པ་དེས་ཀྱང་སྒྱུ་མར་ལྟ་བ་བཞིན་འཁོར་བར་འགྱུར་རོ་ཞེ་ན་བདེན་མོད། འོན་ཀྱང་བདག་ཅག་སྟོང་ཉིད་དུ་གཏན་ལ་དབབ་པ་ནི། ལས་དང་པོ་པ་དྲང་བའི་དོན་དུ་ཡིན་ལ། ཁྱོད་སྒྱུ་མ་ལྟ་བུར་འདོད་པ་དེ་ནི་སངས་རྒྱས་ནའང་ཡིན་པས་མི་མཚུངས་སོ་ཞེས་དོགས་པ་ཁོང་སློངས་སུ་བྱས་ནས། སྟོང་ཉིད་སྒོམ་པའི་བག་ཆགས་འདི་ཉམས་ཆུང་བ་ཉིད་ཀྱིས་དེ་ལྟར་འཁོར་བར་མི་འཕེན་ཏེ། བདེན་མེད་དམ་སྟོང་ཉིད་ལ་བག་ཆགས་གོམས་སུ་བཅུག་པས་ན། དངོས་པོ་ལ་མངོན་པར་ཞེན་པའི་བག་ཆགས་ཏེ་བདག་འཛིན་སྤོང་བར་འགྱུར་ཞིང་། ཞི་གནས་དང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟགས་ནས་ཅི་ཡང་མེད་ཅེས་གཏན་ལ་ཕབ་དེ་ལ་གོམས་པས་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ངོ་མ་སྐྱེས། དེས་སྟོང་པར་འཛིན་པ་དེ་ཡང་ཕྱིས་ནས་སྤོང་བར་འགྱུར་རོ། །དེ་ལྟར་ཡང་འོད་སྲུངས་ཀྱིས་ཞུས་པ་ལས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་སྲེག་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་གཉིས་སྲེག་པར་བྱེད། །ཅེས་སོ། །དེ་ནས་གང་ཚེ་དགག་བྱ་གང་ཞིག་མེད་དོ་ཞེས། བརྟག་པར་བྱ་བའི་དངོས་པོ་གཟུགས་ལ་སོགས་པ་མི་དམིགས་པ་དེ་ཚེ་དངོས་པོ་བཀག་པའི་དངོས་མེད་རྟེན་བྲལ་བ་སྟེ། དམིགས་སུ་མི་རུང་བ་བློ་ཡི་མདུན་ན་ཇི་ལྟར་གནས་ཏེ་མི་གནས་སོ། །གང་ཚེ་དངོས་དང་དངོས་མེད་དག་དྲི་མ་མེད་པའི་བློ་ཡི་མདུན་ན་མི་གནས་པ་དེ་ཚེ་དེ་གཉིས་མིན་པ་རྣམ་པ་གཞན་མེད་པས། འཁོར་གསུམ་ཡོངས་སུ་དག་ནས་དམིགས་པ་མེད་པར་རབ་ཏུ་ཞི་སྟེ། བུད་ཤིང་ཟད་པ་ན་མེ་རང་ཤི་བ་བཞིན་ནོ། །དེ་ལ་ཡང་བྱང་ཆུབ་སེམས་དཔའ་ས་ཐོབ་པ་དག་མཉམ་བཞག་གི་དུས་ན་དམིགས་བྱེད་ཀྱི་བློ་མངོན་དུ་གྱུར་མེད་པས། དམིགས་བྱའི་ཡུལ་མི་སྣང་བར་ཟད་ཀྱི་གཏན་མེད་དུ་གྱུར་པ་ནི་མ་ཡིན་ཏེ། མཉམ་གཞག་ལས་ལངས་པའི་ཚེ་སྒྱུ་མ་ཙམ་དུ་སྣང་བ་ཡང་འབྱུང་བས་སོ། །སངས་རྒྱས་པ་ན་བློ་དང་དེས་གཞག་པའི་དམིགས་པ་ཐམས་ཅད་དབྱིངས་སུ་ཉེ་བར་ཞི་བས་གཏན་ལྡང་རྒྱུ་མེད་དེ། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གང་ཞིག་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོ་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་དབུ་མའི་ཤུལ་ལམ་འཆད་པར་མཛད་དོ། །ཟླ་བས་ཀྱང་། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་སྟེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡི་མངོན་སུམ་མཛད། །ཅེས་གསུངས་སོ། །དེ་བས་ན་འདིར་ཡུལ་སངས་རྒྱས་ཀྱི་ས་ཟེར་བ་ཞིག་དང་། ཡུལ་ཅན་དེ་མཁྱེན་པའི་ཡེ་ཤེས་གཉིས་མེད་པས་སངས་རྒྱས་རང་སྣང་ལ་ཡེ་ཤེས་མི་མངའ་བ་དང་། སངས་རྒྱས་ཉིད་ཡེ་ཤེས་སུ་གཞག་ནས་སྐུ་གཉིས་སམ་གསུམ་མམ་བཞི་ལ་སོགས་པ་དེ་ལ་འབྱེད་པ་ཡིན་ནོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་ཏེ་དེ་ལ་འབྲས་བུའི་ཤེར་ཕྱིན་ཞེས་བྱའོ། །སངས་རྒྱས་པ་ན་ཀུན་རྫོབ་ཡོད་ན་དེས་ལོས་གཟིགས་དགོས་ཏེ་མ་གཟིགས་པ་ཅི་ཡང་མི་མངའ་བ་དེ་ཡིན་པས་སོ། །ཀུན་རྫོབ་ནི་སྔར་ཡང་དག་པ་ལ་སྒྲིབ། དེས་གློ་བུར་དུ་བྱུང་བར་བཞག་ཟིན་པས་གཏི་མུག་གི་གཉིད་ལོག་པའི་རྨི་ལམ་རྨི་བ་ལྟ་བུ་ཡིན་ལ། སྐབས་འདི་ནི་གཏི་མུག་གི་གཉིད་དེ་ལས་སད་པ་ཡིན་པས་རྨི་ལམ་ལྟ་བུ་དེ་ག་ལ་སྣང་། སངས་རྒྱས་པ་ན་དེ་ལས་གཞན་པའི་ཆོས་ཅི་ཡང་མི་སྲིད་དོ། །གཉིས་པ་གང་དུ་སངས་རྒྱས་པའི་ཐེག་ཆེན་གྱི་བྱ་བ་ནི། དེ་ལྟར་སངས་རྒྱས་ན་དེ་ལ་གཞན་མི་སྣང་བ་དེས་གཞན་དོན་མི་མཛད་དམ། མཛད་ན་དེ་ལ་གཞན་སྣང་དགོས་པས་སྔར་བཤད་པ་དང་འགལ་ལོ་སྙམ་ན། ཡིད་བཞིན་ནོར་བུའམ་དཔག་བསམ་ཤིང་དག་ལ་གཞན་མི་སྣང་ཡང་། ཇི་ལྟར་དེ་དག་གིས་གཞན་གྱི་རེ་བ་ཡོངས་སུ་སྐོང་བ་ལྟ་བུ། དེ་བཞིན་སྔོན་བྱང་ཆུབ་སེམས་དཔའི་དུས་འདུལ་བྱ་སྨིན་པར་མཛད་ལ། གང་གི་ཚེ་སྨོན་ལམ་གྱི་འབྲས་བུ་རྫོགས་པས་སངས་རྒྱས་ཀྱི་ཞིང་ཇི་ལྟར་སྦྱངས་པ་དེ་ལྟར་འགྲུབ་པའི་དབང་གིས་དེར་རྒྱལ་བའི་སྐུར་སྣང་ངོ་། །དཔེར་ན་སྔོན་བྲམ་ཟེ་ཤཾ་ཀུ་ཞེས་པས་ནམ་མཁའ་ལྡིང་གི་ནི་མཆོད་སྡོང་བསྒྲུབས་ནས་བྲམ་ཟེ་དེ་དུས་ལས་འདས་པར་གྱུར་པ། སྒྲུབ་མཁན་དེ་འདས་ནས་ཡུན་རིང་ལོན་ཡང་དེ་ལ་ཕྱག་འཚལ་ཞིང་མཆོད་པ་ཕུལ་ན་ཀླུའི་དུག་ལ་སོགས་པ་ཞི་བར་བྱེད་པ་བཞིན། སྔོན་གྱི་བྱང་ཆུབ་སྤྱོད་པའི་རྗེས་སུ་མཐུན་པས། ད་ལྟར་རྒྱལ་བའི་མཆོད་སྡོང་བསྒྲུབས་པ་དེ་ཡང་བྱེད་པ་པོ་བྱང་ཆུབ་སེམས་དཔའ་མྱ་ངན་ལས་འདས་ལ། དེ་འདས་ཀྱང་སེམས་ཅན་གྱི་དོན་རྣམས་ཐམས་ཅད་མཛད་པ་ཡིན་ནོ། །འོ་ན་སངས་རྒྱས་སེམས་མེད་པ་ལ་མཆོད་པ་བྱས་པས་མཐོ་ཡོར་ལ་ཟན་སྦྱིན་པ་བཞིན་ཇི་ལྟར་མཆོད་པའི་འབྲས་བུ་ལྡན་པར་འགྱུར་ཞེ་ན། གང་ཕྱིར་སངས་རྒྱས་ཉིད་བཞུགས་པའམ་མྱ་ངན་ལས་འདས་ནས་རིང་བསྲེལ་མཆོད་པ་གཉིས་བསོད་ནམས་མཚུངས་པ་ཉིད་དུ་ལུང་མེ་ཏོག་བརྩེགས་པའི་མདོ་ལས། སེང་གེ་རྣམ་པར་རྩེ་བ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་ནས་སེམས་དང་བར་གྱུར་ལ། དང་བའི་སེམས་ཀྱིས་རྙེད་པ་དང་། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། བསྙུན་གསོལ་བ་དང་། ཡོ་བྱད་དང་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས་ཤིང་རི་མོར་བྱས་ཏེ་མཆོད་ཅིང་རྗེད་ལ་རིམ་གྲོར་བྱས་པ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་གྱི་མཆོད་རྟེན་ལ་མཆོད་པ་བྱས་པའི་རྣམ་པར་སྨིན་པ་ནི་མཉམ་པར་ཤེས་པར་བྱ་སྟེ། བྱེ་བྲག་གམ་ཐ་དད་དུ་བྱ་བ་དེ་བཞིན་གཤེགས་པ་མཆོད་པ་ལ་མེད་དོ་ཞེས་བཤད་པའི་ཕྱིར་རོ། །དབུ་མ་པས་སངས་རྒྱས་ཀུན་རྫོབ་བམ་ནི་དངོས་སྨྲ་བ་སངས་རྒྱས་དེ་ཁོ་ན་ཉིད་དུ་མཆོད་པ་གང་ཡིན་ཡང་རུང་སྟེ། དེ་འབྲས་ལུང་ལས་སྒྲུབ་པར་མཚུངས་པ་ཡིན་པས་སོ། །དཔེར་ན་ཁྱེད་རང་འདོད་པའི་བདེན་པའི་སངས་རྒྱས་ལ་ཇི་ལྟར་འབྲས་བུར་བཅས་པ་བཞིན་དུ། སྒྱུ་མ་ལྟ་བུའི་མཆོད་ཡུལ་ལ་སྒྱུ་མ་ལྟ་བུར་མཆོད་པས་སྒྱུ་མ་ལྟ་བུའི་འབྲས་བུ་འབྱུང་བ་ཡིན་ནོ། །གསུམ་པ་དེའི་རྒྱུ་སྟོང་པ་ཉིད་ལ་རྩོད་པ་སྤོང་བ་ལ། རྩོད་པ་འགོད། བརྒལ་ལན་བཤད། སྟོང་ཉིད་རྟེན་འབྱུང་དབུ་མའི་ལམ་དུ་བསྟན་པ་གསུམ་ལས། དང་པོ་ནི། སྟོང་ཉིད་བག་ཆགས་གོམས་པ་ཡིས་སོགས་འཁོར་གསུམ་གྱིས་དག་པའི་སྟོང་ཉིད་བཤད་པ་ལ་བྱེ་སྨྲ་ལ་སོགས་པས་མ་བཟོད་ནས། འཕགས་པའི་བདེན་པ་བཞི་རྣམ་པ་མི་རྟག་ལ་སོགས་པ་བཅུ་དྲུག་ཏུ་མཐོང་བའི་མཐོང་ལམ་དང་དེའི་རྒྱུན་གོམས་པ་སྒོམ་ལམ་གྱིས་མཐོང་སྒོམ་གྱི་སྤང་བྱའི་འཆིང་བ་ལས་གྲོལ་ནས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་གྱི། ཅི་ཡང་མི་དམིགས་པའི་སྟོང་ཉིད་མཐོང་བས་ཅི་ཞིག་བྱ་སྟེ། དོན་མི་འགྲུབ་ཅེས་ཟེར་རོ། །གཉིས་པ་བརྒལ་ལན་བཤད་པ་ལ། ལུང་གིས་སྒྲུབ། ལུང་ཁུངས་ཀྱིས་ཐེག་ཆེན་བཀར་སྒྲུབ། རིགས་ལམ་རྒྱས་པར་བསྟན་པ་གསུམ་ལས། དང་པོ་ནི། རྒྱུ་མཚན་གང་གི་ཕྱིར་ན་ཤེར་ཕྱིན་གྱི་ལུང་ལས། གང་ཕྱིར་བདེར་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པས། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །སོགས་སྟོང་ཉིད་རྟོགས་པའི་ལམ་འདི་མེད་པར་བྱང་ཆུབ་མེད་པར་གསུང་པས་སོ། །གཉིས་པ་ལུང་ཁུངས་ཀྱིས་ཐེག་ཆེན་བཀར་སྒྲུབ་པ་ནི། དེ་ལྟར་བཤད་ཀྱང་ཁུངས་སུ་མི་ཆེ་སྟེ། གལ་ཏེ་ཐེག་ཆེན་ནི་སྟོན་པ་འདས་ནས་ཀླུ་སྒྲུབ་ལ་སོགས་པ་འགའ་ཞིག་གིས་རང་བཟོར་བྱས་པ་ཡིན་པས་བཀའ་ཡིན་པར་མ་གྲུབ་བོ་ཞེ་ན། ལན་ཉན་ཐོས་ཁྱོད་ཀྱི་ལུང་ནི་བཀའ་ཡིན་པར་ཇི་ལྟར་གྲུབ། ཁོ་ན་རེ་གང་ཕྱིར་ངེད་ཀྱི་ལུང་ནི་ཉན་ཐོས་པ་ངེད་རང་ལ་ཨ་ཅང་། ཐེག་ཆེན་པ་ཁྱོད་བཀའ་མིན་པར་མི་རྩོད་པས་གཉིས་ཀ་ལ་འདི་བཀར་གྲུབ་པ་ཡིན་ནོ་ཟེར་རོ། །དང་པོ་ཁྱེད་རང་ལ་འདི་མ་གྲུབ་སྟེ། རྐྱེན་གང་གིས་ནི་དེར་ཡིད་ཆེས་དྲི། ཁོ་ན་རེ། སྟོན་པས་འོད་སྲུངས། དེས་ཀུན་དགའ་བོ། དེས་ཤ་ནའི་གོས་ཅན། དེས་ཉེར་སྦས། དེས་དྷི་དྷི་ཀ །དེས་ལེགས་མཐོང་ལ་བརྒྱུད་པའི་རྒྱུ་མཚན་གྱིས་བཀར་ཡིད་ཆེས་སོ་ཟེར། རྒྱུ་མཚན་དེ་ནི་ཐེག་ཆེན་ལ་ཡང་ཡོད་པས་མཚུངས་ཏེ། བཅོམ་ལྡན་འདས་ཀྱིས་བྱམས་པ། འཇམ་དབྱངས། ཕྱག་རྡོར་ནས་ཀླུ་སྒྲུབ་ཐོགས་མེད་སོགས་ལ་བརྒྱུད་པས་སོ། །འོ་སྐོལ་ལས་གཞན་གཉིས་ཁ་མཐུན་དུ་ལུང་དུ་འདོད་པས་བདེན་ན་ནི། རིག་བྱེད་སོགས་ཀྱང་སྟེ་གཟེགས་གཟན་ལ་སོགས་པའི་ལུང་ཡང་བདེན་པར་ཐལ་བར་འགྱུར་རོ། །ངེད་ཀྱི་ལུང་ལ་རྩོད་པ་མེད་པ་ཡིན། ཐེག་པ་ཆེན་པོ་ལ་ཁ་ཅིག་བཀར་སྨྲ། ཁ་ཅིག་རྩོད་པ་དང་བཅས་པའི་ཕྱིར་དོར་བྱར་འགྱུར་རོ་ཞེ་ན། ཁྱོད་ཀྱི་ལུང་ཡང་དེ་བཞིན་ཏེ། ཁྱོད་ཀྱི་ལུང་ལ་མུ་སྟེགས་པ་རྣམས་དང་། ལུང་གཞན་སྡེ་པ་བཅོ་བརྒྱད་དུ་གྱེས་པ་ལ་ཡང་རང་དང་གཞན་དང་། རྩོད་བཅས་ཡིན་ཕྱིར་དོར་བྱར་འགྱུར་རོ། །གསུམ་པ་རིགས་ལམ་རྒྱས་པར་བསྟན་པ་ནི། བསྟན་པའི་རྩ་བ་དགེ་སློང་ཉིད་ཡིན་ན། དེ་བཞིན་གསུངས་པའི་དོན་དམ་པའི་དགེ་སློང་ཉིད་ཀྱང་དཀའ་བར་གནས་ཏེ་སྟོང་ཉིད་མ་རྟོགས་པས་སོ། །དེ་མ་རྟོགས་ན་སེམས་ནི་དམིགས་པ་དང་བཅས་པར་འགྱུར་བ་དེ་ལྟ་བུ་རྣམས་ཀྱིས་མྱང་འདས་ཐོབ་པའང་དཀའ་བར་གནས་ཏེ་ཐོབ་མི་ནུས་སོ། །ཁོ་ན་རེ། སྟོང་ཉིད་མི་དགོས་ཉོན་མོངས་སྤངས་པས་གྲོལ་བ་ཡིན་ནོ་ཞེ་ན། དགྲ་བཅོམ་དེའི་ཉོན་མོངས་པ་སྤངས་པའི་དུས་དེ་མ་ཐག་ཏུ་སྡུག་བསྔལ་ལས་གྲོལ་བ་དེར་ཐལ་བར་འགྱུར་རོ། །འདོད་དོ་ཞེ་ན། དགྲ་བཅོམ་རྣམས་ལ་ཉོན་མོངས་མེད་ཀྱང་དེ་དག་ལ་སྔར་སོ་སྐྱེའི་དུས་ཀྱི་ལས་ཀྱི་ནུས་པ་སྡུག་བསྔལ་ཡོད་དེ། མོའུ་འགལ་གྱི་བུ་ཀུན་ཏུ་རྒྱུ་རྣམས་ཀྱིས་འདམ་བུ་བཞིན་དུ་བཅོམ་པ་དང་། སོར་ཕྲེང་མེས་བསྲེགས་པ་དང་། འཆར་ཀ་སྐེ་བཅད་པ་སོགས་མཐོང་བ་ཡིན་ནོ། །ཁོ་ན་རེ། རེ་ཞིག་བདེན་པ་མཐོང་བས་མ་རིག་པ་སྤངས་པས་འདུ་བྱེད་ནས་སྲེད་པའི་བར་དུ་སྤངས་ལ། ཡང་སྲིད་ཉེ་བར་ལེན་པའི་རྒྱུ་སྲེད་པ་ནི་མེད་ཅེས་ངེས་པས། ཕྱིས་སྐྱེ་བ་མི་ལེན་པས། ཚེ་འདིའི་ཕུང་པོ་ཟད་པ་ན་ལྷག་མེད་མྱ་ངན་ལས་འདའ་ལ། དེ་ནས་ལས་ཀྱི་ནུས་པ་ཐམས་ཅད་ཟད་པ་ཉིད་ཅེ་ན། དེ་ལ་སྲེད་པ་འདི་མེད་ངེས་ཟེར་བའང་མི་འཐད་དེ། ཉོན་མོངས་ཅན་མིན་ཡང་། དེ་ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པ་ཅན་ཡོད་པ་བཞིན་དུ་ཅི་སྟེ་ཉོན་མོངས་པ་ཅན་མ་ཡིན་པའི་སྲེད་པ་མེད། སྤྱིར་ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན་ལ། ཚོར་བ་དེ་དག་ལ་ཡང་ཡོད་པའི་ཕྱིར་རོ། །ཆོས་ཐམས་ཅད་དམིགས་མེད་དུ་མ་རྟོགས་ན་དམིགས་པ་དང་བཅས་པའི་སེམས་དེ་ནི་ཆོས་འགའ་ཞིག་ལ་ནི་བརྟེན་ཅིང་གནས་པས་ཆགས་པར་འགྱུར་བས་ལྷག་མེད་དུ་མྱ་ངན་ལས་འདའ་མི་ཐུབ་བོ། །དེའི་རྒྱུ་མཚན། སྟོང་ཉིད་རྟོགས་པ་དང་ནི་བྲལ་བའི་སེམས་ལ་མངོན་དུ་རྒྱུ་རེ་ཞིག་འགགས་པ་སླར་ཡང་སྐྱེ་བར་འགྱུར་ཏེ། འདུ་ཤེས་མེད་པའི་སྙོམས་འཇུག་བཞིན་ནོ། །དེས་ན་བྱང་ཆུབ་ཀྱི་རྒྱུར་སྟོང་ཉིད་བསྒོམ་པར་བྱའོ། །ངག་གང་མདོ་སྡེ་ལ་འཇུག དེ་སོགས་ཀྱི་ཚིག་བཅད་གསུམ་པོ་འགྲེལ་ཆེན་དང་བི་བྷུ་ཏིས་ཕྱིས་བཅུག་ཟེར། བཻ་རོ་ཙ་ནས་སློབ་དཔོན་ཉིད་ཀྱིས་གོང་འོག་གི་འབྲེལ་མ་གཟིགས་པར་གསུངས་ཟེར་རྔོག་ལོས་སྤངས་ལ། གཙང་ནག་པ་སོགས་ཀྱིས་འཐད་པར་བསམས་ནས་བཀྲལ་མོད། འདིར་རྔོག་ལོས་གསུངས་པ་ལྟར་དོར་རོ། །གསུམ་པ་སྟོང་ཉིད་རྟེན་འབྱུང་དབུ་མའི་ལམ་དུ་བསྟན་པ་ལ། སྟོང་ཉིད་ཀྱིས་འབྲས་བུ་ཐོབ་ཚུལ། དེ་ལ་འཇིགས་མི་རིགས་པ། འཇིགས་པའི་རྒྱུ་བདག་ཟློག་པ་གསུམ་ལས། དང་པོ་ནི། རྒྱུ་བདག་ཏུ་རྨོངས་པས་འབྲས་བུ་སྡུག་བསྔལ་བ་ཅན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཞེན་པའི་རྒྱུ་ཆགས་པ་དང་། འཇིགས་པའི་རྒྱུ་སྐྲག་པའི་གནས་ཏེ་རྟག་པ་དང་ཆད་པའི་མཐའ་ཡིན་ལ། དབུ་མ་པས། ཡོད་ཅེས་བྱ་བ་རྟག་པའི་མཐའ། །མེད་ཅེས་བྱ་བ་ཆད་པའི་མཐའ། །ཞེས་བཞག་ནས་འཁོར་གསུམ་དུ་མི་རྟོག་པས་མཐའ་དེ་ལས་གྲོལ་བར་འགྱུར་ལ། དེས་འཁོར་བའི་སྐྱོན་གྱིས་མི་གོས། སྙིང་རྗེས་གཞན་དོན་དུ་འཁོར་བར་གནས་པ་གྲུབ་པས་ཞི་བའི་དབྱིངས་སུ་མི་འཇུག དེས་མི་གནས་པའི་མྱ་ངན་ལས་འདའ་བར་འགྱུར་བ་འདི་ནི་སྟོང་པ་ཉིད་ཀྱི་འབྲས་བུ་ཡིན་ནོ། །དེ་ལྟར་སྟོང་པ་ཉིད་ཀྱི་ཕྱོགས་ལ་སུན་འབྱིན་པ་ནི་འཐད་པ་མ་ཡིན་ནོ། །དེས་ན་དེ་བྱང་ཆུབ་ཀྱི་ལམ་ཡིན་མིན་ཐེ་ཚོམ་མི་ཟ་བར་སྟོང་པ་ཉིད་ནི་བསྒོམ་པར་བྱའོ། །འདི་ལ་བཞི་བརྒྱ་པར། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བ་ཡང་མི་འབྱུང་། །ཐེ་ཚོམ་ཟ་བ་ཙམ་ཞིག་གིས། །སྲིད་པ་ཧྲུལ་པོར་བྱས་པར་འགྱུར། །ཞེས་ཀྱང་གསུངས། ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་ཡི་མུན་པའི་གཉེན་པོ་ཡང་སྟོང་པ་ཉིད་ཡིན་པས། དེ་གཉིས་སྤངས་ཏེ་མྱུར་དུ་ཐམས་ཅད་མཁྱེན་པ་འདོད་པས་སྟོང་ཉིད་དེ་ནི་ཇི་ལྟར་སྒོམ་པར་མི་བྱེད་དེ་བྱེད་རིགས་སོ། །གཉིས་པ་དེ་ལ་འཇིགས་མི་རིགས་པ་ནི། དངོས་པོར་འཛིན་པ་གང་འབྲས་བུ་སྡུག་བསྔལ་སྐྱེད་པར་བྱེད་པ་དེ་ལ་སྐྲག་པ་སྐྱེ་བར་འགྱུར་ན། སྟོང་ཉིད་རྒྱུ་བདག་འཛིན་བཅོམ་ནས་འབྲས་བུ་སྡུག་བསྔལ་ཞི་བར་བྱེད་པ་དེ་ལ་འཇིགས་པ་ཇི་ལྟར་སྐྱེ་ཞེས་གདམས་སོ། །གསུམ་པ་འཇིགས་པའི་རྒྱུ་བདག་བཟློག་པ་ལ། ཕུང་པོ་ལྔ་ལ་བདག་དགག་པ་སྤྱིར་བསྟན། གྲུབ་མཐས་བརྟགས་པའི་བདག་བྱེ་བྲག་ཏུ་དགག ཆོས་ཀྱི་བདག་མེད་གཏན་ལ་ཕབ་པ་གསུམ་ལས། དང་པོ་ནི། གལ་ཏེ་སྟོང་པ་ཉིད་ལ་འཇིགས་སྐྲག་སྐྱེ་བ་དེ་རྒྱུ་གང་གིས་ཡིན་ན་བདག་ཏུ་འཛིན་པ་འདིས་ཡིན་ནོ། །དེ་ལ་བདག་ཏུ་འཛིན་པ་གང་ལས་འབྱུང་བའི་བདག་འགའ་ཡོད་ན་ནི། ཅི་ཡང་རུང་བའི་རྐྱེན་ལས་འཇིགས་པ་འགྱུར་ན། བདག་ཉིད་འགའ་ཡང་ཡོད་མིན་པས་འཇིགས་པར་འགྱུར་བ་དེ་སུ་ཞིག་ཡིན། སོ་དང་སྐྲ་དང་སེན་མོ་བདག་མ་ཡིན་ལ། བདག་ནི་རུས་པ་དང་ཁྲག་མ་ཡིན། སྣབས་མིན་བད་ཀན་ཡང་མ་ཡིན་ཏེ། ཆུ་སེར་དང་ནི་རྣག་ཀྱང་མིན་ནོ། །བདག་ནི་ཞག་དང་རྔུལ་ཀྱང་མིན་ཏེ། གློ་མཆིན་དག་ཀྱང་བདག་མ་ཡིན་ནོ། །ནང་རོལ་གཞན་ཡང་བདག་མིན་ཏེ། བདག་ནི་ཕྱི་ས་དང་གཅིན་མ་ཡིན་ཞིང་། ཤ་དང་པགས་པ་ཡང་བདག་མིན་ཏེ། དྲོད་དང་རླུང་ཡང་བདག་མ་ཡིན་ནོ། །བུ་ག་དགུ་ཡང་བདག་མིན། རྣམ་པ་ཀུན་ཏུ་རྣམ་ཤེས་དྲུག་ཀྱང་བདག་མ་ཡིན་ནོ། །གཉིས་པ་གྲུབ་མཐས་བརྟགས་པའི་བདག་བྱེ་བྲག་ཏུ་དགག་པ་ལ་གསུམ་སྟེ། གྲངས་ཅན་པ་དགག རིག་པ་ཅན་པ་དགག བདག་མེད་ན་འབྲས་བུ་མྱོང་བ་དང་སྙིང་རྗེ་མི་རིགས་པར་ཐལ་བའི་ལན་ནོ། །དེ་ལས་དང་པོ་ནི། སེར་སྐྱ་པ་ན་རེ། སྒྲ་ལ་སོགས་པའི་ཤེས་པ་སེམས་ཀྱི་བདག་ཉིད་སྐྱེས་བུ་ཤེས་རིག་གི་བདག་ཡིན་ལ། དེ་ཡང་རྟག་པ་དང་། ཁྱབ་པ་དང་། ཡོན་ཏན་དང་བྲལ་བ་དང་། སེམས་པ་ཅན་ཡིན་གྱི། བློ་དང་འབྲེལ་བས་སེམས་པ་ཅན་མ་ཡིན་ཏེ། བློ་ནི་བེམ་པོ་ཡིན་པའི་ཕྱིར་རོ། །འབྲས་བུ་འགའི་བྱེད་པ་པོ་དང་། དེའི་འབྲས་བུའི་ལོངས་སྤྱོད་པ་པོ་ཡང་མ་ཡིན། བྱ་བ་དང་བྲལ་བའི་ཕྱིར་རྡུལ་མུན་སྙིང་སྟོབས་གསུམ་ཆ་མཉམ་པའི་རང་བཞིན་གྱི་གཙོ་བོ་ནི་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པས་བདག་ལ་འབྲས་བུ་སྟོབ་བོ། །བདག་ཡུལ་ལ་སྤྱོད་འདོད་པ་ན་སེམས་ལྡན་ཡིན་པའི་ཕྱིར་ཡོན་ཏན་དང་བྲལ། ཁྱབ་པའི་ཕྱིར་བྱ་བ་མེད་དོ། །ཞེས་ཟེར་རོ། །དེ་དགག་པ་བདག་ལ་གལ་ཏེ་སྒྲ་འཛིན་པའི་ཤེས་པ་རྟག་པའི་ཕྱིར་ན། ཐམས་ཅད་ཀྱི་ཚེ་ན་སྒྲ་འཛིན་པར་ཐལ་བར་འགྱུར་རོ། །འདོད་དོ་ཞེ་ན། ཤེས་བྱ་སྒྲ་མེད་པའི་དུས་ན་སྒྲ་ཅི་རིག་སྟེ་ཡུལ་སྒྲ་མེད་པའི་ཕྱིར་ནའོ། །འདོད་ན་དེ་ལ་རྒྱུ་མཚན་གང་གིས་ན་ཡུལ་སྒྲ་འཛིན་པའི་ཤེས་པ་ཞེས་རྗོད་པར་བྱེད། ཡུལ་མ་ཤེས་པས་ཤེས་པའི་ཐ་སྙད་མི་འཇུག་པའི་ཕྱིར་རོ། །གལ་ཏེ་ཡུལ་ཤེས་པ་མེད་ཀྱང་དེའི་ཤེས་པ་ཡིན་ནོ་ཞེ་ན། ཤིང་ཡང་ཤེས་པར་ཐལ་བར་འགྱུར་ཏེ། ཤེས་བྱ་མ་ཤེས་ཀྱང་ཤེས་པ་ཡིན་པའི་ཕྱིར་རོ། །ཡུལ་མེད་པར་ཤེས་པར་མི་འགྱུར་བའི་རྒྱུ་དེས་ན། ཡུལ་ཤེས་བྱ་ཉེ་བར་གནས་པ་མེད་པར་ཡུལ་འཛིན་པའི་ཤེས་པ་མེད་ཅེས་ངེས་པས་སྒྲ་འཛིན་མི་རྟག་པར་གྲུབ་བོ། . །སྒྲའི་ཤེས་པ་དེ་ཉིད་ཀྱིས་ཕྱིས་ནི་གཟུགས་ཤེས་ཤིང་འཛིན་ལ། དེ་གཉིས་རང་བཞིན་གཅིག་པའི་ཕྱིར་སྒྲ་མེད་པས་དེ་མེད་པར་མི་འགྱུར་ཞེ་ན། གཟུགས་མཐོང་བ་དེ་ཚེ་སྒྲ་ཐོས་པའང་ཅི་སྟེ་མིན་དྲི། གལ་ཏེ་སྒྲ་ནི་མི་ཉེ་བའི་ཕྱིར་ན་མ་ཐོས་སོ་ཞེ་ན། དེས་ན་དེའི་ཤེས་པའང་མེད་པས་སྒྲ་མི་རྟག་པར་གྲུབ་བོ། །སྒྲ་འཛིན་རང་བཞིན་གང་ཡིན་པ་དེའི་ཕྱིར་ན་གཟུགས་འཛིན་པར་ཇི་ལྟར་འགྱུར་ཏེ་མི་འཛིན་པར་ཐལ་ལོ། །ཁྱབ་སྟེ་ཤེས་པ་ཆ་མེད་གཅིག་རང་བཞིན་གཉིས་སུ་མི་རིགས་པའི་ཕྱིར་རོ། །ཁོ་ན་རེ། གང་ཟག་གཅིག ཕ་ལ་ལྟོས་ནས་བུ། བུ་ལ་ལྟོས་ནས་ཕ་ཡིན་པ་བཞིན་དུ་ཤེས་པ་གཅིག་ཡུལ་གཉིས་ལ་བརྟེན་ནས་འཇོག་པས་སྐྱོན་མེད་དོ་ཞེ་ན། བདག་གི་ཕ་དང་བུ་ཉིད་དུ་རྟོག་པས་བརྟགས་པ་ཡིན་གྱི། ཡང་དག་པའམ་བདེན་པ་ཉིད་མ་ཡིན་ཏེ། དོན་དམ་པར་དངོས་པོ་གཅིག་རང་བཞིན་གཉིས་སུ་མིན་ལ། བརྟགས་པར་ཡོད་པས་ཁྱོད་ཀྱིས་མི་འགྲུབ་སྟེ། རྒྱུ་མཚན། འདི་ལྟར་སྙིང་སྟོབས་བདེ་བ། རྡུལ་སྡུག་བསྔལ། མུན་པ་གཏི་མུག་སྟེ་ཡོན་ཏན་སོ་སོའམ་བསྡུས་ནས་རང་གི་ངོ་བོས་གནས་པ་ཡིན་ཏེ། འགྲོ་བ་ཐམས་ཅད་དེའི་བདག་ཉིད་ཡིན་པས་དེ་དོན་དམ་པར་བུ་མིན་ཕ་ཡང་མིན་ནོ། །ཡང་གཟུགས་འཛིན་དེ་ནི་སྒྲ་འཛིན་དང་ལྡན་པའི་རང་བཞིན་དུ་ན་བློས་མཐོང་བ་མ་ཡིན་ཡང་གར་མཁན་ལྟ་བུར་དེ་ཉིད་ཚུལ་གཞན་གྱིས་སྒྲ་འཛིན་དེ་ཉིད་མཐོང་བ་ཡིན་ཞེ་ན། གཟུགས་འཛིན་དེ་རྟག་པ་མིན་པར་ཐལ། གལ་ཏེ་དེ་ཚུལ་གཞན་དུ་སྐྱེ་ཞིང་འགག་པས་སོ། །དེ་བས་དེ་ཉིད་ན། དེ་གཉིས་རང་བཞིན་གཅིག་ཉིད་དེ་ནི་སྔོན་མེད་པའི་གཅིག་པ་སྟེ་བརྡའ་གསར་པའོ་ཞེས་པ་བསྟིང་ཚིག་གོ །ཁོ་ན་རེ། གལ་ཏེ་ཚུལ་གཞན་དང་གཞན་དུ་འགྱུར་བ་དེ་ནི་བདེན་པ་སྟེ། དེ་ཁོ་ན་ཉིད་མིན་པའི་ཕྱིར་སྐྱོན་མེད་དེ་ཤེལ་བཞིན་ནོ་ཞེ་ན། འོ་ན་བདག་ཤེས་རིག་དེའི་རང་གི་རང་བཞིན་སྨྲོས་ཤིག དུས་སྔ་ཕྱི་ཐམས་ཅད་དུ་འགྲོ་བའི་ཤེས་པ་ཉིད་དོ་ཞེ་ན། དེ་ལྟ་ན་སྐྱེས་བུ་ཀུན་གཅིག་ཏུ་ཐལ་བར་འགྱུར་ཏེ་ཤེས་པ་ཙམ་ཐུན་མོང་དུ་མཚུངས་པའི་ཕྱིར་རོ། །དེར་མ་ཟད་ཕྱོགས་གཅིག་འདྲ་བས་རང་བཞིན་གཅིག་ཏུ་འགྱུར་ན། སེམས་པ་སྐྱེས་བུ་ཤེས་རིག་དང་། སེམས་མེད་རང་བཞིན་གྱི་གཙོ་བོ་དེ་དག་ཀྱང་རང་བཞིན་གཅིག་ཏུ་ཐལ་བར་འགྱུར་ཏེ། གང་གི་ཕྱིར་ན་ཡོད་པ་ཉིད་དུ་མཚུངས་པས་སོ། །འདོད་ན་གང་གི་ཚེ་བྱེ་བྲག་ཐ་དད་ཐམས་ཅད་ཕྱིན་ཅི་ལོག་གོ །དེ་ཚེ་འདྲ་བར་འཇོག་པའི་རྟེན་དེ་རྒྱུ་མཚན་གང་ཡིན་ཏེ་མེད་པར་ཐལ། ཐ་དད་མི་སྲིད་པའི་ཕྱིར་རོ། །ཁྱབ་སྟེ་ཐ་དད་མེད་པ་གཅིག་ལ་འདྲ་ཡུལ་འདྲ་བོ་མེད་པའི་ཕྱིར་རོ། །གཉིས་པ་རིག་པ་ཅན་པ་དགག་པ་ནི། དེ་ན་རེ་བདག་ནི་རྟག་པ་དང་ཐམས་ཅད་ལ་ཁྱབ་པ་དང་། སྲོག་ཆགས་སོ་སོ་ལ་ཐ་དད་པ་དང་། སེམས་མེད་པ་དང་། སེམས་པ་དང་འབྲེལ་བས་སེམས་པ་ཅན་དང་། བདེ་བ་ལ་སོགས་པའི་ཡོན་ཏན་རྒྱུའི་རྟེན་དང་། དགེ་མི་དགེའི་སེམས་ཀྱི་བྱེད་པ་པོ་དང་། དེའི་འབྲས་བུ་ལོངས་སྤྱོད་པ་པོ་དང་། འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་པོ་ཞེས་འདོད་ལ། བྱེ་བྲག་པའང་དེ་དང་འདྲ་བར་འདོད་དོ། །དེ་དགག་པ་སེམས་མེད་པ་ཡང་བདག་མིན་ཏེ། སེམས་མེད་པ་ཉིད་ཀྱི་ཕྱིར་སྣམ་བུ་དང་བུམ་སོགས་བཞིན། འོན་ཏེ་སེམས་ཀྱི་བློ་དང་འདུ་བས་སེམས་དང་ལྡན་པའི་ཕྱིར། བདག་དེས་ཡུལ་ཤེས་པར་བྱེད་དོ་ཞེ་ན། ར་རོ་བ་དང་བརྒྱལ་བ་སོགས་ཀྱི་སྐབས་ན་བློའི་སེམས་དང་ལྡན་པས་བདག་ཅུང་ཞིག་མི་ཤེས་པ་དེ་བློ་དང་འདུ་བའི་སྐབས་སུ་འཇིག་པར་ཐལ། སྔར་ཅུང་ཟད་མི་ཤེས་པ་དེ་བློ་དང་འདུ་བའི་དུས་སུ་དོན་ཤེས་པར་སྐྱེ་བའི་ཕྱིར་རོ། །ཅི་སྟེ་སྐྱོན་མེད་གཉིས་ཀའི་དུས་སུ་བདག་ལ་འགྱུར་བ་མེད་དོ་ཞེ་ན། བདག་དེ་སེམས་པའི་བློ་དང་འདུ་བས་དེ་ལ་ཁྱད་པར་གསར་པ་ཅི་ཞིག་བྱས་ཏེ་མ་བྱས་པར་ཐལ། འགྱུར་བ་མེད་པའི་ཕྱིར་རོ། །དེ་ལྟར་ཕན་གནོད་སོགས་ཅུང་ཟད་ཀྱང་ཤེས་པ་མེད་པ། རྟག་པའི་ཕྱིར་བྱ་བ་དང་བྲལ་བ་ཡང་བདག་ཏུ་འདོད་པ་ལྟར་ན། ནམ་མཁའ་ཡང་བདག་ཏུ་བྱས་པར་འགྱུར་རོ། །གསུམ་པ་བདག་མེད་ན་འབྲས་བུ་མྱོང་བར་སྙིང་རྗེ་མི་རིགས་པར་ཐལ་བའི་ལན་ནི། གཟེགས་ཟན་ལ་སོགས་ན་རེ། གལ་ཏེ་འཇིག་རྟེན་འདིར་ལས་བྱས་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་པོའི་བདག་ནི་ཡོད་པ་མིན་ན། དགེ་མི་དགེའི་ལས་བྱས་པའི་འབྲས་བུ་གང་ལས་བྱས་པ་དེའི་འབྲས་བུ་ཐོབ་པའི་འབྲེལ་བ་རིགས་པ་མིན་ཏེ། ལས་བྱས་ནས་ནི་བྱེད་པོ་ཞིག་པས་ན། བྱེད་མཁན་སུ་ཡི་ལས་སུ་འགྱུར། འབྲས་བུ་མྱོང་བ་པོ་ནི་གཞན་ཞིག་པས་བྱས་པ་ཆུད་ཟོས་པ་དང་། འབྲས་བུ་མ་བྱས་པ་དང་ཕྲད་པར་འགྱུར་རོ་ཞེ་ན། བྱ་བ་ལས་ཀྱི་གཞི། དེའི་འབྲས་བུ་རྟེན་གཞི་འདི་དང་ཕ་རོལ་ཡིན་པས་ཐ་དད་དང་། དེར་བདག་བྱེད་པ་མེད་པར་ཡང་། ཡུ་བུ་ཅག་གཉིས་ཀ་ལ་མཚུངས་པར་གྲུབ་པས་འདིར་བརྩད་པ་དོན་མེད་མ་ཡིན་ནམ། རྒྱུ་ལས་དང་ལྡན་པ་དེ་ཉིད་ལས་དེའི་འབྲས་བུ་དང་བཅས་པ་མྱོང་ངོ་ཞེས་མཐོང་བ་འདི་ནི་སྲིད་པ་མ་ཡིན། འོ་ན་ཁ་ཟས་མི་འཕྲོད་པ་ཟོས་པས་ནད་འབྱུང་བ་དང་། སྦྱིན་པས་ལོངས་སྤྱོད་འཕེལ་བ་སོགས་མཐོང་ངོ་ཞེ་ན། དེ་དག་གཅིག་ཏུ་ཞེན་པས་ཡིན་གྱི། གཅིག་མ་ཡིན་ཏེ་སྐད་ཅིག་གིས་འཇིག་པའི་ཕྱིར་རོ། །འོན་ཀྱང་རྒྱུ་འབྲས་ཀྱི་དངོས་པོ་འཇུག་པའི་རྒྱུད་གཅིག་ལ་ནི་བརྟེན་ནས་སུ་གཅིག་ཏུ་འཇིག་རྟེན་ཞེན་པས་བྱེད་པ་པོ་འདི་འབྲས་བུ་མྱོང་བ་པོ་ཡིན་ཞེས་གདུལ་བྱའི་བསམ་པའི་དབང་གིས་གསུངས་ཏེ། མདོ་ལས་དགེ་སློང་དག བྱས་ཤིང་བསགས་པའི་ལས་ནི་སའི་ཁམས་ལ་སྨིན་པར་འགྱུར་བ་མ་ཡིན། ཆུ་དང་མེ་དང་རླུང་ལ་མ་ཡིན་གྱི། ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་ཉིད་ལ་སྨིན་པར་འགྱུར་རོ་ཞེས་བྱ་བར་བསྟན་པ་ཡིན་ནོ། །དེས་ན་བདག་མེད་ཀྱང་རྒྱུན་གཅིག་པས་འབྲས་བུ་མྱོང་བ་འཐད་དེ། མ་དུ་ལུངྒའི་འབྲས་བུ་རྒྱ་སྐྱེགས་ཀྱིས་བགོས་པས་མེ་ཏོག་དམར་པོ་འབྱུང་བ་བཞིན་ནོ། །རྒྱུན་དེ་བདག་ཡིན་ནམ་ཞེ་ན། རྒྱུན་ནི་སེམས་ཀྱི་རྒྱུན་ཡིན་ལ། སེམས་བདག་གོ་སྙམ་ན། འདས་དང་མ་འོངས་པ་ཡི་སེམས་ནི་བདག་མིན་ཏེ། དེ་ནི་འགགས་ཤིང་མ་སྐྱེས་ནས་མེད་པའི་ཕྱིར། འོན་ཏེ་ད་ལྟ་སྐྱེས་པའི་སེམས་བདག་ཡིན་ནོ་ཞེ་ན། སྐད་ཅིག་གཉིས་པར་དེ་ཞིག་པས་ན་ཡང་རྟག་པའི་བདག་མེད་དོ། །དཔེར་ན་ཆུ་ཤིང་གི་སྡོང་པོ་ལ་སྙིང་པོ་དག་འདོད་པས། ཤུན་པའི་ཆ་ཤས་རིམ་པས་ཕྱེ་ན་ཤུན་པ་ཉིད་དུ་ཟད་དེ་སྙིང་པོ་འགའ་མེད་པ་དེ་བཞིན། རྣམ་པར་དཔྱད་པ་ཡིས་བཙལ་ན་སེམས་སམ་ཕུང་པོ་ལ་བདག་ཀྱང་ཡང་དག་ཏུ་གྲུབ་པ་མིན་ནོ། །ཁོ་ན་རེ། གལ་ཏེ་བདག་དང་སེམས་ཅན་ནི་རྣམ་གྲངས་པ་ཡིན་པས་སེམས་ཅན་ཡོད་པ་མིན་ན། སྙིང་རྗེ་ཡུལ་མེད་པའི་ཕྱིར་སུ་ལ་སྙིང་རྗེ་བྱ་ཞེ་ན། འབྲས་བུ་སངས་རྒྱས་ཐོབ་པའི་དོན་དུ་ཁས་བླངས་པའི་རྨོངས་པས་ཀུན་རྫོབ་ཏུ་བཏགས་པ་གང་ཡིན་པ་དེ་ལའོ། །དོན་དམ་པར་སེམས་ཅན་མེད་ན་སྙིང་རྗེའི་འབྲས་བུ་སུ་ཡི་ཡིན་ཏེ། དོན་དམ་པར་འབྲས་བུ་སུའི་ཡང་ཡིན་པར་མི་འགྱུར་རོ་ཞེ་ན་བདེན་ཏེ། འོན་ཀྱང་རྨོངས་པའི་འཇིག་རྟེན་འདོད་པས་དེ་དག་གི་སྡུག་བསྔལ་ཉེ་བར་ཞི་བའི་དོན་དུ་འབྲས་བུའང་དགོས་པ་དང་ལྡན་པས་རྨོངས་པ་དེ་བཟློག་པར་མི་བྱའོ། །དེ་ཡང་འཇུག་པར། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་པ་དང་མཐུན་ནོ། །འབྲས་བུའི་དོན་དུ་སེམས་ཅན་ཁས་བླངས་པ་དེ་ལྟ་ན་བདག་ཏུ་རྨོངས་པའང་བཟློག་པར་མི་རིགས་སོ་ཞེ་ན། འཁོར་བའི་སྡུག་བསྔལ་གྱི་རྒྱུ་ཡི་ངར་འཛིན་པའི་ང་རྒྱལ་ནི་བདག་ཏུ་རྨོངས་པ་འཕེལ་བར་འགྱུར་བའི་ཕྱིར་བཟློག དེ་ལས་ཀྱང་བཟློག་པའི་ཐབས་མེད་དོ་ཞེ་ན། ཐབས་ཡོད་དེ། བདག་མེད་སྒོམ་པ་དེའི་གཉེན་པོ་མཆོག་ཡིན་ནོ། །གསུམ་པ་ཆོས་ཀྱི་བདག་མེད་གཏན་ལ་དབབ་པ་ལ། དྲན་པ་ཉེར་བཞག་དང་པོ་གསུམ་བསྟན། ཕྱི་མ་བརྒལ་ལན་དང་བཅས་ཏེ་བསྙད། རྟེན་འབྱུང་དབུ་མའི་ཤུལ་ལམ་བགྲོད་ཁྱེར་གསུམ་ལས། དང་པོ་ལ། ལུས་དྲན་པ་ཉེར་བཞག ཚོར་བ་དྲན་པ་ཉེར་གཞག སེམས་དྲན་པ་ཉེར་གཞག་གསུམ། དང་པོ་ལ། ཡན་ལག་སོ་སོ་བ་ལུས་མ་ཡིན་པར་བསྟན། ཡན་ལག་སོ་སོ་ལ་ཁྱབ་པའི་ལུས་གཅིག་མེད་པར་བསྟན། ཡན་ལག་ཚོགས་པ་ལུས་སོགས་སུ་འཁྲུལ་པ་དགག་པ་གསུམ་ལས། དང་པོ་ནི། ལུས་ནི་རྣམ་པར་དཔྱད་ན། བོལ་གོང་སོགས་རྐང་པ་དང་། བྱིན་པ་སྟེ་རྗེ་ངར་ལུས་མིན་ལ། བརླ་དང་སྐེད་པའང་ལུས་མ་ཡིན་ལ། ལྟོ་མདུན་དང་རྒྱབ་ཀྱང་ལུས་མིན་ཏེ། བྲང་དང་དཔུང་པ་ལུས་མ་ཡིན་ལ་རྩིབ་ལོགས་ལག་པའང་ལུས་མིན་ཏེ། མཆན་ཁུང་ཕྲག་པའང་ལུས་མ་ཡིན། ཡང་ནང་ཁྲོལ་རྣམས་ཀྱང་དེ་མིན་ལ། མགོ་དང་མགྲིན་པའང་ལུས་མིན་ན། ཡན་ལག་སོ་སོ་བ་འདི་ལས་ལུས་ནི་གང་ཞིག་ཡིན་ཏེ། དེ་ལ་ལུས་མི་རྙེད་དོ། །གཉིས་པ་ཡན་ལག་སོ་སོ་ལ་ཁྱབ་པའི་ལུས་གཅིག་མེད་པར་བསྟན་པ་ནི། གྲངས་ཅན་པ་ལ་སོགས་པ་ན་རེ། ཡན་ལག་སོ་སོ་ལུས་མིན་གྱི་ཡན་ལག་ཐམས་ཅད་ལ་ཁྱབ་པའི་ཡན་ལག་ཅན། ཡན་ལག་ཐམས་ཅད་ལ་འཇུག་པར་འགྱུར་བ་གཅིག་ཡོད་དེ། དེ་ལུས་ཡིན་ནོ་ཞེ་ན། གལ་ཏེ་ཡན་ལག་ཅན་གྱི་ལུས་འདི་ཡན་ལག་ཐམས་ཅད་ལ་འཇུག་ཅིང་གནས་པར་འདོད་ན། དེ་ཕྱོགས་གཅིག་གིས་འཇུག་གམ་དུས་གཅིག་ཏུ་འཇུག དང་པོ་ལྟར་ན་ཡན་ལག་ཅན་དེ་ཕྱོགས་རེ་ཡིས་ནི་གནས་པར་གྱུར་ན་ཕྱོགས་གཅིག་པུ་དེའི་ཡང་ག་ལ་གནས་བརྟགས་ན་གར་ཡང་མི་གནས་སོ། །གཉིས་པ་ལྟར་ན་ལུས་ཀྱི་ཆ་ཤས་རྣམས་དུས་གཅིག་ལ་ཆ་སོ་སོ་ལ་གནས་པར་འགྱུར་མོད་སྙམ་ན། དེ་ལྟར་ཡིན་དུ་ཆུག་ཀྱང་ལུས་དེ་རང་ཉིད་དེ་ནི་གང་ལ་གནས་མི་རྙེད་དོ། །གལ་ཏེ་ཕྱོགས་རེ་ཙམ་མ་ཡིན་པར་བདག་ཉིད་ཀུན་གྱི་ལུས་རིལ་པོ་རེ་རེ་ལག་སོགས་དེ་དག་ཇི་སྙེད་པ་རྣམས་ལ་གནས་ན་ནི། ལག་སོགས་དེ་དག་ཇི་སྙེད་པ་དེ་སྙེད་ཀྱི་ནི་ལུས་སུ་འགྱུར་བས་ལུས་གཅིག་ཡིན་པ་ཉམས་སོ། །ཕྱི་ལྤགས་དང་ནང་ན་ཤ་ཁྲག་ལ་བརྟགས་ཀྱང་ལུས་མེད་ན་ཇི་ལྟར་ལག་སོགས་ལ་ལུས་ཡོད་དེ་མེད་དོ། །ལག་སོགས་འགའ་ཞིག་དམིགས་པའི་ཕྱིར་དེ་རྣམས་ལ་ལུས་མེད་ན། དེ་ལས་གཞན་དུ་ཡོད་ན་དམིགས་རུང་ལ་མ་དམིགས་པའི་ཕྱིར་ལུས་མེད་དོ། །དེ་བས་ན་ལུས་དེ་ནི་ཇི་ལྟར་ཡོད་པ་ཡིན་བརྟགས་ན་མེད་དོ། །གསུམ་པ་ཡན་ལག་ཚོགས་པ་ལུས་སོགས་སུ་འཁྲུལ་པ་དགག་པ་ནི། དེས་ན་ལུས་འདི་ལྟར་སྣང་བ་དང་འགལ་ལོ་ཞེ་ན། ལུས་མེད་ཀྱང་ལག་པ་ལ་སོགས་པ་ལ་རྨོངས་པ་ཡི་ནི་ལུས་ཀྱི་བློ་རིལ་པོ་གཅིག་ཏུ་རྟོག་པར་འགྱུར་རོ། །དཔེར་ན་དབྱིབས་སུ་བཀོད་པའི་ཁྱད་པར་གྱིས་ཐོ་ཡོར་ལ་ནི་མི་ཡིན་པར་འཛིན་པའི་བློ་སྐྱེ་བ་བཞིན་ནོ། །ཐག་ཉེ་བར་མ་སླེབས་པ་ཇི་སྲིད་རྐྱེན་ཚོགས་པ་ཡོད་པ་དེ་སྲིད་དུ། ཐོ་ཡོར་ནི་སྐྱེས་བུ་ལྟར་སྣང་བ་དེ་བཞིན་ཇི་སྲིད་ལག་པ་སོགས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་མ་ཟིན་པའི་སྐབས་ན་དེ་ཡོད་ལ། དེ་སྲིད་དེར་ལུས་སུ་སྣང་ངོ་། །ལུས་མེད་ཀྱང་ཡན་ལག་སོ་སོ་བ་ཡོད་དོ་སྙམ་ན། དེ་བཞིན་སོར་མོའི་ཚོགས་སོགས་འདུས་པ་ཡིན་པའི་ཕྱིར། ལག་པའང་གང་ཞིག་ཡིན་པར་འགྱུར། སོར་མོ་དེ་ཡང་ཚིགས་ཀྱི་ཚོགས་སོ་སོ་བ་ཡིན་པའི་ཕྱིར་སོར་མོ་གང་གི་རྙེད། ཚིགས་ཀྱང་རང་གི་ཆ་ཕྱེ་བས་མི་རྙེད། ཆ་དེ་ཡང་རྡུལ་དུ་ཕྱེ་བས་ཏེ་དེ་བསིལ། རྡུལ་དེའང་ཤར་སོགས་ཕྱོགས་ཆའི་དབྱེ་བ་ཡིས་གཅིག་ཏུ་མ་གྲུབ། ཕྱོགས་དབྱེའང་ཆ་ཤས་དང་བྲལ་བའི་ཕྱིར་མཁའ་བཞིན་ཅིར་ཡང་མ་གྲུབ་པ་དེས་ན་དབུས་རྡུལ་ཕྲ་རབ་ཀྱང་མེད། དེ་ལྟར་རྨི་ལམ་ལྟ་བུ་ཡི་འཁྲུལ་ངོར་སྣང་བའི་གཟུགས་འདི་ལ་དཔྱོད་ལྡན་སུ་ཞིག་ཆགས་པ་སྐྱེ། གང་གི་ཚེ་དེ་ལྟར་ལུས་མེད་པ་དེ་ཚེ་བུད་མེད་ཆགས་པའི་སྐྱེས་པ་གང་། སྐྱེས་པ་ཆགས་པའི་བུད་མེད་གང་། དེ་བཞིན་སུ་ལ་ཞེ་སྡང་། སུ་ཞིག་རྨོངས། ཐམས་ཅད་མ་གྲུབ་བོ། །གཉིས་པ་ཚོར་བ་དྲན་པ་ཉེར་བཞག་ལ། ཚོར་བ་བདེན་པ་དགག དེའི་རྒྱུ་རེག་པ་དགག ཚོར་བྱ་ཚོར་པོ་མེད་པས་རང་བཞིན་མེད་པར་གྲུབ་པ་གསུམ་ལས། དང་པོ་ནི། གཟུགས་བཞིན་ཚོར་བས་ཀྱང་བརྟག་མི་བཟོད་དེ། ཚོར་བ་སྡུག་བསྔལ་བ་དེ་ཁོ་ན་ཉིད་དུ་ཡོད་ན་ཅི་སྟེ་ཡིད་རབ་ཏུ་དགའ་བ་སྐྱེ་བ་ལ་མི་གནོད། རྟག་ཏུ་སྡུག་བསྔལ་བར་འགྱུར་བས་སོ། །ཚོར་བ་བདེ་བ་དོན་དམ་དུ་ཡོད་ན་མྱ་ངན་གདུང་བ་སོགས་ཀྱིས་འཚེ་མི་རིགས། རིགས་ནའང་དེ་དུས་ན་བདེ་བའི་རྐྱེན་ཁ་ཟས་ཞིམ་པོ་སོགས་ལ་ཇི་སྟེ་དགའ་བར་མི་བྱེད། བདེ་སྡུག་གང་སྟོབས་དང་ལྡན་པས་ཅིག་ཤོས་ཟིལ་གྱིས་མནན་པའི་ཕྱིར། གལ་ཏེ་དེ་དེ་ཉིད་དུ་ཡོད་ཀྱང་མྱོང་བ་མ་ཡིན་ཞེ་ན། གང་ཞིག་ཉམས་སུ་མྱོང་བའི་བདག་ཉིད་མིན་པའི་སྡུག་བསྔལ་ལམ་བདེ་བ་དེ་ནི་ཚོར་བ་ཇི་ལྟར་ཡིན་པར་འགྱུར་ཏེ། ཚོར་བའི་མཚན་ཉིད་མི་ལྡན་པའི་ཕྱིར་རོ། །བདེ་བའི་དུས་ན་སྡུག་བསྔལ་ཕྲ་མོ་ཉིད་དུ་ཡོད་ཀྱང་བདེ་བ་དེ་ཡིས་རགས་པ་བསལ་བ་མིན་ནམ། དེ་ནི་དེ་ལས་གཞན་འགའ་ཙམ་དུ་རགས་པ་ཞི་ནས་ཕྲ་བ་གསལ་བར་འགྱུར་རོ་ཞེ་ན། ཕྲ་མོ་ཉིད་དེ་ཡང་དེ་སོ་སོའི་རིགས་ལས་མ་འདས་པས་དུཿཁའམ་བདེ་བ་ཉིད་དེ། གལ་ཏེ་དེ་དུས་སྡུག་བསྔལ་གྱི་འགལ་རྐྱེན་སྐྱེས་པས་ན་སྡུག་བསྔལ་སྐྱེས་པ་མིན་ན་ནི་འགལ་རྐྱེན་གྱིས་གནོད། མཐུན་རྐྱེན་གྱིས་སྟོབས་ལྡན་དུ་འགྲོ་བས་ཚོར་བ་ནི་བཅོས་མར་ཟད་པས། ཚོར་བ་བདེན་པར་རྟོག་པ་མངོན་པར་ཞེན་པ་ཉིད་ཡིན་ཞེས་བྱ་བར་འགྲུབ་པ་མིན་ནམ་ཅི། ཚོར་བ་རྟོག་པས་མངོན་པར་ཞེན་པ་དེ་ཉིད་ཀྱི་ཕྱིར་ན། འདི་ཡིས་ནི་གཉེན་པོར་ཚོར་བ་དྲན་པ་ཉེ་བར་བཞག་པའི་རྣམ་དཔྱོད་འདི་བསྒོམ་སྟེ། རྣམ་པར་བརྟགས་པའི་ཞིང་དེ་ལས་འབྱུང་བ་ཡི་བསམ་གཏན་དང་ལྷག་མཐོང་ནི། རྣལ་འབྱོར་པའི་ལུས་རྒྱས་པར་བྱེད་པའི་ཟས་ཡིན་ལ། དེ་ཟོས་པས་མངོན་པར་ཞེན་པ་ཐམས་ཅད་ཟློག་པའི་ཕྱིར་རོ། །གཉིས་པ་དེའི་རྒྱུ་རེག་པ་དགག་པ་ནི། ཚོར་བ་དེ་ཡང་རྒྱུ་རེག་པ་ཡོད་ན་ཡིན་ལ། དེ་དབང་པོ་དོན་རྣམ་ཤེས་གསུམ་ཕྲད་པ་ལས་འབྱུང་བ་ཡིན་ལ། ཕྲད་པ་དེ་རིགས་པས་བརྟགས་ན་མེད་པས་དེའི་རྐྱེན་གྱིས་ཚོར་བ་འབྱུང་བ་མེད་དོ། །འདི་ལྟར་དབང་དོན་བར་དང་བཅས་པའམ་བར་མེད་ཡིན། གལ་ཏེ་དབང་པོ་དང་དོན་བར་དང་བཅས་ན། དེ་དག་གང་དུ་ཕྲད་པར་འགྱུར་ཏེ་ཕྲད་མི་སྲིད་པར་ཐལ། བར་ཆོད་པའི་ཕྱིར་ཤར་ནུབ་ཀྱི་རི་བཞིན་ནོ། །བར་མེད་ཡིན་ནོ་ཞེ་ན་ཡང་དབང་དོན་གཅིག་ཉིད་དེ། དེ་གཉིས་མ་འདུས་པའི་ཆ་ཅུང་ཟད་མེད་པའི་ཕྱིར། འདོད་ན་དབང་པོ་དེ་གང་ཞིག་ཏུ་དོན་གང་དང་ཕྲད་པར་འགྱུར་ཏེ་ཕྲད་པ་མེད་པར་ཐལ། དོན་དང་ཐ་དད་མེད་པར་གཅིག་པའི་ཕྱིར། ཁྱབ་སྟེ་ཆ་མེད་གཅིག་ལ་ཕྲད་པ་འགལ་བས་སོ། །སྐྱོན་མེད་དེ་རྡུལ་ཕྲན་ཆ་མེད་ཉིད་དངོས་པོ་ལ་ཕྲད་པ་ཡིན་ལ། དེ་ལ་ཆ་དང་ཆ་ལྡན་གྱིས་ཕྲད་པའི་བརྟག་པས་སུན་འབྱིན་མི་འཇུག་སྟེ་དེ་ནི་རགས་པ་ལ་འཇུག་པ་ཡིན་པའི་ཕྱིར་ཞེ་ན་རྡུལ་ཕྲན་དེ་རྡུལ་ཕྲན་གཞན་གྱི་ནང་དུ་འཇུག་པ་མེད་དེ། རྡུལ་ཕྲན་དེ་ནི་གོ་སྐབས་ཀྱི་ནམ་མཁའ་མེད་ཅིང་མཐོ་དམའ་མེད་པར་མཉམ་པ་ཡིན་པའི་ཕྱིར་སྲན་མ་གཉིས་བཞིན་ནོ། །མ་ཞུགས་པ་ལ་ཕྲད་པ་མི་འགལ་བའི་ཕྱིར་རོ་ཞེ་ན། དེ་གཞན་ལ་མ་ཞུགས་པའི་ཕྱིར་གཞན་དང་འདྲེས་པ་མེད་པར་ཐལ་ལོ། །གཞན་དང་མ་འདྲེས་པ་ལ་འདོད་ན། དེ་གཉིས་ཕྲད་པ་མེད་པར་ཐལ་ཏེ་འདོད་པའི་ཕྱིར་རོ། །ཁྱབ་སྟེ་ཕྲད་པ་ནི་འདུས་པ་ཡིན་ལ། ཕྱོགས་གཅིག་འདུས་ན་ཆ་ཤས་སུ་འགྱུར་ཞིང་། བདག་ཉིད་ཐམས་ཅད་དུ་འདུས་ན་འདྲེ་དགོས་པའི་ཕྱིར་རོ། །ཆ་མེད་པ་ལའང་ནི་ཆ་ཤས་ཀྱིས་སྟོང་པ་ཡིན་པས་ཕྲད་པའམ་ཚོགས་པ་ཞེས་བྱ་བ་ཇི་ལྟར་འཐད་པར་འགྱུར། ཕྲད་པ་ལ་ངེས་པ་ཆ་གཅིག་དགོས་ལ། ཕན་ཚུན་ཕྲད་པ་དང་ནི་ཆ་མེད་པ་ཡིན་པར་མི་འགལ་བ་གལ་ཏེ་མཐོང་ན་བསྟན་པར་གྱིས་ཤིག རྣམ་ཤེས་ལུས་མེད་པ་དེ་ལ་ནི་ནམ་ཡང་ཕྲད་པ་འཐད་པ་མ་ཡིན་པ་ཉིད་དེ་ཕན་ཚུན་འབྲེལ་བ་ནི་ཕྲད་པ་ཞེས་བྱ། དེ་ནི་ལུས་དང་ལྡན་པ་ཉིད་ལ་ཡོད་པའི་ཕྱིར་རོ། །དབང་དོན་རྣམ་ཤེས་ཚོགས་པའང་མེད་པར་ཐལ་ཏེ། དོན་ལ་དངོས་པོར་མེད་པའི་ཕྱིར་རྟའི་རྭ་བཞིན་ཏེ། སྔར་ནི་སོར་མོ་ཚིགས་སོགས་ཇི་ལྟར་རྣམ་པར་དཔྱད་པ་བཞིན་ནོ། །དེ་ལྟར་རེག་པ་ཡོད་མིན་ན། ཚོར་བ་གང་ལས་འབྱུང་བར་འགྱུར། མི་འབྱུང་ན་ཚོར་བ་བདེ་བ་སྒྲུབ། སྡུག་བསྔལ་སྤང་བའི་ངལ་བ་འདི་ཅིའི་དོན་དུ་ཡིན་ཏེ་དོན་མེད་དོ། །གསུམ་པ་ཚོར་བྱ་ཚོར་པོ་མེད་པས་རང་བཞིན་མེད་པར་གྲུབ་པ་ནི། བདེ་བ་སྒྲུབ་མི་རིགས་ཀྱང་སྡུག་བསྔལ་མི་བཟོད་པས་སྤོང་འདོད་དོ་སྙམ་ན། དུཿཁའི་ཚོར་བ་གང་གིས་ཚོར་བ་པོ་གང་ལ་གནོད་པར་འགྱུར་ཏེ་རང་བཞིན་མེད་པའི་ཕྱིར་རོ། །དེའི་ཕྱིར་གང་ཚེ་ཚོར་པོ་བདག་འགའ་མེད་ཅིང་། ཚོར་བའང་ཡོད་པ་མ་ཡིན་པ། དེའི་ཚེ་ཆོས་ཐམས་ཅད་གདོད་མ་ནས་ཞི་བའི་གནས་སྐབས་འདི་མཐོང་ནས། སྲེད་པ་ཅིའི་ཕྱིར་ལྡོག་པར་མི་འགྱུར། གཟེགས་གཟན་ལྟར་བུམ་སོགས་ཀྱི་རྫས་མཐོང་བ་དང་རེག་བྱར་ཡོད་དོ་ཞེ་ན། མིག་དབང་གིས་མཐོང་བའམ། ལུས་དབང་གིས་རེག་པ་ཡང་། རྨི་ལམ་སྒྱུ་མ་འདྲ་བའི་བདག་ཉིད་ཀྱིས་སེམས་དང་ལྷན་ཅིག་སྐྱེས་པའི་ཕྱིར་ཚོར་བ་དེ་ཡིས་མཐོང་བ་མ་ཡིན་ལ། ཚོར་བ་སྔ་མ་དང་སེམས་ཕྱི་མར་སྐྱེས་པས་ཀྱང་དྲན་པར་འགྱུར་གྱི། འདི་ལྷན་ཅིག་སྐྱེས་པས་འདི་ལྟར་མྱོང་བ་མ་ཡིན་ནོ། །ཚོར་བ་རང་གི་བདག་ཉིད་མྱོང་བ་མིན་པ་རང་རིག་བཀག་པས་ཤེས་ལ། གཞན་དག་གིས་ཀྱང་མྱོང་བ་མ་ཡིན་ཏེ། སེམས་ཀྱི་མྱོང་བ་དུས་གསུམ་དུ་བརྟགས་ན་མི་འཐད་པར་བསྟན་ཟིན་པའི་ཕྱིར་རོ། །ཚོར་བ་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་ཚོར་བ་དེ་ཁོ་ན་ཉིད་དུ་གྲུབ་པ་མིན་ནོ། །དེ་ལྟར་བདག་པོ་མེད་པའི་ཚོགས་རྟེན་འབྱུང་གི་ཆོས་འདི་ལ། ཚོར་བ་འདི་ཡིས་ཅི་སྟེ་གནོད་པར་བྱས། གསུམ་པ་སེམས་དྲན་པ་ཉེ་བར་བཞག་པ་ནི། ཡིད་དང་དབང་ཤེས་རང་བཞིན་མེད་པར་སྟོན་པ་གཉིས་སུ་བཞག་ལ། ཡིད་རང་བཞིན་མེད་པར་སྟོན་པ་ནི། ཡིད་ནི་དབང་པོ་ལྔ་རྣམས་ལ་མི་གནས། ཡུལ་གཟུགས་སོགས་ལ་མིན། དེ་གཉིས་ཀྱི་བར་ནའང་མིན། ལུས་ཀྱི་ནང་ནའང་སེམས་གནས་པ་མིན་ལ་ཕྱིའི་ཡན་ལག་ལའང་མིན་ཞིང་། གཞན་དུ་ཡང་ནི་བཙལ་ཀྱང་རྙེད་པ་མ་ཡིན་ལ། གང་ཞིག་ལུས་མིན་ལུས་ལས་གཞན་དུའང་མིན། ལུས་དེ་དང་ཤ་ཁྲག་འདྲེས་པ་ལྟར་མིན། ལོགས་སུའང་འགར་མེད་པས་སེམས་དེ་ནི་ཅུང་ཟད་ཀྱང་གྲུབ་པ་མ་ཡིན་པ་དེའི་ཕྱིར། སེམས་ཅན་རྣམས་གདོད་མ་ནས་རང་བཞིན་གྱིས་མྱ་ངན་ལས་འདས་པའོ། །དབང་ཤེས་རང་བཞིན་མེད་པར་སྟོན་པ་ནི། ཤེས་བྱ་གཟུགས་ལྟ་བུའི་ཡུལ་དེ་ལས་སྔར་ཤེས་པ་སྟེ་མིག་གི་རྣམ་པར་ཤེས་པ་ལྟ་བུ་ཡོད་ན། དེ་ནི་ཡུལ་དེ་ལ་ཅི་ལ་དམིགས་ནས་སྐྱེ་སྟེ་མ་སྐྱེ་བར་ཐལ་ཏེ་དེ་སྐྱེ་དུས་ཡུལ་ཤེས་བྱ་མེད་པའི་ཕྱིར། ཤེས་པ་དང་ཤེས་བྱ་ལྷན་ཅིག་ཏུ་བྱུང་ན། དུས་མཉམ་པས་ཤེས་པ་དེ་ནི་ཅི་ལ་དམིགས་ནས་སྐྱེ། འོན་ཏེ་ཡུལ་ཤེས་པའི་ཕྱིས་ཤེས་པ་ཡོད་ན་ཡུལ་འགགས་ནས་མེད་པ་དེ་ཚེ་ཤེས་པ་དམིགས་ཡུལ་གང་ལས་སྐྱེ། གཉིས་པ་ཕྱི་མ་བརྒལ་ལན་དང་བཅས་ཏེ་བསྙད་པ་ལ། ངོ་བོ་དགོད། བརྒལ་བ་བསྙད། ལན་གདབ་པ་དང་གསུམ་ལས། དང་པོ་ནི། ཆོས་དྲན་པ་ཉེ་བར་གཞག་པ་གང་ཡིན་ཞེ་ན། དེ་ལྟར་སྔ་ཕྱི་དུས་མཉམ་གང་ལས་སྐྱེ་བ་མི་འཐད་པ་འདིས་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་བ་རྟོགས་པར་འགྱུར་བ་མ་ཡིན། དེ་ཉིད་ལ་སྐྱེ་མེད་འགག་མེད་རྣམ་པར་ཐར་པའི་སྒོ་གསུམ་མམ་བཞི་ལ་སོགས་པའི་ཐ་སྙད་བྱས་པ་དེའོ། །གཉིས་པ་བརྒལ་བ་བསྙད་པ་ནི། གལ་ཏེ་ཐམས་ཅད་སྐྱེ་འགག་མེད་པར་མཉམ་པ་ཉིད་ཡིན་པ་དེ་ལྟར་ན་ཀུན་རྫོབ་མེད་པར་འགྱུར་རོ། །དེ་ལ་ཀུན་རྫོབ་མེད་ན་བདེན་གཉིས་ག་ལ་ཡོད། དེ་ཡང་ཀུན་རྫོབ་གཞན་གྱི་བློའི་ཡུལ་དུ་བྱས་པ་ཡོད་ན་སེམས་ཅན་མྱ་ངན་ལས་གང་ལ་འདའ་སྟེ། དེའི་བློའི་ཡུལ་དུ་བྱས་པའི་ཕྱིར་རོ། །ཞེས་བརྒལ་བ་ལ། གསུམ་པ་ལན་གདབ་པ་ནི། འདི་མྱ་ངན་ལས་འདས་སོ་ཞེས་པ་ནི་གཞན་སེམས་ཀྱི་རྣམ་པར་རྟོག་པས་མྱང་འདས་དེ་ཡུལ་དུ་བྱས་པ་སྟེ། དེ་ནི་རང་གི་བློས་བཞག་པའི་ཀུན་རྫོབ་མིན་ནོ། །བློས་བཞག་པས་ཀུན་རྫོབ་འབྱུང་བ་ནི། འདི་ཡོད་པས་འདི་བྱུང་སྟེ། རིང་པོ་ཡོད་པས་ཐུང་ངུ་བཞིན། ཕྱིས་དེ་ངེས་པའི་ཆོས་ཤིག་ཡོད་ན་དེའི་ཚེ་ཀུན་རྫོབ་དེ་ཡོད། དེ་ཡོད་པ་མིན་ན་ཀུན་རྫོབ་མེད་པ་ཉིད་དེ་ནམ་མཁའི་མེ་ཏོག་བཞིན། དེས་ན་རྟོག་པ་སྒྲོ་འདོགས་པའི་བློ་དང་། དེས་སྒྲོ་བཏགས་པའི་བརྟག་པར་བྱ་བ་དག གཉིས་པོ་ཕན་ཚུན་བརྟེན་པ་ཡིན་ཏེ། རྟོག་པས་དེ་བཏགས་པ་དང་། བརྟགས་པས་དེ་རྟོག་པར་བཞག་པའི་ཕྱིར་རོ། །ཇི་ལྟར་འཇིག་རྟེན་ལ་གྲགས་པའི་ཐ་སྙད་ལ་བརྟེན་ནས་རྣམ་པར་དཔྱོད་པ་འདི་ཐམས་ཅད་བརྗོད་ཀྱི། དོན་དམ་པར་ནི་མིན་ཏེ་ཐ་སྙད་ལས་འདས་པའི་ཕྱིར་རོ། །གང་ཚེ་རྣམ་པར་དཔྱད་པ་ཡིས་གཞན་ལ་རྣམ་དཔྱོད་ཀྱིས་ནི་དཔྱོད་བྱེད་ན། དེ་ཚེ་རྣམ་དཔྱོད་གཉིས་པ་དེ་ཡང་ནི་རྣམ་དཔྱོད་གསུམ་པས་དཔྱོད་དགོས་པའི་ཕྱིར་ན། ཐུག་པ་མེད་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ཡོངས་སུ་བརྟག་ཅིང་དཔྱད་པར་བྱ་བའི་དངོས་པོ་ལ་རྣམ་པར་དཔྱད་ཅིང་གཏན་ལ་ཕབ་པར་བྱས་ན། དམིགས་པ་ཐམས་ཅད་ཉེ་བར་ཞི་ནས་རྣམ་དཔྱོད་དེ་ལ་ནི་རྟེན་ཡོད་པ་མིན་ལ། རྟེན་མེད་པའི་ཕྱིར་ན་ཕྱིས་མི་སྐྱེ་སྟེ། མི་སྐྱེ་བ་དེ་ཡང་མྱ་ངན་ལས་འདས་པར་བརྗོད་དེ། དེ་ཙ་ན་ཐ་སྙད་ཐམས་ཅད་ལས་འདས་པའོ། །དངོས་སྨྲ་བ་གང་གིས་ལྟར་ན། ཤེས་བྱ་ཤེས་བྱེད་འདི་གཉིས་བདེན་ཀྱང་། བདེན་པ་དེ་ཉིད་སྒྲུབ་པ་ཤིན་ཏུ་དཀའ་བར་གནས་ཏེ་སྒྲུབ་བྱེད་མེད་ལ་གནོད་བྱེད་མང་བའི་ཕྱིར་རོ། །གལ་ཏེ་ཤེས་པ་ཚད་མའི་དབང་ངམ་མཐུ་ལས་དོན་གཞལ་བྱ་གྲུབ་བོ་ཞེ་ན། ཤེས་པ་ཚད་མ་ཡོད་པ་ཉིད་ལ་ཡོད་པར་འཇོག་བྱེད་ཀྱི་རྟེན་སྒྲུབ་བྱེད་ཅི་ཡོད་དེ་མེད་དོ། །འོན་ཏེ་ཤེས་བྱ་བདེན་པར་གྲུབ་པ་ལས་ཤེས་པ་བདེན་པར་གྲུབ་བོ་ཟེར་ན། ཤེས་བྱ་བདེན་པ་ཡོད་ལ་རྟེན་དེ་སྒྲུབ་བྱེད་ཅི་ཡོད་དེ་ཚད་མར་གྱུར་པ་མེད་དོ། །དེ་སྟེ་ཤེས་པ་དང་ཤེས་བྱ་ཕན་ཚུན་དུ་གྱུར་པའི་དབང་གིས་གཉིས་ཀ་ཡོད་པར་འཇོག་གོ་ཞེ་ན། གཉིས་ཀ་ཡང་ནི་མེད་པར་འགྱུར་ཏེ། དཔེར་ན་གལ་ཏེ་བུ་མེད་པར་ནི་ཕའི་ཐ་སྙད་རུང་བ་མིན་ན། དེ་བཞིན་བུ་ཉིད་གང་ལས་བྱུང་བ་ཡིན། བུ་མེད་པར་ནི་ཕ་མེད་པ་དེ་བཞིན་ཤེས་པ་དང་ཤེས་བྱ་ཕན་ཚུན་ལྟོས་པ་དེ་གཉིས་ཀ་མེད་པ་ཉིད་དོ། །ཡང་དེ་གཉིས་ཕན་ཚུན་གྱི་དབང་གིས་གྲུབ་པར་མི་ལྟ་ཡི། དཔེར་ན་མྱུ་གུ་རོལ་ནང་དུ་ཆུད་པའི་ས་བོན་ལས་སྐྱེས་ཤིང་། ས་བོན་གང་ཡིན་པ་མྱུ་གུ་དེ་ཉིད་ཀྱིས་རྟོགས་པ་བཞིན། ཤེས་བྱ་ལས་སྐྱེས་པའི་འབྲས་བུ་ཤེས་པ་ཡིས་རྒྱུ་ཤེས་བྱ་དེ་ཡོད་པར་ནི་ཅིས་མི་རྟོགས་ཞེ་ན། དཔེ་དོན་མི་མཚུངས་ཏེ། མྱུ་གུ་ལས་ས་བོན་གང་ཡིན་རྟོགས་པ་ནི་མྱུ་གུ་ཉིད་ཀྱིས་རྟོགས་པ་མ་ཡིན་ཏེ། དེ་ལས་གཞན་ཤེས་པ་ཡིས་མྱུ་གུའི་རྟགས་ལས་ས་བོན་འདི་ཡོད་ཅེས་རྟོགས་པར་འགྱུར་ན། གང་ཕྱིར་ཤེས་བྱ་དེ་ཡོད་པར་རྟོགས་པའི་ཤེས་པ་ཡོད་པ་ཉིད་གང་ལས་རྟོགས། །རང་རིག་ནི་བཀག་ཟིན། བློ་གཞན་གྱིས་དེ་རྟོགས་ན་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །གསུམ་པ་རྟེན་འབྱུང་དབུ་མའི་ཤུལ་ལམ་བགྲོད་ཁྱེར་ལ། ལྟ་བས་དབུ་མ་བསྟན། སྒོམ་པས་དེར་འཇུག སྤྱོད་པས་ཐབས་ཤེས་ཀྱིས་བགྲོད་པ་བཤད་པ་གསུམ་ལས། དང་པོ་ལ། རྒྱུ་མེད་ལས་སྐྱེ་བར་འདོད་པ་དགག རྒྱུ་ཕྱིན་ཅི་ལོག་ལས་བྱུང་བར་འདོད་པ་དགག སྟོང་ཉིད་རྟེན་འབྱུང་མཛུབ་ཚུགས་སུ་བཤད་པ་གསུམ་ལས། དང་པོ་ནི། རྒྱང་འཕེན་པ་ན་རེ། དངོས་པོ་ཐམས་ཅད་རྒྱུ་ལ་ལྟོས་པ་མེད་པ་ཉིད་ཀྱི་སྐྱེ་བ་ཡིན་པ་ལ་གཞན་དུ་ན་པདྨ་དང་རྨ་བྱའི་མདོངས་ལ་སོགས་པ་རྣམས་ལ་རྒྱུ་ཅི་ཞིག་ཡོད་ཟེར་རོ། །དེ་དགག་པ། རེ་ཞིག་འཇིག་རྟེན་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་གྱིས་རྒྱུ་རྣམས་ཐམས་ཅད་མཐོང་བ་ཡིན་ཏེ། པདྨའི་སྡོང་པོ་སོགས་དབྱེ་བ་སྣ་ཚོགས་པ་འདི་ནི་རྒྱུ་ས་བོན་སྣ་ཚོགས་པའི་དབྱེ་བས་བསྐྱེད་པ་ཡིན་ནོ་སྙམ་ཤེས་པས་སོ། །རྒྱུའི་དབྱེ་བ་གང་དང་གང་གིས་གང་བྱས། ཅིའི་ཕྱིར་རྒྱུ་དེ་དང་དེ་ཡིས་འབྲས་བུ་བསྐྱེད་ནུས་ཞེ་ན། སྔར་གྱི་རྒྱུ་དེ་བཏབ་པའི་མཐུས་འབྲས་བུ་དེ་ཉིད་འབྱུང་བ་མངོན་དུ་འགྱུར་པ་ལས་སོ། །དེ་བཞིན་འཁོར་བ་དང་མྱ་ངན་ལས་འདས་པའང་འདྲའོ་ཞེས་དོན་གྱིས་བསྒྲུབས་སོ། །གཉིས་པ་རྒྱུ་ཕྱིན་ཅི་ལོག་ལས་བྱུང་བར་འདོད་པ་དགག་པ་ལ། དབང་ཕྱུག་རྟག་པ་ལས་དང་། རྡུལ་ཕྲན་རྟག་པ་ལས་དང་། གཙོ་བོ་རྟག་པ་ལས་སྐྱེ་བར་འདོད་པ་དགག་པ་གསུམ་ལས། དང་པོ་ནི། མུ་སྟེགས་དབང་ཕྱུག་པ། བཅོམ་ལྡན་འགྲོ་བ་སྣ་ཚོགས་སྤྲུལ་པ་ལ་མཁས་པ་འགྲོ་བའི་དེད་དཔོན་གཅིག་པུ་འགྲོ་བ་མཐའ་དག་གི་དང་པོར་གྱུར་པ། རྟག་པ་ཉམས་པ་མེད་པའི་ནུས་མཐུ་དང་ལྡན་པ་ཐམས་ཅད་མཁྱེན་པ། ཚུར་རོལ་མཐོང་བ་མཐའ་དག་གི་སྤྱོད་ཡུལ་མ་ཡིན་པའི་དབང་ཕྱུག་ཆེན་པོ་འདིས། བློ་སྔོན་དུ་བཏང་ནས་བརྟན་གཡོ་ཐམས་ཅད་སྐྱེ་བ་དང་གནས་པ་དང་འཇིག་པ་ཐམས་ཅད་བྱེད་དེ། གཞན་དུ་ན་སེམས་མེད་པས་སྐྱེ་མི་ཤེས་པའི་ཕྱིར་ཟེར་རོ། །དེ་དགག་པ། དབང་ཕྱུག་འགྲོ་བའི་རྒྱུ་ཡིན་ན། རེ་ཞིག་དབང་ཕྱུག་དེ་ཁ་གང་ཡིན་སྨྲོས་ཤིག ས་ལ་སོགས་པའི་འབྱུང་བ་རྣམས་སོ་ཞེ་ན། འབྱུང་བ་རྣམས་ཀྱིས་འབྲས་བུ་བསྐྱེད་པ་དེ་ལྟ་མོད་ཀྱི། དབང་ཕྱུག་ཏུ་མིང་བཏགས་པ་ཙམ་ལ་ཡང་ཡུ་བུ་ཅག་རྩོད་པས་ཅི་ཞིག་ངལ། འོན་ཀྱང་དེ་དག་དོན་མཐུན་སྙམ་ན་མི་མཐུན་ཏེ། ས་སོགས་འབྱུང་བ་ནི་དུ་མ་དང་། མི་རྟག་པའི་ཕྱིར་དང་གཡོ་བ་དང་སེམས་མེད་པའི་ཕྱིར་དང་། ལྷ་མིན་ཞིང་རྐང་གིས་འགོམ་བྱ་ཉིད་དང་མི་གཙང་བས་དེ་ནི་དབང་ཕྱུག་ཉིད་མ་ཡིན་ཏེ། དེའི་མཚན་ཉིད་ལས་ཕྱིན་ཅི་ལོག་པའི་ཕྱིར་རོ། །ནམ་མཁའ་དབང་ཕྱུག་གོ་ཞེ་ན། དབང་ཕྱུག་ནམ་མཁའ་མིན་ཏེ། དེ་ལ་ཁྱབ་དང་འདོད་པ་སྤྱོད་པ་དང་བྲལ་བས་གཡོ་བ་མེད་པའི་ཕྱིར་རོ། །དབང་ཕྱུག་བདག་ཡིན་ནོ་ཞེ་ན་བདག་མིན། བདག་ཅེས་བྱ་བ་སྔར་ནི་བཀག་ཟིན་པའི་ཕྱིར་རོ། །དབང་ཕྱུག་ནི་ཚུར་རོལ་མཐོང་བས་བསམ་པའི་ཡུལ་མིན་སྙམ་ན། བསམ་པར་བྱ་བ་མིན་ན། འགྲོ་བ་ཡི་བྱེད་པ་པོ་ཡང་བསམ་པར་བྱ་བ་མིན་པས་བྱེད་པ་པོར་བརྗོད་པས་ཅི་ཞིག་བྱ། ཡང་དེས་བསྐྱེད་པའི་འབྲས་བུར་འདོད་པའང་གང་ཞིག་ཡིན་དྲིའོ། །བདག་ཡིན་ནོ་ཞེ་ན། བདག་དེ་དང་། ས་སོགས་འབྱུང་བ་བཞི་དང་། དབང་ཕྱུག་ངོ་བོ་གསུམ་གའང་རྟག་པ་མིན་ནམ་ཏེ་ཡིན་པར་ཁས་བླངས་པ་རྟག་པ་བསྐྱེད་བྱར་འགལ་བའི་ཕྱིར་རོ། །དབང་ཕྱུག་གི་འབྲས་བུ་ནི་ཤེས་པ་དང་བདེ་སྡུག་ཡིན་ནོ་ཞེ་ན། ཤེས་པ་ནི་ཤེས་བྱ་ལ་བརྟེན་ནས་སྐྱེ་བ་དང་། ཐོག་མེད་ནས་མྱོང་བའི་བདེ་སྡུག་ནི་ལས་དགེ་སྡིག་ལས་སྐྱེས་པ་ཡིན་ན། ཁྱོད་རྒྱུར་འདོད་པའི་དབང་ཕྱུག་དེ་ཡིས་གང་ཞིག་བསྐྱེད་པ་སྨྲོས། དེས་བསྐྱེད་པ་འགའ་ཡང་མ་དམིགས་ན། དེ་འགྲོ་བའི་རྒྱུ་ཡིན་ཞེས་བྱ་བ་མི་རིགས་སོ། །རྒྱུ་དབང་ཕྱུག་ལ་ཐོག་མ་ཡོད་པ་མ་ཡིན་ན། འབྲས་བུའི་འཇིག་རྟེན་ཆགས་པ་ལ་ཡང་ཐོག་མ་ག་ལ་ཡོད། རྒྱུ་རྟག་པས་འབྲས་བུ་འཇིག་རྟེན་ཆགས་པའང་རྟག་ཏུ་ཅིའི་ཕྱིར་བྱེད་པ་མིན་ཏེ་ཡིན་པར་ཐལ་ལོ། །རྒྱུ་དེ་ནི་རྟག་ཀྱང་འབྲས་བུ་བསྐྱེད་པ་རྐྱེན་གཞན་ལ་ལྟོས་པས་འབྲས་བུ་རྟག་ཏུ་མི་བསྐྱེད་པ་ཡིན་ཞེ་ན། དབང་ཕྱུག་དེ་ནི་གཞན་ལ་ལྟོས་པ་མིན་པར་ཐལ་ཏེ་དེས་བྱས་པ་མིན་པའི་རྒྱུ་ཚོགས་གཞན་ཡོད་པ་མིན་ན། དེས་འདི་རྐྱེན་གང་ལ་ལྟོས་པར་འགྱུར་ཏེ་ལྟོས་མི་དགོས་པར་ཐལ་ལོ། །གལ་ཏེ་ལྟོས་ན་རྐྱེན་ཚོགས་པ་ཉིད་རྒྱུ་ཡིན་པར་འགྱུར་བའི་ཕྱིར་གྱི་དབང་ཕྱུག་དེའི་རྒྱུ་མིན་ནོ། །འབྲས་བུ་བསྐྱེད་པའི་རྒྱུ་ཐམས་ཅད་ཚོགས་ན་འབྲས་བུ་མི་སྐྱེ་བའི་དབང་མེད་ཅིང་། ཚོགས་པ་དེ་མེད་པར་ནི་སྐྱེ་བ་མིན་པས། གལ་ཏེ་དབང་ཕྱུག་རང་མི་འདོད་བཞིན་དུ་རྒྱུ་རྐྱེན་ཚོགས་པའི་དབང་གིས་འབྲས་བུ་བྱེད་ན་གཞན་གྱི་དབང་དུ་ཐལ་ཏེ་དབང་ཕྱུག་ལ་རང་དབང་མེད་པའི་ཕྱིར། འདོད་པ་བཞིན་དུ་འབྲས་བུ་བསྐྱེད་དོ་ཞེ་ནའང་། དབང་ཕྱུག་དེ་འདོད་པ་གསར་བསྐྱེད་ལ་རག་ལས་པར་འགྱུར་རོ། །དེས་བྱེད་ནའང་འདོད་པ་དེ་དབང་ཕྱུག་ལས་གཞན་ཡིན་པས་དབང་ཕྱུག་གིས་བྱས་པ་ག་ལ་ཡིན། གཉིས་པ་རྡུལ་ཕྲན་རྟག་པ་ལས་བྱུང་བར་འདོད་པ་དགག་པ་ནི། གང་དག་གཟེགས་ཟན་པ་དང་དཔྱོད་པ་བ་སོགས་རྡུལ་ཕྲན་རྟག་པ་རྣམས། གཉིས་ལ་སོགས་པ་འདུས་ནས་ས་དང་རི་ལ་སོགས་པ་འབྱུང་བས་རྡུལ་ཕྲན་རྟག་པ་དེ་འགྲོ་བ་སྣ་ཚོགས་ཀྱི་རྒྱུ་ཡིན་ཞེས་སྨྲ་བ་དག་ཀྱང་ནི་སྔར་དྲན་པ་ཉེར་གཞག་ཏུ་བཟློག་ཟིན་ནོ། །གསུམ་པ་གཙོ་བོ་རྟག་པ་ལས་བྱུང་བར་འདོད་པ་དགག་པ་ནི། ཁས་བླངས་བརྗོད་པ། གཙོ་བོ་ནི་རང་བཞིན་གྱི་མིང་གི་རྣམ་གྲངས། དེ་ཡང་མི་འཇིག་པས་རྟག་པ་ཡོངས་སུ་འགྱུར་བའི་ཚུལ་གྱིས་འགྲོ་བ་སྟེ། བརྟན་གཡོའི་འཇིག་རྟེན་གྱི་རྒྱུ་ཡིན་པར་ནི་གྲངས་ཅན་འདོད་ལ། དེ་བས་གཙོ་བོ་གང་ཡིན་ན། སྙིང་སྟོབས་རྡུལ་དང་མུན་པ་ཞེས་བྱ་བའི་ཡོན་ཏན་མཉམ་པར་གནས་པ་ནི་གཙོ་བོ་ཞེས་བྱར་རབ་བརྗོད་དེ། མི་མཉམ་འགྲོ་བ་ཡིན་པར་བརྗོད་དོ། །རང་བཞིན་ལས་བློའམ་ཆེན་པོ་སྐྱེ། དེ་ལས་ང་རྒྱལ། དེ་ལས་ཚོགས་བཅུ་དྲུག་སྟེ། ཁ་རྐང་ལག་གཅི་ལམ་བཤང་ལམ་སྟེ་ལས་ཀྱི་དབང་པོ་ལྔ། རྣ་ལུས་མིག་ལྕེ་སྣ་སྟེ་བློའི་དབང་པོ་ལྔ། གཉིས་ཀའི་དབང་པོ་ཡིད་དེ་བཅུ་གཅིག སྒྲ་རེག་གཟུགས་རོ་དྲི་སྟེ་དེ་ཙམ་ལྔའོ། །དེ་ལྔ་ལས་འབྱུང་བ་ལྔ། དེ་ལ་རང་བཞིན་ནི་རྒྱུ་ཁོ་ན། བློ་ང་རྒྱལ་དེ་ཙམ་ལྔ་སྟེ་བདུན་ནི་གཉིས་ཀ །དབང་པོ་བཅུ་གཅིག་དང་། འབྱུང་བ་ལྔ་ནི་འབྲས་བུ་ཁོ་ན། སྐྱེས་བུ་ནི་གཉིས་ཀ་མིན་པ་ཡིན། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཡིན། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་སོ། །དེ་དགག་པ་ལ་རྩ་བའི་རང་བཞིན་དང་། དེ་ལས་སྐྱེས་པའི་རྣམ་འགྱུར་དང་བདེ་སོགས་བེམ་པོ་དང་། བདེ་སོགས་རྟག་པ་དང་། རྒྱུ་འབྲས་རྫས་གཅིག་དགག་པ་ལྔ། རང་ལའང་མཚུངས་པར་ཐལ་བ་སྤང་བ་དྲུག་ལས། དང་པོ་གཙོ་བོ་གཅིག་ཏུ་འདོད་པ་ལ་སྙིང་སྟོབས་རྡུལ་མུན་རང་བཞིན་གསུམ་གྱི་བདག་ཉིད་ནི་རིགས་པ་མིན་པར་ཐལ་ལོ། །ཡོན་ཏན་མཉམ་པར་གནས་པ་མེད་པ་དེས་ན། གཙོ་བོ་དེ་ཡོད་པ་མིན་ཞིང་། དེ་བཞིན་ཡོན་ཏན་གསུམ་ཡང་ཡོད་མིན་ཏེ། ཡོན་ཏན་གསུམ་སོ་སོ་ཡང་རྣམ་པ་གསུམ་གསུམ་གྱི་ཕྱིར་ཡོན་ཏན་མེད་པ་དེས་ན། དེ་ལས་སྐྱེས་པའི་སྒྲ་སོགས་ཀྱང་སྟེ་རྣམ་འགྱུར་ཉེར་གསུམ་པོ་ཡོད་པ་ཉིད་ཤིན་ཏུ་རྒྱང་རིང་སྟེ་མི་སྲིད་པར་འགྱུར་རོ། །བདེ་སོགས་བེམ་པོ་དགག་པ་ནི་འགྲོ་བ་ཡོན་ཏན་གསུམ་གྱི་བདག་ཉིད་ཡིན་པས་གོས་ལ་སོགས་པ་བདེ་བའི་རང་བཞིན་ཡིན་ནོ་ཞེ་ན། སེམས་མེད་བེམ་པོ་ཡིན་པའི་ཕྱིར་གོས་ལ་སོགས་པ་ལ། བདེ་སོགས་ཏེ་སྡུག་བསྔལ་བཏང་སྙོམས་ཡོད་པར་སྲིད་པའང་མིན་ནོ། །གོས་སོགས་བདེ་བའི་རང་བཞིན་མིན་ཀྱང་། གོས་ལ་སོགས་པའི་དངོས་པོ་རྣམས་བདེ་སོགས་དེའི་རྒྱུའི་རང་བཞིན་ཡིན་ནོ་ཞེ་ན། གོས་ལ་སོགས་པའི་དངོས་པོ་ལ་ཡན་ལག་ཅན་མ་ཡིན་པ། རྡུལ་ཕྲ་རབ་མ་ཡིན། ཡོན་ཏན་གསུམ་གྱི་བདག་ཉིད་ཀྱང་མ་ཡིན་ཞེས་རྣམ་པར་དཔྱད་ཟིན་མིན་ནམ། གཞན་ཡང་གསལ་བ་ཐམས་ཅད་བདེ་སོགས་ཀྱི་རང་བཞིན་ཡིན་ན་གོས་སོགས་ཁྱོད་ཀྱི་རྒྱུ་ཡང་བདེ་སོགས་ཉིད་མིན་པར་ཐལ། གསལ་བ་ཡིན་པའི་ཕྱིར་རོ། །འདོད་ན་བདེ་སོགས་དེ་ལས་སྣམ་སོགས་འབྱུང་བའང་མེད་ལ། སྣམ་བུ་སོགས་ལས་ནི་བདེ་སོགས་སྐྱེ་བ་ཡིན་ནོ། །ཞེས་རྒྱུའི་རྗེས་སུ་འབྲས་བུ་འགྲོ་བར་བསྟན། དེ་མེད་ཕྱིར་ན་བདེ་བ་ལ་སོགས་པ་མེད་པར་ཐལ་བས་རྒྱུ་མེད་ན་འབྲས་བུ་མི་འབྱུང་བའི་ཟློག་པ་བསྟན་པ་ཡིན་ནོ། །བདེ་སོགས་རྟག་པར་འདོད་པ་དགག་པ་ནི། བདེ་སོགས་ཡོན་ཏན་གསུམ་གྱི་བདག་ཉིད་ཡིན་པས་རྟག་སྟེ་གོས་ལ་སོགས་པ་སྐྱེ་བ་མ་ཡིན་ནོ་ཞེ་ན། བདེ་སོགས་དེ་ནི་རྟག་པ་ཉིད་དུ་ཡང་ནམ་དུ་ཡང་དམིགས་པ་ཡོད་པ་མ་ཡིན་ཏེ། ཡོན་ཏན་སོགས་མེད་པའི་ཕྱིར་རོ། །ཁྱབ་སྟེ་བདེ་སོགས་གསལ་བ་རྟག་ཏུ་ཡོད་པ་ཉིད་ཡིན་ན། བདེ་བའི་གསལ་བ་དེ་བདེ་བའི་མྱོང་བ་ཡིན་པར་ཅིའི་ཕྱིར་འཛིན་པ་མ་ཡིན་ཏེ་འཛིན་རིགས་པར་ཐལ་བས་སོ། །བདེ་སོགས་དེ་ཉིད་གསལ་བར་གནས་པ་ལན་གཅིག་གྱུར་ནས་ཕྱིས་མི་དམིགས་པའི་དུས་ན་ཕྲ་མོར་གྱུར་པ་ཡིན་ཏེ། ཉིན་མོའི་སྐར་མ་བཞིན་ཞེ་ན། དེའི་རགས་པ་གསལ་བར་གནས་པ་དང་། ཕྲ་བ་མི་གསལ་བའི་རང་བཞིན་དུ་འགྱུར་བའང་ཇི་ལྟར་ཡིན་ཏེ་རྟག་པ་གཅིག་པུ་ཡིན་པའི་ཕྱིར་རོ། །ཁྱབ་སྟེ་རྟག་ན་འགྱུར་བ་འགལ་ལ། གཅིག་པུ་ཡིན་ན་ཕྲ་རགས་ཀྱི་རང་བཞིན་དུ་འགལ་ལོ། །སྐྱོན་མེད་དེ། ཕྲ་རགས་གཉིས་སུ་ཅིག་ཅར་ཡོད་པ་མ་ཡིན་གྱི། རགས་པ་དོར་ནས་ཕྲ་བར་འགྱུར་བས་སོ་ཞེ་ན། ཕྲ་རགས་དེ་དག་མི་རྟག་པ་ཉིད་དུ་འགྱུར། རགས་པ་དོར་ནས་ཕྲ་བར་གནས་པའི་ཕྱིར་སྐྱེ་འཇིག་གི་དབང་དུ་གྱུར་པའི་ཕྱིར་རོ། །ཕྲ་རགས་མི་རྟག་པ་དེ་བཞིན་དུ། དེ་ཉིད་ཉི་ཤུ་རྩ་ལྔའི་དངོས་པོ་ཐམས་ཅད་ནི་མི་རྟག་པ་ཉིད་དུ་ཅིས་མི་འདོད་དེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །རགས་པ་བདེ་བ་ལས་གཞན་མིན་ན་རགས་པ་བདེ་བ་ཡིན་པས་གསལ་བ་ཡིན་ལ། དེས་མི་རྟག་པ་ཉིད་དུ་འགྱུར་རོ། །རྒྱུ་འབྲས་རྫས་གཅིག་ཏུ་འདོད་པ་དགག་པ་ལ། མེད་པ་མི་སྐྱེ་བ་དང་། ཡོད་ཀྱང་མ་མཐོང་བ་དགག་པ་གཉིས། རང་ལ་མཚུངས་པར་ཐལ་བའི་རྩོད་སྤང་གསུམ་གྱི་དང་པོ། གལ་ཏེ་གཏན་ནས་མེད་པ་འགའ་ཡང་ནི་སྐྱེ་བ་མིན་ཏེ་མེད་པའི་ཕྱིར་ནམ་མཁའི་པདྨོ་བཞིན་ཞེས་དངོས་པོ་ཐམས་ཅད་རྒྱུ་ལ་ནུས་པའི་རང་བཞིན་དུ་ཡོད་པར་འདོད་ཅེ་ན། མི་གསལ་བའི་གནས་སྐབས་སུ་གསལ་བ་དེ་མེད་བཞིན་དུ་ཕྱིས་གསལ་བར་སྐྱེ་བ་ནི། ཁྱོད་མི་འདོད་ཀྱང་ཡོད་པར་སྨྲ་བ་ཁྱོད་ལ་གནས་པ་ཉིད། གཞན་དུ་ན་ཕྱིས་དམིགས་པ་བཞིན་སྔར་ཡང་དམིགས་པར་ཐལ་བའི་ཕྱིར་རོ། གལ་ཏེ་རྒྱུ་ལ་འབྲས་བུའི་ངོ་བོ་གནས་ན་ཟན་ཟ་བ་དེ་མི་གཙང་བ་ཟ་བར་འགྱུར་ཏེ། མི་གཙང་བའི་རྒྱུ་ཟས་ལ་མི་གཙང་བ་གནས་པའི་ཕྱིར་རོ། །རས་གོས་དོན་གཉེར་གྱིས་རས་ཀྱི་རིན་གྱིས་རས་བལ་གྱི་ས་བོན་ཉོས་ལ་བགོ་བར་གྱིས་ཤིག ས་བོན་ལ་རས་ཡུག་གནས་པའི་ཕྱིར་རོ། །ཡོད་ཀྱང་མ་མཐོང་བར་འདོད་པ་དགག་པ། དོན་དམ་པར་རྒྱུ་ལ་འབྲས་བུ་ཡོད་ཀྱང་འཇིག་རྟེན་རྨོངས་པས་མ་མཐོང་བ་ཡིན་ནོ་ཞེ་ན། འཇིག་རྟེན་རྨོངས་པར་མ་ཟད་དེ་ཉིད་ཤེས་པར་རློམ་པའི་གྲངས་ཅན་ཁྱོད་རང་གིས་ཀྱང་བཞག་པས་ཁྱོད་རང་ཡང་རྨོངས་པར་ཐལ་ཏེ་རྒྱུ་མཚན་འདི་ཉིད་དོ། །རྒྱུ་ལ་འབྲས་བུ་ཡོད་པར་ཤེས་པ་དེ་ཉིད་འཇིག་རྟེན་ལ་ཡང་ནི་ཡོད་པས་ཅི་སྟེ་འཇིག་རྟེན་པས་མཐོང་བ་མ་ཡིན་པ་རྒྱུ་མཚན་བརྗོད་ཅིང་། འཇིག་རྟེན་པའི་བློ་ཚད་མ་ཉིད་མིན་པས་སོ་ཞེ་ན། འཇིག་རྟེན་པས་གསལ་བ་སྒྲ་སོགས་མཐོང་བའང་བདེན་པ་མ་ཡིན་པར་ཐལ་ཏེ། དེའི་བློ་ཚད་མ་མ་ཡིན་པའི་ཕྱིར་རོ། །རང་ལ་མཚུངས་པར་ཐལ་བའི་རྩོད་པ་ནི། གལ་ཏེ་ཐ་སྙད་པའི་ཚད་མ་ཚད་མིན་ཏེ་འཁྲུལ་བ་ཡིན་ན་དེས་གཞལ་ཞིང་ཡོངས་སུ་དཔྱད་པའང་བརྫུན་པར་མི་འགྱུར་རམ་འགྱུར་བར་ཐལ་ལ། འདོད་ན་ནི། དེ་ཉིད་དུ་ན་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་དུ་སྒོམ་པ་ཡང་ཚད་མས་གཞལ་དགོས་ན། ཐམས་ཅད་བརྫུན་ཡིན་པ་དེའི་ཕྱིར་མི་འཐད་པར་ཐལ་བར་འགྱུར་རོ་ཞེ་ན། ལན་རྟག་པའི་དངོས་པོ་ལ་བློས་མ་རེག་པ་སྟེ། བློ་ངོར་བརྟག་བྱའི་དངོས་པོ་མི་དམིགས་པར། དེའི་དངོས་པོ་མེད་པ་འཛིན་པ་མ་ཡིན་པས་འདི་སྒོམ་པ་ལ་མི་མཚུངས། དེའི་ཕྱིར་དགག་བྱ་བརྫུན་པའི་དངོས་པོ་གང་ཡིན་པ་དེའི་དངོས་མེད་གསལ་བར་བརྫུན་ནི་འདོད་པ་སྟེ། དགག་བྱ་དངོས་པོ་བརྫུན་པ་དེས་ན། འགོགས་བྱེད་ཚད་མ་བརྫུན་པ་རྨི་ལམ་གྱི་བུ་ཤི་བ་ལ། བུ་དེ་མེད་སྙམ་པའི་རྣམ་རྟོག་ནི་སྔར་བུ་དེ་ཡོད་དོ་སྙམ་དུ་རྣམ་པར་རྟོག་པ་ཡིས་གེགས་ཡིན། དེ་ཡང་བརྫུན་པ་ཡིན་པ་བཞིན་ནོ། །གསུམ་པ་སྟོང་ཉིད་རྟེན་འབྱུང་དུ་མཛུབ་ཚུགས་སུ་བསྟན་པ་ནི། དེ་བས་བཤད་མ་ཐག་པ་དེ་ལྟར་རྣམ་པར་དཔྱད་པས་འབྲས་བུ་འགའ་ཡང་རྒྱུ་མེད་དུ་སྐྱེ་བ་ཡོད་པ་མ་ཡིན། འབྲས་བུ་དེ་ནི་རྒྱུ་སོ་སོ་བའམ་ལྷན་ཅིག་འདུས་པའི་རྐྱེན་རྣམས་ལ་ཡང་གནས་པ་མ་ཡིན། གཞན་ནས་འོངས་པའང་མ་ཡིན་ལ། དེ་ལྟར་གནས་པ་མ་ཡིན། འགགས་ནས་འགྲོ་བ་མ་ཡིན་ཏེ། རྨོངས་པས་བདེན་པར་ཞེན་པ་སྟེ་གང་བྱས་པ་འདི། སྒྱུ་མ་མཁན་གྱིས་སྤྲུལ་པའི་སྒྱུ་མ་ལས་ནི་ཁྱད་པར་ཅི་ཡོད། སྒྱུ་མས་སྤྲུལ་པའི་རྟ་གླང་གང་ཡིན་པ་དང་། རྒྱུ་རྐྱེན་རྣམས་ཀྱིས་ནི་གང་སྤྲུལ་པའི་དངོས་པོ་དེ་ནི་གང་ལས་འོངས་པར་འགྱུར་ཅིང་སྟེ། སྐྱེ་བ་མེད། གང་དུ་འགྲོ་བའང་བརྟག་པར་གྱིས་དང་འགག་པ་མེད་དོ། །དེས་ན་དངོས་པོ་གང་ཞིག་རྒྱུ་རྐྱེན་གང་ནི་ཉེ་བར་གནས་པ་ཡིས་དེ་མཐོང་བར་འགྱུར། རྒྱུ་རྐྱེན་དེ་མེད་ན་མཐོང་བ་མིན་ན། གཞན་ལ་རག་ལས་པས་འཇུག་པའི་ཕྱིར་བཅོས་བུ། མེ་ལོང་ལ་བྱད་ཀྱི་གཟུགས་བརྙན་སྣང་བ་དང་མཚུངས་པ་དེ་ལ་བདེན་པ་ཉིད་ཇི་ལྟར་ཡོད་དེ་མེད་དོ། །དེ་ལྟར་བློ་གྲོས་རྒྱ་མཚོས་ཞུས་པ་ལས། གང་རྣམས་རྟེན་ཅིང་འབྲེལ་བར་འབྱུང་། །དེ་རྣམས་རང་བཞིན་ཅུང་ཟད་མེད། །ཅེས་སོ། །རྒྱུ་དུས་སུ་འབྲས་བུ་དངོས་པོར་ཡོད་པར་གྱུར་པ་ལ་རྒྱུ་ཡི་དགོས་པ་ཅི་ཞིག་ཡོད། འབྲས་བུ་གྲུབ་ཟིན་ན་དེ་ལ་རག་མ་ལས་པའི་ཕྱིར་རོ། །འོན་ཏེ་འབྲས་བུ་དེ་ནི་ད་ལྟ་རྒྱུ་དུས་སུ་མེད་ན་ཡང་། ཕྱིས་འབྲས་བུ་དངོས་པོར་འགྱུར་རོ་སྙམ་ན་རྒྱུ་ཡི་དགོས་པ་ཅི་ཞིག་ཡོད་དེ། བྱེ་བ་བརྒྱ་ཕྲག་རྒྱུ་ཡིས་ཀྱང་དངོས་པོ་མེད་པ་དངོས་པོར་བསྒྱུར་དུ་མེད་པས་སོ། །གནས་སྐབས་དེར་འབྲས་བུ་དེ་དངོས་པོ་ཇི་ལྟར་ཡིན་ཏེ་མིན་ལ་ཕྱིས་དངོས་པོར་འགྱུར་བ་གཞན་ཡང་གང་ཞིག་ཡིན། མེད་ཚེ་འབྲས་བུ་དངོས་པོ་ཡོད་པ་སྲིད་པ་མིན་ན། དངོས་མེད་རང་བཞིན་དོར་ནས་དངོས་པོ་ཡོད་པར་ནམ་ཞིག་འགྱུར་ཏེ་གཏན་མི་འགྱུར་པས་སོ། །དངོས་པོ་སྐྱེས་པར་མ་གྱུར་པ་ནི་དངོས་མེད་ཡིན་པས་དེ་ཡི་འཇོག་བྱེད་དང་ནི་འབྲེལ་བར་མི་འགྱུར་རོ། །དངོས་མེད་དང་ནི་མ་བྲལ་ནའང་དངོས་པོ་ཡོད་པའི་སྐབས་མི་སྲིད་དེ། དེ་དངོས་པོའི་འགལ་ཟླ་ཡིན་པའི་ཕྱིར་རོ། །དངོས་པོའང་དངོས་པོ་མེད་པར་འགྱུར་བ་མིན་ཏེ། ཡིན་ན་དངོས་པོ་དེ་རང་བཞིན་གཉིས་སུ་ཐལ་འགྱུར་ཕྱིར། དེ་ལྟར་དཔྱད་ན་འགག་པ་ཡོད་མིན་ཞིང་སྐྱེས་པའི་དངོས་པོའང་ཡོད་མིན་དེ་ཡི་ཕྱིར། འགྲོ་བ་འདི་དག་ཐམས་ཅད་ནི་རྟག་ཏུ་མ་སྐྱེས་ལ་མ་འགག་པ་ཉིད་དེ། མོ་ཤམ་བུའི་སྐྱེ་ཤི་ལྟ་བུའོ། །འོ་ན་སྐྱེ་འགག་ཏུ་སྣང་བ་འདི་ཇི་ལྟ་བུས་ཡིན་ཞེ་ན། འཁྲུལ་པ་ལ་སྣང་བ་འགྲོ་བ་ནི་རྨི་ལམ་ལྟ་བུ་སྟེ། རྣམ་པར་དཔྱད་ན་ཆུ་ཤིང་འདྲ་སྟེ་དེ་ཤུན་པ་ཉིད་དུ་བྱས་པ་བཞིན། དེ་ལྟར་ཡུམ་ལས། གཟུགས་ཀྱི་སྟོང་པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་ཏེ། གཟུགས་ཉིད་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །ཞེས་འདྲེས་སྦྱར་ནས་གསུངས་ཤིང་། དྲི་མ་མེད་པར་གྲགས་པ་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་མཐོང་དགས་སྨྲས་པ། གཟུགས་ཉིད་སྟོང་པ་སྟེ། གཟུགས་བཤིག་པས་སྟོང་པ་མ་ཡིན་རང་བཞིན་སྟོང་པའོ། །དེ་བཞིན་དུ་ཚོར་བ་སོགས་ལ་སྦྱར་ཏེ་གསུང་པ་དང་། དཀོན་བརྩེགས་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད། །ཅེས་གསུངས། ཀླུ་སྒྲུབ་ཀྱིས། གང་ཕྱིར་ཕྱི་རོལ་རྟེན་འབྱུང་ཡང་། །ཚོགས་པ་དག་ལས་བྱུང་བ་ཡིན། །རྔ་ཡི་སྒྲ་དང་མྱུ་གུ་བཞིན། །རྨི་ལམ་སྒྱུ་མ་མཚུངས་པར་འདོད། །ཆོས་རྣམས་རྒྱུ་ལས་སྐྱེ་བ་དང་། །ཅུང་ཟད་འགག་པར་མི་འགྱུར་ཏེ། །རྒྱུ་ནི་རྒྱུ་ཉིད་ཀྱིས་སྟོང་པས། །སྐྱེ་བ་མེད་པ་ཉིད་དུ་རྟོགས། །ཆོས་རྣམས་ཀུན་གྱི་སྐྱེ་མེད་པ། །སྟོང་ཉིད་ཡིན་པར་རབ་ཏུ་བཤད། །ཅེས་སོ། །གཉིས་པ་སྒོམ་པས་དེར་འཇུག་པ་ནི། རྣམ་པར་དཔྱད་ན་མྱ་ངན་ལས་འདས་པ་དང་མ་འདས་པའང་དེ་ཉིད་དུ་ན་ཁྱད་པར་མེད་དེ། རང་བཞིན་མེད་མཉམ་ཡིན་པས་སོ། །དེ་ལྟར་སྟོང་པའི་རང་བཞིན་དངོས་པོར་སྣང་བ་རྣམས་ལ་ཐོབ་པ་ཅི་ཡོད་ཤོར་བ་ཅི་ཡོད། དེ་བཞིན་གང་གིས་རིམ་གྲོ་བྱས་པའམ་ནི་ཡོངས་སུ་བརྙས་པའང་ཅི་ཞིག་ཡོད། ལུས་སེམས་བདེ་བའམ་སྡུག་བསྔལ་བ་ཡང་གང་ལས་ཡིན། མི་དགར་ཅི་ཡོད་དགར་ཅི་ཡོད། དེ་ཉིད་དུ་ནི་རིག་པས་བཙལ་བྱས་ན་གང་ཟག་གང་ཞིག་སྲེད་ཅིང་ཡུལ་གང་ལ་སྲེད། དཔྱད་ན་གསོན་པའི་འཇིག་རྟེན་འདི་ནི་གང་ཟག་གང་ཞིག་འཇིག་རྟེན་འདིར་ནི་འཆིང་འགྱུར་ཏེ། འབྱུང་འགྱུར་གང་ཡིན་བྱུང་བར་གྱུར་བ་གང་། གཉེན་གང་བཤེས་ཀྱང་གང་ཞིག་ཡིན། ཐམས་ཅད་མི་དམིགས་པས་ནམ་མཁའ་དང་འདྲ་བར་ནི་ཞི་ལྷ་བདག་འདྲས་ཡོངས་སུ་གཟུང་བར་ཏེ་བསྒོམ་པར་གྱིས་ཤིག དེ་ཡང་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་དུ། དམིགས་པ་དང་ནི་བྲལ་བའི་སེམས། །ནམ་མཁའི་མཚན་ཉིད་ལ་གནས་ཏེ། །ནམ་མཁའ་སྒོམ་པར་བྱེད་པ་འདི། །སྟོང་པ་ཉིད་ནི་བསྒོམ་པར་བཞེད། །ཅེས་གསུངས་སོ། །གསུམ་པ་སྤྱོད་པ་ཐབས་ཤེས་ཀྱི་བགྲོད་པ་བཤད་པ་ནི། ཀླུ་སྒྲུབ་ཀྱིས། སྟོང་པ་ཉིད་འདི་བསྒོམ་བྱས་ན། །གཞན་གྱི་དོན་ལ་དགའ་བའི་བློ། །འབྱུང་བ་ཉིད་དུ་ཐེ་ཚོམ་མེད། །ཅེས་པས། བདག་ཉིད་འདིར་བདེ་བར་འདོད་པ་རྣམས་ནི། དགྲ་ལ་འཐབ་པ་དང་། གཉེན་བཤེས་ལ་སྤྲོ་བའི་རྒྱུ་དག་གིས་གོ་རིམ་བཞིན་རབ་ཏུ་འཁྲུག་དང་དགའ་བར་བྱེད། འདོད་པ་ཉམས་ན་མྱ་ངན་དང་། འདོད་པ་སྒྲུབ་པ་ལ་འབད་རྩོལ། འདོད་པའི་ཆེད་དུ་རྩོད་པ་དང་། ཕན་ཚུན་གཅོད་དང་འབིགས་པ་དང་། བསྡིགས་པ་དག་གིས་ནི་དཀའ་ཚེགས་ཆེན་པོས་སྲོག་འཚོ། དགེ་བ་ཟག་བཅས་ལ་བརྟེན་པ་དེ་དག་ཀྱང་། བདེ་འགྲོར་ཡང་དང་ཡང་འོངས་ཏེ། བདེ་བ་མང་པོ་ལོངས་སྤྱད་སྤྱད་ནས། དགེ་བའི་ནུས་པ་ཟད་དེ་ཤི་ནས་ངན་སོང་གི་སྡུག་བསྔལ་ནི། ཡུན་རིང་མི་བཟད་རྣམས་སུ་ལྟུང་། དེ་བས་སྲིད་པ་ན་ནི་གཡང་ས་མང་ལ། དེར་ནི་དེ་ཁོ་ན་ཉིད་རྟོགས་པ་མིན་པ་འདི་འདྲ་དག་འཁྱམ་མོ། །དེར་ཡང་འཁོར་བ་དང་སྟོང་ཉིད་སྒོམ་པ་ཕན་ཚུན་འགལ་བས་ན་སྲིད་པ་ན་དེ་ཁོ་ན་ཉིད་འདི་འདྲ་བ་རྟོགས་པ་མེད་དོ། །སྲིད་པ་དེར་ཡང་དཔེ་མེད་པ་བཟོད་པར་དཀའ་བས་མི་བཟད་པའི་སྡུག་བསྔལ་རྒྱ་མཚོ་མཐའ་ལས་འདས། དེར་ནི་དེ་ལྟར་སྡུག་བསྔལ་སྤོང་བ་དང་དགེ་བ་སྒྲུབ་ལ་སྟོབས་ཆུང་ཞིང་། རྒྱུ་དེས་དེར་ནི་ཚེ་ཡང་ཐུང་བ་ཉིད། དེར་ཡང་གསོན་དང་ནད་མེད་ཀྱི་ཕྱིར་དུ་ཐབས་སྣ་ཚོགས་བྱེད་པ་དང་། བཀྲེས་དང་ངལ་བ་དང་། ཚེ་དེའི་ཕྱེད་ཙམ་གཉིད་དང་དགྲས་འཚེ་བ་དང་། དེ་བཞིན་དུ་གྲོགས་བྱིས་པ་དང་འགྲོགས་པ་སོགས་དོན་མེད་ཀྱི་ལས་ཀས། ཚེ་ནི་དོན་མེད་པར་མྱུར་འདའ་ཡི། རྣམ་པར་དཔྱོད་པ་འདི་ལྟ་བུའི་ཤེས་རབ་ཤིན་ཏུ་རྙེད་པར་དཀའ་འོ། །དེར་རྣམ་པར་གཡེང་བ་ལ་གོམས་པ་ནི་ཟློག་པའི་ཐབས་ཏིང་ངེ་འཛིན་ནི་ག་ལ་ཡོད། དེར་ཡང་དེ་དག་ངན་སོང་ཆེན་པོ་དམྱལ་བར་ནི་ལྟུང་བའི་ཕྱིར་བདུད་སྡིག་ཅན་ཆུང་མ་བློན་པོ་བཞི་དང་བཅས་པ་ནི་བརྩོན་པར་བྱེད། དེས་དེར་ནི་ལོག་པའི་ལམ་མང་ཞིང་། ཤེས་རབ་མཆོག་མེད་པར་ཐེ་ཚོམ་ལས་ཀྱང་བརྒལ་དཀའ་སྟེ། མི་དགེ་བ་ཤས་ཆེ་བར་འགྱུར་ནས་སླར་ཡང་དལ་བ་རྙེད་དཀའ་ཞིང་། སངས་རྒྱས་འབྱུང་བ་རྙེད་པར་ཤིན་ཏུ་དཀའ། ཅིའི་ཕྱིར་ན། ཉོན་མོངས་ཆུ་བོ་ལྟ་བུར་འབབ་པས་སྤང་དཀའ་སྟེ། ཨེ་མ་འཁོར་བ་འདི་རྣམས་སྡུག་བསྔལ་བརྒྱུད་མར་འབྱུང་སྟེ་འཁོར་མོར་འཁོར་བས་སོ། །དེ་ལྟར་འཁོར་བ་ན་ཤིན་ཏུ་སྡུག་བསྔལ་ཡང་། རང་ཉིད་སྡུག་བསྔལ་བ་མི་མཐོང་ཞིང་འཁོར་བ་ལ་སྐྱོ་བ་མི་སྐྱེ་བ་གང་ཡིན་པ་སྡུག་བསྔལ་གྱི་ཆུ་བོར་གནས་པ་འདི་དག་གི་ཕྱིར་དུ་ཀྱི་ཧུད་ཅེས་མྱ་ངན་བྱ་བར་འོས་ཏེ། དེ་དག་གི་སྡུག་བསྔལ་བདག་གིས་མི་བཟོད་པའི་ཕྱིར་རོ། །དེ་དག་དཔེར་ན་འགའ་ཞིག་ཡང་ཡང་ཁྲུས་བྱས་ཏེ་ཡང་ཡང་མེར་འཇུག་པ། དེ་ལྟར་ཤིན་ཏུ་སྡུག་བསྔལ་བར་གནས་ཀྱང་བདག་ཉིད་བདེ་བར་རློམ་ཞིང་། དེ་ལྟར་རྒ་བ་དང་འཆི་བ་འོང་བ་མེད་པ་བཞིན་དུ་བག་མེད་པར་སྤྱོད་པས་གནས་པ་རྣམས་ལ། དང་པོ་ཉིད་དུ་འཆི་བདག་གིས་བསད་པར་བྱས་ནས་ངན་སོང་གསུམ་དུ་ལྟུང་བས་སྡུག་བསྔལ་མི་བཟད་པ་འོང་ངོ་། །དེ་ལྟར་སྡུག་བསྔལ་བ་སོ་སོའི་མེས་གདུངས་པ་ལ་དམིགས་པ་འདི་རྣམས་སྙིང་རྗེའི་དམིགས་པའོ། །དེ་འདོན་པའི་ཕྱིར་བདག་ཅི་དྲག་ལ་བྱ་བ་བུ་སྡུག་བསྔལ་བའི་མ་ལྟ་བུ་སྟེ། བྱང་ཆུབ་སེམས་འགྲེལ་ལས། གང་ཞིག་སྒོམ་པས་བརྟན་པ་ནི། །གཞན་གྱི་སྡུག་བསྔལ་མི་བཟོད་པས། །བསམ་གཏན་བདེ་བ་དོར་ནས་ནི། །མནར་མེད་པ་ཡང་འཇུག་པར་བྱེད། །ཅེས་སོ། །ཐབས་གང་གིས་ན་ཚོགས་གཉིས་རྫོགས་པར་བྱ་བས་ཏེ། དེའི་དང་པོ་སྦྱིན་སོགས་ཐབས་བསྟན་པ་བསོད་ནམས་ཀྱི་སྤྲིན་ལས་ལེགས་བྱུང་བའི་སེམས་ཅན་རང་གི་བདེ་བ་དེ་དང་དེ་བྱེད་པའི་ཚོགས་ཀྱི་ཆར་གྱིས་སྡུག་བསྔལ་དེ་དག་ཞི་བ་བྱེད་པར་བདག་ནམ་ཞིག་ན་འགྱུར། ཡེ་ཤེས་ནི་ནམ་ཞིག་འཁོར་གསུམ་གྱི་དམིགས་པ་མེད་ཚུལ་དུ། གུས་པ་ཡི་བསོད་ནམས་ཚོགས་སྒྱུ་མ་ལྟ་བུའི་ངང་ལས་བསགས་ཏེ། དམིགས་པས་ཕུང་བར་གྱུར་པ་རྣམས་ལ་སྟོང་པ་ཉིད་ནི་སྟོན་པའི་སངས་རྒྱས་པར་འགྱུར་ཞིག་གུ་ཞེས་སྨོན་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་དགུ་པའོ།། །། ༈ གསུམ་པ་ཐ་མར་དགེ་བ་མཇུག་དོན་ལ། བརྩམས་པའི་དགེ་བ་སེམས་ཅན་སྤྱི་ལ་བཏང་བ། སོ་སོ་ལ་སྨན་པར་སྨོན་པ། བདག་གི་དོན་འགྲུབ་པར་བསྔོ་བའོ། །དང་པོ་ནི། སྤྱོད་པ་ཐམས་ཅད་ཡོངས་སུ་བསྔོ་བ་ནི་ཐེག་ཆེན་གྱི་ཁྱད་ཆོས་ཡིན་པས་བདག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་རྣམ་པར་བརྩམས་པ་ཡི། དགེ་བ་ཐོབ་པ་གང་དེས་འགྲོ་བ་ཀུན་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་ཤོག ཕྱོགས་རྣམས་ཀུན་ན་འཁོར་བ་པ་ལུས་དང་སེམས་སྡུག་བསྔལ་བའི་མ་རིག་པའི་ནད་ཞུགས་པ་ཇི་སྙེད་པ། དེ་དག་བདག་གི་བསོད་ནམས་ཀྱིས་ལུས་བདེ་བ་དང་སེམས་དགའ་བ་རྒྱ་མཚོ་ཐོབ་པར་ཤོག སེམས་ཅན་དེ་དག་སངས་རྒྱས་ཀྱི་བདེ་བ་ཐོབ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས་སངས་རྒྱས་མ་ཐོབ་བར་གྱི་འཁོར་བ་ཇི་སྲིད་དུ་ནམ་ཡང་བདེ་བ་ལས་ཉམས་པར་མ་གྱུར་པ་དང་། མྱུར་དུ་འགྲོ་བས་བླ་ན་མེད་པ་བྱང་ཆུབ་སེམས་དཔའ་ཡི། བདེ་བ་རྒྱུན་མི་ཆད་པ་དེ་ཐོབ་པར་ཤོག་ཅིག འདི་ནི་དགེ་བ་གཞན་ལ་གཏོང་བ་སྟེ། དེ་དག་མ་རིག་པ་དང་བྲལ་བ་དང་། ཐམས་ཅད་མཁྱེན་དུ་འགྱུར་བར་འདིས་གྱུར་ཅིག་པའོ། །གཉིས་པ་སོ་སོ་ལ་སྨན་པར་བསྔོ་བ་ལ། ངན་སོང་ལ་སྨན་པ། མཐོ་རིས་ལ་སྨན་པ། ཐར་པར་ཞུགས་པ་ལ་སྨན་པར་སྨོན་པ་གསུམ་ལས། དང་པོ་ནི། འཇིག་རྟེན་ཁམས་ན་དམྱལ་བ་དག གང་དག་ཇི་སྙེད་ཡོད་པ་རྣམས་དེ་དག་ཏུ་ནི། ལུས་ཅན་དམྱལ་བ་པ་དེ་དག་རྣམས་བདེ་བ་ཅན་གྱི་སེམས་ཅན་བཞིན་དུ་བདེ་བས་དགའ་བར་ཤོག ཆུ་བུར་ཅན་སོགས་གྲང་བས་ཉམ་ཐག་པ་རྣམས་ཀྱིས་དྲོ་བ་ཐོབ་པར་ཤོག བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་སྤྲིན་ཆེན་ལས་འབྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། ཚ་བས་ཉམ་ཐག་པ་བསིལ་བར་ཤོག རལ་གྲི་ལོ་མའི་ནགས་ཚལ་ཡང་། དེ་ལ་དགའ་ཚལ་སྙིང་སྡུག་གུར་ཤོག ཤིང་ཤལ་མ་རིའི་སྡོང་པོ་དག་ནི། དཔག་བསམ་ཤིང་དུ་འཁྲུངས་པར་ཤོག བྱ་མཐིང་རིལ་དང་། ངུར་པ་དག་དང་ངང་པ་དང་བཞད་སོགས་སྐད་སྙན་འབྱིན་པས་མཛེས་གྱུར་ཅིག པདྨ་དྲི་བསུང་ཆེ་བ་དང་ལྡན་པའི་མཚོ་དག་གིས་དམྱལ་བའི་ས་ཕྱོགས་དག་ནི་ཉམས་དགའ་བར་ཤོག སོལ་ཕུང་དེ་ཡང་རིན་ཆེན་ཕུང་པོར་གྱུར། ས་གཞི་བསྲེགས་པ་དེ་ཡང་ཤེལ་གྱི་ས་གཞི་བསྟར་བར་ཤོག བསྡུས་འཇོམས་པའི་ལྕགས་ཀྱི་རི་བོ་རྣམས་ཀྱང་མཆོད་པ་ཡི་གཞལ་མེད་ཁང་དུ་གྱུར་ནས་བདེར་གཤེགས་རྣམས་ཀྱིས་གང་བར་ཤོག མདག་མ་རྡོ་སྲེག་མཚོན་གྱི་ཆར་པ་དག དེང་ནས་གཟུང་སྟེ་མེ་ཏོག་ཆར་པར་གྱུར་ཅིག ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡང་ནི། དེང་ནས་བརྩེ་བའི་ཕྱིར་མེ་ཏོག་འཕེན་པར་ཤོག ཆུ་བོ་རབ་མེད་མེ་དོང་འདྲ་བའི་ནང་དུ་བྱིང་བ་དག ཤ་ཀུན་ཞིག་པར་གྱུར་ཅིང་རུས་གོང་མེ་ཏོག་ཀུན་དའི་མདོག་ལྟ་བུར་གྱུར་པ་དེ་དག བདག་གི་དགེ་བའི་སྟོབས་ཀྱིས་ལྷའི་ལུས་ཐོབ་ནས་ལྷ་མོ་རྣམས་དང་ལྷན་ཅིག་ཆུ་ཀླུང་དལ་གྱིས་འབབ་པ་ལ་གནས་པར་ཤོག ཅིའི་ཕྱིར་དམྱལ་བ་པ་དག་འདི་ནི་སྔར་དང་མི་འདྲ་བ་གཤིན་རྗེའི་མི་དང་། ཁྭ་དང་བྱ་རྒོད་མི་བཟད་རྣམས་དྲེད་ཅིང་སྐྲག་ནས་འབྱེར་བར་བྱེད་པ་དང་། ཀུན་ནས་མུན་བསལ་བདེ་བའི་དགའ་བ་བསྐྱེད་པའི་མཐུ་བཟང་པོ་འདི་ཀོ་སུའི་མཐུ་ཡིན་སྙམ་སྟེ། གྱེན་དུ་བལྟས་ནས་ནམ་མཁའི་དཀྱིལ་ན་ཕྱག་ན་རྡོ་རྗེ་འབར་བ་བཞུགས་པ་མཐོང་ནས། དེ་ལ་རབ་ཏུ་དགའ་བ་དང་དད་པ་སྐྱེས་པའི་ཤུགས་ཀྱིས་སྡིག་དང་བྲལ་ནས་དེ་དང་ལྷན་ཅིག་འགྲོགས་ཏེ་ལྕང་ལོ་ཅན་དུ་འགྲོ་བར་ཤོག མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་འབབ་པ་ཡིས་དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པ་དམྱལ་བ་རྣམས་ཀྱིས་མཐོང་བར་གྱུར་ནས། གློ་བུར་དུ་བདག་ཅག་བདེ་བས་ཚིམ་པར་བྱེད་པ་འདི་ཅི་ཞིག་བསམ་པ་དང་། སེམས་ཅན་དམྱལ་བ་པ་དེ་རྣམས་ཀྱིས་ཕྱག་ན་པདྨོ་སྟེ་སྤྱན་རས་གཟིགས་དེར་བྱོན་པ་མཐོང་བར་ཤོག དམྱལ་བ་དེ་དག་གཅིག་གིས་གཅིག་ལ་གྲོགས་དག་མྱུར་དུ་ཚུར་ཤོག་ཚུར་ཤོག་བདག་ཅག་གསོན་པར་འགྱུར་རོ། །འཇིགས་པ་སྤོངས་ཤིག་གང་གི་མཐུ་ཡིས་སྡུག་བསྔལ་ཀུན་དང་བྲལ་ནས་དགའ་བའི་ཤུགས་ཀྱིས་དབུགས་ཕྱིན་ལ། འགྲོ་བ་རྣམས་སྡུག་བསྔལ་ལས་ཀུན་ནས་ཡོངས་སུ་སྐྱོབ་པའི་བྱང་ཆུབ་སེམས་དང་བརྩེ་བའི་བསམ་པ་བུ་གཅིག་པའི་མ་ལྟ་བུ་ནི་བདག་ཅག་ལ་སྐྱེས་པར་གྱུར་པས། གཞོན་ནུ་ཟུར་ཕུད་ཅན་འབར་འཇིགས་པ་མེད་པར་བྱེད་པ་སུ་ཞིག་འདིར་ཕྱིན་པར་གྱུར་ཏོ། །གྲོགས་པོ་ཁྱོད་ཀྱིས་ལྷ་བརྒྱའི་ཅོད་པན་དག་གིས་ཞབས་ཀྱི་པདྨོ་ལ་མཆོད་ཅིང་ཐུགས་རྗེས་བརླན་པའི་སྤྱན་དང་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱི་ཆར་འབབ་པའི་འཇམ་དབྱངས། ཁང་པ་བརྩེགས་པ་ཡིད་དུ་འོང་བ་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོགས་ལྡན་ནང་ན་བཞུགས་པ་འདི་ལྟོས་ཞེས་གྲོགས་རྣམས་ལ་བསྟན་ཏེ། ཐམས་ཅད་ཀྱིས་འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ་དགའ་བས་ཀུ་ཅོ་འདོན་པར་ཤོག དེ་ལྟར་བདག་གི་དགེ་རྩས་ཀུན་ཏུ་བཟང་པོ་ལ་སོགས་བྱང་ཆུབ་སེམས་དཔའ་སྒྲིབ་པ་མེད་པའི་སྤྲིན་ལས་བདེ་བ་དང་བསིལ་ཞིང་དྲི་ཞིམ་པོའི་ངད་དང་ལྡན་པའི་ཆར་པ་འབེབས་པ་མཐོང་ནས། སེམས་ཅན་དམྱལ་བ་པ་དེ་དག་མངོན་པར་དགའ་གྱུར་ཅིག དུད་འགྲོ་རྣམས་ནི་གཅིག་ལ་གཅིག་ཟ་བའི་ཆུ་སྲིན་ཉ་མིད་ལྟ་བུའི་འཇིགས་པ་དང་བྲལ་བར་ཤོག སྒྲ་མི་སྙན་པའི་མི་བཞིན་དུ་ཡི་དྭགས་རྣམས་ནི་ལོངས་སྤྱོད་ཐོགས་པ་མེད་པ་ལ་སྤྱོད་པས་བདེ་བར་གྱུར་ཅིག གཞན་ཡང་དེ་དག་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་ནས་འབབ་པའི་འོ་མའི་རྒྱུན་གྱིས་ཡི་དྭགས་རྣམས་ནི་ཚིམ་པར་བྱས་ཤིང་། ཡི་དྭགས་ཚ་བས་གདུངས་པ་དག་དེས་ཁྲུས་བྱས་རྟག་ཏུ་བསིལ་བར་ཤོག གཉིས་པ་མཐོ་རིས་ལ་སྨན་པར་སྨོན་པ་ནི། མིག་ལོང་བ་རྣམས་ཀྱི་མིག་གིས་གཟུགས་མཐོང་ཞིང་། འོན་པས་རྟག་ཏུ་ཆོས་སྒྲ་ཐོས་པར་ཤོག ལྷ་མོ་སྒྱུ་འཕྲུལ་མ་ཇི་བཞིན་དུ་སྦྲུམ་མའང་གནོད་པ་མེད་པར་བཙའ་བར་ཤོག གཅེར་བུ་འཁྱམས་པ་རྣམས་ཀྱིས་གོས་དག་དང་། བཀྲེས་པ་རྣམས་ཀྱིས་ནི་ཟས་དང་ནི། སྐོམ་པ་རྣམས་ཀྱིས་ནི་ཆུ་དག་དང་། མྱོས་བྱེད་མིན་པའི་བཏུང་བ་ཞིམ་པོ་ཐོབ་པར་ཤོག བཀྲེས་པ་རྣམས་ཀྱིས་ནོར་ལོངས་སྤྱོད་ཐོབ་པར་ཤོག མྱ་ངན་གྱིས་ཉམ་ཐག་པ་རྣམས་ཡིད་དགའ་བ་ཐོབ་པར་ཤོག ཡིད་ཆད་པ་རྣམས་ཀྱང་ཡིད་གསོས་ཤིང་། ཡིད་བརྟན་པ་ཕུན་སུམ་ཚོགས་པར་ཤོག སེམས་ཅན་ནད་པའི་རིགས་ཇི་སྙེད་པ་མྱུར་དུ་ནད་ལས་ཐར་བར་ཤོག ཕྱིན་ཆད་འགྲོ་བའི་ནད་ནི་མ་ལུས་པ་རྟག་ཏུ་འབྱུང་བ་མེད་པར་ཤོག དངངས་སྐྲག་པ་རྣམས་ནི་འཇིགས་པ་མེད་པར་ཤོག བཙོན་སོགས་བཅིངས་པ་རྣམས་ནི་གྲོལ་བར་གྱུར་ཅིག དོན་ཆེ་བའི་བྱ་བ་སྒྲུབ་པའི་མཐུ་མེད་པ་རྣམས་ནི་མཐུ་དང་ལྡན་ཞིང་སེམས་ནི་ཕན་ཚུན་འཇམ་ཞིང་མཉེན་པར་གྱུར་ཅིག ཕྱོགས་ཕྱོགས་སུ་འགྲོ་བའི་མགྲོན་པོ་དག་ནི་ཐམས་ཅད་ལ་ཕྱོགས་རྣམས་སུ་ཐམས་ཅད་འཇིགས་པ་མེད་པར་བདེ་བར་ཤོག གང་གི་དོན་དུ་འགྲོ་བྱེད་པ་དེ་འབད་མི་དགོས་པར་འགྲུབ་པར་གྱུར་ཅིག གྲུ་དང་གྲུ་ཆེན་གཟིངས་སུ་ཞུགས་པ་རྣམས་རང་རང་ཡིད་ལ་བསམས་པ་དེ་འགྲུབ་འགྱུར་ཏེ། ཆུ་ཡི་ངོགས་སུ་བདེ་བར་ཕྱིན་ནས་གཉེན་དང་ཕྲད་ནས་ལྷན་ཅིག་དགའ་བར་ཤོག མྱ་ངམ་གྱི་ཐང་དུ་ལམ་གོལ་འཁྱམས་པ་རྣམས། མགྲོན་པོ་དག་དང་ཕྲད་གྱུར་ནས་ཆོམ་རྐུན་དང་སྟག་སོགས་ཀྱི་འཇིགས་པ་མེད་པར་མི་ངལ་ཞིང་བདེ་བླག་ཏུ་འདོང་བར་ཤོག དགོན་པ་སྟེ་ས་ཕྱོགས་སྟོང་པ་སོགས་ལ་ལམ་མེད་ཉམ་ང་བར། བྱིས་པ་དང་རྒན་པོ་མགོན་མེད་པ། གཉིད་ལོག་གཉིད་ཀྱིས་མྱོས་ཤིང་རབ་ཏུ་མྱོས་པ་རྣམས་ལྷ་དག་གིས་སྲུང་བར་བྱེད་པར་ཤོག མི་དལ་བ་སྟེ་མི་ཁོམ་པ་ཀུན་ལས་ཐར་བ་དང་། གནས་ལ་དད་པ་དང་ཤེས་རབ་དང་། བརྩེ་བ་དང་ལྡན་ཞིང་ཟས་དང་སྤྱོད་པ་ཕུན་སུམ་ཚོགས་ནས། དུས་རྟག་ཏུ་ཚེ་རབས་དྲན་པར་གྱུར་ཅིག སེམས་ཅན་ཐམས་ཅད་ལ་ནམ་མཁའི་མཛོད་བཞིན་དུ་ལོངས་སྤྱོད་ཟད་པ་མེད་པར་ཤོག ལོངས་སྤྱོད་དེ་ལའང་རྩོད་པ་མེད་ཅིང་ཕན་ཚུན་འཚེ་བ་མེད་པར་རང་དབང་བདག་འདུས་སུ་ནི་སྤྱོད་པར་ཤོག སེམས་ཅན་གཟི་བརྗིད་ཆུང་ངུ་གང་ཡིན་པ་དེ་དག་གཟི་བརྗིད་ཆེན་པོར་ཤོག དཀའ་ཐུབ་ཅན་གང་གཟུགས་ངན་པ་དེ་དག་གཟུགས་བཟང་པོ་ཕུན་སུམ་ཚོགས་པར་གྱུར་ཅིག འཇིག་རྟེན་ན་བུད་མེད་ཇི་སྙེད་ཡོད་པ་དེ་དག་སྐྱེས་པ་ཉིད་དུ་གྱུར་ཅིག མ་རབས་རིགས་ངན་པ་རྣམས་ནི་ཕྱི་མ་རིགས་མཐོ་བ་ཐོབ་ཅིང་། དེ་དུས་ང་རྒྱལ་དག་ཀྱང་བཅོམ་པར་ཤོག བདག་གིས་བསོད་ནམས་འདི་ཡི་མཐུས་ནི་སེམས་ཅན་ཐམས་ཅད་མ་ལུས་པ་སྡིག་པ་ཐམས་ཅད་སྤངས་ནས་ནི་དུས་རྟག་ཏུ་དེ་རྒྱུ་དགེ་བ་བྱེད་པར་ཤོག གསུམ་པ་ཐར་པ་ཞུགས་པ་ལ་སྨན་པར་སྨོན་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་བྱང་ཆུབ་ཀྱི་སྤྱོད་པ་ལ་གཞོལ་བ་དང་། རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་གཟུང་ཞིང་དཔུང་མཛད་པས་བདུད་ཀྱིས་ལས་རྣམས་ཀྱང་སྤང་བའམ་འཇོམས་པར་ཤོག སེམས་བསྐྱེད་པའི་སེམས་ཅན་དེ་དག་ཐམས་ཅད་ནི། ཚེ་ཡང་དཔག་ཏུ་མེད་པར་རིང་བར་ཤོག རྟག་ཏུ་བདེ་བར་འཚོ་འགྱུར་ཞིང་འཆི་བའི་སྒྲ་ཡང་གྲགས་པར་མ་གྱུར་ཅིག དཔག་བསམ་ཤིང་གིས་ཁྱབ་པའི་སྐྱེད་མོས་ཚལ་དེར་སངས་རྒྱས་དང་ནི་སངས་རྒྱས་ཀྱི་སྲས་ཆོས་སྙན་པའི་སྒྲ་སྒྲོག་པས་གང་བ་ཡིས། ཕྱོགས་རྣམས་ཐམས་ཅད་གང་བར་ཤོག འཇིག་རྟེན་ཐམས་ཅད་དུ་ཡང་ས་གཞི་དག་གསེག་མ་ལ་སོགས་མེད་པ་དང་། ལག་མཐིལ་ལྟར་འཁོད་སྙོམས་པ་བཻ་ཌཱུརྻའི་རང་བཞིན་ལ་གསེར་གྱི་མིག་མང་རིས་སུ་བྲིས་པ་མནན་ན་སོར་བཞིར་ནེམ་ཞིང་། བཏེག་ན་སོར་བཞིར་འཕར་བ་འཇམ་པོར་གནས་པར་གྱུར་ཅིག འཁོར་གྱི་དཀྱིལ་འཁོར་ཡོད་དགུར་ཡང་བྱང་ཆུབ་སེམས་དཔའ་མང་པོ་དག་ནི། རང་གི་ལེགས་པའི་ཡོན་ཏན་གྱིས་ས་སྟེང་དག་བརྒྱན་པར་མཛད་པ་འབའ་ཞིག་དགྱེས་པས་བཞུགས་པར་གྱུར་ཅིག ལུས་ཅན་ཀུན་གྱི་གནས་ན། བྱ་དང་རི་དྭགས་དང་ནི་ཤིང་ལྗོན་པ་ལས་དང་འོད་ཟེར་ཐམས་ཅད་དང་ནམ་མཁའ་ལས་ཀྱང་ཕན་པའི་ཆོས་ཀྱི་སྒྲ་རྒྱུན་མི་ཆད་པར་ཐོས་པར་ཤོག དེ་དག་རྟག་ཏུ་རྫོགས་པའི་སངས་རྒྱས་དང་། སངས་རྒྱས་ཀྱི་སྲས་དང་ཕྲད་པར་གྱུར་ཅིག མཆོད་པའི་སྤྲིན་ནི་མཐའ་ཡས་པས་འགྲོ་བའི་བླ་མ་སངས་རྒྱས་མཆོད་པར་ཤོག་ཅིག་པའོ། །འཇིག་རྟེན་འདིར་ལྷ་ཡང་དུས་སུ་ཆར་འབེབས་ཤིང་དེའི་མཐུས་ལོ་ཏོག་ཕུན་སུམ་ཚོགས་པར་ཤོག རྒྱལ་པོ་རྣམས་ནི་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བར་བྱེད་པར་གྱུར་ཅིག འཇིག་རྟེན་དག་ཀྱང་བདེ་སྐྱིད་ཕུན་སུམ་ཚོགས་པས་དར་བར་ཤོག ནད་སེལ་བའི་སྨན་སྦྱོར་བ་རྣམས་མཐུ་དང་ལྡན་པ་དང་། གསང་སྔགས་ཀྱི་བཟླས་བརྗོད་བྱེད་པ་རྣམས་འདོད་པའི་ནུས་པ་གྲུབ་པར་ཤོག མཁའ་འགྲོ་དང་སྲིན་པོ་གནོད་སྦྱིན་ལ་སོགས་པ་འདྲེ་གདུག་སེམས་ཅན་ཐམས་ཅད་གཞན་ལ་སྙིང་རྗེའི་སེམས་དང་ལྡན་པར་གྱུར་ཅིག སེམས་ཅན་འགའ་ཡང་སྡུག་པར་མ་གྱུར་ལ་འཇིགས་དང་བརྙས་པར་མི་འགྱུར་ཞིང་། འགའ་ཡང་ཡིད་མི་བདེར་མ་གྱུར་ཅིག གཙུག་ལག་ཁང་རྣམས་སྟོན་པའི་གསུང་ཀློག་པ་དང་། ཁ་ཏོན་གྱིས་དར་ཞིང་རྒྱས་ལ་ལེགས་པར་གནས་པར་ཤོག དུས་རྟག་ཏུ་དགེ་འདུན་མཐུན་པ་དང་དགེ་འདུན་གྱི་དོན་ཡང་འགྲུབ་པར་ཤོག་ཅིག བསླབ་པ་སྲུང་བར་འདོད་པའི་དགེ་སློང་དག ལྟུང་བ་བསྐྱེད་པའི་རྒྱུས་དབེན་པ་དག་ཀྱང་ཐོབ་པར་ཤོག གཡེང་བ་ཐམས་ཅད་སྤངས་ནས་ནི་ཏིང་ངེ་འཛིན་གྱིས་སེམས་ནི་ལས་སུ་རུང་བ་བསྒོམ་པར་གྱུར་ཅིག དགེ་སློང་མ་གནས་པ་རྣམས་རྙེད་པ་དང་ལྡན་ཞིང་ཕན་ཚུན་འཐབ་དང་གཞན་གྱི་གནོད་པ་བྱེད་པ་སྤངས་པར་ཤོག དེ་བཞིན་རབ་ཏུ་བྱུང་བ་ཀུན་ཚུལ་ཁྲིམས་ཉམས་པ་མེད་པར་གྱུར་ཅིག ཚུལ་ཁྲིམས་འཆལ་བ་ལ་སྐྱོན་དུ་མཐོང་བའི་ཡིད་འབྱུང་སྐྱེས་ནས་ལྟུང་བ་ཕྲ་མོ་ཚུན་ཕྱིར་བཅོས་པས་རྟག་ཏུ་སྡིག་པ་ཟད་བྱེད་ཤོག ཕྱི་མ་བདེ་འགྲོ་དག་ཀྱང་ཐོབ་གྱུར་ནས། དེར་ཡང་བརཏལ་ཞུགས་དེ་བླངས་ནས་མི་ཉམས་པར་བསྲུངས་བར་ཤོག མཁས་པ་རྣམས་ནི་ཐམས་ཅད་ཀྱིས་བཀུར་བ་དང་། བསོད་སྙོམས་པ་དག་ཀྱང་རྙེད་པ་ཕུན་སུམ་ཚོགས་པར་ཤོག མཁས་པ་དེ་དག་རྒྱུད་ནི་ཡོངས་སུ་དག་པ་ང་རྒྱལ་ཕྲག་དོག་མེད་པ་དང་། དེའི་དབང་གིས་ཕྱོགས་རྣམས་ཀུན་དུ་གྲགས་པར་ཤོག གར་སྐྱེ་བ་ཐམས་ཅད་དུ་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། དཀའ་བ་སྤྱད་པ་མེད་པར་ཡང་ནི་ལྷ་བས་ལྷག་པའི་ལུས་དལ་འབྱོར་ཉིད་ཀྱིས་ནི། དེ་དག་སངས་རྒྱས་མྱུར་འགྲུབ་ཤོག སེམས་ཅན་ཀུན་གྱིས་ལན་མང་དུ་སངས་རྒྱས་ཐམས་ཅད་མཆོད་པར་བྱེད་ཅིང་འབྲས་བུ་སངས་རྒྱས་ཀྱི་བདེ་བ་བསམ་ཡས་ཀྱིས་རྟག་ཏུ་བདེ་དང་ལྡན་གྱུར་ཅིག བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་འགྲོ་བའི་དོན་ཐུགས་ལ་ཇི་ལྟར་དགོངས་པ་དེ་འགྲུབ་པར་ཤོག མགོན་པོ་དེ་བཞིན་གཤེགས་པ་ཡིས་ནི་སློབ་པའི་དུས་ན་གང་དགོངས་པ་སེམས་ཅན་རྣམས་ལ་བདེ་བ་དེ་འབྱོར་ཅིང་འགྲུབ་པར་ཤོག དེ་བཞིན་དུ་རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་ཀྱང་བདེ་བར་གྱུར་ཅིག གསུམ་པ་བདག་གི་དོན་འགྲུབ་པར་བསྔོ་བ་ནི། བདག་ཀྱང་འཇམ་པའི་དབྱངས་ཀྱི་བཀའ་དྲིན་གྱིས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པར་འགྱུར་བའི་བར་དུ། དུས་རྟག་ཏུ་ཚེ་རབས་དྲན་པ་དང་། སྐྱེས་མ་ཐག་ཏུ་རབ་ཏུ་བྱུང་བ་ཐོབ་པར་ཤོག བདག་ནི་ཁ་ཟས་གྱི་ན་ཙམ་གྱིས་ཀྱང་ལུས་ཉམས་བརྟས་པ་དང་ལྡན་ཞིང་དེས་སྲོག་འཚོ་བར་ཤོག ཚེ་རབས་ཀུན་ཏུ་དབེན་པར་གནས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་ཐོབ་པར་ཤོག གང་གི་ཚེ་བདག་ལ་ལྟ་བར་འདོད་པའམ་ཅུང་ཟད་དྲི་བར་འདོད་པ་སྐྱེས་ན་ཡང་མགོན་པོ་འཇམ་དབྱངས་དེ་ཉིད་ནི། གེགས་མེད་པར་ཡང་ནི་མཐོང་བར་ཤོག ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཀུན་གྱི་དོན་སྒྲུབ་པའི་ཕྱིར། ཇི་ལྟར་འཇམ་པའི་དབྱངས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་ལྟར་བདག་གི་སྤྱོད་པའང་དེ་དང་འདྲ་བར་ཤོག ཇི་སྲིད་ནམ་མཁའ་གནས་པར་གྱུར་པ་དང་། འགྲོ་བ་སེམས་ཅན་ཇི་སྲིད་གནས་པར་གྱུར་པ་དེ་སྲིད་དུ་བདག་ནི་གནས་པར་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག འགྲོ་བའི་སྡུག་བསྔལ་ཆེ་ཆུང་གང་ཅིའང་རུང་བ་དེ་ཀུན་བདག་ལ་སྨིན་གྱུར་ཅིག བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་མཐུ་ཡིས་ཀྱང་འགྲོ་བ་ཐམས་ཅད་བདེ་བ་ལ་སྤྱོད་པར་ཤོག འགྲོ་བའི་སྡུག་བསྔལ་སེལ་བའི་སྨན་གཅིག་པུ་བདེ་བ་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པ་སངས་རྒྱས་ཀྱི་བསྟན་པ་ཡིན་པས། དེ་རྙེད་པ་དང་བཀུར་སྟི་དང་བཅས་ཏེ་ཡུན་རིང་དུ་གནས་པར་གྱུར་ཅིག སློབ་དཔོན་ཉིད་ལ་གང་གི་དྲིན་གྱིས་དགེ་བའི་བློ་འབྱུང་བའི་ཁུངས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ་ཞེས་སྦྱར། གཞན་ཡང་གང་གི་དྲིན་གྱིས་ཐོས་བསམ་སྒོམ་པས་བདག་གི་རྣམ་དཔྱོད་ཀྱི་ལུས་དར་བ་མཛད་པ་རྒྱལ་བའི་ལྷ་ལ་སོགས་པའི་དགེ་བའི་བཤེས་གཉེན་ལའང་བདག་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། བསྔོ་བ་ཞེས་བྱ་བ་སྟེ་ལེའུ་བཅུ་པའོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སློབ་དཔོན་ཆེན་པོ་ཞི་བའི་ལྷས་མཛད་པ་རྫོགས་སོ།། །། འདི་ལ་འགྱུར་རྙིང་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བ་དང་། བར་དུ་ལོ་ཆེན་རིན་ཆེན་བཟང་པོས་དང་། ཕྱིས་རྔོག་ལོ་ཆེན་པོས་འགྱུར་བཅོས་མཛད་པ་གསུམ་ཡོད་ཀྱང་། ད་ལྟའི་འདི་གཙང་ནག་པས་ཐུགས་ལ་འཐད་འཐད་བསྒྲིགས་པ་ཡིན། རྔོག་འགྱུར་གཙང་མ་མ་རྙེད་ཅེས་བུ་སྟོན་གསུང་། རྒྱ་འགྲེལ་དགེ་བའི་ལྷ། ནུབ་སྒོ་བ། བཻ་རོ་ཙ་ན། བི་བྷཱུ་ཏི་བཞི་ཡོངས་རྫོགས། ནག་པོ་པའི་དཀའ་འགྲེལ། དྷ་ན་ཤྲཱིའི་ཊཱིཀ་ཆུང་ཤེར་ལེ་རྐྱང་པ་ཡིན། དེ་དག་གི་དོན་བུ་ཊཱིཀ་ཏུ་རྒྱས་པར་བཤད་པ་དང་། རྔོག་ལོ་དང་འདི་ཉམས་སུ་བཞེས་པའི་བཀའ་གདམས་ཀྱི་མན་ངག་མཚོ་སྣ་བ་ཆེན་པོས་མཆན་བུར་བཏབ་པ་རྣམས་ཀྱི་གཅེས་པ་བསྒྲིལ། རང་གི་རྣམ་དཔྱོད་ཀྱིས་གཞལ་བར་འོས་པ་ཡང་བསྣན་ཏེ། འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ་ཞེས་བྱ་བ་འདི། ལྷོ་ཕྱོགས་ཡངས་པའི་རྒྱལ་ཁམས་སྐྱོང་བའི་གོང་མ་བསྟན་འཛིན་ནོར་བུ་དང་། མཚོ་སྐྱེས་རྡོ་རྗེ་མཆེད་ཀྱིས་གསེར་གྱི་མེ་ཏོག་དང་བཅས་ཏེ་རྩོམ་དགོས་པར་བསྐུལ། ཁས་བླངས་ཀྱང་རིང་ཞིག་ལུས། ཕྱིས་སྤྱོད་འཇུག་ལེགས་པར་སློབ་འདོད་པ་ལ་སློབ་དཔོན་ཆེན་པོར་ཡང་འགྲོ་བར་ཤེས་ནས་ཤར་ཀོང་པོའི་པཎྜི་ཏ་པདྨ་དཀར་པོས་འཆིམས་ཡུལ་དགོན་དུ་དབུ་བཙུགས། འོར་ཤོད་མཐིལ་དུ་གྲུབ་པར་བགྱིས་པ་ཟླ་བ་གཅིག་གི་རིང་ལའོ། །སྙིང་པོར་ལྦུ་ཕྲེང་ཚིག་གི་མདངས་འགྱུར་བ། །ཁོངས་ཆེ་འགྲེལ་བའི་རིན་ཆེན་དུ་བལྟས་ནས། །དད་པའི་རྗེས་འབྲང་རྒྱན་དུ་བཙོང་བྲིམ་པས། །དེ་རྩོམ་བཞུ་ཤེལ་མཁན་ཞིག་ཁེངས་པ་རྒྱས། །ཨེ་མ། རྣམ་དཔྱོད་རྒྱ་མཚོའི་གཏིང་དཀྲུགས་གཞུང་ལུགས་ཀླུའི། །ཚིག་གི་གདེངས་ཀར་གཉིད་ལོག་དབང་གི་རྒྱལ། །བླངས་ནས་ལེགས་བཤད་རྩེར་བཀོད་རབ་སད་དེས། །དོན་ཀུན་གྲུབ་པའི་དེད་དཔོན་གཉིས་པ་གང་། །གར་བགྲོད་སངས་རྒྱས་ཞེས་བསྔགས་མི་གནས་མྱང་འདས་སུ། །ག་ནས་དེར་འགྲོ་དབུ་མའི་ཤུལ་ལམ་དུ་ནི་ནས། །སུ་ཞིག་གཞུག་ན་སེམས་ཅན་མ་ལུས་པ་འདི་ཀོ། །གང་གིས་འདྲེན་པ་འདིར་འབད་དགེ་བའི་མཐུས་གྱུར་ཅིག། །།