སྒྲ་སྒྲུབ་རིག་པ

ཡོང་ཁུངས་Wikipedia

སྒྲ་སྒྲུབ་རིག་པ་ཞེས་པའི་བསྟན་བཅོས་ཤིག་གསར་གཏོད་གྱིས་༢༠༠༩་ལོར་དཔར་སྐྲུན་འགྲེམ་སྤེལ་ཞུས། དེབ་འདིའི་ཁྱད་ཆོས་གལ་ཆེ་བ་ནི་འདིའི་ནང་དུ་བོད་ཀྱི་ངག་ལ་མཁོ་བའི་ཀ་མད་གྲངས་༢༤༥་དང་། དབྱངས་གྲངས་༢༠་ཙམ་ལ་དངོས་སུ་ཚིག་ཟིན་ཀྱིས་རེ་རེ་བཞིན་ཞིབ་པར་འགྲེལ་བཤད་རྒྱས་པར་བྱས་ཡོད། འདི་ཙམ་ཞིབ་ཚགས་ཀྱིས་བཤད་པ་ད་ལྟ་བར་དུ་མ་བྱུང་བ་ནི་བདག་གི་དེབ་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཆེས་ཕལ་བ་དེ་ཡིན་པར་བདག་འདོད།

སྤྱིར་དེབ་འདིར་ཁྱོན་བོད་མི་ཞིག་གི་ངག་ལས་དབྱུངས་ཐུབ་པའི་གསལ་བྱེད་༢༥༣་བཤད་ཡོད་པ་དེ་དག་ནི་ཨ་སྡེ་ནས་ཀ་མད་བརྒྱད, ཀྂ་སྡེ་ནས་ཉེར་དྲུག, ཀ་སྡེ་ནས་སོ་གསུམ, ཀྱ་སྡེ་ནས་ཉེར་དགུ, ཅ་སྡེ་ནས་ཉེར་དགུ, ཙ་སྡེ་ནས་ཉེར་དགུ, ཊ་སྡེ་ནས་སོ་གསུམ, ཏ་སྡེ་ནས་ཉེར་དགུ, པ་སྡེ་ནས་ཉེར་དགུ, བཅས་བོད་སྐད་ལ་མཁོ་བ་༢༤༥ དང, པྂ་སྡེ་ནས་བཞི, ཏྂ་སྡེ་ནས་བཞི, བཅས་ཕྱི་རྒྱལ་སྐད་ལ་མཁོ་བ་༨་བཅས་ཡིན། དབྱངས་ཀྱི་གྲངས་ནི་རྒྱས་བསྡུས་ཀྱི་གདམ་ང་མང་པོ་ཞིག་སྤྲད་ཡོད་ཅིང, རྒྱས་ཤོས་དངོས་སུ་ཚིག་ཟིན་གྱིས་བཤད་པ་ལ་གྲངས་ཉི་ཤུ་ཡོད།

དེ་ལྟར་གཞུང་འདིའི་ནང་དུ་ཚིག་གིས་དངོས་སུ་ཟིན་མ་ཟིན་གྱི་ངག་སྒྲ་མི་འདྲ་བ་གྲངས་༢༩༥༣༢༧༩༠༠ཙམ་གྱི་རྣམ་བཞག་དངོས་སུ་བཤད་ཡོད། དེ་དག་ནི་མང་ཆེ་བ་བོད་སྐད་ལ་མཁོ་བའི་ངག་གམ་ཐོན་ལུགས་ཀྱི་ངག་སྒྲ་ཡིན། གྲངས་ཀ་འདི་འགྲུབ་པའི་སྤྱི་འགྲོས་ནི: x2*20+x3*20=295,237,900་ཡིན། x་ནི་འདིར་དངོས་སུ་རྒྱས་པར་བཤད་པའི་ཀ་མད་ཀྱི་གྲངས་ཀ་དེ་ཡིན། དེ་ལ་༢༤༥ ཡོད། འདིའི་ཐོག་ཏུ་ཕྱི་རྒྱལ་ལ་མཁོ་བའི་ངག་སྒྲ་༣༩༧༠༦༨༠་ཙམ་ཁ་སྣོན་དུ་ངོས་སྤྲོད་ཙམ་བྱས་ནས་ཞིབ་པར་ཤུགས་ལ་རྟོགས་ཐུབ་པར་བྱས་ཡོད། གྲངས་ཀ་འདི་རེ་རེ་བཞིན་ངོས་སྤྲོད་རྒྱུ་ཡོད་པའི་དངོས་ཡོད་ཀྱི་གྲངས་ཡིན་ཏེ, ཀ་མད་རྐྱང་པ་སུམ་རེས་ངག་སྒྲ་རེ་བཟོ་ཆོག་པ་ཡང་ཡོད་པས་སོ། འདི་ད་དུང་ཁོ་བོས་བཤད་པའི་མིའི་ངག་གི་སྒྲའི་གྲངས་ཀྱི་དབྱེ་ཚུལ་བསྡུས་ཤོས་ཀྱི་བརྩི་ལུགས་དེ་ཡིན།

བདག་གིས་ངག་སྒྲ་ལ་དབྱེ་ཚུལ་ལ་རྒྱས་བསྡུས་བཞི་བཤད་ཡོད་པ་ལས་རྒྱས་ཤོས་ཀྱི་དབང་དུ་བྱས་ན་ངག་སྒྲ་མི་འདྲ་བ་གྲངས་༤༧༣༠༠༨༣༨༤༨༠་ཙམ་ཡོད། གལ་སྲིད་རྩི་ལུགས་འདིའི་དབང་དུ་བྱས་ན་སློབ་དཔོན་ཐོན་མིས་ཀྱང་ཀ་མད་སུམ་ཅུ་ལས་ངག་སྒྲ་མི་འདྲ་གྲངས་༡༡༡༧༢༠་ཙམ་བཟོ་ཐུབ་པའི་ཆ་རྐྱེན་ལེགས་པར་བསྐྲུན་ཡོད། འོན་ཀྱང་ལག་ལེན་ལ་རང་རེས་མགོ་འདོགས་དང་འཇུག་ཡང་འཇུག་ལ་ཚད་བཀག་ཡོད་སྟབས་ད་ལྟ་འདིའི་ཕྱེད་ཀའི་ཕྱེད་ཀ་ཡང་བཟོ་མི་ཐུབ་པར་གྱུར་ཡོད། ད་དུང་ས་མགོ་དང་ས་མཐའི་ཀློག་ཉམས་པ་འདིས་བོད་ཡིག་འདི་ཡན་ལག་བཅད་པའི་ཕུང་པོ་བཞིན་ནུས་མེད་དུ་བཏང་ཡོད།

གསལ་བྱེད་དང་དབྱངས་ཀྱི་རྣམ་བཞག་བཤད་སྐབས་ཡི་གེའི་རྒྱུ་ལ་དབྱེ་ཞིབ་ཀྱིས་བཤད་ཡོད། འགྲོ་བ་མིའི་ངག་ལས་བརྡ་སྤྲོད་པའི་སྒྲ་དབྱུངས་སྐབས་དེའི་རྒྱུ་གལ་ཆེ་བ་ཁག་ཅིག་ཡོད། དེ་དག་ནི་གནས་དང, བྱེད་པ, རྩོལ་བ, རྐྱེན, བཅས་ཡིན། གནས་ནི་བོད་མི་ཞིག་གི་ངག་གི་དབང་དུ་བྱས་ན་གནས་གྲངས་དགུ་ཡོད།

བྱེད་པ་ཟེར་བ་ནི་གནས་གནད་རྟིང་མ་(‘ལྕེ་སྨད’་སོགས)་དེ་གནས་གནད་སྟེང་མའི་(‘ནེམ་རྐན’སོགས)་ཕྱོགས་སུ་འགུལ་བ་ལ་ཟེར། འདི་ལ་གནས་ཀྱི་བྱེད་པ, རླུང་གི་བྱེད་པ, གཉིས་ཡོད། དང་པོ་ལ་དུས་ལ་ལྟོས་ནས་དབྱེ་བ་དང, བྱ་བ་ལ་ལྟོས་ནས་དབྱེ་བ, གཞི་ལ་ལྟོས་ནས་དབྱེ་བ, བཅས་གསུམ་ཡོད། དང་པོ་ལ་བྱེད་སྟོད་བྱེད་སྨད་གཉིས་ཡོད། བྱ་ལ་ལྟོས་ནས་དབྱེ་བ་ལ་སྦྱོར་བའི་བྱེད་པ, ཕྲད་པའི་བྱེད་པ, སྙེན་པའི་བྱེད་པ, བཅས་གསུམ་ཡོད། གཞི་ལ་ལྟོས་ནས་དབྱེ་བ་ལ་མིད་པའི་བྱེད་པ, ལྕེ་ཡི་བྱེད་པ, མཆུ་ཡི་བྱེད་པ, མགལ་བའི་བྱེད་པ, བཅས་བཞི་ཡོད། རླུང་གི་བྱེད་པ་ནི་རྩོལ་བའི་བྱེད་པ་དེ་ཡིན།

རྩོལ་བ་ནི་རང་རེའི་རྟགས་འཇུག་ཏུ་བཤད་པའི་རྟགས་ཀྱི་རྣམ་བཞག་དེ་ལ་ཟེར་བ་ཡིན་ཞིང, འདི་ནི་མིད་པའི་སྡོད་སྟངས, ཤུགས་ཀྱི་འགྲོ་སོང, རླུང་གི་ཡོང་སྟངས, བཅས་གསུམ་འདུས་པའི་སྤྱི་ལྡོག་ལ་ཟེར་བ་ཡིན་། རྩོལ་བ་ལ: ཕོ, མོ, མཚན་མེད, བཅས་རྩ་བ་གསུམ་དང, མ་ནིང, བཅས་གཙོ་བོ་བཞི་ཡོད། ད་དུང་རྒྱས་པར་དབྱེ་སྐབས་ཕོ་འགྱུར་མ་ནིང་དང་མོ་འགྱུར་མ་ནིང་གཉིས་སྣོན་རྒྱུ་ཡོད། དེ་སྐབས་མ་ནིང་ལ་གསུམ་དུ་ཕྱེས་ནས་བཤད་ཡོད་པའི་མ་ནིང་གཅིག་ནི་མེད་འགྱུར་མ་ནིང་རེད།

རྐྱེན་ལ་དབང་པོའི་རྐྱེན, སྦྱོར་བའི་རྐྱེན, གཉིས་ཡོད། དབང་པོའི་རྐྱེན་ལ་གནས་ཀྱི་རྐྱེན་དང, ལམ་གྱི་རྐྱེན, གཉིས་ཡོད། གནས་ཀྱི་རྐྱེན་ནི་བྱེ་སྨད་ཀྱི་སྐབས་སུ་གནས་གཞི་བཞིའི་རྐྱེན་སྣ་ཚོགས་སྤྲོད་རྒྱུ་ཡོད་པ་དག་ལ་ཟེར། འདི་ལ་མིད་པའི་རྐྱེན, ལྩེ་ཡི་རྐྱེན, མཆུ་ཡི་རྐྱེན, མ་མགལ་གྱི་རྐྱེན, བཅས་བཞི་ཡོད། ལམ་གྱི་རྐྱེན་ནི་དབུགས་དབྱུང་བའི་རྒྱུ་ལམ་ལ་ཟེར་ཞིང, འདི་ལ་རྣལ་ལམ་གྱི་རྐྱེན, ཟུར་ལམ་གྱི་རྐྱེན, གཉིས་ཡོད། དེ་རེ་རེ་ལ་གནས་ལམ་གྱི་རྐྱེན, སྣ་ལམ་གྱི་རྐྱེན, གཉིས་རེ་ཡོད། སྣ་ལམ་གྱི་རྐྱེན་ལ་སྣ་ཡོངས་ལྡན་གྱི་རྐྱེན, སྣ་ཕྱེད་ལྡན་གྱི་རྐྱེན, གཉིས་རེ་ཡོད། གཉིས་པ་སྦྱོར་བའི་རྐྱེན་ནི་རྐྱེན་དེ་དག་ཇི་ལྟར་སྤྲོད་པའི་ཚུལ་ལ་ཟེར། འདི་ལ་དུས་ཀྱི་རྐྱེན, ཕྱོགས་ཀྱི་རྐྱེན, གཉིས་ཡོད། དུས་ཀྱི་རྐྱེན་ནི་དབུགས་དབྱུང་བའི་དུས་ལ་ཟེར་ཞིང, འདིལ་”བྱེད་སྟོད”་ཀྱི་སྐབས་སུ་དབུགས་མི་དབྱུང་བ་”དབུགས་མེད”, དེ་ལྟར་དབུགས་དབྱུང་བ་”དབུགས་ལྡན”་གཉིས་ཡོད། ཕྱི་ལ་ལ་“དབུགས་ཙམ་གྱི་རྐྱེན” , “སྒྲ་ཡང་གི་རྐྱེན”, གཉིས་ཡོད། ཕྱོགས་ཀྱི་རྐྱེན་ནི་དབུགས་དབྱུང་བའི་ཁ་ཕྱོགས་ལ་ཟེར། འདི་ལ་ཕྱིར་བཞུད་པ, ནང་དུ་རྔུབ་པ, མི་བཞུད་པ, བཅས་གསུམ་ཡོད། གནས་ཀྱི་རྐྱེན, ལམ་གྱི་རྐྱེན, དུས་ཀྱི་རྐྱེན, ཕྱོགས་ཀྱི་རྐྱེན, བཅས་རྐྱེན་བཞི་བོ་དུས་གཅིག་ཏུ་ཀ་མད་གཅིག་གི་ཐོག་ལ་ཚང་དགོས། དེ་ལྟར་གནས, བྱེད་པ, རྩོལ་བ, རྐྱེན, བཅས་ཞི་ཀ་ཚོགས་པ་ལ་མགྲིན་པའི་དབང་པོ་ནས་སྒྲ་དང་ལྷན་དུ་བསྲེས་ན་ཀ་སོགས་ཀ་མད་གཅིག་ལྷུན་གྱིས་གྲུབ་པ་ཡིན།

སྒྲ་སྒྲུབ་རིག་པ‚ འཇམ་དཔལ་ཚུལ་ཁྲིམས

དེ་ལྟར་ཁོ་བོའི་དེབ་འདིར་སྤྱིར་འགྲོ་བ་མི་དང་། བྱེ་བྲག་བོད་མིའི་ངག་ལས་དབྱུང་བའི་སྒྲ་ལ་འདི་ལྟར་དབྱེ་ཞིབ་བྱས་ནས་བཤད་ཡོད་སྟབས་འདི་ལ་བརྟེན་ནས་ང་ཚོས་ང་ཚོ་བོད་ཀྱི་ཡིག་གཟུགས་གང་ཞིག་ལ་སྒྲ་གང་ཞིག་འདོན་འོས་པ་དང་མ་འོས་པ་དེ་ཧ་ལམ་ཐག་གིས་གཅོད་ཐུབ་པ་དང་། དེ་ལྟར་ཆོད་པས་ཆོལ་ཁ་གང་གིས་གཟུགས་གང་ཞིག་ལ་སྒྲ་གང་ཞིག་འདོན་པ་དེ་དག་མ་དག་གམ་ཡང་ན་འོས་པ་དང་མི་འོས་པ་དེ་ཡང་རིགས་ལམ་ལ་བརྟེན་ནས་ཧ་ལམ་དཔོགས་ཐུབ་ལ། དེ་ལ་བརྟེན་ནས་དེབ་འདིས་ཆོལ་གསུམ་སྤྱི་སྐད་ཅིག་འགྲུབ་ཐུབ་འམ་འགྲུབ་པར་ཞབས་འདེགས་ནུས་ལྡན་ཞིག་འབུལ་ཐུབ་པར་སྙམ། དམའ་མཐར་ཡང་དེབ་འདི་ལ་བརྟེན་ནས་གཟུགས་གང་ཞིག་ལ་ཆོལ་ཁ་གང་གིས་སྒྲ་གང་ཞིག་འདོན་གྱིན་ཡོད་པ་གསལ་པོར་བརྗོད་ཐུབ་པར་འགྱུར་བས་བོད་ཀྱི་དག་ཡིག་ཚད་ལྡན་ཞིག་འགྲུབ་པར་ཞབས་འདེགས་བླ་ན་མེད་པ་ཞིག་སྒྲུབ་ཐུབ་པར་སྙམ་མོ།