སྡོམ་པ་གསུམ་གྱི་བསྟན་བཅོས་སྙིང་པོ་བསྡུས་པ་

ཡོང་ཁུངས་Wikipedia

༄༅། །སྡོམ་པ་གསུམ་གྱི་བསྟན་བཅོས་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ། ། ༄༅། །རྒྱ་གར་སྐད་དུ། ཏྲི་སམྦ་ར་ཤསྟྲཾ་གརྦྷ་པ་ན་ནཱ་མ། བོད་སྐད་དུ། སྡོམ་པ་གསུམ་གྱི་བསྟན་བཅོས་སྙིང་པོ་བསྡུས་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།།  ཉན་རང་རྣམས་ཀྱི་སྟོན་པ་སྟེ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། །དཀྱིལ་འཁོར་ཀུན་བདག་ཐུབ་དབང་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །རྒྱལ་བའི་བསྟན་པའི་སྙིང་པོ་གང་། །འཕགས་པ་ཀུན་གྱི་བགྲོད་པའི་ལམ། །སྐལ་བཟང་སྐྱེ་བོ་འཇུག་པའི་ངོགས། །སྡོམ་གསུམ་སྙིང་པོར་བསྡུས་ཏེ་བསྟན། །སྦྱང་གཞི་དྲི་བཅས་དེ་བཞིན་ཉིད། །མདོ་ལས་བདེ་གཤེགས་སྙིང་པོ་དང་། །སྔགས་ལས་གཞི་ཡི་རྒྱུད་ཅེས་པ། །སྟོང་གསལ་འདུས་མ་བྱས་པའི་དབྱིངས། །དོན་ལ་རྣམ་ཐར་སྒོ་གསུམ་སྟེ། །འཁོར་འདས་ཀུན་གྱི་འཕྲོ་གཞིའོ། །སྦྱོང་བྱེད་ལམ་གྱི་རིམ་པ་ཡང་། །གནས་སྐབས་དབང་པོའི་བྱེ་བྲག་གིས། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་སྔགས་ཀྱི་འདུལ་བ་ཉིད། །དེ་ལས་སོ་སོར་ཐར་པ་ལ། །ངོ་བོ་ངེས་པར་འབྱུང་བ་ཡི། །ཀུན་སློང་རྣམ་གསུམ་རྒྱུ་བྱས་ནས། །གཞན་གནོད་གཞི་བཅས་ལྡོག་པ་སྟེ། །ལུས་ངག་ཉེས་སྤྱོད་སྡོམ་པའི་ཁྲིམས། །གཟུགས་ཅན་ཉིད་དུ་བྱེ་སྨྲས་འདོད། །ཐེག་པ་ཆེ་རྣམས་སྤོང་བའི་སེམས། །མཚུངས་ལྡན་བཅས་ལ་འདོད་པའང་ཡིན། །དབྱེ་ན་ཁྱིམ་པའི་སྡོམ་པ་ནི། །བསྙེན་གནས་དགེ་བསྙེན་ཕ་མ་གསུམ། །རབ་བྱུང་དགེ་ཚུལ་ཕ་མ་དང་། །དགེ་སློབ་དགེ་སློང་ཕ་མ་ལྔ། །དེ་དག་རྟེན་གྱི་བྱེ་བྲག་གིས། །སོ་སོར་ཐར་པ་རིས་བརྒྱད་འགྱུར། །བསྡུ་ན་བསྙེན་གནས་དགེ་བསྙེན་དང་། །དགེ་ཚུལ་དགེ་སློང་སྡོམ་རྫས་བཞི། །མ་ཐོབ་ཐོབ་པར་བྱེད་པའི་ཐབས། །ཁྱིམ་པའི་ཕྱོགས་ཀྱི་བསླབ་ཚིགས་གསུམ། །ཁྲིམས་ལྡན་དགེ་སློང་ཉིད་ལས་བླངས། །རབ་ཏུ་བྱུང་བའི་བསླབ་ཚིགས་རྣམས། །ཡུལ་དུས་ཚེ་དང་སེམས་ཅན་དང་། །ཡན་ལག་ངེས་པ་ལྔ་བྲལ་བ། །རྟེན་དང་གནང་བ་མིན་པ་དང་། །བྱ་རོག་སྐྲོད་མི་ནུས་པ་དང་། །སྐྲ་སེར་ཅན་སོགས་རིམ་པ་བཞིན། །སྐྱེ་གནས་ཡོན་ཏན་ཁྱད་པར་དང་། །མཛེས་པའི་བར་ཆད་བཞི་བྲལ་ཞིང་། །ངེས་འབྱུང་བསམ་པས་ཀུན་བསླངས་བ། །བརྟན་མཁས་ལྡན་པའི་མཁན་སློབ་ལས། །བསླབ་ཚིགས་སོ་སོའི་ཆོ་ག་ལྟར། །རིམ་པ་བཞིན་དུ་ནོད་པར་བྱ། །ཐོབ་མཚམས་བརྗོད་གསུམ་མཐའ་ལའོ། །བར་དུ་མི་ཉམས་བསྲུང་བ་ལ། །བསླབ་བྱ་སྐྱབས་འགྲོ་གསུམ་རིམ་བཞིན། །ལྷ་གཞན་དག་ལ་སྐྱབས་མི་འཚོལ། །སེམས་ཅན་ཀུན་ལ་འཚེ་བ་སྤང་། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །སཱཙྪ་ཡི་གེ་འབྲུ་གཅིག་དང་། །ལྷན་པ་སེར་པོ་བཏབ་པ་ཚུན། །དེ་དེར་འདུ་ཤེས་གུས་པ་བསྐྱེད། །བྱ་དགའི་ཆེད་དུ་གསུམ་མི་སྤང་། །དགོས་གལ་ཆེ་ཡང་ཐབས་གཞན་མིན། །དུས་ཀུན་ཕུད་ཀྱིས་མཆོད་པར་བྱ། །རང་དང་གཞན་ཡང་སྐྱབས་འགྲོར་གཞུག ། གར་འགྲོའི་སངས་རྒྱས་ལ་ཕྱག་འཚལ། །དེ་དག་ཐུན་མོང་བསླབ་བྱར་བཞེད། །མི་ཚངས་སྤྱོད་དང་མ་བྱིན་ལེན། །སྲོག་གཅོད་རྫུན་དུ་སྨྲ་བ་དང་། །ཆང་འཐུང་མལ་སྟན་ཆེ་མཐོ་དང་། །གར་ཕྲེང་ཕྱི་དྲོའི་ཁ་ཟས་བརྒྱད། །སྤང་བ་བསྙེན་གནས་སྡོམ་པ་སྟེ། །བཞི་གཅིག་གསུམ་རིམ་ཚུལ་ཁྲིམས་དང་། །བག་ཡོད་བརྟུལ་ཞུགས་ཡན་ལག་ཡིན། །གསོད་རྐུ་རྫུན་སྨྲ་ལོག་གཡེམ་དང་། །ཆང་སྤང་དགེ་བསྙེན་སྡོམ་པ་སྟེ། །སྣ་གཅིག་སྣ་འགའ་ཕར་ཆེར་སྤྱོད། །ཡོངས་རྫོགས་ཚངས་སྤྱོད་སྐྱབས་གསུམ་འཛིན། །གོ་མཱིའི་དགེ་བསྙེན་བདུན་རིམ་ལྟར། །རྩ་བ་བཞི་ལས་གཅིག་གཉིས་གསུམ། །བཞི་དང་མི་ཚངས་སྤྱོད་སྤང་ལ། །སྐྱབས་འགྲོ་བསྙེན་གནས་ཡན་ལག་བརྒྱད། །ཇི་སྲིད་འཚོ་བར་བསྲུང་རྣམས་སོ། །རྩ་བ་བཞི་དང་ཡན་ལག་དྲུག ། བཅུ་སྤང་དགེ་ཚུལ་སྡོམ་པ་ཡིན། །བསྙེན་གནས་ཡན་ལག་བརྒྱད་པོ་ལས། །གར་སོགས་ཕྲེང་སོགས་རྣམ་པ་གཉིས། །དེ་སྟེང་གསེར་དངུལ་ལེན་པ་གསུམ། །ཕྱེ་བས་ཡན་ལག་དྲུག་ཏུ་འགྱུར། །མཁན་པོར་གསོལ་གདབ་ཁྱིམ་རྟགས་སྤང་། །རབ་བྱུང་རྟགས་ནི་ལེན་པ་ལས། །ཉམས་པ་རྣམ་གསུམ་བསྣན་པ་ཡིས། །སྤང་བྱ་བཅུ་གསུམ་དག་ཏུ་འདོད། །དགེ་སློབ་མ་ནི་དེ་ཡི་སྟེང་། །གཅིག་པུར་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་རེག་ལྷན་ཅིག་འདུག་མི་བྱ། །སྨྱན་དང་ཉེས་པ་འཆབ་མི་བྱ། །འདི་དག་རྩ་བའི་ཆོས་དྲུག་སྟེ། །གསེར་བཟུང་འདོམས་སྤུ་འདྲེག་མི་བྱ། །གསོག་འཇོག་བྱིན་ལེན་མེད་མི་ཟ། །ས་རྐོ་རྩྭ་སྔོན་གཅོད་མི་བྱ། །འདི་དག་རྗེས་མཐུན་ཆོས་དྲུག་གོ། དགེ་སློང་ཁྲིམས་ཀྱི་བསླབ་པ་ལ། །ཉིས་བརྒྱ་དང་ནི་ལྔ་བཅུ་གསུམ། །དེ་ལས་ཕམ་པ་བཞི་ཞེས་པ། །རྨ་ཡི་སྒོ་གསུམ་གང་རུང་དུ། །ཆགས་སྤྱོད་དོན་དུ་གཉེར་བ་ཡིས། །ནོར་བུ་པགས་རིམ་འདས་ཏེ་འཁྲིག ། ལུས་ཚོར་སིམ་པ་ཐོབ་པའོ། །གཞན་གྱིས་བདག་ཏུ་བཟུང་བའི་རྫས། །བརྐུ་བའི་སེམས་ཀྱིས་མ་ནོར་བར། །ཡུལ་དུས་རིན་ཐང་ཚང་བ་ནི། །མཐུ་དང་འཇབ་བུས་བདག་གིར་བྱས། །མི་འམ་མི་ཉིད་ཆགས་པའང་རུང་། །གསོད་པའི་སེམས་ཀྱིས་མཚོན་དུག་སྔགས། །སྨན་གྱི་སྦྱོར་བས་རང་ཉིད་དམ། །གཞན་ལ་བཅོལ་ནས་བསད་པའོ། །ཐ་སྙད་ལྔ་ལྡན་སྐྱེ་བོ་ལ། །རང་ཉིད་བཟང་བརྫུའི་འདུ་ཤེས་ཀྱིས། །མངོན་ཤེས་ལ་སོགས་བླ་མའི་ཆོས། །ཡོད་པར་སྒྲོག་པ་གོ་བ་རྣམས། །ཡུལ་བསམ་སྦྱོར་བ་དངོས་གཞི་ཚང་། །ཕས་ཕམ་བཞི་ཞེས་རྒྱལ་བས་གསུངས། །མི་མཐུན་ཕྱོགས་ཀྱི་གཉེན་པོ་རྣམས། །མཐུ་མེད་པར་ནི་བཅོམ་ཕྱིར་རོ། །དགེ་འདུན་ལྷག་མ་བཅུ་གསུམ་ནི། །རང་དང་གཞན་གྱི་ཡན་ལག་ལ། །ཁུ་བ་འབྱིན་པར་བྱེད་པ་དང་། །ཆགས་པའི་བུད་མེད་ལུས་ལ་རེག ། དེ་བཞིན་འཁྲིག་ཚིག་རྗེན་པར་སྨྲ། །འཁྲིག་པས་བསྙེན་བཀུར་བྱས་ལ་བསྔགས། །སྐྱེས་པ་བུད་མེད་སྨྱན་བྱེད་པ། །མ་དག་གསུམ་དང་ལྡན་པའི་གཞིར། །རང་དོན་ཁང་པ་ཚད་ལྷག་དང་། །དཀོན་མཆོག་ཆེད་དུ་ཁང་ཆེན་བརྩེགས། །མཐོང་ཐོས་དངོས་པོའི་གཞི་མེད་པའམ། །བག་ཙམ་ལ་བརྟེན་ཕམ་པས་སྐུར། །དགེ་འདུན་དབྱེན་དང་དེའི་རྗེས་ཕྱོགས། །ཁྱིམ་པ་སུན་འབྱིན་སྐྲོད་པ་བོར། །གཤེ་དང་ལྟུང་གླེང་དང་མ་བླངས། །བཀའ་བློ་མི་བདེ་ཞེས་བྱའོ། །སྤང་བའི་ལྟུང་བ་སུམ་ཅུའི་སྡེ། །བྱིན་མ་བརླབས་པར་གོས་ལྷག་ནི། །ཞག་བཅུ་འདས་པར་འཆང་བ་དང་། །ཆོས་གོས་དང་བྲལ་ཞག་གཅིག་ལོན། །དེ་བཞིན་གོས་རྒྱུ་ཟླ་བར་འཇོག ། ཐ་སྙད་བརྒྱད་ལྡན་དགེ་སློང་མར། །ཆོས་གོས་འཁྲུར་འཇུག་གོས་རྒྱུ་བླང་། །ཁྱིམ་པ་ཁྱད་ཆོས་དྲུག་ལྡན་ལ། །ཆོས་གོས་ཡོད་བཞིན་སློང་བ་དང་། །མེད་ནའང་གཅིག་ལས་ལྷག་པར་བླངས། །རང་ལ་སྦྱིན་པར་སྤགས་པའི་གོས། །རིན་དང་ཚད་ཀྱིས་བསླངས་པ་དང་། །སོ་སོའི་སྤགས་པའང་དེ་བཞིན་ནོ། །གོས་རིན་རིན་ཆེན་བསྐུར་བའི་གོས། །བསྐུར་བསྡད་དྲུག་ལས་ལྷག་པར་བསྙགས། །སྲིན་བལ་སྟན་བྱེད་བལ་ནག་ནི། །འབའ་ཞིག་ཉིད་དང་ཆ་གཉིས་ལས། །ལྷག་པའི་སྟན་དང་ལོ་དྲུག་ནི། །མ་སོང་སྟན་ནི་གཉིས་པ་བཟོས། །བདེ་གཤེགས་མཐོ་གང་མ་གླན་པར། །གདིང་བ་གསར་པ་བཟོ་བ་དང་། །བལ་སོགས་ཁུར་ནས་རྒྱང་གྲགས་འདས། །དགེ་སློང་མ་བ་བལ་འཁྲུར་འཇུག ། རུང་བ་མ་བྱས་གསེར་དངུལ་ལེན། །རང་གི་ནོར་རྫས་ཁྱིམ་པ་ལ། །བུན་སྐྱེདགཏོང་བ་མངོན་མཚན་ཅན། །ཁེ་སྤོགས་ཆེད་དུ་ཚོང་བྱས་དང་། །བྱིན་གྱིས་མ་བརླབས་ལྷུང་བཟེད་ནི། །ཞག་བཅུ་འདས་འཆང་སྦྱིན་བདག་ལས། །ལྷུང་བཟེད་གཉིས་པ་འཚོལ་བ་དང་། །གླ་རྔན་མི་སྟེར་ཐ་ག་པར། །འཐག་འཇུག་ཁྱིམ་པས་བསྔོས་པའི་གོས། །འཐགས་པ་དེ་ལས་ལྷག་པར་བསྐྱེད། །དགེ་སློང་གོས་སྦྱིན་སླར་འཕྲོག་དང་། །བརྟད་བྱུང་གོས་ཞེསདབྱར་རྙེད་རྣམས། །དགག་དབྱེའི་སྔོན་རྗེས་བདག་གིར་བྱས། །འཇིགས་བཅས་དགོན་པར་ཆོས་གོས་དང་། །བྲལ་ནས་ཞག་བདུན་ལོན་པ་དང་། །རས་ཆེན་བཙལ་སྔ་བཞག་ཕྱི་བ། །དགེ་སློང་གཞན་ལ་བསྔོས་པའི་རྫས། །རང་ལ་བསྒྱུར་ཏེ་ཐོབ་པ་དང་། །བྱིན་ལེན་མ་བཤིགས་སྨན་བཞི་པོ། །ཐུན་ཚོད་འདས་ནས་གསོག་འཇོག་གོ། ལྟུང་བྱེད་འབའ་ཞིག་དགུ་བཅུ་ནི། །ཤེས་བཞིན་རྫུན་སྨྲ་དགེ་སློང་ལ། །སྐྱོན་དུ་བརྗོད་དང་ཕྲ་མས་འབྱེད། །རྩོད་ཟླུམ་སླར་ཡང་སྐྱོ་བསྔོགས་བྱེད། །ཁྲིམས་གྲོགས་མེད་པར་ཁྱིམ་བདག་མོར། །ཆོས་སྟོན་བསྙེན་མ་རྫོགས་པ་དང་། །ལྷན་ཅིག་ཆོས་འདོན་ཁྱིམ་པ་ལ། །གཞན་གྱི་གནས་ངན་ལེན་ལྟུང་བརྗོད། །དགོས་མེད་མི་ཆོས་བླ་མ་ནི། །བདེན་སྨྲ་དགེ་འདུན་རྫས་སྦྱིན་པ། །བཤེས་ངོར་བྱས་ཞེས་འཕྱ་བ་དང་། །མདོ་སོགས་འདོན་ལ་མ་གུས་པར། །གཞན་ལ་བསླབ་གཞི་ཁྱད་གསོད་བརྗོད། །རུང་བ་མ་བྱས་ས་བོན་འཇིག ། ཆོས་བཞིན་བགྱིས་ལ་བདག་གི་ངོར། །གནས་སོགས་ངན་པར་སྟོབས་ཞེས་འཕྱ། །ལྟུང་བྱུང་གླེང་ལ་ལོག་པའི་ལན། །གཞན་འདེབས་བསྒོ་བ་རྣར་གཟོན་དང་། །ཁྲི་དང་གདིང་བ་མ་བསྡུས་པར། །འགྲོ་དང་དགེ་སློང་གནས་ནས་བསྐྲད། །མཐོ་བརྩམ་ཕྱིར་དུ་ལུས་ངག་གིས། །ཕྱིས་གནོད་བྱེད་དང་གཙུག་ལག་སྟེང་། །ཁྲི་རྐང་རྣོན་པོས་འབིགས་པ་དང་། །སྲོག་ཆགས་ཆུར་བཅས་འདེབས་པ་དང་། །ཕ་གུ་རིམ་པ་གསུམ་ལྷག་བརྩིགས། །དགེ་སློང་མ་ཡི་སྟོན་པ་ལ། །མ་བསྐོས་བཞིན་དུ་ཆོས་སྟོན་དང་། །བསྐོས་ཀྱང་ཉི་མ་ནུབ་པར་སྟོན། །དེ་ལ་ཟས་ཕྱིར་སྟོན་ཞེས་སྐུར། །དེ་ཡི་ཆོས་གོས་དྲུབ་དང་བྱིན། །ལམ་དུ་ལྷན་གཅིག་འགྲོ་བ་དང་། །གྲུར་ཞུགས་རྒྱང་གྲགས་བརྒལ་བ་དང་། །སྐྱབས་ཡོད་དབེན་པར་འདུག་དང་འགྲེང་། །རང་དང་མ་འབྲེལ་ཡོན་ཏན་བརྗོད། །སྦྱོར་བཅུག་ཟས་ནི་ཟོས་པ་དང་། །ཉིན་གཅིག་ཁྱིམ་གཉིས་སློང་བ་དང་། །མཆོད་གནས་མུ་སྟེགས་ཅན་གྱི་ཁྱིམ། །ཞག་གཉིས་འདས་པར་འདུག་སྟེ་ཟོས། །དུས་གཅིག་ལྷུང་བཟེད་གསུམ་བླངས་ཟོས། །སྤངས་ཟིན་ལྷག་པོར་མ་བྱས་པ། །དུས་རུང་ཟས་ཟ་དགེ་སློང་གཞན། །སྤང་ཟས་རྫུན་གྱིས་སྟོབ་པ་དང་། །མཚམས་ནང་གཅིག་ཏུ་རྐྱེན་མེད་པར། །གསུམ་ཡན་ལོགས་སུ་འདུས་དེ་ཟ། །དུས་མིན་ཕྱེད་ཡོལ་ཟ་བ་དང་། །གསོག་འཇོག་ཟ་དང་སྨན་བཞི་པོ། །བྱིན་ལེན་མ་བྱས་སྤྱོད་པ་དང་། །བསོད་པའི་ཟས་ནི་སློང་བ་དང་། །སྲོག་ཆགས་ཅན་གྱི་ཆུ་ལ་སྤྱོད། །ཉལ་པོ་བྱེད་པའི་ཁྱིམ་དུ་ཉལ། །དེ་བཞིན་སྐྱབས་ཡོད་པ་ན་འགྲེང་། །གཅེར་བུ་པ་ལ་ཁ་ཟས་བྱིན། །དགོས་མེད་དམག་ལྟ་དམག་ནང་དུ། །ཞག་གཅིག་ལྷག་འདུག་དཔུང་ཚོགས་ཀྱི། །ཡན་ལག་ཉམས་སུ་མྱོང་བ་དང་། །དགེ་སློང་བརྡེག་དང་བརྡེག་པར་གཟས། །མཐོལ་ཡུལ་ཚད་ལྡན་ཡོད་བཞིན་དུ། །གཞན་གྱི་གནས་ངན་ལེན་ལྟུང་འཆབ། །ཕན་སེམས་མིན་པར་དགེ་སློང་ལ། །ཟས་གཅོད་མེ་ལ་རེག་ཏུ་བཅུག ། དགེ་འདུན་ལས་ལ་འདུན་ཕུལ་ནས། །ཕྱིར་བཟློག་སྨྲ་དང་བསྙེན་མ་རྫོགས། །མཚན་གསུམ་འདས་པར་ཉལ་བ་དང་། །བཟློག་ཀྱང་སྡིག་ལྟ་མི་གཏོང་བཟུང་། །གནས་དབྱུང་དགེ་སློང་དགེ་ཚུལ་དང་། །ཆོས་དང་ཟང་ཟིང་མཐུན་པར་སྤྱོད། །སྔོན་པོ་བཙག་དང་ངུར་སྨྲིག་རྩིས། །ཁ་མ་སྒྱུར་བའི་གོས་བགོ་དང་། །རིན་ཆེན་དམག་རྔ་དུང་ལ་རེག ། ཚ་དུས་མིན་པར་ཟླ་ཕྱེད་ཚུན། །ཁྲུས་བྱེད་དུད་འགྲོ་གསོད་པ་དང་། །ཁྱེད་ཀྱིས་སྡོམ་པ་མ་ཐོབ་སོགས། །སྨྲས་པས་དགེ་སློང་གཞན་འགྱོད་བསྐྱེད། །སྐྱི་གཡའ་འདོད་པས་གག་ཚིལ་སྒོག ། ཆུ་ལ་རྩེ་དང་བུད་མེད་དང་། །གནས་གཅིག་མཚན་མོ་འདས་པ་དང་། །དགེ་སློང་དངངས་པར་བྱེད་པ་དང་། །གཞན་གྱི་ཡོ་བྱད་སྦེད་པ་དང་། །སྔར་བྱིན་གནང་བའི་གདེང་མེད་པར། །སྤྱོད་དང་གཞི་མེད་ལྷག་མས་སྐུར། །ཁྲིམས་གྲོགས་མེད་པར་བུད་མེད་དང་། །ལྷན་ཅིག་འགྲོ་དང་རྐུན་མ་དང་། །དེ་བཞིན་འགྲོ་བའོ་ཉི་ཤུ་ནི། །མ་ལོན་པ་ལ་བསྙེན་རྫོགས་འབོགས། །སྲ་བའི་ས་ལ་སོར་བཞི་བརྐོས། །མགྲོན་པོས་ཟླ་བཞི་ལྷག་པར་ཟོས། །བསླབ་བྱར་བསྒོ་བ་ཁྱོད་ཉིད་ཚིག ། འདི་ལྟས་མི་སློབ་བརྗོད་པ་དང་། །རྩོད་སྤེལ་འདོད་པས་ཉན་རྣ་བྱེད། །ལས་གྲལ་འདུས་ནས་མི་སྨྲ་འགྲོ། །ཆོས་ལྡན་བསྒོ་བ་མ་གུས་པར། །འགལ་བར་སྨྲ་དང་ཆང་འཐུང་དང་། །རབ་བྱུང་སྡེ་ལྔ་གང་རུང་ལ། །མ་སྨྲས་དུས་མིན་གྲོང་དུ་རྒྱུ། །ཟས་ལ་སྤྱན་དྲངས་ཁྱིམ་བདག་ལ། །དུས་ལ་བྲིམས་ཤིག་མ་བརྗོད་པར། །ཁྱིམ་གསུམ་འདས་དང་བཙུན་མོ་བཅས། །རྒྱལ་པོའི་ཁྱིམ་དུ་མཚན་མོར་ཕྱིན། །སོ་ཐར་མདོ་སོགས་འདོན་པ་ལ། །ད་བཟོད་ཤེས་ཞེས་བསྟིང་བ་དང་། །ར་རུས་སོགས་ཀྱི་ཁབ་རལ་དང་། །ཁྲི་རྐང་ཚད་ལས་ལྷག་པར་འཆོས། །དགེ་འདུན་གནས་མལ་ཁྲི་སོགས་ལ། །ཤིང་བལ་བརྡལ་ཏེ་བགོས་པ་དང་། །གདིང་ཡན་རས་ཆེན་ཚད་ལྷག་དང་། །བདེ་གཤེགས་ཆོས་གོས་ཚད་མཉམ་བྱས། །སོ་སོར་བཤགས་བྱའི་སྡེ་བཞི་ནི། །ལམ་དྲུང་དགེ་སློང་མ་ལས་ཟས། །བསླངས་དང་ཁྱིམ་དུ་དགེ་སློང་མས། །གྲལ་རིམ་བསྣོལ་ཏེ་འགྲིམ་བཅུག་པ། །མ་བཟློག་ཟོས་དང་ཁྱིམ་བདག་ལ། །བསླབ་སྡོམ་སྦྱིན་ལས་ཟས་སློང་དང་། །འཇིགས་བཅས་ནགས་ལ་མ་བརྟགས་པར། །ཁྱིམ་པར་ཁ་ཟས་བླངས་ཏེ་ཟོས། །ཉེས་བྱས་བརྒྱ་དང་བཅུ་གཉིས་ནི། །མཐང་གོས་ཟླུམ་མིན་རྩེངས་དང་འཇོལ། །གླང་སྣ་བལྟེབས་དང་ཕུར་མའི་དབྱིབས། །གདེངས་ཀ་འདྲ་དང་བླ་གོས་གཉིས། །ཟླུམ་མིན་རྩེངས་འཇོལ་སྤངས་ཏེ་བགོ། །དྲན་ཤེས་མ་བསྟེན་ཆོས་གོས་གསུམ། །ཚུལ་བཞིན་མ་བགོས་ཅ་ཅོའི་སྒྲ། །མིག་གཡེང་གཉའ་ཤིང་གང་མི་བལྟ། །མགོ་འཐུམ་གོས་བརྫེས་ཕྲག་གཉིས་གཟར། །ལག་གཉིས་གཉའ་གོང་ལྟག་པར་བསྣོལ། །མཆོང་བརྐྱངས་བྲང་དང་ཙོག་པུས་འགྲོ། གྲུ་མོ་བརྒྱངས་དང་ལག་པ་གཡུག །མགོ་དང་ལུས་བསྒྱུར་ཕྲག་སྡེབ་དང་། །ལག་པ་སྦྲེལ་ཏེ་འགྲོ་མི་བྱ། །མ་བགོས་མ་བརྟགས་ལྗི་ཕབ་པ། །རྐང་བརྐྱང་བླ་བསྣོལ་ལོང་བུ་བརྩེགས། །ཁྲི་འོག་རྐང་དགུག་རྐང་པ་གདངས། །འདོམས་མཐོང་བ་རྣམས་སྤང་ཏེ་འདུག ། ལེགས་པར་མི་ལེན་ལྷུང་བཟེད་ཀྱི། །མུ་ཁ་དང་མཉམ་བླངས་པ་དང་། །འབྲས་ཆན་ཚོད་མ་ལྷན་ཅིག་ལེན། །མཐར་ཆགས་མི་ལེན་ལྷུང་བཟེད་ལ། །ཡིད་མ་གཏད་པར་ལེན་པ་དང་། །ཟས་མ་སླེབ་པར་ལྷུང་བཟེད་ཟེད། །སྔར་བྱུང་ཟས་སྦས་སླར་བཟེད་དང་། །ཟས་སྟེང་ལྷུང་བཟེད་བཞག་སྟེ་བཟེད། །དེ་དག་འབད་པས་སྤངས་ཏེ་བླངས། །ལེགས་པར་མི་ཟ་ཁམ་ཆེ་ཆུང་། །རན་པར་མི་ཟ་སྔོན་ནས་ཁ། །གདང་དང་ཟ་བཞིན་གཏམ་སྨྲ་དང་། །ཙུག་ཙུག་ཅག་ཅག་ཧུ་ཧུ་དང་། །ཕུ་ཕུའི་སྒྲ་བཅས་ཟ་བ་དང་། །ལྕེ་ཕྱུང་འབྲུ་རེ་རེ་ནས་ཟ། །ཟས་ལ་འཕྱ་དང་མཁུར་སྦོ་དང་། །རྐན་ཏོག་ཁམ་འཕྲོ་བཅད་དེ་ཟ། །ཟས་ཀྱིས་གོས་པའི་ལག་པ་དང་། །སྣོད་བལྡག་ལག་སྤྲུག་ལྷུང་བཟེད་སྐྱོམ། །མཆོད་རྟེན་འདྲ་བ་ཟ་མི་བྱ། །གཞན་གྱི་ལྷུང་བཟེད་ལ་འཕྱ་དང་། །ལག་པ་ཟས་འགོས་ཆུ་སྣོད་རེག །འབག་ཆུ་གཏོར་དང་མ་དྲིས་པར། །ཅི་བདེར་འབོ་དང་ལྷུང་བཟེད་དུ། །ཟས་ལྷག་འཇོག་དང་ལྷུང་བཟེད་ནི། །ས་རྗེན་གད་གཡང་དཀན་གཟར་བཞག །ལངས་དང་གད་གཡང་དཀན་གཟར་དུ། །འཁྲུ་དང་འབབ་ཆུའི་རྒྱུན་ཕྱོགས་ལས། །ལྡོག་སྟེ་གཅུ་བར་མི་བྱའོ། །ལངས་ཉལ་མཐོ་སར་འདུག་པ་དང་། །མདུན་དང་ལམ་པོའི་དབུས་འགྲོ་དང་། །མགོ་གཡོགས་གོས་བརྫེས་ཕྲག་གཉིས་གཟར། །ལག་གཉིས་གཉའ་གོང་ལྟག་པར་བསྣོལ། །ཐོར་ཅོག་ཞྭ་དང་ཅོད་པན་ཅན། །ཕྲེང་བ་མགོ་དཀྲིས་གླང་པོ་རྟ། །ཤིང་རྟ་ཞོན་དང་ཁྱོགས་ཀྱིས་འདེགས། །ལྷམ་གྱོན་ལག་ན་འཁར་བ་དང་། །གདུགས་མཚོན་རལ་གྲི་དགྲ་ཆ་ཐོགས། །གོ་ཆ་གྱོན་ལ་ཆོས་མི་བཤད། །སྒྲུབ་ཚུལ་གསུམ་ནི་འགྲེང་བཞིན་དུ། །གཤང་གཅི་ཆུ་དང་རྩྭ་སྔོན་ལ། །སྣབས་དང་གཤང་གཅི་དོར་མི་བྱ། །དགོས་མེད་ཤིང་ལ་འདོམ་གང་ལས། །མཐོ་བར་འཛེག་སྤང་རྒྱུ་གཅིག་གོ། དགེ་སློང་མ་ཡི་བསླབ་བྱ་ནི། །ཕམ་པ་བརྒྱ་དང་ལྷག་ཉི་ཤུ། །སྤང་བའི་ལྟུང་བ་སུམ་ཅུ་གསུམ། །ལྟུང་བྱེད་འབའ་ཞིག་བརྒྱ་བརྒྱད་ཅུ། །སོ་སོར་བཤགས་པ་བཅུ་གཅིག་དང་། །ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ། །སུམ་བརྒྱ་དྲུག་ཅུ་རྩ་བཞིའོ། །དེ་ནས་བསྒྲུབ་པའི་བསླབ་བྱ་ནི། །བསླབ་པ་ཡོངས་སུ་སྦྱོང་བའི་གཞི། །གསོ་སྦྱོང་དབྱར་གནས་དགག་དབྱེ་སྟེ། །དང་པོ་ལའང་གཞི་མཐུན་གཉིས། །ཏིང་འཛིན་ཤེས་རབ་བསླབ་པ་གཉིས། །སྦྱོང་ལ་ཞི་ལྷག་བསྒོམ་པ་དང་། །ཚུལ་ཁྲིམས་ཆེད་དུ་གསོ་སྦྱོང་ནི། །བཅུ་བཞི་བཅོ་ལྔ་པ་སོགས་བྱ། །བདེ་བར་གནས་པ་རྐྱེན་གྱི་གཞི། །སྲ་བརྐྱང་གོས་དང་ཀོ་ལྤགས་དང་། །གནས་མལ་སྨན་སོགས་གཞན་དུ་ཤེས། །སྐྱེ་བའི་རྟེན་ནི་མཚམས་མེད་བྱེད། །སྒྲ་མི་སྙན་པ་མ་གཏོགས་པའི། །གླིང་གསུམ་སྐྱེས་པ་བུད་མེད་ཀྱི། །རྟེན་ལ་སྐྱེ་ཡི་ཟ་མ་དང་། །མ་ནིང་མཚན་གཉིས་སོགས་ལ་མིན། །བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་བྱུང་དང་ལན་གསུམ་འགྱུར། །དགེ་རྩ་ཆད་དང་རྩ་ལྟུང་བྱུང་། །སོ་སོར་ཐར་པའི་འདུལ་བ་གཏོང་། །ཉི་ཤུ་མ་ལོན་དེར་ཤེས་དང་། །མི་ཚངས་སྤྱོད་བསྟེན་ཁས་བླང་དང་། །ཉིན་ཞག་འདས་རྣམས་རིམ་བཞིན་དུ། །དགེ་སློང་དགེ་སློབ་བསྙེན་གནས་ཀྱི། །སོ་སོའི་གཏོང་རྒྱུ་ཐུན་མོང་མིན། །ཁ་ཆེའི་བྱེ་བྲག་སྨྲ་བ་རྣམས། །སྡོམ་ལྡན་རྩ་ལྟུང་བྱུང་བ་ལ། །བུ་ལོན་ནོར་ཅན་བཞིན་དུ་འདོད། །གོས་དམར་བ་རྣམས་དམ་པའི་ཆོས། །ནུབ་ནའང་སྡོམ་པ་གཏོང་བར་འདོད། །ཉམས་ན་གསོ་བའི་ཚུལ་བཤད་པ། །ཕམ་པ་འཆབ་བཅས་གསོ་བ་ནི། །ཐམས་ཅད་མཁྱེན་པས་མ་གསུངས་ཕྱིར། །ཆུ་ཤིང་རུལ་བ་བཞིན་དུ་བསྐྲད། །འཆབ་མེད་པ་ལ་བསླབ་སྦྱིན་བྱ། །དེ་ནི་དགྲ་བཅོམ་མ་ཐོབ་བར། །ཁྱད་པར་སྤྱོད་པ་ལྔ་སྤང་ཞིང་། །དམན་སྤྱོད་ལྔ་པོ་དང་དུ་བླང་། །ལྷག་ལྟུང་ལ་སོགས་ལྕི་ཡང་དང་། །བསྟུན་པའི་སྤོ་མགུ་དབྱུང་བ་སོགས། །སོ་སོའི་ཕྱིར་བཅོས་བཞིན་དུ་འབད། །འོན་ཀྱང་འགྱོད་པ་དྲག་པོ་ཡིས། །ཕུང་པོ་གསུམ་པ་ལ་སོགས་པ། །བཏོན་ནའང་ཤིན་དུ་ཡང་བར་འགྱུར། །དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི། །གཞི་རྟེན་སོ་ཐར་ཁྲིམས་ལྡན་པ། །གནས་སྐབས་ལྷ་མིའི་བདེ་བ་དང་། །མཐར་ཐུག་བྱང་ཆུབ་རྣམ་པ་གསུམ། །དཀའ་ཚེགས་མེད་པར་འགྲུབ་པར་འགྱུར། །ཞེས་སྡོམ་པ་གསུམ་གྱི་བསྟན་བཅོས་སྙིང་པོ་བསྡུས་པ་ལས་སོ་ཐར་གྱི་སྐབས་ཏེ་དང་པོའོ།། །། ༈ ཆེན་པོ་བདུན་དང་ལྡན་པ་ཡི། །བྱང་ཆུབ་སེམས་དཔའི་སྡོམ་པ་ལ། །ངོ་བོ་བྱམས་དང་སྙིང་རྗེ་ཡིས། །མཐའ་ཡས་འགྲོ་བའི་ཁམས་བཟུང་སྟེ། །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །དབྱེ་བ་དཔེ་དང་ས་མཚམས་དང་། །བསླབ་པ་གསུམ་དང་མཚན་ཉིད་བཞི། །དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཤེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱི། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཚོགས་སྦྱོར་མ་དག་ས་བདུན་དང་། །དག་ས་གསུམ་དང་སངས་རྒྱས་ཀྱི། །ས་རྣམས་རིམ་བཞིན་མོས་སྤྱོད་དང་། །ལྷག་བསམ་དག་དང་རྣམ་པར་སྨིན། །ཐུགས་རྗེ་ཆེན་པོའི་སྒྲིབ་པ་ཀུན། །སྤངས་བའི་སེམས་བསྐྱེད་བཞི་རུ་འགྱུར། །སེམས་བསྐྱེད་དག་དང་གནས་པ་དང་། །གྲོལ་བའི་ཕྱིར་དུ་བསླབ་པ་གསུམ། །བསྡུ་ན་ཀུན་རྫོབ་དོན་དམ་གཉིས། །ཀུན་རྫོབ་ལ་ཡང་རྣམ་པ་གཉིས། །སྨོན་དང་འཇུག་པའི་བདག་ཉིད་ཅན། །འགྲོ་བར་འདོད་དང་འགྲོ་བཞིན་ནོ། །དོན་དམ་ཆོས་ལ་མི་རྟོག་པའི། །ཡེ་ཤེས་སྐྱེ་བ་ཉིད་ཡིན་ནོ། །མ་ཐོབ་ཐོབ་པར་བྱེད་པའི་ཐབས། །སྡོམ་གནས་དགེ་བའི་བཤེས་གཉེན་ལ། །དད་དང་སྙིང་རྗེ་ལྡན་པ་ཡིས། །སྲོལ་གཉིས་ཆོ་གའི་གཞུང་ལྟར་བླང་། །ཡང་ན་སྲས་བཅས་རྒྱལ་བ་ལ། །སྐྱབས་འགྲོ་ཡན་ལག་བདུན་པ་བྱ། །སྨོན་འཇུག་སྡོམ་པ་སྟབས་གཅིག་བླང་། །རང་གཞན་དགའ་བ་བསྒོམ་པ་སོགས། །ཞི་བ་ལྷ་ཡི་གཞུང་བཞིན་བྱ། །ཐོབ་པ་མི་ཉམས་བསྲུང་བ་ལ། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། །ཐབས་ལ་མཁས་པའི་མདོ་སྡེ་དང་། །བྱང་ས་ནམ་མཁའི་སྙིང་པོ་ལས། །དབང་པོའི་བྱེ་བྲག་ལ་དགོངས་ནས། །རྩ་ལྟུང་གཅིག་བཞི་བཅོ་བརྒྱད་བསྟན། །བསླབ་པ་ཀུན་གྱི་སྡོམ་གཅིག་པོ། །བྱང་ཆུབ་སེམས་ནི་འདོར་མི་བྱ། །རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་སེམས་ཅན་ལ། །སེར་སྣས་ཆོས་དང་ནོར་མི་སྟེར། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོ་བས་བརྡེག་དང་ཐེག་ཆེན་སྤང་། །དམ་ཆོས་འདྲར་སྣང་སྟོན་པའོ། །དཀོན་མཆོག་དཀོར་ནི་འཕྲོག་པ་དང་། །དམ་པའི་ཆོས་ནི་སྤོང་བྱེད་པ། །ཚུལ་ལྡན་ཚུལ་འཆལ་ངུར་སྨྲིག་འཕྲོག །ཁྲིམས་གཅོད་བསླབ་འབེབས་མཚན་མེད་ལས། །ལོག་ལྟ་རྒྱལ་པོར་ངེས་པ་ལྔ། །དང་པོ་བཞི་སྟེང་གྲོང་ལྗོངས་དང་། །གྲོང་ཁྱེར་གྲོང་བརྡལ་ཡུལ་འཁོར་རྣམས། །འཇོམས་པར་བྱེད་པ་བློན་པོ་དང་། །བློ་མ་སྦྱང་ལ་སྟོང་ཉིད་སྟོན། །རྫོགས་བྱང་ལྡོག་སྟེ་ཐེག་དམན་བཅུག །སོ་ཐར་སྤངས་ནས་ཐེག་ཆེན་སློབ། །ཉན་རང་ཐེག་པས་ཆགས་ལ་སོགས། །མི་སྤང་འབྲས་བུ་མེད་ཅེས་བསྟན། །རྙེད་བཀུར་ཆེད་དུ་བདག་བསྟོད་དང་། །གཞན་ལ་སྨོད་དང་རང་ཉིད་ཀྱིས། །ཟབ་མོ་བཟོད་ཅེས་ལོག་པར་སྨྲ། །དགེ་སྦྱོང་ཆད་པས་གཅོད་འཇུག་ཅིང་། །དཀོན་མཆོག་དཀོར་སྦྱིན་ལེན་པ་དང་། །སྤོང་བའི་ལོངས་སྤྱོད་ཁ་ཏོན་པར། །སྦྱིན་པར་བྱེད་པ་ཕལ་ལའོ། །དགེ་བ་ཆོས་སྡུད་ཚུལ་ཁྲིམས་ལ། །སྨོན་དང་འཇུག་པའི་བསླབ་བྱ་ལས། །སེམས་ཅན་བློས་མི་གཏོང་བ་དང་། །སེམས་དེའི་ཕན་ཡོན་དྲན་པ་དང་། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །བྱང་ཆུབ་སེམས་ཀྱི་རྒྱུ་དང་ནི། །དངོས་དང་སྤྱོད་པ་རྣམས་ལ་སྦྱང་། །དཀར་ནག་ཆོས་བརྒྱད་བླང་དོར་བྱ། །དེ་ལ་ནག་པོའི་ཆོས་བཞི་ནི། །མཆོད་འོས་བསླུ་དང་འགྱོད་མེད་གནས། །འགྱོད་བསྐྱེད་རྒྱལ་སྲས་ཁྲོ་བས་སྐུར། །འགྲོ་ལ་གཡོ་སྒྱུས་སྤྱོད་པའོ། །དེ་ལྡོག་དཀར་པོའི་ཆོས་བཞི་སྟེ། །སྲོག་གི་ཕྱིར་ཡང་རྫུན་མི་སྨྲ། །འགྲོ་ཀུན་ཐེག་པ་ཆེ་ལ་འགོད། །དེ་ལ་སྟོན་པའི་འདུ་ཤེས་བཞག །ཀུན་ལ་རྒྱུད་དྲང་གཡོ་མེད་བྱ། །འཇུག་པའི་བསླབ་བྱ་ཕར་ཕྱིན་དྲུག །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཕར་ཕྱིན་རྣམས། །སྦྱོར་བ་དམ་པ་སེམས་བསྐྱེད་དང་། །དངོས་གཞི་འཁོར་གསུམ་མི་རྟོག་པ། །རྗེས་སུ་བསྔོ་བས་རྒྱས་གདབ་པའི། །དམ་པ་གསུམ་གྱིས་ཟིན་པར་བྱ། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ལ། །སྦྱིན་པས་འཁོར་རྣམས་ལེགས་བསྡུས་ནས། །སྙན་པའི་གཏམ་གྱིས་ཡིད་རབ་དྲངས། །ཐེག་གསུམ་དོན་རྣམས་སྤྱོད་དུ་གཞུག །རང་ཡང་དོན་དེ་མཐུན་པར་སྤྱོད། །རྟེན་ནི་ལྷ་ཀླུ་འཕྲོག་མ་སོགས། །ལེན་འདོད་ཐོབ་ཤེས་བརྡའ་འཕྲོད་པའི། །འགྲོ་བ་ཀུན་ལ་སྐྱེ་བར་བཞེད། །དེ་ཡང་སེམས་ཅན་བློས་བཏང་དང་། །ནག་པོའི་ཆོས་བཞི་བརྟེན་པ་དང་། །རྩ་ལྟུང་ཀུན་དཀྲིས་ཆེན་པོས་སྤྱད། །ཉིན་མཚན་དྲུག་ཆ་གཅིག་འདས་ན། །བྱང་ཆུབ་སེམས་དཔའི་སྡོམ་པ་གཏོང་། །ཉམས་པ་གསོ་བའི་ཐབས་བཤད་པ། །གསོ་སྦྱོང་སྡོམ་ལ་ལེགས་གནས་ཏེ། །འཕགས་པ་ནམ་མཁའི་སྙིང་པོ་ལ། །གསོལ་བཏབ་རྨི་ལམ་ལྟུང་བ་འཆགས། །རྟགས་མ་བྱུང་ན་ཕུང་པོ་གསུམ། །སྟོབས་བཞི་ཚང་བའི་སྒོ་ནས་བཤགས། །སྡོམ་པ་སླར་ནི་ནོད་པར་བྱ། །དེ་ལྟར་བརྩོན་པས་ཉམས་བླངས་ན། །གནས་སྐབས་མཐུན་རྐྱེན་ཕུན་ཚོགས་ལྡན། །མི་མཐུན་ཀུན་སྤོང་ལམ་ལྔ་དང་། །ས་བཅུའི་སྤངས་རྟོགས་མངོན་བྱས་ནས། །མཐར་ཐུགས་རྫོགས་པའི་སངས་རྒྱས་འགྱུར། །ཞེས་སྡོམ་པ་གསུམ་གྱི་བསྟན་བཅོས་སྙིང་པོ་བསྡུས་པ་ལས་བྱང་སེམས་ཀྱི་སྐབས་ཏེ་གཉིས་པའོ།། །། ༈ཐབས་མང་དཀའ་བ་མེད་པའི་ལམ། །རིག་འཛིན་སྔགས་ཀྱི་སྡོམ་པ་ལ། །ངོ་བོ་སྒོ་གསུམ་མཚན་རྟོག་བཅས། །སྡོམ་བྱེད་ཐབས་ཤེས་ཟབ་མོ་ཡིས། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སོ། །དབྱེ་ན་བྱ་སྤྱོད་རྣལ་འབྱོར་དང་། །བླ་མེད་བཞི་སྟེ་ཕྱི་མ་ལ། །ཐབས་ཤེས་གཉིས་མེད་གསུམ་ཕྱེ་བས། །རྒྱུད་སྡེ་བཞི་འམ་དྲུག་ཏུ་གྲགས། །སྡོམ་པ་ཡང་ནི་དེ་སྙེད་འགྱུར། །དེ་ལ་མ་ཐོབ་ཐོབ་པའི་ཚུལ། །མཚན་ཉིད་ལྡན་པའི་བླ་མ་ལ། །སློབ་མ་སངས་རྒྱས་མངོན་འདོད་པས། །རྒྱུད་རྣམས་སྤྱི་དང་ཁྱད་པར་དུ། །བླ་མེད་རྡོ་རྗེ་ཐེག་པ་ཡི། །སྨིན་བྱེད་དབང་བཞི་རིམ་གྱིས་ནོད། །སད་རྨི་གཉིད་འཆགས་བཞིས་བསྐྱེད་པའི། །སྒོ་གསུམ་ཤེས་བྱའི་དྲི་མ་སྦྱང་། །བསྐྱེད་རིམ་མཚན་བཅས་མཚན་མེད་ཀྱི། །རྫོགས་པའི་རིམ་པ་བསྒོམ་པ་དང་། །སྐུ་བཞི་འགྲུབ་པའི་ནུས་རུང་བྱ། །ཐོབ་པ་མི་ཉམས་བསྲུང་བ་ལ། །རིགས་ལྔ་སྤྱི་ཡི་སྡོམ་པ་ནི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སྨོན་འཇུག་སེམས་བསྐྱེད་ཉེས་སྤྱོད་སྡོམ། །དགེ་བ་ཆོས་སྡུད་སེམས་ཅན་གྱི། །དོན་བྱེད་སྐྱབས་གསུམ་འཛིན་པའོ། །རྡོ་རྗེའི་རིགས་ནི་རྡོལ་དྲིལ་དང་། །ཕྱག་རྒྱ་བླ་མར་བཟུང་བ་དང་། །རིན་ཆེན་ཆོས་ནོར་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨའི་རིགས་ནི་ཕྱི་ནང་གསང་། །ཐེག་པ་མ་ལུས་འཛིན་པའོ། །ལས་རིགས་མཆོད་དང་གཏོར་མ་དང་། །རབ་འབྱམས་ལས་ཀུན་བསྒྲུབ་པར་བྱ། །ཁྱད་པར་བླ་མེད་སྡོམ་པ་ནི། །རྡོ་རྗེའི་རིགས་ལ་སྲོག་གཅོད་པ། །ཞིང་བཅུ་རླུང་དང་རྟོགས་པར་གསུངས། །རིན་ཆེན་རིགས་ལ་མ་བྱིན་ལེན། །ནོར་དང་བུད་མེད་ཐེག་པ་ཆེ། །གཞན་དང་རང་དོན་སྒྲུབ་བྱེད་པའོ། །པདྨའི་རིགས་ཀྱི་དམ་ཚིག་མཆོག །ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེ། །བུད་མེད་ཡིན་ཏེ་བསྟེན་པའོ། །ལས་ཀྱི་རིགས་ལ་རྫུན་དུ་སྨྲ། །བདག་དང་སེམས་ཅན་མི་དམིགས་པར། །མྱ་ངན་འདས་ལ་འགོད་པར་གྲགས། །འཁོར་ལོའི་རིགས་ལ་ཤ་ལྔ་དང་། །ཆང་དང་ཡུལ་ཀུན་བསྟེན་པ་སྟེ། །ཕྱི་ནང་གསང་བའི་རིམ་པ་ཡིས། །མ་ཉམས་སྤྱོད་པ་བླ་མེད་ལུགས། །རྩ་བའི་ལྟུང་བ་བཅུ་བཞི་ནི། །སློབ་དཔོན་རྣམ་གསུམ་སྨོད་དང་བརྙས། །བདེ་གཤེགས་བཀའ་ལས་འདས་པ་དང་། །རྡོ་རྗེའི་སྤུན་ལ་ཁྲོས་དང་བརྡེག །འགྲོ་ལ་བྱམ་པ་སྤངས་པ་དང་། །བྱང་ཆུབ་སེམས་ནི་ཉམས་པ་དང་། །རང་གཞན་གྲུབ་པའི་མཐའ་ལ་སྨད། །ལོག་སྲེད་ཅན་དང་མ་སྨིན་པར། །གསང་བའི་དེ་ཉིད་སྟོན་པ་དང་། །རང་ལུས་བརྙས་ཤིང་སྨོད་པ་དང་། །དག་པའི་ཆོས་ལ་སོམ་ཉི་ཟ། །གདུག་ལ་བྱམས་དང་ལྡན་པར་བྱ། །མིང་བྲལ་དོན་ལ་སྒྲོ་འདོགས་དང་། །དད་ལྡན་སེམས་སུན་ཕྱུང་བ་དང་། །སྐབས་བབ་རྫས་དང་ཡོ་བྱད་སྤང་། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་དང་བཅུ་བཞིའོ། །ཡན་ལག་སྦོམ་པོའི་ལྟུང་བ་ནི། །དབང་དང་དམ་ཚིག་མི་ལྡན་པའི། །རིག་མ་བསྟེན་པར་བྱེད་པ་དང་། །ཚོགས་འཁོར་སྐབས་སུ་ལུས་ངག་རྩོད། །རྒྱུད་ནས་སྨད་པའི་རིག་མ་ལ། །དམ་ཚིག་རྫས་བླངས་སྣོད་ལྡན་ལ། །གསང་བ་མི་བསྟན་དད་ལྡན་གྱིས། །ཆོས་འདྲིར་བྲེ་མོའི་གཏམ་གྱིས་སྤུར། །ཉན་ཐོས་ནང་དུ་ཞག་བདུན་ལོངས། །རྣལ་འབྱོར་ཡེ་ཤེས་མི་ལྡན་པར། །རྡོ་རྗེ་འཛིན་པར་རློམ་པ་དང་། །དུས་མིན་གསང་བའི་ཆོས་བསྟན་པ། །འདི་དག་སྦོམ་པོ་བརྒྱད་དུ་འདོད། །རྩ་བ་ཡན་ལག་དང་བཅས་པ། །ཉི་ཤུ་རྩ་གཉིས་འགྱུར་བར་བཤད། །གཞན་ཡང་ཕྱི་ཆོས་མོས་པ་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་དང་། །བསྙེན་སོགས་དག་པར་མ་བྱས་པར། །དབང་རབ་ལས་སོགས་འཇུག་པ་དང་། །སྡོམ་པ་གཉིས་ཀྱི་བཅས་པ་ལ། །དགོས་མེད་འདའ་བར་བྱེད་པ་དང་། །སྦོམ་པོའི་ལྟུང་བ་ཉིད་དུ་འགྱུར། །འདི་དག་ཤེས་བཞིན་བག་ཡོད་པ། །བསླབ་པར་གུས་ཤིང་ཉོན་མོངས་རྣམས། །གང་ཆེའི་གཉེན་པོར་འབད་དེ་བསྲུང་། །སྐྱེ་བའི་རྟེན་ནི་ལྷ་ཀླུ་དང་། །མི་ཡི་འགྲོ་བ་ཀུན་ལའོ། །ལྟུང་་བའི་རྒྱུ་ནི་རྩ་ལྟུང་རྣམས། །ཀུན་སློང་ཉོན་མོངས་དྲག་པོ་དང་། །ལྟུང་བ་དེ་ལ་དེར་ཤེས་ཤིང་། །ལུས་ངག་སྦྱོར་བྱས་དངོས་གཞིར་གྲུབ། །མ་འཁྲུལ་འགྱོད་མེད་བཤགས་ཚད་འདས། །ཡན་ལག་བདུན་ལྡན་ཕམ་པར་བརྗོད། །དངོས་གཞི་མ་ཚང་ཚད་ལས་འདས། །ལྟུང་བ་ཞེས་བརྗོད་ལྷག་མར་འདྲ། །རིམ་གྱིས་དམན་ན་སྦོམ་པོ་དང་། །ལྟུང་བྱེད་ཕྱོགས་མཐུན་ཉེས་བྱས་དང་། །ལྟུང་བའི་གཟུགས་བརྙན་ཉིད་ཤེས་བྱ། །གལ་དེ་ཉམས་ན་གསོ་བའི་ཐབས། །དབང་བསྐུར་སྦྱིན་སྲེག་གསང་སྔགས་བཟླ། །མཎྜལ་ཚོགས་གཏོར་སྐོང་བཤགས་དང་། །སཱཙྪ་སྲོག་བསླུ་ཡིག་བརྒྱ་དང་། །བླ་མའི་རྣལ་འབྱོར་ཕུང་གསུམ་མདོ། །བསྐྱེད་དང་རྫོགས་པའི་རིམ་པ་རྣམས། །ཉམས་པའི་ཚད་དང་སྦྱར་ཏེ་སྤྱད། །འདས་ན་རྡོ་རྗེ་དམྱལ་བ་སོགས། །ཚུལ་མིན་སྡུག་བསྔལ་བསམ་ལས་འདས། །མ་ཉམས་རིང་མཐའ་སྐྱེ་བ་ནི། །བཅུ་དྲུག་ཉིད་དམ་མྱུར་བ་རྣམས། །ཚེ་འདིའམ་འཆི་ཁ་བར་དོ་རུ། །ཐུན་མོང་གྲུབ་བརྒྱད་དབང་ཕྱུག་བརྒྱད། །ཐུན་མིན་མཆོག་གི་དངོས་གྲུབ་རྣམས། །བསམ་པ་ཙམས་གྱིས་འགྲུབ་པར་འགྱུར། །ཞེས་སྡོམ་པ་གསུམ་གྱི་བསྟན་བཅོས་སྙིང་པོ་བསྡུས་པ་ལས་སྔགས་ཀྱི་སྐབས་ཏེ་གསུམ་པའོ།། །། ༈དེ་ལྟར་གང་ཟག་གཅིག་རྒྱུད་ལ། །འགལ་མེད་ཉམས་སུ་བླངས་པ་ན། །སྡོམ་གསུམ་ངོ་བོ་གནས་འགྱུར་ཏེ། །རང་རང་ལྡོག་ཆ་མ་འདྲེས་པ། །དུས་སྐབས་གང་གཙོར་སྤྱད་པ་ནི། །གསར་རྙིང་མཁས་གྲུབ་མང་པོ་ཡི། །ཐུགས་ཀྱི་བརྣོག་ནོར་གཅིག་པུ་ཉིད། །དེ་ཡང་སོ་ཐར་རིས་བདུན་པོ། །གཞན་གནོད་གཞི་བཅས་ལྡོག་པའི་ཆ། །ཐེག་ཆེན་སེམས་བསྐྱེད་ཀྱིས་ཟིན་ན། །བྱང་སེམས་སོ་སོར་ཐར་པར་འགྱུར། །དབང་ཐོབ་སྔགས་ཀྱི་སྡོམ་པ་སྟེ། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན། །དོན་དུ་སྤོང་སེམས་སྔ་མ་རྣམས། །ཕྱི་མ་ཕྱི་མར་གནས་འགྱུར་རོ། །འོན་ཀྱང་བླང་ཡུལ་བསམ་པ་དང་། །ཆོ་ག་ཡང་ནི་ཐ་དད་པས། །རང་ལྡོག་མ་འདྲེས་སོ་སོར་གནས། །དཔེར་ན་སོ་སོར་ཐར་པ་ཡིས། །ལྡོག་པ་ཤི་བའི་ཚེ་ན་གཏོང་། །གོང་མ་གཉིས་ཀྱི་ལྡོག་པ་དང་། །འབྲས་བུ་ཤི་ཡང་འབྱུང་བར་བཞེད། །བསྲུང་ན་དུས་སྐབས་གང་གཙོར་སྤྱད། །སྡིག་ཏོ་མི་དགེའི་ཕྱོགས་མ་ལུས། །གཙོ་བོར་ཉན་ཐོས་བཞིན་དུ་བསྲུང་། །རང་འཁྲིས་གཏན་ནས་མ་ཞུགས་ན། །ལུས་ངག་སྤོང་བདུན་ཐེག་པ་ཆེར། །གཞན་གྱི་དོན་དུ་གནང་བར་བཤད། །སྔགས་ཀྱི་དྲོད་རྟགས་ཐོན་པ་ན། །ཀུན་འདར་གསང་སྤྱོད་ལ་སོགས་པ། །རྟོགས་གོམས་གདེང་དང་བསྟུན་པར་བྱ། །མདོར་ན་ཡོན་ཏན་ཀུན་གྱི་སྲོག །སོ་ཐར་མིག་འབྲས་ལྟར་བསྲུང་སྟེ། །བྱང་ཆུབ་སེམས་ཀྱིས་རྒྱས་གདབ་པ། །རིམ་པ་གཉིས་ལ་གཞོལ་བར་བྱ། །གལ་ཏེ་སྔགས་ཀྱི་དྲོད་རྟགས་ནི། །ལྟ་སྟངས་ལ་སོགས་གྲུབ་པ་ན། །ཉེ་རྒྱུའི་སྤྱོད་པས་མཚམས་སྦྱར་ཏེ། །མཐོང་ལམ་རབ་ཏུ་དགའ་བའི་ས། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་བཅས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །དེ་ནས་རིམ་གྱིས་སྒོམ་ལམ་རྣམས། །མཐར་དབྱུང་འབྲས་བུ་མི་སློབ་པ། །སྤངས་རྟོགས་ཀུན་གྱི་མཐར་ཐུག་པ། །ཁ་སྦྱོར་བདུན་གྱི་བདག་ཉིད་དུ། །མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟར་མཁས་མང་ལེགས་བཤད་གང་གཱའི་རྒྱུན། །གཅིག་ཏུ་བསྡུས་པ་བཻཌཱུའི་སྣོད་བཟང་པོར། །ལུང་དང་རིགས་པའི་ཀེ་ཏ་ཀས་བགྲུངས་པ། །འཇམ་མགོན་བླ་མ་དགྱེས་པའི་མཆོད་སྤྲིན་ཉིད། །ཟབ་རྒྱས་ཆོས་སྒོ་བརྒྱད་ཁྲིའི་ཉིང་ཁུ་ནི། །སྡོམ་པ་གསུམ་ཀྱི་ཉམས་ལེན་འདི་ཁོ་ན། །དེས་ན་ཐར་པ་འདོད་པའི་ཡིད་ཅན་རྣམས། །སྙིང་ལ་བདུད་རྩི་ཉིད་དུ་བསྟེན་པར་མཛོད། །དེ་ཕྱིར་ལེགས་པར་བཤད་པའི་དགེ་བ་ཡིས། །རྒྱལ་བསྟན་སྤྱི་དང་བྱེ་བྲག་གངས་ལྗོངས་འདིར། །སྙིང་པོའི་བསྟན་པ་རིང་དུ་གནས་པ་དང་། །ངུར་སྨྲིག་འཛིན་པས་ས་ཆེན་ཁྱབ་གྱུར་ཅིག །ཅེས་པ་འདི་ནི་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་འཇམ་མགོན་རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་དངུལ་གྱི་མེ་ཏོག་དང་བཅས་བཀའི་ཅོད་པན་སྤྱི་བོར་བཅིངས་པ་དང་དུ་བླངས་ཏེ། གདན་ས་ཆེན་པོ་འོག་མིན་ཀརྨའི་གནྡྷོ་ལའི་རི་སུལ་དུ་དབྱར་གནས་པའི་སྐབས་སུ་དགེ་སྦྱོང་ཆོས་སྨྲ་བ་པོ་རྒྱལ་བའི་སྲས་པོ་ཀརྨ་ངེས་དོན་སྙིང་པོ་གཞན་ཕན་ཆོས་ཀྱི་དབང་ཕྱུག་གིས་ལེགས་པར་སྦྱར་བ་འདིས་ཀྱང་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །