སྐྱིད་ལྡེ་ཉི་མ་མགོན་

ཡོང་ཁུངས་Wikipedia

སྐྱིད་ལྡེ་ཉི་མ་མགོན་ནི། མངའ་བདག་དཔལ་འཁོར་བཙན་ལ་བཙུན་མོ་ཆེ་ཆུང་གཉིས་ཡོད་པའི་ཆེ་བའི་སྲས་ཡིན། བཙན་པོ་གླང་དར་མ་བཀྲོངས་པའི་རྗེས་སུ་འབངས་གྱེན་ལོག་བྱུང་སྟེ་མངའ་བདག་དཔལ་འཁོར་བཙན་བཀྲོངས་ནས་བོད་ས་གནས་ཀྱི་སྲིད་དབང་མངའ་བདག་ཡུམ་བརྟན་ལ་ཤོར་བར་བརྟེན། དཔལ་འཁོར་བཙན་གྱི་སྲས་སྐྱིད་ལྡེ་ཉི་མ་མགོན་དང་། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གཉིས་སྟོད་ཕྱོགས་སུ་ཡུལ་བྱོལ་དུ་ཕེབས་ཤིང་། སྐྱིད་སྡེ་ཉི་མ་མགོན་སྟོད་མངའ་རིས་སུ་ཕེབས་སྐབས་དགེ་བཤེས་བཀྲ་ཤིས་བཙན་གྱིས་སྤུ་ཧྲེང་དུ་བཞུགས་པར་ཞུས་ཏེ་འབྲོ་བཟའ་འཁོར་སྐྱོང་བཙུན་མོར་ཕུལ་བ་ཁབ་ཏུ་བཞེས་པ་ལ་སྲས་གསུམ(ཆེ་བ་དཔལ་ལྡེ་མགོན། འབྲིང་པོ་བཀྲ་ཤིས་མགོན། ཆུང་བ་ལྡེ་གཙུག་མགོན།)བྱུང་ཞིང་། སྐུ་མཁར་ཉི་བཟུངས་བརྩིགས་ཏེ་མངའ་རིས་སྐོར་གསུམ་དབང་དུ་བསྡུས་ནས་སྲས་གསུམ་ལ་སྐོར་གསུམ་སོ་སོར་བགོས་ནས་གནང་། ཆེ་བ་དཔལ་ལྡེ་མགོན་ལ་མངའ་རིས་མང་ཡུལ་དང་། འབངས་ཁུ་ནག་བཙན། ཤར་རུ་ཐོག་དང་། གསེར་ཁ་གོག ལད་ཀྱི་བདེ་མཆོག་དཀར་པོ། མཚམས་ཀྱི་རྭ་བ་དམར་པོ། ཝམ་ལེ་ཡི་མིག་གི་ཕ་བོང་གཡག་ལྡེར། རྡོ་བུག་པ་ཅན་ཡན་ཆད་དང་། བྱང་གསེར་ཁ་མགོན་པོ། ནུབ་ཁ་ཆེའི་ལ་རྩ་ལ་གཏོགས་པ་རྣམས་གནང་། འབྲིང་པོ་བཀྲ་ཤིས་མགོན་ལ་གུ་གེ་སྤུ་ཧྲེང་རྩེ་དང་བཅས་པ་གནང་། ཆུང་བ་ལྡེ་གཙུག་མགོན་ལ་ཟངས་དཀར་སྒོ་གསུམ་དང་། སྦི་ཏི། སྦི་ཆོག་དང་བཅས་པ་གནང་། ཞིབ་པ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་པར་སྐྲུན་བྱས་པའི《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ》ཤོག་གྲངས184ནས185བར་གསལ་བ་དེར་གཟིགས། གཞན་ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》ལྕགས་པར་མའི་སྟོད་ཆ་ཤོག་གྲངས434ནས435བར་འདི་དང་བཤད་ཚུལ་མི་འདྲ་བ་འདུག་ཀྱང་། འདིར་ཀ་ཐོག་རིག་འཛིན་ཆེན་པོས་མཛད་པའི《བོད་ཀྱི་རྒྱལ་རབས་གསེར་གྱི་ཕྲེང་བ》ནས་གསུངས་པ་དེ་རང་ཁུངས་བཙན་པར་བསམས་ནས་དེ་ལྟར་བྲིས་པ་ལགས།