སྒྲུང་གཏམ

ཡོང་ཁུངས་Wikipedia

    རབ་རིབ་ཀྱི་ལོ་ཟླ།


                                                                དྭངས་ཟིལ


          ཤར་ཕྱོགས་ཀྱི་རི་རྩེ་ནས་ཉི་གཞོན་གྱི་འོད་ཟེར་བསིལ་གདུགས་ཀྱི་འདབ་མ་བརྐྱངས་པ་ལྟར་ཕྱོགས་བཞིར་འཕྲོས་པས་འདི་གའི་འབའ་ཆུའི་ངོས་ནས་ལྡོག་འོད་ཆེམ་ཆེམ་དུ་འཕྲོ་ཞིང་།  རྩྭ་རྩེའི་ཟིལ་བ་མང་བོ་ཡང་འོད་ཀྲིག་ཀྲིག་བྱེད།     དུས་འདིར་ཉི་ཐིག་ཨ་ཁུ་བློ་རྒྱམ་གྱི་སྒེའུ་ཁུང་བརྒྱུད་དེ་ཀན་རྐྱལ་ཀྱིས་གཉིད་དུ་ཡུར་པའི་ཨ་ཁུ་བློ་རྒྱམ་གྱི་གདོང་ལ་འཕྲོས་པས་ཁོ་རང་དེ་མ་ཐག་གཉིད་ལས་སད་དེ་མལ་ས་ལས་འགྲེ་ལྡོག་གཅིག་གིས་ཡར་དགྱེས་ནས་མིག་ཟུང་ནམ་མཁར་གཏད་ཅིང་།   ལག་ཟུང་ཐལ་མོར་སྦྱར་ཏེ་ཁ་མུར་མུར་གྱིས་ཅི་ཞིག་བཟློས་མཐར་གྲེ་བ་བསལ་ཙམ་བྱས་ཏེ་དམིགས་ཡུལ་མེད་པར་ཁྱིམ་དུ་ཁ་ལུད་ཆེན་པོ་ཞིག“ཕུད”ཅེས་གཏོར།      ཨ་ཁུ་བློ་རྒྱམ་གྱིས་གཅིན་རྐོ་ལག་ཏུ་བཟུང་སྟེ་པགས་རྩག་གཡང་ཤམ་གྱིས་སྒོའི་ཕྱི་ལ་བུད་པ་ན་ཁོའི་མཐོང་ལམ་དུ་བརྒྱུད་པ་ནི་འུར་ཆ་གཡུགས་ནས་ལུག་ཁྱུའི་རྗེས་སུ་སྙེག་གིན་པའི་ཚ་བོ་ཚེ་རིང་ཡིན་ལ་དེ་དང་བསྟུན་ནས་ཁོས་ཀྱང་ཁོ་རང་ཆུང་དུས་ཀྱི་དོན་བྱ་འབའ་ཞིག་ལ་དྲན་གསོ་གང་འགར་བགྱིས།       ཨ་ཁུ་བློ་རྒྱམ་གྱི་མིང་ཧྲིལ་བོར་བློ་བཟང་རྒྱ་མཚོ་ཟེར་ཞིང་།  དེ་ཡང་དྲང་མོར་ལབ་ན་ཁོའི་གྲྭ་མིང་ཡིན།  དེ་དུས་ཁོ་རང་དགོན་པ་ན་ཡོད་སྐབས་ཕ་བླ་མའི་ཆོས་གསུངས་པ་ནི་རྣའི་ལྟག་རྒྱབ་ཀྱི་ལྷགས་པར་ཡང་མ་སོང་བར་གཟན་ཤམ་རྐེད་པར་དཀྲིས་ཏེ་ཉིན་རྒྱུན་སྐྱ་སེར་སུ་དང་ཕྲད་ན་སྦེ་ག་འགྲན་པ་དང་།  ཁ་ཤོམ་འཐེན་རྒྱུ་ལས་གཞན་ཆོས་མ་ཎི་ཙམ་ཡང་མི་འདོན་པར་དགོན་མཐར་ཉུལ་ནས་ཉི་མ་སྐྱེལ་ཐབས་བྱས་པའི་རྗེས་སུ་རང་ཤུགས་ཀྱིས་སྐྱ་སར་བབས།    ཁོ་རང་སྐྱ་སར་བབ་མ་ཐག་ཁོའི་ཕ་རྒན་རྣམ་གྲོལ་གྱིས་བསམ་བཞིན་དུ་ཆད་པ་གཅོད་ཆེད་ལུག་རྫིར་མངགས་པ་ན་ལུག་རྫི་དག་གིས་པྲ་ཚགས་དང་སྙིང་འཕྱས་ཀྱིས“ཨ་ཁུ་དགེ་བོ།  ལུག་རྫི་བྱས་ན་ཨེ་སྐྱིད་ཀི”ཞེས་ཁོ་ལ་དྲིས་པ་ན་དེ་མུར་ཁོས་ཅི་ཡང་མི་སྙམ་པར་མྱུར་དུ“ཚོགས་ཆེན་འདུ་ཁང་ནང་ན་སྡུག་མེད་རུང་ཨོང་ཤ་ན་གི  འཇིག་རྟེན་འཁོར་བའི་ནང་ན་སྐྱིད་མེད་རུང་སྐྱོ་བ་བསང་གི”ཞེས་ལན་གླན་པ་ན་ལུག་རྫི་དག་ལ་སྨྲ་བ་མེད་པར་གྱུར།        ཁོ་རང་དེ་ལྟར་ལོ་ཕྱེད་ཙམ་ལ་ལུག་རྫི་བྱས་པས་ད་གཟོད་སུན་སྣང་རབ་དང་རིམ་པ་ཞིག་སྐྱེས་ཏེ་སྐྱ་སར་བབས་པར་འགྱོད་སེམས་ཀྱིས་རབ་ཏུ་མནར་བས་ཕྱིར་དགོན་པར་འགྲོ་འདོད་སྐྱེས་པ་དེ་ཡིད་དུ་དྲན་ནས་ཨ་ཁུ་བློ་རྒྱམ་གྱིས་མགོ་བོ་ཐད་དུ་གཡུགས་ཀྱིན་གཅིན་རྐོའི་ནང་གི་ཆབ་བསང་ཐལ་སྤུངས་མགོར་ཕོས་རྗེས་ཕྱིར་ཁྱིམ་དུ་འཛུལ།    ཉི་མ་ནི་མདུན་ཕྱོགས་ཀྱི་ནམ་མཁའི་དྲང་ཐད་ན་ཁང་ངོས་སུ་བཏགས་ཡོད་པའི་གློག་སྒྲོན་ཇི་བཞིན་འོད་ཟེར་ལམ་ལམ་དུ་འཕྲོས་པས་འཇིག་རྟེན་གྱི་སྣང་ངོ་ཅོག་ལ་ཚ་ལམ་ལམ་གྱི་དྲོད་ཅིག་བསྩལ་བ་ན་ཨ་ཁུ་བློ་རྒྱམ་ཡང་ཁང་མིག་སྒོ་ཁ་ན་ཉི་མར་ལྡེ་ཞོར་ལག་གཡས་པས་མ་ཎི་འཁོར་ལོ་བསྐོར་ཞིང་།  ལག་གཡོན་པའི་འཐེབ་སེན་སྟེང་དུ་སྣ་ཐ་ཞིག་བཏུལ་ནས་ཉུང་ཙམ་ཉུང་ཙམ་རྔུབ་ཀྱིན་གློ་བུར་དུ་སེམས་སྡུག་དང་འཇིགས་སྐྲག་ཅིག་གིས་སེམས་ངོར་ཡོངས་སུ་ཁེངས།         རྒྱུ་མཚན་ནི་ན་ནིང་གནས་འདིར་འགྲེམ་བཞིན་པའི་<<མ་འོངས་ལུང་བསྟན>>དེ་དྲན་པས་སོ།།         ལུང་བསྟན་དུ“མདོར་དྲིལ་ན་འཇིག་རྟེན་འདིར་ལྷ་ཆེན་ཚངས་པས་གདམས་པ་ནི་རྒྱུ་ནོར་ཟས་གསུམ་དང་མངའ་ཐང་ཇི་འདྲ་རྒྱ་ཆེ་ཡང་སུ་ལ་ཡང་ལོངས་སྤྱོད་དབང་མེད་པར་མི་འགྱངས་པར་བསྐལ་བ་འདི་འཇིག་རྒྱུ་ཡིན་པས་དེ་ལྡོག་ཐབས་སུ་མི་རྣམས་ཀྱིས་དགེ་རྩ་ཆེན་པོ་བསྒྲུབ་དགོས”ཞེས་པ་དེ་ཡིན་ལ་ཨ་ཁུ་བློ་རྒྱམ་གྱིས་དེ་ཐེངས་གཅིག་དྲན་རྗེས་འཇིག་རྟེན་འདི་མྱུར་དུ་འཇིག་འགྲོ་བར་བསམས།   རྒྱུ་མཚན་ནི་ད་ལྟའི་མི་རྣམས་དགེ་རྩ་བསྒྲུབ་རྒྱུར་མི་དགའ་བ་མ་ཟད།   དད་པ་ནི་དེ་བས་ཀྱང་མེད་པས་སོ་སྙམ།    ཨ་ཁུ་བློ་རྒྱམ་ལུག་རྫི་ནས་ལོ་ཕྱེད་ཙམ་འགོར་མཐར་རགས་ལས་ཆུ་ཤོར་བ་ལྟར་ངེས་འབྱུང་བན་བུན་ཞིག་སྐྱེས་ཏེ་ཕྱིར་དགོན་པར་ཕེབས་ནས་སྔ་མའི་རྩ་ལྟུང་ལ་འགྱོད་སེམས་ཀྱིས་སྡིག་བཤགས་དང་ཕྱི་མའི་བྱ་བ་ལ་སྡོམ་གསུམ་གནད་དུ་བཟུང་སྟེ་ཡར་ལོག་བྱས།      ལོ་གཅིག་ལྷག་གི་རིང་ལ་ཨ་ཁུ་བློ་རྒྱམ་གྱིས་ཅི་ཞིག་གི་གདེང་རྟོགས་པ་ཇི་བཞིན་སེམས་ཆུང་དང་ཁེངས་སྐྱུང་གིས་བསླབ་པ་སློབ་གཉེར་ལ་འབད་ན་ཡང་ཡིད་ཀྱི་ཡོལ་གོ་རུ་དལ་བ་དལ་བར་ཚུར་འཛུལ་འོང་བ་ནི་བུ་མོ་གཞོན་ནུ་མ་འགའ་རེའི་འཛུམ་དམུལ་དམུལ་གྱི་ངོ་གདོང་ཁོ་ན་ཡིན་པས་ས་ཧ་ཅང་རུབ་པའི་མཚན་མོ་ཞིག་ལ་ཁོས་གྲྭ་ཆས་ཕུད་དེ་སྐྱ་ཆས་གྱོན་ནས་ཐེངས་གཉིས་པར་འཇིག་རྟེན་འཁོར་བའི་ནང་དུ་ཞུགས།   དེ་ནས་བཟུང་ཁོའི་མིང་ལ་བློ་རྒྱམ་ཐོགས་ཤིང་།   ཁོ་རང་ཡང་དགོན་སྡེའི་འཚོ་བ་ལ་ཉིན་རེེར་ཞེན་ཆགས་ཇེ་ཆེར་སོང་ཡང་རང་སེམས་རང་གིས་གཅུན་ནས་ད་ལྟའི་བར་ཡར་ལོག་ཐེངས་གསུམ་པ་མ་བྱས་པར་བསྡད།        ནུབ་ཕྱོགས་ཀྱི་རི་བོའི་ཕྲག་གོང་ནས་ཉི་མ་ནི་འཇིག་རྟེན་ལ་འཁྲེན་པ་ལྟར་འོད་ཟེར་གྱི་ཉག་མ་རེ་རེ་འདི་གའི་རི་ལུང་ཀུན་ཏུ་འཕྲོས་པས་གནས་འདི་དང་འབྲེལ་བའི་ཕྱོགས་བཞི་ནི་སྐད་ཅིག་གི་ཡུན་ལ་གསེར་མདོག་གི་ཞིང་ཁམས་ཤིག་ཏུ་གྱུར།    ཨ་ཁུ་བློ་རྒྱམ་གྱིས་ཁང་མིག་ནང་དུ་མིག་ཟུང་ཟུམ་ཞིང་།   ལག་ཟུང་སྙིམ་པར་བཏེགས་ཏེ་དམིགས་པ་རྩེ་གཅིག་གིས་དད་པ་བྱས་ཤིང་།  ཁོའི་ངག་ལས་རང་དབང་མེད་པར་དངན་པ་ཞིག་ཤོར།  ཁོའི་སེམས་སུ་<<མ་འོངས་ལུང་བསྟན>>ལྟར་ན་ཅང་མི་འགོར་བར་འཇིག་རྟེན་འདི་འཇིག་རྒྱུ་ཡིན་པས་རང་ཉིད་ཀྱིས་ད་ལྟའི་བར་དུ་དགེ་སྒྲུབ་ལེགས་པོ་ཞིག་མ་བྱས་པར་ཞེ་འགྱོད་གཏིང་ནས་སྐྱེ་བཞིན་ཡང་བསྐྱར་དམིགས་པ་རྩེ་གཅིག་ཏུ་གཏད་འགོ་བརྩམས།     ཨ་ཁུ་བློ་རྒྱམ་གྱི་ཁང་མིག་ནང་དུ་རིམ་གྱིས་ནག་ཡོར་ཡོར་གྱི་མུན་པ་སླེབས་པ་དང་ཆབས་ཅིག་སློབ་གྲྭར་འགྲོ་བཞིན་པའི་བུ་ཆུང་བཀྲ་ཤིས་ཀྱིས་གློ་བུར་དུ་སྒོ་ཁྲོག་སེ་ཕྱེས་ནས་དགའ་སྤྲོ་གནོན་མི་ཐུབ་པའི་ཚུལ་གྱིས“ཨ་་་་་་་ཨ་ཕ།    ངས་་་་་་་ངས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་འདུག”ཅེས་དབུགས་འཚང་བཞིན་ལབ་པ་ན་ཨ་ཁུ་བློ་རྒྱམ་གྱིས་དེ་ལ་ཁ་ཡ་ཙམ་ཡང་མི་བྱེད་པར་དམིགས་པ་སྔར་ལས་ཇེ་བརྟན་དུ་བཏང་།     ཨ་ཁུ་བློ་རྒྱམ་ཚང་གི་བཟའ་མི་ཚང་མས་ཆབས་ཅིག་ཏུ་ནུབ་ཚལ་འཐུང་དུས་ཨ་ཁུ་བློ་རྒྱམ་མ་གཏོགས་པའི་བཟའ་མི་ཚང་མའི་ཁ་བརྡ་ནི་བུ་ཆུང་བཀྲ་ཤིས་ཀྱིས་སློབ་ཆེན་ལ་རྒྱུགས་འཕྲོད་པའི་དོན་བཟང་དེའི་སྐོར་ཁོ་ན་ཡིན་ཞིང་།  ཚང་མ་དགའ་ལྷང་ལྷང་བྱེད།      མཚམས་ཤིག་ལ་ཨ་ཁུ་བློ་རྒྱམ་གྱིས་ཅི་ཞིག་དྲན་པ་ལྟར“འུ་ཚང་གི་གཅེས་ཕྲུག་བཀྲ་ཤིས་ཀྱིས་སློབ་ཆེན་ལ་རྒྱུགས་འཕྲོད་འདུག་པ་བཟང་མོད།  འོན་ཀྱང་མི་འགྱངས་པར་བསྐལ་བ་འཇིག་རྒྱུ་ཡིན་པས་འུ་ཅག་དགའ་ཡང་ནང་དོན་ཅི་ཡོད།   ཚང་མས་རང་རང་ས་རུ་ཁ་ཏོན་དགེ་སྦྱོར་ལ་འབད་བརྩོན་བྱོས།  དཀོན་མཆོག་མཁྱེན་སེམས་ཅན་དམུན་པོ་འདིའི་ལས་བསོད་ནམས་ཟད་འདུག་པ་འདིར་ཡིད་རེ་སྐྱོ།’‘ཞེས་ཟ་འགྲམ་གྱི་སྐྲ་དཀར་བོའི་ནང་དུ་འཕྲུག་འཕྲུག་གིས་ལབ་པ་ན་བཟའ་ཚང་གང་བོ་དལ་ཅག་གེར་གྱུར།         ཉི་མ་ནི་ནུབ་ཕྱོགས་ཀྱི་ཆུ་ལྷོའི་ཕང་བར་ཡལ་ཟིན་པས་ད་ནི་འཇིག་རྟེན་གྱི་ཡུལ་གྲུ་ཡོད་ཚད་མུན་ནག་གི་མཚན་མོས་ལྗིབས།  སྨག་ནག་པའི་མཚན་མོའི་ངོགས་སུ་ཨ་ཁུ་བློ་རྒྱམ་གྱི་ཁང་མིག་ལས་སྔུར་སྒྲ་ཞིག་ཕྱི་རོལ་དུ་མཆེད་པ་མ་གཏོགས་ཧ་ཅང་འཇགས་པའི་སྣང་བ་ཞིག་སྟེར།        ཟླ་གཅིག་འགོར་རྗེས་ཀྱི་ནངས་མོ་ཞིག་ལ་ཨ་ཁུ་བློ་རྒྱམ་གཉིད་ལས་སད་དེ་མགོ་ཡར་དགྱེས་པ་ན་ཞོགས་པའི་ཉི་གཞོན་དམར་ལམ་མེར་དུས་རྒྱུན་དང་འདྲ་བར་ཁོའི་སྒེའུ་ཁུང་ཁར་འཕྲོས་ཤིང་།   དེ་དང་ལྷན་དུ་བུ་ཆུང་བཀྲ་ཤིས་སློབ་གྲྭ་ཆེན་མོར་སྐྱེལ་མ་གནང་མཁན་གྱི་མི་ཚོགས་སྐོར་ཞིག་ཁོའི་སྔས་འགྲམ་ལ་སླེབས་འདུག་པ་དེའོ།།