སྔོན་གླེང་རགས་བསྡུས།

ཡོང་ཁུངས་Wikipedia

སྔོན་གླེང་རགས་བསྡུས། གདོང་དང་གདོང་ཐུག་མངོན་གསལ་དོད་པའི་ཐོག ། འཆད་རྩོད་རྩོམ་པའི་སྤྲིན་རུམ་མཐུན་པོ་ལས།། ལུང་རིགས་ཐོག་སེར་འབེབས་ལ་མི་ཞུམ་པའི།། བསྟན་པའི་རྒྱལ་མཚན་སྒྲེངས་པའི་མགོན་དེར་འདུད།། གདོང་ཐོག་སྤྲུལ་པའི་སྐུའི་སྐུ་རབས་ཕྲེང་བ་རིམ་བྱོན་གྱི་རྨད་དུ་བྱུང་བའི་མཛད་སྤྱོད་རེ་རེ་བཞིན་མཛུབ་མོ་རི་བསྟན་གྱི་ཚུལ་དུ་འདིར་བགྲང་དགོས་ཀྱང་དུས་ཀྱིས་གཏུགས་ནས་འབྲི་བའི་ལོང་མ་བྱུང་མོད། འདིར་སྐབས་སུ་བབ་པའི་ཞུ་བྱ་ནི། མཁས་པའི་དབང་པོ་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱི་སྐུ་རབས་འདི་ཉིད་ནི་ཆུང་གཞོན་ནུ་ཉིད་ནས་བསྟན་པའི་སྒོར་ཞུགས་ཏེ་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་སྤྱིར་སྦྱངས་པས། བོད་ཀྱི་ཤེས་བྱ་རིག་གནས་ཀུན་ལ་མཁས་པའི་གོ་འཕང་བརྙེས། ཕྱི་རྒྱལ་ལ་ཕེབས་ནས་འཛམ་གླིང་སྤྱི་སྐད་དབྱིན་ཡིག་དང་དེང་དུས་ཀྱི་ཤེས་བྱ་རིག་གནས་ལའང་མཁས་པའི་གདེང་ཐོབ་ཏེ། དུས་རབས་འདིའི་ནང་འཛམ་གླིང་ཤར་ནུབ་གང་སར་མཁས་པའི་མཚན་སྙན་གྱི་བ་དན་དཀར་པོ་ལྷབ་ལྷུབ་གཡོ་བའི་རྩོད་མེད་ཡོངས་གྲགས་ཀྱི་མཁས་པ་ཆེན་པོ་ཞིག་ཡིན། དུས་རབས་ཉི་ཤིའི་ལོ་རབས་བདུན་ཅུ་པ་ནས་བཟུང་། ནུབ་ཕྱོགས་ཨ་རིར་ཕེབས་པ་ནས་ནུབ་ཕྱོགས་སུ་བོད་ཀྱི་ཆོས་རིག་ལོ་རྒྱུས་གསུམ་གྱི་བྱ་བཞག་རླབས་ཆེར་བསྐྲུན་པའི་རྒྱུད་རིམ་ཁྲོད། རྩོམ་པའི་ལེགས་བཤད་ཁོ་ནའི་དབང་དུ་བྱས་ནའང་། ལྟ་གྲུབ་དང་འབྲེལ་བའི་དགག་བཞག བརྡ་སྤྲོད་དང་འབྲེལ་བའི་སྐད་ཡིག ལོ་རྒྱུས་དང་ཆོས་འབྱུང་གི་བསྡུས་པའི་གླེགས་བམ་བཅུ་ཕྲག་ལྷག་ཅིག །རྒྱལ་ཁབ་ཕྱི་ལོག་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དུ་མས་དཔེ་བསྐྲུན་ཞུས་པ་དེ་དག་གི་འཕྲིན་ལས་ནི་རྒྱལ་ཁབ་ཕྱི་ནང་གང་སར་ཉི་མ་དང་ཟླ་བའི་འོད་སྣང་ལྟར་འཚེར་བཞིན་པ་ཡིན། ཁོང་གིས་མཛད་པའི་ལེགས་བཤད་རྣམ་ལས། དབྱིན་བོད་ཚིག་མཛོད་ནི་དུས་ཐོག་ཆར་པ་དང་ནད་ཐོག་སྨན་སྦྱོར་བཞིན་ལྷག་པར་གྲགས་ཆེ་ཞིང་། ད་དུང་དཔལ་ལྡན་ས་སྐྱའི་ཆོས་འབྱུང་ནི་དོན་འདུས་ལ་གནད་ཆེ་བའི་དཔྱད་གཞི་ཚད་ལྡན་ཁུངས་ཐུབ་ཀྱི་ཡིག་ཆ་ཞིག་ཏུ་གྱུར་ཡོད། ད་དུང་དགག་ཡིག་རྩོད་ལན་དེ་དག་ཀྱང་གསར་རྙིང་མཁས་གྲུབ་དུ་མས་དོ་སྣང་ཟབ་ནན་གནང་འོས་ཀྱི་ལེགས་བཤས་འགོང་ཆེ་ཞིག་ཏུ་གྱུར་པས་རྒྱལ་ཁབ་ཕྱི་ནང་གང་སར་ཀློག་མཁན་ཧ་ཅང་མང་། གསུང་རྩོམ་འདི་དག་རེ་རེ་ནས་བརྗོད་གཞིའི་་སྙིང་དོན་རག་བསྡུས་རེ་དང་འབྲེལ་ནས་ཁྱད་ཆོས་ངོ་སྤྲོད་ཞུ་དགོས་ནའང་དུས་ཀྱིས་གཏུགས་པས་ཞུ་ལོང་མ་བྱུང་། ཁོང་གི་མི་ཚེ་ནང་གངས་ཅན་པའི་ཆོས་སྲིད་རིག་གཞུང་ཁོ་ནར་དགོངས་པ་ཡོངས་ཏུ་བཏང་སྟེ། དཔལ་འབྱོར་མཁོ་སྒྲུབ་གྱི་ལས་སྣེ་ཕལ་ཆེ་བ་བློས་བཏང་གནང་བས། སྐབས་འགར་རྒྱལ་ཁབ་ཕན་ཚུན་འབྲེལ་སྐྱོད་སྐབས་གནམ་གྲུའི་གླ་ཆ་ཡང་སྔ་གཡར་གནང་དགོས་བྱུང་བ་ཉུང་ཉུང་མིན། ཁོང་གི་སྐུ་ཚེ་རྒྱུད་རིམ་ནང་མཁྱེན་ཡོན་གྱི་ཆེད་དུ་བློས་བཏང་ཇི་ཙམ་བྱས་པའི་ལོ་རྒྱུས་དང་དེའི་མཇུག་འབྲས་དཀའ་ངལ་ཇི་ཙམ་མྱོང་བའི་ལོ་རྒྱུས་ཀྱང་འདིར་རགས་ཙམ་འགོད་དགོས་མོད། དུས་ཀྱིས་གཏུགས་གནས་ཞུ་ལོངས་མ་བྱུང་། གང་འགང་ཆེ་ལ་དོན་སྙིང་ལྡན་པའི་གསུང་རྩོམ་ཕྱོགས་སྒྲིག་འདི་བཞིན་གནང་ཐུབ་ན་བསམ་པའི་རེ་བ་ཟློག་ཐབས་མ་བྱུང་ནས། ཁོང་སྐུ་འཚོ་བཞུགས་སྐབས་ཁོང་དང་ཁོང་གི་གསོལ་དཔོན་གཉིས་ཀར་ནན་ཏན་ཆོན་པོས་རེ་བ་ཐེངས་མང་ཞུས་ཀྱང་། དོན་སྨིན་མ་བྱུང་གོང་། ཁོང་གློ་བུར་ཞི་བར་གཤེགས་པའི་ཡིད་སྐྱོའི་གཏམ་ངན་རྣ་བར་ལྷུང་བས་ཤིན་ཏུ་འཕོང་ནའང་བྱེད་ཐབས་མ་བྱུང་བའི་མུར། སྟབས་ལེགས་པ་ཞིག་ལ་གཞིས་ཕྱོགས་ནས་འདི་བཞིན་ཕྱོགས་སྒྲིག་ལག་བསྟར་དངོས་སུ་གནང་བ་མ་ཟད། པར་ཁང་དུ་བསྐྱལ་སར་འགྲོ་རྒྱུའི་གཏམ་སྙན་དང་འབྲེལ། སྔོན་གླེང་ཞིག་ཀྱང་དགོས་པའི་རེ་བ་གཏོན་འདུག་པས། སེམས་ངོགས་ན་བརྗོད་ཐབས་མེད་པའི་དགའ་ཚོར་ཆེན་པོ་ཞིག་འཕེལ་ནའང་། དུས་བཀག་ཉིན་གཉིས་ཙམ་ལས་མེད་སྟབས་འདོད་པ་ཁེངས་པའི་སྔོན་གླེང་ཞིག་འབྲི་ལོངས་མ་བྱུང་། ཟླ་བ་གཅིག་ལྷག་གི་དུས་ཚོད་ཡོད་ན། ཨ་མྱེས་རྨ་ཆེན་མཁས་དབང་བཀྲིས་ཚེ་རིང་ལའང་སྔོན་བརྗོད་ཀྱི་ཆེད་རྩོམ་ཞིག་མངགས་ན། རྩོམ་པ་པོ་དང་རྩོམ་ཆོས་ཀྱི་ཆེ་བ་འབུར་དུ་འཐོན་པ་ཞིག་ཡོང་ངེས། ད་ནི་འདི་ནས་མར་རྩོམ་ཆོས་ལ་ཀློག་པ་པོ་ཚོས་གཟིགས་ཕྱོགས་ཐད་གཏིང་སྐུལ་མདོར་བསྡུས་ཤིག་ཞུ་འདོད་བྱུང་། ཁོང་ནི་གདོང་དང་གདོང་གཏུགས་ནས་ཡོད་མེད་ཡིན་མིན་གྱི་དགོངས་འཆར་ལྷུན་པོར་འདོན་མཁན་ཞིག་པ་ལས། ལྐོག་ལྐོག་སུབ་སུབ་ཀྱིས་བསྐོར་རྡོ་འཕེན་མཁན་གྱི་མཚེར་མ་དར་ཐུད་དེ་འདྲའི་གྲས་མིན་པས། ཁོང་གིས་མཛད་པའི་དགག་བཞག་རྩོམ་ཡིག་ཁག་གཅིག་གི་རྒྱབ་ལོག་ལ་ཀློག་པ་པོ་ས་ཁུག་ལུང་ཁུག་གི་མི་སྣ་ཁ་ཅིག་གིས་ཁ་བགྲད་སྣ་མཉེད་དགོས་པའི་ཚོར་སྣང་དེ་འདྲ་ཡང་ཡོང་སྲིད་མོད། དེ་ནི་ཀློག་པ་པོ་རང་ཉིད་ཀྱི་མཐོང་ཐོས་ཉམས་མྱོང་དང་བག་ཆག་ལྟོས་གྲུབ་ཀྱིས་ཁ་ལོ་བསྒྱུར་སྟངས་ཙམ་ལས། དོན་དངོས་ཐོག་རྩོམ་པ་པོས་བསྟན་པ་སྤྱི་སྒོས་ལ་དར་ཐེར་དང་གནས་ལུགས་ཕུ་འདེད་ཀྱིས་དཔྱད་བརྗོད་ཙམ་ལས་ཕྱོགས་སུ་འཛིན་པའི་ཆར་སྣ་རླུང་ཁྲིད་ཀྱི་བག་ཆགས་མི་ལྡན་པ་དེ་ཡང་། གཏིང་སྐུལ་དགོས་ངེས་ཞིག་ཡིན། རྩོམ་པ་པོ་སྐུ་དངོས་དང་སྔ་ཕྱིར་འགྲོགས་འདྲེས་མཉམ་གཤིབ་ཐེངས་མང་བྱས་པའི་རྒྱུད་རིམ་ལས་མངོན་གསལ་དོད་པའི་མཐོང་ཐོས་བྱུང་བ་ནི། ཁོང་གི་ཕྱོགས་སྔ་མ་ཚོ་ལ་དོན་དངོས་ཐོག་མཁྱེན་ཡོན་ཆེན་པོ་ལྡན་པའི་སྐྱེས་མཆོག་རང་ལ་བརྩིས་ནས་གུས་བཀུར་ཚད་མེད་ཞུ་གནང་མཛད་ཅིང་། གནད་དོན་དེ་ཨ་མྱེས་རྨ་ཆེན་མཁས་དབང་བཀྲིས་ཚེ་རིང་གིས་ཀྱང་ཡང་ཡང་གསུང་གི་ཡོད། ད་རེས་ཁོང་གི་གསུང་འབུམ་གང་རྙེད་ཕྱོགས་སྒྲིག་དཔེ་སྐྲུན་གནང་འཆར་འདི་ནི་བོད་མདོ་དབུས་སྐོར་གསུམ་སྤྱི་དང་། སྒོས་སུ་རྩོམ་རིག་མཁས་པའི་གྲངས་འབོར་གྱིས་དབུལ་བའི་ཁམས་པ། དེའི་ནང་ནས་ཀྱང་ཏྲེ་ཧོར་ཁམས་པའི་ཕྱོགས་ནས་གསུང་འབུམ་ལྡན་མཁས་ཧ་ཅང་ཉུང་ཉུང་ཡིན་པ་ལ་གུད་བསབ་ཆེན་པོ་ཞིག་བྱས་པ་ངོས་འཛིན་ཞུ་ཐོག ཨ་རེ་ཁམས་པའི་ཕོ་རྒོད། ཏྲེ་ཧོར་ལུང་པའི་མི་རྒོད། གདོང་ཐོག་དགོན་པའི་སྤྲུལ་རྒོད། ཁོང་གིས་བོད་སྤྱི་དང་ཡང་སྒོས་ཏྲེ་ཧོར། ཆོས་ལུགས་སྤྱི་དང་ཡང་སྒོས་ས་སྐྱ་བའི་བསྟན་པའི་ཁ་འཛིན་དང་སྡེ་པའི་ལ་རྒྱ་བླ་ན་འདེགས་པའི་དགའ་ཚོར་དང་རྗེས་སུ་ཡི་རངས་ཞུ་འདོད་ཆེ་བ་ཡང་གཏིང་སྐུལ་ནན་པོའི་ལུགས་སུ་བྱས་ནས་ཞུ་རྒྱུ་ཡིན། མཐའ་དོན་རྩོམ་པ་པོ་སྐྱེས་ཆེན་དམ་པ་མཁས་དབང་ཆེན་མོ་གདོང་ཐོག་སྤྲུལ་བའི་སྐུ་བསྟན་པའི་རྒྱལ་མཚན་མཆོག་གི་ཟག་མེད་ཐུགས་ཀྱི་གཞེད་པའི་དགོངས་དོན་ཇི་བཞིན་འགྲུབ་པ་དང་། རྨད་དུ་བྱུང་བའི་གསུང་རྩོམ་གླེགས་བམ་འདི་དག་གི་འཕྲིན་ལས་ཀྱང་འཁོར་བ་ཇི་སྲིད་བར་གནས་པ་དང་། གཞིས་བྱེས་ལྷན་དུ་འཛོམས་པའི་བཀྲིས་དགའ་སྟོན་གྱི་ཉི་མ་གསར་པ་མྱུར་བ་ཉིད་དུ་འཆར་བའི་སྨོན་འདུན་ཞུ། མཁྱེན་རབ་དཀྱིལ་འཁོར་རྫོགས་པའི་ཟླ་གཞོན་ཁྱོད། ། དུས་ཀྱི་ནུབ་རིའི་ཕང་པར་བཞུད་ན་ཡང་། ། ལེགས་བཤད་གསུང་གི་འོད་སྣང་དཀར་པོ་ཡིས། ། རྨོངས་པའི་འཇིག་རྟེན་ནམ་ཡང་གསལ་བར་སྨོན། ། གུས་འདུད་བཅས་དམ་པ་གང་གི་བློས་ཐུབ་གྲོགས་པོ་བེ་རི་དགེ་བཤེས་འཇིག་མེད་དབང་རྒྱལ་བས་གནས་མཆོག་ཝཱ་ར་ཎཱ་སི་དྲང་སྲོང་ལྷུང་བའི་ནགས་འདབས་ནས། བོད་རབ་བྱུང་བཅུ་བདུན་པའི་ཤིང་ལུག་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བདུན་(སྤྱི་ལོ་ 2015.3.7)ཉིན་ཤར་མར་བྲིས་པ་དགེ་ལེགས་འཕེལ། །