སྐྱེ་བ་སྔ་ཕྱི་

ཡོང་ཁུངས་Wikipedia

རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། ཅེས་པའི་གཞུང་བསྡོམས་དེས་སྐྱེ་བ་སྔ་ཕྱི་མེད་པར་འདོད་པའི་ཆད་ལྟ་དང་། དོགས་ཚོམ་ལ་ཞུགས་པའི་སྐྱེས་བུ་གང་མང་ཞིག་རྣམ་རྟོག་གི་དྲྭ་བ་དེ་ལས་བརྒལ་ཕྱིར། དེ་ལྟར་བསྟན། ལར་ནང་པའི་ལྟ་གྲུབ་ཀྱི་རྣམ་གཞག་ལ་ཁོ་བོའི་ཁ་གདངས་གདངས་དང་མིག་བགྲད་བགྲད་བྱས་ནས་ཉིན་མཚན་ལྟོས་མེད་ལ་དཔྱད་བཤེར་དང་སློབ་སྦྱོང་བྱས་ཀྱང་། རྟོགས་པར་དཀའ་བའི་གསང་གནད་མང་ཙམ་ཡོད་པར་གོར་མ་ཆག ལྷག་པར་དུ་རིག་པའི་གཏིང་ཟབ་ཅིང་དཔོག་པར་དཀའ་བའི་ཤེས་པའི་རྒྱུན་ཡོད་མེད་སོགས་ལ་དཔྱད་པར་དཀའ་མོད། འོན་ཀྱང་ཁོ་བོའི་དད་མོས་དང་ལངས་ཕྱོགས་ཐུབ་བསྟན་རིག་གནས་དང་མཉམ་མེད་ཐུབ་པ་ལ་སྐྱབས་སུ་སོང་བས་ན། ཅི་བས་ཀྱང་། སྟོན་པ་ཚད་མ་དང་སྐྱེ་སྔ་སོགས་ལ་རིག་པ་རྣམ་དག་གིས་དཔྱད་ནས་ངེས་ཤེས་ཡང་དག་ཅིག་རྙེད་རྒྱུ་གལ།

དེས་ཕྱིར་བདག་གིས་སྐྱེ་བ་སྔ་ཕྱི་ལ་དཔྱད་གཞིའི་ཚུལ་དུ་ཉུང་ངུ་ཞིག་འབྲི་བར་བྱ། འདི་ལྟར། མཐོང་མིན་རྗེས་འགྲོ་མེད་ཕྱིར་རྒྱུ་འབྲས་མེད།། ལུས་སེམས་ཙམ་བདག་ཞིག་སྔ་ཕྱི་མེད།། ཅེས་པའི་གཞུང་བསྡོམས་དེས་སྔོན་ལོ་ངོ་སྟོང་ཕྲག་གི་རིང་ལ་མུ་སྟེགས་རྒྱང་འཕེན་པ་སོགས་ཀྱིས་རང་གི་ཞེ་འདོད་ཙམ་འགྲུབ་པའི་ཕྱིར་དུ་དེ་ལྟར་བསྟན། དེ་ཡང་རིམ་གྱིས་རིག་པའི་རྩལ་ཁ་མ་སྨིན་པའི་བྱིས་ཚོ་དང་།དྲངས་དཔྱད་ཀྱི་བློ་མིག་གྱེན་དུ་མི་ཀེར་བའི་ཆད་ལྟ་སྨྲ་བ་དང་ཐེ་ཚོམ་གྱི་འོབས་སུ་ལྷུང་བའི་སྐྱེས་བུ་གྲངས་མང་ཞིག་བྲེལ་བྲེལ་ཚུབ་ཚུབ་ཀྱི་ངང་ནས་དེའི་ཕྱོགས་སུ་འཚང་ཁ་རྒྱག་འདུག་མོད། འོན་ཏེ། ལོག་རྟོག་གི་འོབས་སུ་ལྷུང་བའི་སྐྱེས་བུ་གང་མང་ཞིག་རྒྱ་མཚོ་ནས་སྐམ་སར་བགྲོད་པའི་གྲུ་གཟིངས་ཤིག་གི་ཚུལ་དུ། སློབ་དཔོན་ཕྱོགས་གླང་གིས་མདོའི་མཆོད་བརྗོད།ཚད་མ་གྱུར་པ་འགྲོ་ལ་ཕན་བཞེད་པ། སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས།། ཞེས་པའི་ཚིགས་སུ་བཅད་པ་དེ་དཔལ་ཆོས་ཀྱི་གྲགས་པས་རྒྱས་པར་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པར་བཀྲལ་བ་བཞིན་ནོ།། དེ་ཡང་དེང་གི་ཆར། སྔར་མུ་སྟེགས་རྒྱང་འཕེན་པ་ལྟར་ལས་འབྲས་སོགས་མེད་དེ། རྟོག་གེ་པ་དག་གིས་མངོན་སུམ་དུ་མ་མཐོང་བ་གང་ཞིག སྙོམས་འཇུག་པ་དག་གིས་མངོན་ཤེས་ཀྱིས་ཀྱང་མ་མཐོང་བའི་ཕྱིར་ན་རྒྱུ་འབྲས་མེད་ཞེས་པའི་ཚིག་སྐམ་དེ་ལ་སྤྲོ་བོའི་གང་ཟག་ཆེས་མི་མང་ཚོད་རེད་འདུག་སྙམ། ཡིན་ཡང་། ཡོད་མེད་ཀྱི་མཚམས་ལ་འཚང་ཁ་ཤིག་ཤིག་དང་། རྐང་བ་གཉིས་གྱེན་དུ་བཏེགས་ནས་འགྲོ་མཁན་ཧ་ཅང་མཆིས། དེ་ཡང་སྐྱེ་བ་འདི་ནས་ཕྱི་མར་འགྲོ་བ་མེད་དེ།ལུས་སེམས་གཉིས་རྫས་གཅིག་པས་ལུས་འཇིག་པ་བློ་ཡང་འཇིག་པའི་ཕྱིར། དཔེར་ན། གྱང་འཇིག་པ་ན་དེའི་རི་མོ་འཇིག་པ་བཞིན་ནོ།། ཞེས་དང་། ཡང་ལ་ལས་རྣམ་ཤེས་ནི་མིའི་ཀླད་པའི་ནང་གི་བེམ་པོ་ཞིག་གི་འགུལ་སྤྱོད་དང་ནུས་པ་རེད་ཅེས་དང་། རང་སྡེའི་ད་ལྟའི་ཤེས་པ་འདི་རང་གི་རིགས་མཐུན་ཤེས་པ་སྔ་མ་ཞིག་སྔོན་དུ་སོང་ཚུལ་གྱི་རིག་པ། རིགས་འདྲ་སྔོན་སོང་དང་། ཉེར་ལེན་སྔོན་སོང་། གོམས་པ་སྔོན་སོང་། མྱོང་བ་སྔོན་སོང་གི་རིགས་པ་རྣམས་ཀྱིས་བསྒྲུབས་སོ།། དེར་བརྟེན། དད་མོས་དང་།ལངས་ཕྱོགས། ལྟ་གྲུབ་སོགས་གང་ཅིས་ཐད་ནས་ཀྱང་ཛ་དྲག་ཆེར་ཆེར་འཕྱུར་བའི་དབང་གིས། གང་ཟག་མང་ཤོས་ཞིག་ཐེ་ཚོམ་གྱི་འོབས་སུ་གྱུར། འདོད་པ་དང་པོ་ལ་རྒོལ་བ། རྣམ་པར་ཤེས་པ་དེ་རང་གི་རིགས་མཐུན་ཤེས་པ་སྔ་མ་ཞིག་སྔོན་དུ་སོང་སྟེ། རྣམ་པར་ཤེས་པ་མིན་པ་ནི་རྣམ་ཤེས་ཀྱི་ཉེར་ལེན་མིན་པའི་ཕྱིར། ཅེས་གསུངས་བ་བཞིན །དཔེར་ན་བྲོ་དང་སྲན་མ་བཞིན་ནོ།། དེའི་དོན་བྲོ་བཏབ་ན་བྲོ་འབྱུང་བ་ལས་སྲན་མ་མི་འབྱུང་བ་དང་འབྲས་བཏབ་ན་བྲོ་མི་འབྱུང་བ་བཞིན་། ད་ལྟའི་ཤེས་པ་འདི་ཡི་ཉེར་ལེན་རིགས་མཐུན་ཤེས་པ་ཞིག་གིས་ཉེར་ལེན་བྱེད་པ་ལས་གཞན་རིགས་མི་མཐུན་པ་གསལ་རིག་ལས་བཟློག་པའི་འབྱུང་བཞི་བདག་ཉིད་ཀྱི་ལུས་ལས་བྱུང་བར་འདོད་པ་མིན་པའི་ཕྱིར། གལ་ཏེ་ཅིས་ཀྱང་འབྱུང་བཞི་ལས་གསར་དུ་སྐྱེ་བར་འདོད་ཟེར་ན། འབྱུང་བ་ཐབས་ཅད་སྲོག་ཆགས་ཐལ་བ་དང་། རྒྱུ་འབྲས་གོ་བཟློག་ཐལ་བ། ད་རུང་ཆགས་སྡང་དང་བྲལ་བའི་སེམས་ཅན་ཡོད་པར་ཐལ་བ་སོགས་ཀྱི་ཉེས་པས་གནོད་དོ།། ཞིབ་ཏུ་ཤེས་པར་འདོད་ཚེ་གཞུང་ལུགས་ལ་འཇུག་པར་བྱའོ།།

འདོད་པ་གཉིས་པ་ལ་རྒོལ་བ། རྣམ་ཤེས་ནི་མིའི་ཀླད་པ་ནང་གི་བེམ་པོ་ཞིག་གི་འགུལ་སྤྱོད་དང་དེའི་ནུས་པ་ཞིག་ལ་ཟེར་ན། དེ་ཡང་མངོན་སུམ་དང་འགལ་ཏེ། ཨ་རིའི་ཧྥོ་ཅོ་ནེ་ཡ་གླིང་གི་བྱིས་པ་ཨན་ཏི་ལོས་ཞེས་པ་སྐྱེས་ཙམ་ཉིད་ནས་ཀླད་ཆེན་གཏན་མེད་དེ། སྨན་པ་རྣམས་ཀྱིས་བརྟག་དཔྱད་བྱས་ནས། བྱིས་པ་དེ་ཇི་སྲིད་འཚོའི་བར་དུ་གད་མོ་དགོད་མི་སྲིད་ལ། ཤིན་ཏུ་སྟབས་ལེགས་ཀྱང་གཟའ་འཁོར་འགའ་ཞིག་ལས་ཕན་ལ་འཚོ་མི་སྲིད་ཅེས་ཟེར་རོ།། འོན་ཀྱང་བྱིས་པ་དེ་ལོ་ལྔའི་བར་དུ་འཚོ་བར་གྱུར་ཅིང་། བརྙན་འཕྲིན་གྱི་ལྟད་མོ་བལྟས་ཏེ་གད་མོ་དགོད་པར་བྱེད་དོ།། སྨན་པ་ཚོས་སླར་ཡང་བརྟགས་པས་ཁོའི་ཀ་ལའི་ནང་དུ་ཆུ་ཙམ་ལས་ཀླད་ཆེན་དངོས་ད་དུང་སྨིན་མི་འདུག ཀ་ལའི་ཀླད་པ་ནི་ཤ་སྐྲན་ཙམ་ལས་ཅི་ཡང་མི་འདུག་པས་མགོ་ཡོད་ཀླད་མེད་ཀྱི་མི་མཚན་ཉིད་པ་ཞིག་ཏུ་སྣང་ཟེར་རོ།། དེ་བཞིན་དུ་ད་རུང་ཡང་དཔེ་མཚོན་གྱི་སྐོར་ཧ་ཅང་མང་བས་ཞིབ་དུ་ཤེས་པར་འདོད་ཚེ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་༼གསུང་རྩོམ།༽སྐྱེ་བ་སྔ་ཕྱིའི་རྣམ་གཞག་སྲིད་པ་གསལ་བའི་མེ་ལོང་ལ་གཟིགས་པར་འཚལ།།