སྐྲ་སྐར་

ཡོང་ཁུངས་Wikipedia

མི་སུ་དང་གང་གིས་སྐྲ་འབྲེག་སྐྲ་བཅོས་བྱེད་པ་ལ་ཉི་མ་བཟང་ངན་གྱི་དབྱེ་བ་མ་ཤེས་ན། རེས་འགའ་ཟླ་བ་དེ་ལ་ནད་བྱུང་བ་དང་། མིག་མི་གསལ་བ། བྱ་བ་ལམ་འགྲོ་མེད་པ་སོགས་འབྱུང་སྲིད་པས་དེའི་ཚུལ་ཤེས་པར་འདོད་ན་འདི་ལྟ་སྟེ། ༈བྱང་ཆུབ་སེམས་དཔའི་སྐྲ་ཡི་ལེའུ་ལས། ཚེས༡ཚེ་ཐུང་། ཚེས་༢ནད་མང་། ཁ་མཆུ་འོང་། ཚེས་༣ཕྱུག་པོ་འོང་། ཚེས་༤དབང་ཐང་ཆེ། མདངས་རྒྱས། ཚེས་༥ནོར་འཕེལ། ཚེས་༦མདངས་འཕྲོག་ངན། ཚེས་༧ཁ་སྨྲས་ཞལ་ལྕེ་འོང་། ཚེས༨ ཚེ་རིང་། ཚེས་༩ན་ཆུང་དང་འཕྲད། ཚེས་༡༠དགའ་བ་འཕེལ། ཚེས་༡༡དབང་པོ་རྣོ་ཤེས་རབ་འཕེལ། ཚེས་༡༢ནད་འོང་སྲོག་ལ་གཟེན། ཚེས་༡༣བརྩོན་འགྲུས་ཆེ་མཆོག་ཏུ་བཟང་། ཚེས་༡༤ལོངས་སྤྱོད་འཕེལ། ཚེས་༡༥བསོད་ནམས་ཆེ། ཚེས་༡༦རྒྱུ་བ་ངན། ཚེས་༡༧མིག་མི་གསལ། ཤ་རྩི་སྔོ། ཚེས་༡༨ནོར་སྟོར་ངན། ཚེས་༡༩ཆོས་འཕེལ། ཚེས་༢༠ལྟོག་ངན། ཚེས་༢༡དལ་ཡམས་འོང་། ཚེས་༢༢ནད་འཕེལ། ཚེས་༢༣ཕྱུག་པོ་འོང་། ཚེས་༢༤རིམས་ནད་འོང་། ཚེས་༢༥མིག་ཚག་ངན། ཚེས་༢༦བདེ་སྐྱིད་འོང་། ཚེས་༢༧བཀྲ་ཤིས། ཚེས་༢༨འཐབ་མོ་འོང་། ཚེས་༢༩བླ་འཁྱམས་ཅན། སྐད་མཛེས། ཚེས་༣༠ཁ་སྨྲས་འོང་། གཤིན་དང་འཕྲད། བྱེ་བྲག་ཏུ་གཟའ་ཉི་མ་དང་མིག་དམར་ལ་ངན། སྤར་ཁ་ལི་དང་ཁེན་གྱི་ཉི་མར་ངན། ཁྱི་དང་སྟག་གི་ཉི་མར་སྤངས། སྐྲ་བཀྲུ་བ་སོགས་ནི་རྟེན་འབྲེལ་བཅུ་གཉིས་གཙོ་བས་འདི་དང་མི་འདྲ་བ་གོང་དུ་ལྟོས། ཡང་ཧོར་ཟླ་བཅུ་གཉིས་པའི་ཚེད་༨དང་། བཅུ་གཅིག་པའི་ཚེས་༨ལ་སྐྲ་བྲེག་ན་སྡིག་པ་འདག བཅུ་གཉིས་པའི་༢༥ལ་ཤེསརབ་འཕེལ་ཞེས་བཻ་དཀར་ལས་གསུངས་སོ། ཞར་བྱུང་བུ་ཆུང་ལོ་གསུམ་ལོན་ཚེ་ཆུང་སྐྲ་འབྲེག་པ་ལ་ཚེས་གྲངས་མི་གཙོ་སྟེ། སྐར་མ་སྣར་མ་༣ནས། མགོ་༤། ལག་༤། ནམ་སོ༦། རྒྱལ་༧། སྐག་༨། མཆུ་༩། གྲེ་༡༠། དབོ་༡༡། མེ་བཞི་༡༢། ནག་པ་༡༣། ས་རི་༡༤། ས་ཀ་༡༥རྣམས་ལ་བཟང་། དེ་ལས་གཞན་པའི་སྐར་མ་རྣམས་ནི་ངན་པའོ།། །།