སྐྱེ་བ་སྔ་ཕྱིའི་སྐོར་གྱི་དྲི་བ་དྲི་ལེན། དོ་རྒྱ་དགེ་བཤེས་བསོད་ནམས་ཡེ་ཤེས།
མགོན་ཕྱག་གི་དོག་པ་དེ་དག་ལ་དགའ་བོ་མངལ་མཇུག་གི་མདོ་བཀླགས་ན་ཡག་ས་རེད་དྲན། རྣམ་འགྲེལ་གྱི་རིགས་པ་དེ་དག་གི་ནང་ནས ། བེའུ་སྐྱེས་མ་ཐག་པའི་རིགས་པ་ཆོས་ཅན། རིགས་པ་སྔ་མ་སྔོན་དུ་སོང་སྟེ། སྐྱེས་མ་ཐག་ནས་ནུ་མ་ནུ་ཤེས་པའི་ཕྱིར་ལྟ་བུ་ལ། དགེ་འདུན་ཆོས་འཕེལ་གྱིས་ལྡོག་ཕྱོགས་ཀྱི་རིགས་རྩལ་འདི་འདྲ་ཞིག་ངོམས་པ་དྲན། འོ་ན་མེ་ནང་དུ་ལྷུང་མ་ཐག་པའི་ཨ་གྲད་སྐམ་པོ་ཆོས་ཅན། རིགས་པ་སྔོན་མ་སྔོན་དུ་སོང་པར་ཐལ། མེ་ནང་དུ་ལྷུང་མ་ཐག་ཏུ་རང་ཉིད་འདུས་ནས་བསྐུམས་ཤེས་པའི་ཕྱིར། འདི་འདྲ་ཞིག་བཀོད་ཡོད་པ་དྲན། དེ་བཞིན་དུ་གོང་དུ་མིག་བརྒྱད་པས་བཀོད་པའི་རྣམ་འགྲེལ་གྱི་རིགས་པ་བཞི་འམ་ལྔ་ཀ་ལ། ལྡོག་ཕྱོགས་ནས་རིགས་པ་དེ་ལྟར་བཀོད་རྒྱུ་ཡོད་ཀྱི་རེད། རྣམ་འགྲེལ་གྱི་རིགས་པ་བསྡུས་ན། སྐྱེ་བ་སྔ་མ་ཡོད་པའི་སྒྲུབ་བྱེད་ཀྱི་རིགས་པ་ལ་བཞི་སྟེ། རིགས་འདྲ་སྔོན་སོང་གིས་སྒྲུབ་པ། ཉེར་ ལེན་ སྔོན་སོང་གིས་སྒྲུབ་པ། གོམས་པ་སྔོན་སོང་གིས་སྒྲུབ་པ། མྱོང་བ་སྔོན་སོང་གིས་སྒྲུབ་པའོ། དང་པོ་ ནི། ཚད་མ་རྣམ་འགྲེལ་ལས། སྐྱེ་བ་ ཡོངས་སུ་ལེན་པ་ན།། འབྱུང་རྔུབ་དབང་པོ་བློ་དག་ནི།། རང་གི་རིགས་ལ་ལྟོས་མེད་ཅན།། ལུས་ཉིད་འབའ་ཞིག་ལས་སྐྱེ་མིན།། ཞེས་ གསུངས་ལྟར། སྐྱེས་མ་ཐག་པའི་བྱིས་པས་དབུགས་འབྱུང་རྔུབ་སོགས་རང་གི་རིགས་འདྲ་སྔོན་དུ་སོང་བ་ལ་ལྟོས་བ་མེད་པར་དབུགས་འབྱུང་རྔུབ་སོགས་དེ་དག་ལུས་འབའ་ཞིག་ལས་སྐྱེས་པ་ཡིན་ན། མི་མཐུན་པའི་རྒྱུ་ལས་སྐྱེ་བར་སོང་བས་ཧ་ཅང་ཐལ་བ་དང་།། དེའི་ཕྱིར་དེ་དག་རང་རང་གི་རིགས་འདྲ་སྔ་མ་ཞིག་བཞག་དགོས་ན་ཚེ་སྔ་མའི་གང་ཟག་གི་རྒྱུད་ལ་བཞག་དགོས་པའི་གནད་ཀྱིས་ཡིན། ལྡོག་ཕྱོགས་ཀྱི་རིགས་པ། ཤིང་སྡོང་སྐྱེས་མ་ཐག་པས་ས་ནས་ཆུ་འཐུང་བ་སོགས་རང་གི་རིགས་ལ་ལྟོས་པ་མེད་པར་ཆུ་འཐུང་པ་སོགས་ཤིང་སྡོང་རང་གི་ ལུས་འབའ་ཞིག་ལས་སྐྱེས་པ་ཡིན་ན། མི་མཐུན་པའི་རྒྱུ་ལས་སྐྱེས་པར་སོང་པས་ཧ་ཅང་ཐལ་བ་དང་། དེ་ཡི་རང་གི་རིགས་འདྲ་སྔ་མ་ཞིག་བཞག་དགོས་ན་ཆེ་སྔ་མའི་རྒྱུད་ལ་བཞག་དགོས་པར་འགྱུར། དེ་ལྟར་ན་ཤིང་སྡོང་ཆོས་ཅན། རང་གི་སྐྱེས་པ་སྔ་མ་ཡོད་པར་ཐལ། སྐྱེས་མ་ཐག་ནས་ས་ཡི་ཆུ་འཐུང་ཤེས་པའི་ཕྱིར། འདོད་མི་ནུས་དེ་རྣམ་འགྲེལ་རང་ལས་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པར་མི་རིགས་པར་དགག་པ་མཛད་པའི་ཕྱིར་རོ། འདི་འདྲའི་རིགས་ནི་རིགས་པ་ཐམས་ཅད་ལ་ལྡོག་ཕྱོགས་ནས་བཀོད་ཆོག་ཆོག་ཡོད་པ་འདྲ། འོན་ཀྱང་གོང་དུ་མགོན་ཕྱག་གི་བཀོད་པའི་བསམ་ཚུལ་རྣམས་ལྟར་རྣམ་ཤེས་སྔ་མའམ། སྐྱེས་པ་སྔ་མ་མི་འདོད་པ་ཡིན་ནམ་ཟེར་ན་མ་ཡིན་དེ། དགའ་བོ་མངལ་མཇུག་གི་མདོ་ལས། དེ་གསུམ་ཚོགས་པ་ན་མངལ་འཇུག་པར་འགྱུར་རོ། གསུངས་པ་ལྟར་ཆ་རྐྱེན་གསུམ་ཚོགས་ དགོས་པའི་གནད་འདི་ཤིན་ཏུ་གལ་ཆེ་བར་འདོད། མགོན་ཕྱག་ན་རེ། (ད་ལྟ་ཚན་རིག་གིས་ངའི་ལུས་ཕུང་གི་གྲུབ་རྫས་བེད་སྤྱད་དེ་ང་འདྲ་བ་ག་ཚོད་མང་པོ་བཟོ་དགོས་ན་བཟོ་ཐུབ་པ་རེད། དེ་ནི་ངའི་འདྲ་བཟོ་མང་པོ་དེ་དག་གི་རྣམ་ཤེས་ངའི་ལུས་རང་གི་སྟེང་དུ་གྲུབ་ཡོད་པའི་བདེན་དཔང་ཞིག་མ་རེད་དམ།) ཟེར་མོད། འདི་ད་ལྟའི་ཚན་རིག་པ་ཙམ་མ་ཟད། ང་ཚོའི་ཕ་ཡུལ་གྱི་ར་ཕོ་ཐོད་ལིག་གཅིག་གིས་རང་གི་ལུས་ཕུང་གི་གྲུབ་རྫས་བེད་སྤྱད་དེ་ལོ་དེའི་དཔྱིད་ཀ་གཅིག་གི་རིང་ལ་རེའུ་ཕྲུག་ལྔ་བརྒྱ་ཐམ་པ་བཟོ་ཐུབ་ཀྱི་ཡོད་པ་ར་རྫི་ལུག་རྫི་ཚང་མར་ཚད་གྲུབ་རེད། དེ་འདྲ་ཞིག་ཤེས་པར་ཚན་རིག་པ་ཡིན་དགོས་པའི་ངེས་པ་ཡོད་པ་མ་རེད། དེ་བཞིན་དུ་ཉ་གཅིག་གིས་འཁྲིག་པ་སྤྱོད་ཐེངས་ གཅིག་ལ་ཉ་ཕྲུག་ཁྲི་ཕྲག་མང་པོ་བཟོ་ཐུབ་ཀྱི་ཡོད་པ་ཉ་བ་རྒད་པོ་ཚོ་ལ་ཚད་གྲུབ་རེད། འདི་འདྲ་ཞིག་གིས་རྣམ་ཤེས་ལུས་འབའ་ཞིག་གི་སྟེང་ནས་སྐྱེས་པར་སྒྲུབ་པ་ནི་གད་མོ་སློང་པའི་རྒྱུ་རེད་མོད། འོན་ཀྱང་དེ་འདྲའི་དོགས་པ་ཟ་ས་གཅིག་ཡོད་པ་ནི། ར་ཕོའི་ཁུ་བ་མར་བཏོན་ནས་ཤེལ་དམ་ནང་གི་སྨན་ཆུ་ནང་དུ་བླུགས་པའི་ཚེ་ན། ཕྲ་འབུ་དེ་དག་ཕར་ཚུར་རྒྱུགས་བཞིན་པ་དེ་རེད། སྐབས་དེར་ཁུ་བ་དེའི་ནང་དུ་རྣམ་ཤེས་ཞུགས་ཡོད་པ་རེད་དམ། གལ་སྲིད་རྣམ་ཤེས་ཞུགས་མེད་ན་ཅི་ལྟར་འགུལ་བསྐྱོད་ཤེས་པ་རེད། འོ་ན་རྣམ་ཤེས་དེ་ཁུ་བ་ཡོང་སའི་ར་ཕོ་ དེའི་ལུས་སྟེང་ནས་ཡོད་པ་རེད་དམ། འོ་ན་ར་ཕོ་དེའི་སྟེང་ན་ཁུ་བ་ཁྲག་ལ་གནས་པའི་སྐབས་སུ་ཁུ་བའི་གྲངས་དང་མཉམ་པའི་རྣམ་ཤེས་གནས་ཡོད་པ་རེད་དམ། སོགས་ཟེར་ན་དེང་སང་གི་ཚན་རིག་པ་ལྟར་ན་དོག་གནས་ཤིག་རེད། འོན་ཀྱང་མངོན་པ་མཛོད་ན་རྩང་པ་ཁ་རལ་ གྱི་སྔ་མ་བཅད་པ་ན། སྔ་མ་དེ་འགུལ་བར་མ་ཟད་ལུས་པོ་ཡང་འགུལ་རྒྱུ་ཡོད་པས་རྩང་པ་ཁ་རལ་གྱི་རྣམ་ཤེས་གཉིས་སུ་འགྱུར་བ་རེད་དམ། རྣམ་ཤེས་གཅིག་རེད་ཅེས་དོགས་པ་བཀོད་ནས། ལན་ལ་རྣམ་ཤེས་གཅིག་རེད། བཅད་ཟིན་པའི་སྔ་མ་འགུལ་བ་ནི་རླུང་གི་སྟོབས་ཀྱི་ཡིན་པ་ལས་རྣམ་ཤེས་ཀྱི་སྟོབས་ཀྱི་མ་རེད། ཅེས་ལན་བཏབ་པ་ལྟར། ཁུ་བ་མར་ཕྱུང་མ་ཐག་ཏུ་ཕྲ་འབུ་དེ་དག་འགུལ་བཞིན་པ་ཡང་རྣམ་ཤེས་ཀྱི་སྟོབས་ཀྱིས་འགུལ་བ་མ་རེད། རླུང་གི་སྟོབས་ཀྱིས་འགུལ་བ་རེད་ཟེར་ན་ནང་ཆོས་ཀྱི་རིགས་པ་སྤྱི་དང་མཐུན་པར་སྣང་། འོ་ན་སྣམ་ཤེས་ག་དུས་ཞུགས་པ་རེད་དམ་ཟེར་ན། ཕྲ་འབུ་དེ་དག་མངལ་དུ་བཞག་ནས་མངལ་ནས་མ་ཡི་ཁྲག་དང་འདྲེས་ནས་ཁུ་ཁྲག་གཉིས་ཀ་རུང་པར་གྱུར་བ་ན་རྣམ་ཤེས་ཞུགས་པ་ཡིན་ནོ་ཟེར་ན་༼དགའ་བོ་མངལ་འཇུག་༽ གི་དེ་གསུམ་ཚོགས་པ་ན་མ་ཡི་མངལ་དུ་བུ་ཞུགས་པར་འགྱུར་རོ་གསུངས་པ་དང་ཤིན་ཏུ་འགྲིག་པར་མ་ཟད། མགོན་ཕྱག་གིས་གོང་དུ་བཀོད་པའི་དོགས་པ་ཐམས་ཅད་རང་ཞིག་ཏུ་འགྲོ་ལ། དེ་བཞིན་དུ་རྒྱང་འཕེན་པས་བཀོད་པའི་རིགས་པ་ཡོངས་སུ་རྫོགས་པ་རིགས་འཆལ་ཡིན་པར་ངེས་སླ་བར་འགྱུར་རོ། མགོན་ཕྱག་གི་དོན་ཚན་རེ་རེ་བཞིན་དུ་བཀོད་ནས་རིགས་པའི་རོལ་རྩལ་ཞིག་རྩེ་ན་ཡང་མི་འགྲིག་པ་མེད་མོད། ཡང་རྒད་པོ་རླུང་གིས་བསྐྱལ་ན་ཐང་བསམ་ཞིང་ཀུ་རེ་བསྙུང་ནས་བཀོད་ཡོད་ དོ།
ཡང་དེང་སང་གི་ཚན་རིག་པ་ཡིན་ན་འདྲ། སྨན་ཁང་ནང་ནས་བརྟག་དཔྱད་བཏང་ནས་ཕོ་ཁ་ཤས་ཀྱི་ཁུ་བ་ལ། lazy sperm ཡིན་ན་ཅིག་ཟེར། བུ་སྐྱེད་པའི་ནུས་པ་མེད་ཟེར། འོན་ཀྱང་ཕྲ་མཐོང་ཆེ་ཤེལ་ནས་བལྟས་ན་ཁུ་བ་དེ་ཡང་འགུལ་བསྐྱོད་བྱེད་བཞིན་པ་མངོན་སུམ་དུ་མཐོང་རྒྱུ་ཡོད་དོ། འགུལ་བསྐྱོད་བྱས་ན་ཡང་འདྲ། ཚན་རིག་པ་ཡིན་ནའང་འདྲ། སུས་ཀྱང་དེ་ལ་བུ་བསྐྱེད་པའི་ནུས་པ་ཡོད་པར་བཟོ་མི་ཐུབ་པ་གསལ་བོ་རེད། འདི་འདྲ་བརྟག་སྐབས་དགའ་བོ་མངལ་འཇུག་གི་ཚིག་རེ་རེ་ལའང་གསེར་སྲང་སྟོང་གི་རིན་ཐང་ཡོད་པ་ཤེས་ནུས། དགའ་བོ་མངལ་མཇུག་གི་མདོ་ལས (ཕ་མ་རུང་ཞིང་ཟླ་མཚན་དང་ལྡན་པ་) རུང་ཞིང་ཟེར་བའི་ཚིག་གི་ནུས་པ་དེ། དེང་སང་གི་ཚན་རིག་པ་ཚོས་བཤད་པའི་ lazy Sperm དེ་རུང་པ་མ་ཡིན་པར་བསྟན་པ་ཤེས་སླའོ།
ཉལ་ཁ་དག་དག་ལ་ཁ་བརྡ་ཁ་ཕྱེས་པས། མགོན་ཕྱག་ནས་སྐུལ་མ་བྱས་འདུག ད་ཡང་མ་གཉིད་པར་དུ་ཆ་ལ་ཆོ་ལེ་ཞིག་བཤད་ཀྱི་ཉོན་ཨང་། དོན་ཚན་གཉིས་པའི་ལན། ཕ་མའི་ཁུ་ཁྲག་གཅིག་ལས་སྐྱེས་པའི་བུ་གཉིས་ལ་རིག་སྟོབས་ཡག་ཉེས་དང་། ཡ་རབས་མ་རབས་ཀྱི་ཁྱད་པར། ཕ་མར་བཀུར་སྟི་ཡོད་མེད་ཀྱི་ཁྱད་པར། མི་ཚེའི་ནང་དུ་སྟོབས་འབྱོར་དང་ཁྱིམ་ཚང་ཡག་ཉེས་ཀྱི་ཁྱད་པར། ན་ཚ་ཡོད་མེད་ཀྱི་ཁྱད་པར་སོགས་ཡོང་བཞིན་པ་ནི་མངོན་སུམ་རེད། ཚན་རིག་ལྟར་ཁུ་ཁྲག་ཁོ་ན་ལ་རྟེན་ནས་འོངས་ན་ཕ་མའི་ཁུ་ཁྲག་ལ་ཁྱད་པར་ག་ལ་ཡོད། ཕ་མ་གཉིས་ཀྱིས་འཁྲིག་པ་སྤྱོད་ཐེངས་གཅིག་ལ་མངལ་དུ་བུ་ཕྲུག་གཉིས་བཟོས་པ་རེད། འདི་ནི་ཚན་རིག་པས་རྣམ་ཤེས་ཁུ་བ་ལས་འོངས་པས་དང་། རྣམ་ཤེས་སྐྱེས་པ་སྔ་མ་ལས་འོངས་པར་ཁས་མ་བླངས་པས། འགྲེལ་བཤད་རྒྱག་ཁེགས་པོ་ཆགས་པ་རེད། ཡང་བུ་སྤུན་དེ་གཉིས་ཀྱི་གཟུགས་སྟོབས་དང་ཆེ་ཆུང་སོགས་གང་ཐད་ནས་འདྲ་ན་ཡང་། གོང་གི་ཁྱད་པར་དེ་དག་འོངས་བཞིན་པ་ནི་མངོན་སུམ་ཡིན་ན། རྒྱང་འཕེན་པས་རྣམ་ཤེས་ལུས་ཀྱི་རྗེས་སུ་འགྲོ་བར་ཁས་བླངས་པས་ཁྱད་པར་དེ་དག་ལ་འགྲེལ་བཤད་རྒྱག་མི་ཐུབ། རྒྱུ་མཚན་ལུས་ལ་ཡང་ཁྱད་པར་གང་ཡང་མེད་པས་སོ། འོ་ན་ཁྱད་པར་དེ་གང་ནས་ཅི་ལྟར་ཡོང་པ་རེད་དམ་ཟེར་ན། དེ་ནི་ལས་ཀྱི་བག་ཆགས་ཀྱི་སྟོབས་ལས་འོངས་པ་རེད་ཟེར་ནས་ནང་ཆོས་ལས་གསུངས། འོ་ན་དགེ་བའི་སྟོབས་ལས་འབྲས་བུ་བདེ་བ་ཡོང་སྟངས་ཅི་འདྲ་རེད་ཟེར་ན། སྐྱེས་པ་སྔ་མར་དགེ་བ་བསགས་སྟངས་ནས་འགོ་འཛུགས་དགོས་པ་རེད། ངའི་སྐྱེས་པ་སྔ་མ་ལ་མཚོན་ནས་བཤད་ན། ངའི་སྐྱེ་པ་སྔ་མར་བཟོད་པ་སྒོམ་པས་བཟོད་པའི་ལས་དེ་བསགས་སྐབས་ཤེས་པ་ཡིན་ན་ཡང་དེའི་སྐད་ཅིག་གཉིས་པ་ནས་བགས་ཆགས་ཀྱི་ངོ་བོར་སོང་ནས་ཀུན་གཞི་རྣམས་ཤེས་ཀྱི་ངོས་སུ་བག་ལ་ཉལ། དེ་བཞིན་དུ་ཡང་བསྐྱར་ང་ལ་མགོན་ཕྱག་རྒྱག་རེས་རྒྱབ་པ་ན་ཡང་བསྐྱར་བག་ཆགས་དེ་སད་ནས་བཟོད་པ་སྒོམ། དེ་ལྟར་བཟོད་པ་སྒོམ་པའི་བགས་ཆགས་དེ་ང་ཤི་བ་ན་ཡང་རྣམ་ཤེས་ཀྱི་ངོ་བོར་འཕོས་ནས་བསྡད། ཤི་ནས་ངའི་སྐྱེས་པ་སྔ་མའི་ལུས་ཕུང་དེ་བྱ་རྒོད་ཀྱིས་ཟོས་པའི་སྔ་རྗེས་སུ་རྣམ་ཤེས་དེ་མཐའ་མའི་རླུང་ཕྲ་མོ་ལ་ཞོན་ནས་སྣ་ལམ་ནས་ཐོན་པའམ། སྤྱི་གཙུགས་ནས་ཐོན་ནས་བར་དོར་འཁྱམས། ལས་ཀྱི་རླུང་དེས་དེད་ནས་ཡང་འཁྱམས་མར་འཁྱམས་པའི་མཐར་ང་ཡི་ད་ལྟའི་མ་ཡི་མངལ་དུ་འཁོར། དེ་ཡང་ཕ་མ་གཉིས་ཀ་རུང་ཞིང་ཉལ་བོ་བྱེད་པ་དང་ཕྲད་ནས་རྣམ་ཤེས་དེ་རླུང་གི་གཞོན་པ་དང་བཅས་པ་ཨ་མའི་མངལ་ལ་ཞུགས་ནས་བསྡད། ཨ་མའི་ཟས་བཅུད་དང་ངའི་རྣམ་ཤེས་ཀྱི་གཞོན་པར་གྱུར་བའི་རླུང་དེའི་སྟོབས་ཀྱིས་ང་ཨ་མའི་ཁོག་ནས་འཚར་ལོངས་བྱུང་། ཟླ་དགུ་ཞག་བཅུའི་རྗེས་སུ་ང་མར་སྐྱེས་པ་ན། ངའི་སྤུན་གཞན་དག་དང་མི་འདྲ་བར་སྔ་མའི་བགས་ཆགས་དེ་དང་རྗེས་སུ་མཐུན་པར་དགེ་བ་ལ་ངང་ཤུགས་ཀྱིས་དད་པ། རིག་པ་ཡག་པའི་སྐོར་ལ་རང་ཤུགས་ཀྱིས་སྦྱང་འདོད་ཡོད་པ། ཤེས་པ་དེས་ཀྱང་གཞན་ལ་རོགས་ཕན་བྱེད་པ་ལ་འབད་པ་བྱེད་པ་ལས་གཞན་ལ་མཐོང་ཆུང་བྱེད་པར་མི་འབད་པ། རང་གི་ཕ་མ་ལ་གུས་ཞབས་ཡོད་པ། སོགས་ལས་མི་རྣམས་ཀྱིས་ཡིད་སེམས་འགུག་ནུས་པ་བཅས་ནི་སྐྱེས་པ་སྔ་མའི་བཟོད་པ་སྒོམ་སྟོབས་ལས་འོངས་པའི་རང་ཤུགས་ཀྱིས་བཟོད་པ་སྒོམ་པ། ངང་ངང་ཤུགས་ཀྱིས་གཞན་གྱི་ཡིད་ལ་བགས་ཆགས་བཟང་པོ་འཇོག་ནུས་པ། དེའི་རྐྱེན་གྱིས་མི་མཐུན་ཕྱོགས་ཡང་ཉུང་རུ་འགྲོ་བ་བཅས་སོ། གོ་རིམ་གཙོ་བོར་བཟུང་ནས་བཤད་ཡོད། འདི་ནི་གོམས་པའི་སྟོབས་ལས་ཟེར་བ་ལྟར་གོམས་པ་ཤུགས་ཆེ་ཆུང་ལས་འོངས་པ་ཡིན་ནོ། ལས་ངན་པའི་ཕྱོགས་ལ་ཡང་རིགས་མཚུངས་རེད།
དེ་ནས་སེམས་ཅན་སྟོང་ཕྲག་མང་པོ་བསད་མྱོང་པའི་མི་ཞིག་གིས་དཀོན་མཆོག་གིས་ལྷ་ཡུལ་ལ་བསྐྱལ་འགྲོ་སྙམ་པའི་ཡིད་ཆེས་ཀྱི་དད་པ་ཡོད་ན་ཡང་། དད་པ་དེ་ཁོ་ནས་རང་གི་རྣམ་ཤེས་ལྷ་ཡུལ་ལ་བསྐྱལ་ཐུབ་ཀྱི་མ་རེད། དཔེ་གཅིག་བཤད་ན། ད་ལོ་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་ཚོད་བལྟ་བྱས་པ་རེད། མེ་ཤུགས་འཕུར་མདའ་འཕེན་སའི་དམིགས་ཡུལ་ཞིག་ཡོད་པ་རེད། འཕེན་མཁན་གྱིས་ངོས་ནས་དམིགས་ཡུལ་དེའི་སྟེང་དུ་སླེབས་པའི་ཡིད་ཆེས་དང་སེམས་ཤུགས་ཆ་ཚང་ཡོད་ན་ཡང་། མེ་ཤུགས་འཕུར་མདའ་དམིགས་ཡུལ་སྟེང་དུ་འགྲོ་རྒྱུ་ཕར་བཞག ཐག་རིང་པོར་མ་སོང་པར་འཐོར་བ་རེད། དེ་ན་ཡིད་ཆེས་དང་དད་པ། སྤོབས་པ་བཅས་ངེས་པར་དུ་དགོས་ངེས་ཞིག་ཡིན་ན་ཡང་། དེ་ཁོ་ནས་དམིགས་ཡུལ་ལ་བསྐྱལ་ཐུབ་ཀྱི་མེད། ངེས་པར་དུ་དམིགས་ཡུལ་དེར་སླེབས་ཐུབ་པའི་མཐུན་རྐྱེན་མ་ཚང་པར་སྒྲུབ་དགོས་ལ། འགལ་རྐྱེན་ཡོངས་སུ་རྫོགས་པ་སེལ་དགོས།
དོན་ཚན་བཞི་བའི་ལན། ཤིག་དང་སྲོ་མ། ས་འབུ་ཐག་ནར་སོགས་སྐབས་འགར་དྲོད་བཤེར་སྐྱེས་རེད་ལ། སྐབས་འགར་སྒོ་ང་ལས་སྐྱེས་རེད། དྲོད་བཤེར་སྐྱེས་ལ་བཤད་ན། དྲོད་རྫས་དང་བཤེར་རྫས་སོགས་ཚོགས་ནས་སྐྱེས་ཆོག་ཆོག་ཏུ་གྱུར་བ་ན། བར་སྲོད་ལ་འཁོར་བའི་རྣམ་ཤེས་དེ་ལ་ཐོགས་ནས་སྐྱེས་པ་བླངས་པ་ཞིག་རེད། སྒོ་ང་ལ་སྐྱེ་ལ་མཚོན་ན་ཡང་སྒོ་ངའི་ནང་དུ་ཕ་ཤིག་དང་མ་ཤིག་གཉིས་ཀའི་ཁུ་བའམ་ནུས་པ་དེ་ཚོགས་ནས། དུས་དང་དྲོད་སོགས་ཚོགས་པས་རྣམ་ཤེས་ཞུགས་ནས་སྐྱེས་པ་རེད། འདི་དག་ནི་གཅིག་ཤེས་ན་ཀུན་གྲོལ་བར་འགྱུར་བས་དོག་པ་ཆེན་པོ་རང་ཡོད་ཀྱི་མ་རེད། སྐྱེས་གནས་བཞི་གང་ཡིན་ན་ཡང་རང་རང་གི་ལུས་ཕུང་སྐྱེས་པའི་རྒྱུའི་སྟེང་དུ་རྣམ་ཤེས་སླེབས་པ་ན་ག་ལེ་ག་ལེར་སྐྱེས་ཡོང་གི་རེད།
དོན་ཚན་ལྔ་བ་དང་དྲུག་པར་ལན་དཀྱུས་གཅིག་ལ་བརྒྱབ་ན་འབྲེལ་ཆེན་པོ་ཆགས་རྒྱུ་རེད། སྲོག་ཆགས་ཀྱི་རིགས་མང་པོ་ཞིག་རྩ་སྟོང་དུ་འགྲོ་བཞིན་པ་དེ་བདེན་པ་རེད། དེ་སྲོག་ཆགས་དེ་དག་གི་ལུས་སྐྱེས་པའི་ཆ་རྐྱེན་འཛམ་བུ་གླིང་དུ་ཉུང་དུ་སོང་པ་དང་། འགལ་རྐྱེན་མང་དུ་སོང་པས་ལུས་སྐྱེས་མ་ཐུབ་པ་དང་འཚོ་མ་ཐུབ། དེ་བས་ན་རྣམ་ཤེས་ཡང་དེ་དག་གི་ལུས་སུ་ཞུགས་ས་མེད་སོང་པ་རེད། འོ་ན་རྣམ་ཤེས་དེ་དག་མེད་སོང་པ་རེད་དམ་ཟེར་ན་མ་རེད། རྣམ་ཤེས་དེ་དག་གིས་གཞན་གྱི་ལུས་བླངས་ཟིན་པ་རེད། གལ་དེ་རྣམ་ཤེས་དེ་དག་གིས་དེ་དག་དུ་སྐྱེས་པ་ལེན་པའི་ལས་བསགས་ཡོད་ན། སྲོག་ཆགས་གཞན་གྱི་ལུས་ལེན་པ་ཅི་འདྲ་ཡིན་ནམ་ཟེར་ན། མངོན་པ་མཛོད་ལས་འདི་འདྲ་གསུངས་ཡོད། སྤྱང་ཀིའི་སྐྱེས་པ་འཕེན་བྱེད་ཀྱི་ལས་བསགས་པའི་རྣམ་ཤེས་གཅིག་སྤྱང་ཀི་ཚང་ལ་མི་འགྲོ་བའི་དུས་སུ་བར་དོར་འཁྱམས་ན། ཁྱི་དང་ཝ་སོགས་ཀྱི་སྐྱེས་པ་ལེན་པར་གསུངས། འདི་དག་གི་སྐོར་ཞིབ་ཕྲ་མངོན་པ་མཛོད་ན་རྒྱས་ཐག་ཆོད་ཡོད། རྟ་ཡི་སྐྱེ་པ་འཕེན་བྱེད་ཀྱིས་བོང་བུ་སོགས་སྲོག་ཆགས་གཞན་དུ་སྐྱེས་པ་སོགས།་གང་ལྟར་ན་ཡང་དེ་དག་གི་ལུས་ཀྱི་སྐྱེས་པ་འཇིག་རྟེན་ལ་ཉུང་དུ་སོང་ན་ཡང་རྣམ་ཤེས་ཀྱི་སྐྱེས་པ་ཉུང་རུ་མི་འགྲོ་བས། སྲོག་ཆགས་གཞན་དང་གཞན་གྱི་ལུས་སྐྱེས་བ་བླངས་ཡོང་གི་རེད། དེ་བས་ན་བཟང་པོ་སྤྱོད་པའི་སྨོན་ལམ་ལས། ནམ་མཁའི་མཐར་ཐུག་གྱུར་བ་ཅི་ཙམ་པ།། སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་དེ།། ཞེས་ནམ་མཁའ་ལྟར་སེམས་ཅན་གྱི་སྐྱེས་པའི་མཐའ་མེད་པར་གསུངས། འོན་ཀྱང་སེམས་ཅན་གྱི་འཁོར་བའི་མཐའ་མེད་ན་གཞུང་ལུགས་ལ་ལ་ན་འཁོར་བ་ལ་ཐོག་མ་མེད་ལ་མཐའ་མ་ཡོད་པར་གསུངས་པ་ཅི་ལྟར་ཡིན་སྙམ་ན། ཁྱེད་ཀྱི་དྲི་བ་དྲུག་པ་དང་འབྲེལ་བ་དམ་ཟབ་ཡོད།
དྲི་བ་དྲུག་པའི་ལན། དེ་ལྟར་བཟང་པོ་སྤྱོད་པ་སོགས་ལས་སེམས་ཅན་སྤྱི་ཡོངས་ལ་བསམ་ནས་འཁོར་བ་ལ་མཐའ་མེད་པར་གསུངས་ན་ཡང་། གཞུང་ལུགས་ལ་ལ་ན་སེམས་ཅན་བྱེ་བྲག་པ་ལ་བསམ་ནས་འཁོར་བ་ལ་ཐོག་མ་མེད་ཀྱང་མཐའ་མ་ཡོད་པར་གསུངས། དེ་ཡང་མགོན་ཕྱག་ལ་ཆ་བཞག་ནས་བཤད་ན། ཁྱོད་ཀྱི་འཁོར་བ་ནི་སྡུག་བསྔལ་བདེན་པ་རེད། དེ་ཀུན་འབྱུང་བདེན་པ་ལས་སྐྱེས་པ་རེད། ཁྱེད་ཀྱིས་འཁོར་བ་དེ་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་ཀྱི་ཀུན་འབྱུང་ལས་སྐྱེས་པ་ཤེས་ནས། དེ་ལྡོག་པའི་ཐབས་ལ་ལམ་བདེན་སྒོམ་ནས། ལམ་བདེན་གྱི་རྟོགས་པ་མཐར་ཕྱིན་ནས། འགོག་བདེན་རྒྱུད་ལ་སྐྱེས་པ་ན། ཁྱོད་ཀྱི་འཁོར་བའི་མཐའ་ལ་སླེབས་པ་རེད། ཡང་བསྐྱར་འཁོར་བ་ལ་འཁྱམ་རྒྱུ་མ་རེད། དེ་ནི་གང་ཟག་བྱེ་བྲག་པ་རེ་རེའི་འཁོར་བའི་མཐའ་ལ་སླེབས་སྟངས་རེད། དེ་ལྟར་བསམ་བློ་བཏང་ན་སེམས་ཅན་བྱེ་བྲག་པ་རེ་རེའི་འཁོར་བ་ལ་མཐའ་ཡོད་པ་རེད། དེའི་རྒྱུ་འབྲས་ལ་ཡིད་ཆེས་སྐྱེས་པ་ལས། རྒྱུ་འབྲས་གོ་ལྡོག་པའི་ངེས་པ་རྙེད་སྟངས་ཞིག་རྩ་ནས་མེད་དོ། དྲི་བ་ལྷག་མ་རྣམས་ནི་སང་ཉིན་ཞིག་ལ་ཡིན་ད།
དེའི་སྟེང་དུ་ད་དུང་སྣོན་པ་ཞིག་རྒྱབ་ན་མ་གཏོགས་ད་དུང་མགོན་ཕྱག་མགོ་བོ་མགལ་མེ་ལྟར་འཁོར་བསྡད་འདུག མངོན་པ་མཛོད་ནས་བཤད་པའི་སེམས་ཅན་སྤྱང་གི་ལྟ་བུའི་སྐྱེས་པ་འཕེན་བྱེད་ཀྱི་ལས་ཀྱིས་ཁྱི་དང་ཝ་སོགས་སུ་སྐྱེས་པ་ནི། རིགས་འདྲ་ཡིན་པའི་རྒྱུ་མཚན་རེད།དེས་ལྷ་སོགས་སུ་སྐྱེས་པ་འཕེན་པའི་དོགས་པ་འབྱུང་སྟངས་རྩ་ནས་མེད། སླར་ཡང་མངོན་པ་མཛོད་ཀྱི་བཤད་པ་ཞིག་བཀོད་ན། ང་ཚོའི་འཛམ་བུ་གླིང་འདི་འཇིག་པའི་སྐབས་སུ། འཛམ་བུ་གླིང་གི་རིགས་དྲུག་རྣམས་ཀྱི་ལས་མ་ཟད་ན་གང་དུ་སྐྱེས་པ་ལེན་ཚུལ་སོགས་ནི། དམྱལ་བ་པ་རྣམས་གླིང་གཞན་གྱི་དམྱལ་བར་སྐྱེས་པར་གསུངས། འདི་ནི་ཀ་མདོ་ལུ་ཁྲང་གི་བཙོན་ཁང་ཞིག་གསོ་བྱེད་སྐབས། དེའི་བཙོན་པ་རྣམས་ཐང་གར་མ་ལུ་ཁྲང་གི་བཙོན་ཁང་དུ་བསྐྱལ་བ་དང་གཅིག་པ་རེད། འདི་ལ་མགོ་འཁོར་ས་མང་པོ་མི་འདུག གླིང་འདིའི་འགྲོ་བ་གཞན་ རྣམས་ཀྱང་དེ་བཞིན་དུ་རིགས་འདྲེས་ནས་དཔྱད་པར་བྱའོ།
འཁོར་བ་ལ་ཐོག་མ་མེད་པའི་ཚུལ་ནི། གོང་དུ་མགོན་ཕྱག་གི་འཁོར་བ་གཞི་ལ་བཞག་ནས་བྱེ་བྲག་པའི་མཐའ་མ་ཡོད་པར་བདེན་བཞི་ལ་སྦྱར་ནས་བཤད་ཟིན་པའི་དཔེ་དེ་ག་རང་གི་སྟེང་ནས། ཡང་བསྐྱར་ཐོག་མ་མེད་པ་བཙལ་བར་བྱ། ཐོག་མ་མེད་ཚུལ་ནི་མགོན་ཕྱག་གི་འཆི་བ་ནི་རྒས་བ་ལས་བྱུང་། རྒས་པ་ནི་སྐྱེས་པ་ལས་བྱུང་། སྐྱེས་པ་ནི་སྲིད་པ་ལས་བྱུང་། སྲིད་པ་ནི་ལེན་པ་ལས་བྱུང་། ལེན་པ་ནི་སྲེད་པ་ལས་བྱུང་།་སྲེད་པ་ནི་ཚོར་བ་ལས་བྱུང་། ཚོར་བ་ནི་རེག་པ་ལས་བྱུང་། རེག་པ་ནི་སྐྱེ་མཆེད་ལས་བྱུང་། སྐྱེ་མཆེད་ནི་མིང་གཟུགས་ལས་བྱུང་། མིང་གཟུགས་ནི་རྒྱུ་འབྲས་དུས་གཉིས་ཀྱི་རྣམ་ཤེས་ལས་བྱུང་། རྣམ་ཤེས་ནི་འདུ་བྱེད་ཀྱི་ལས་ལས་བྱུང་། འདུ་བྱེད་ཀྱི་ལས་ནི་ཐོག་མའི་མ་རིག་པ་ལས་བྱུང་བ་སྟེ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བ་འཁོར་བ་ཡིན་ནོ། འོ་ན་དེ་ལྟར་འཁོར་བར་འཁོར་ན་འཁོར་བ་དེའི་ཐོག་མའི་མཐའ་གང་རེད་ཟེར་ན། ཤིང་རྟའི་འཁོར་ལོ་ཞིག མདུན་དུ་བཞག་ནས་འཁོར་ལོ་དེའི་མཐའ་རྙེད་སོང་ན་ད་བཟོད་འཁོར་བའི་ཐོག་མའི་མཐའ་རྙེད་རྒྱུ་རེད། དེ་མ་རྙེད་བར་དུ་འཁོར་བའི་མཐའ་རྙེད་ཀྱི་མ་རེད། རྒྱུ་མཚན་འཁོར་ལོའི་ནི་མགོ་སྔ་མེད་པའི་གོར་གོར་གྱི་དངོས་པོ་ཞིག་ཡིན་པའི་རྒྱུ་མཚན་རེད། ནམ་ཞིག་ན་འཁོར་ལོ་དེ་བཅགས་ནས་དུམ་བུར་གཏོར་བའི་ཚེ་ན་མཐའ་མ་རྙེད་པ་རེད་མ་གཏོགས་ཐོག་མ་རྙེད་ཀྱི་མ་རེད།། ཅེས་རིགས་པ་སྨྲ་བ་མགོན་པོ་ཕྱག་གཉིས་པས་དྲི་བ་ཁག་ཅིག་ལ་དོ་རྒྱ་དགེ་བཤེས་བསོད་ནམས་ཡེ་ཤེས་ཀྱིས་ལན་དུ་སྤྲིངས་སོ།། །།