སྐྱིད་ཟུར་

ཡོང་ཁུངས་Wikipedia

ངོ་སྤྲོད་མདོར་བསྡུས། སྐྱིད་ཟུར་ལཊ་ནི་༸གོང་ས་རྣམ་འདྲེན་བཅུ་གསུམ་པའི་སྐབས་ཀྱི་བོད་གཞུང་གི་དྲུང་དཀྱུས་ཞིག་ཡིན་འདུག་ལ། གཞུང་གི་ཞབས་འབྲིང་དྲག་ཤོས་མིན་སྟབས་འཁོས་འབྱོར་ཅུང་ཞན་ཚོད་དུ་འདུག འོན་ཀྱང་སྐྱིད་ཟུར་ལཊ་ནི་ཁ་བདེ་ལྕེ་བདེ་དང་། མགོ་བདེ་དྲན་འཕྲུལ་རིག་བསྐྱེན་ཞིག་ཏུ་འདུག་སྟེ། ཁོང་དང་འབྲེལ་བའི་མཚར་གཏམ་ཤིན་ཏུ་རྒོད་བྲོ་བ་མང་ཙམ་ཞིག་འདུག་པ་དང་། ཉིད་ཀྱིས་དྲན་ཐོ་འདི་ཀློག་སྐབས་དེ་སྔའི་གཞུང་གི་བསྟན་སྲིད་གཉིས་ཐད་ཀྱི་ཆགས་ཆེ་ཉམས་ང་དང་འདས་དོན་བསྐྱུར་པོ་དེ་དག་དྲན་པ་ཙམ་གྱིས་ཀྱང་ཡིད་སེམས་ཀློང་ཀློང་བོར་གཏོང་བ་དེ་ཙམ་མ་ཡིན་པར་ཐུགས་ལྷོད་ལྷོད་ངོས་སྐྱིད་ཟུར་ལགས་གྱི་མཚར་གཏམ་དག་ལ་ཐེངས་གཅིག་རོལ་བར་བྱས་ཆོག་པ་དང། གཤམ་འཁོད་དྲན་ཐོ་འདི་ནི་ལྷ་ཞོལ་གྱི་རྒན་པོ་བགྲེས་པོ་རྣམས་ཀྱིས་གཞུང་ཞབས་སྐྱིད་ཟུར་ལགས་ཀྱི་མཚར་གཏམ་ངག་རྒྱུན་རྣམས་བློ་བཟང་འཇམ་དཔལ་དང་ཚེ་རིང་སྒྲོལ་མ། མིག་དམར་བཅས་ཀྱིས་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་ཡིན་འདུག་པ་པར་དབང་ཁོང་མི་གསུམ་ལ་ཡོད་པ་ཀུན་གྱིས་ཤེས་རྟོགས་བྱ་རྒྱུའི་གཞེན་བསྐུལ་དང་བཅས་སོ།།

སྐྱིད་ཟུར་ལགས་ཞེས་པ་ཁོང་ནི་ཉེ་རབས་ལོ་རྒྱུས་ཐོག་དངོས་སུ་བྱུང་བའི་མི་སྣ་ཞིག་རེད། ཁོང་ཉིད་མ་གཞི་བོད་གཞུང་དགའ་ལྡན་ཕོ་བྲང་གི་དྲུང་དཀྱུས་ཤིག་ཡིན་ཡང་འཚོ་བ་ཧ་ཅང་སྐྱོ་པོ་ཡིན། འོན་ཀྱང་ཁོང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་སྨྲ་ལྕེ་ཤིན་ཏུ་བདེ་ལ་དྲན་རྣོ་བ། གོ་བདེའི་ཕལ་ཚིག་གི་ཐོག་ནས་འཕྲལ་འཕྲལ་ཚིག་བཅད་དང་། ཀ་བཤད་ངག་རྩོམ་ཐུབ་ཀྱི་ཡོད། གཤམ་ལ་བགྲེས་སོང་འགའ་བརྒྱུད་གསུངས་གནང་བའི་སྐྱིད་ཟུར་ལགས་ཀྱི་ཤོད་སྲོལ་ཐོར་བུ་ཞིག་ངོ་སྤྲོད་ཞུ་རྒྱུ་ཡིན།

ཉིན་ཞིག་སྐྱིད་ཟུར་ལགས་སྤྲོ་སྣང་ཆེན་པོས་སྦག་ཆེན་རྒྱག་སྐབས་ཁོང་གིས་སན་ཅིང་རྒྱག་ཐུབ་པ་བྱུང་བ་རེད།  སྐབས་དེར་ཁོང་གིས་ཅིང་གསུམ་པོ་དེ་སྦག་ཅོག་སྟེང་ཤུགས་ཀྱིས་བརྡབས་པ་དང་ཆབས་ཅིག་ཁ་ནས་བཤད་རྒྱུར།

པར་བཅུ་ང་བདུན་སྨན་གསུམ་ཚ་ཐུད་སྟེར་བ་འབད།།

ཨོ་ལོས་རིན་སྤུངས་རྫོང་དེ་ཁ་ལ་ཞུས་པ་འབད་ཅེས་ཟེར།

དེའི་གོ་དོན་ནི་སྐྱིད་ཟུར་ལགས་ཀྱིས་ལོ་གཅིག་ཙམ་རིང་ཕར་གཡར་ཚུར་གཡར་བྱས་ཏེ་བོད་དངུལ་ཊམ་རྡོ་ཉི་ཤུ་ཐམ་པ་བྱུང་བ་རེད། དེ་ཐོག་ནས་ཁོང་གིས་པར་ཁང་ལ་ཊམ་རྡོ་བཅུ། ང་ཕོད་ལ་ཊམ་རྡོ་བདུན། སྨན་རིར་ཊམ་རྡོ་གསུམ་བཅས་སྐྱབས་རྟེན་དུ་ཕུལ་ནས་རིན་སྤུངས་རྫོང་དེ་རང་ལ་རག་རྒྱུའི་དོན་སྨིན་སོན་པ་དང་ཚ་རོང་ལ་ཐུད་རིལ་སྟེར་ཐུབ་པ་བྱུང་སྙམ་པ་ཡིན། འོན་ཀྱང་སྐུ་དྲག་གཞན་ནི་སྐྱིད་ཟུར་ལགས་ལས་འབྱོར་བ་བརྒྱ་འགྱུར་གྱིས་རྒྱས་པ་ཡོད་གཤིས། རིན་སྤུངས་རྫོང་རྩིས་སྤྲོད་རྩིས་ལེན་མ་ཟིན་གོང་སྐྱིད་ཟུར་ལགས་ཀྱི་འབུལ་བ་ལས་ལྷག་པ་གཞན་གྱིས་ཕུལ་སྟབས་བཀའ་ཤག་ནས་བཀའ་བཏང་སྟེ་ཁྱོད་ལ་རིན་སྤུངས་རྫོང་ཡོང་གི་མ་རེད། འཕྲལ་དུ་ལྷ་སར་ཕྱིར་ལོག་བྱ་དགོས་བརྗོད། སྐྱིད་ཟུར་ལགས་ཁོང་ཁྲོའི་མེ་ལྕེ་འབར་བཞིན་ཞབས་པད་བཤད་སྒྲའི་སྐུ་མདུན་དུ་བཅར་ནས་རྒྱུ་རྐྱེན་བཀའ་འདྲི་ཞུ་དགོས་སྙམ་ཡང་དེར་བལ་པོའི་ཚོང་དཔོན་སྐུ་དྲག་མང་ཆེ་བ་དང་འདྲིས་གཤིབ་ཆེ་བ་ཞིག་སྐུ་གམ་དུ་ཡོད་པས་བཀའ་འདྲི་ཞུ་སྟབས་མ་བདེ། ཡུད་ཙམ་སོང་རྗེས་ཁོང་གིས་བཤད་སྒྲར་མཇལ་དར་ཞིག་བཏང་ནས། ཁོ་བོ་དབྱུང་བའི་བྱེད་གཏེ་སུ་ཞིག་ལགས་བརྗོད་པར་བཤད་སྒྲས། རལ་པའི་ཐོར་ཚུགས་ཅན་ནི་མ་ཡིན་ནོ། དམར་སེར་གོས་ཀྱིས་ཀླུབ་པ་ཞིག་ལགས་སོ་གསུངས། དེ་ནི་སྐྱིད་ཟུར་ལགས་ཀྱིས་ཁོ་བོ་གནས་དབྱུང་གཏོང་མཁན་བྱེད་གཏེ་སུ་ཡིན་བཀའ་འདྲི་ཞུས་པར་བཤད་སྒྲས་དྲུང་འཁོར་ནི་མ་ཡིན། རྩེ་དྲུང་ཞིག་ཡིན་འདུག་ཅེས་བཀའ་ལན་གནང་མོད། འོན་ཏེ་དེར་ཡོད་བལ་པོའི་ཚོང་དཔོན་དེས་ནི་ཁོང་གཉིས་ཀྱི་གླེང་མོལ་ཚིག་གཅིག་ཀྱང་གོ་བ་མ་ལོན་པར་མགོ་རིལ་རིལ་དུ་བསྡད་དོ།།

ཡང་ལོ་གསར་མཛད་སྒོའི་སྐབས་གསོལ་རྐང་ཞེས་པའི་ཤ་སྐལ་སྤྲོད་དུས་སྐྱིད་ཟུར་ལགས་ལ་ཀུ་རེའི་ཆེད་དུ་ལུག་མགོ་ཀླད་པ་མེད་པ། མིག་རིལ་མེད་པ། ལྕེ་མེད་པ། ཤ་མེད་པ་ཞིག་ཐེངས་ཁ་ཤས་སྤྲད་པ་རེད། ཉིན་ཞིག་ཡང་བསྐྱར་ལུག་མགོ་དེ་འདྲ་ཞིག་སྐྱིད་ཟུར་ལགས་ལ་སྤྲོད་པར་ཡོང་བས་སྐྱིད་ཟུར་ལགས་ཁྲོས་དེ་ལུག་མགོ་སྤྲོད་མཁན་དེར་མིག་འབུར་ཚུགས་སུ་བལྟས་ནས།

ཀ་ཡེ་ཀླད་མེད་ཤ་མེད་འཛུམ་ཚེར་ཚེར།།

ཁ་ནང་ལྕེ་མེད་འགྲམ་སྟོང་ནག་ཧུར་ཧུར།།

ག་ལྟས་མིག་མེད་ལུག་མགོ་སྐམ་པོ་འདི།།

ང་ལ་མི་དགོས་ལྟོགས་རྒྱལ་ཁྱོད་རང་ཟོ།།

ཞེས་ཟེར། དེ་རྗེས་གསོལ་རྐང་སྤྲོད་མཁན་གྱིས་ཀུ་རེ་བྱས་ཏེ་ཁོང་ལ་ཤ་སྐལ་རྩ་བ་ནས་མ་སྤྲད་པ་རེད། དེར་བརྟེན་ཉིན་ཞིག་ཁོང་གིས་གསོལ་རྐང་སྤྲོད་མཁན་དེར།

ལ་ཡི་འོག་དང་ས་ཡི་གོང་།།

ལང་བ་དེ་མེད་པ་སྐྱོ་ཞེས་སྨྲེ་ངག་འདོན།།

གསོལ་རྐང་སྤྲོད་མཁན་དེས་ཀ་མད་སུམ་ཅུའི་གོ་རིམ་ཐོག་ཤ་མེད་པ་ཟེར་མོད། དོན་དུ་ཁོ་རང་གི་ཤ་སྐལ་ཆད་པར་ཟེར་བ་གོ་བ་ལོན། རྒྱུན་དུ་མཛད་སྒོའི་སྐབས་སུ་སྐུ་དྲག་མཐོ་བ་རྣམས་ལ་ཤིང་ཏོག་ཨ་མྲ་སོགས་ཡག་པ་དང་། དེ་འོག་རིམ་བཞི་སོགས་ལ་དེ་ལས་ཞན་ཙམ་གྱི་བྱི་རིལ། དཀྱུས་མ་རྣམས་ལ་ཁམ་བུ་དཀྱུས་མ། དམའ་ཤོས་རྣམས་ལ་ཁུ་ར་སྐྱ་ཁུར་མ་གཏོགས་རག་གི་མེད་པས་ཁོང་གིས།

ཨ་མྲ་དང་ནང་མ་ཁ་སྤྲོད་རེད།།

སེ་རིལ་དང་བྱི་རིལ་ཁ་སྤྲོད་རེད།།

ཁམ་དཀྱུས་དང་དྲུང་དཀྱུས་ཁ་སྤྲོད་རེད།།

སྐྱིད་ཟུར་དང་སྐྱ་ཁུར་ཁ་སྤྲོད་རེད།།

ཅེས་སྐད་ཤུགས་ཆུང་ངུས་བརྗོད་པས་བཞུགས་གྲལ་གྱི་མི་རྣམས་ལ་དབང་མེད་དུ་གད་མོ་སིག་སིག་ཤོར་བ་དང་། མགྲོན་ཆེས་བཀའ་བཀྱོན་གནང་ཐོག་གི་འཇིགས་སྣང་བཅས་ཀྱིས་མཛད་སྒོ་མགྱོགས་ཙམ་གྲོལ་ན་ཅི་མ་རུང་སྙམ་པ་བྱུང་།

ཡང་སྐྱིད་ཟུར་ལགས་ཀྱིས་སྐབས་རེ་སྔགས་འདོན་ཁུལ་བྱེད། གཞན་གྱིས་ཁྱེད་ཀྱིས་སྔགས་དེ་ག་རེ་རེད་བརྗོད་པར་ཁོང་གིས་དེ་ནི་ཁོ་བོར་སེམས་གནག་བྱེད་མཁན་རྣམས་ཧུམ་ཤི་ཕཊ་འགྱེལ་དུ་གཏོང་བའི་མཐུ་སྔགས་ཤིག་རེད་ཅེས་བརྗོད། ཡང་གཞན་གྱིས་སྔགས་དེ་སྐྱོར་དང་བརྗོད་པར་ཁོང་གིས་སྐྱོར་དོན།

རྭ་ཛ། ཧོར་ཛ། པར་ཛ། རྡོ་ཐལ་ཡེ་ཕྰ། སྐུ་མདའ། སྐུ་རུ་སོགས་ཧུམ་ཕག་བརྗོད།

དེ་དོན་ནི་སྔགས་ག་ལ་ཡིན། རྭ་སྒྲེང་ཛ་སག་དང་། པར་ཁང་ཛ་སག ཧོར་ཁང་ཛ་སག རྡོ་རིང་ཐའི་ཇི། སྐུ་སྲུང་མདའ་དཔོན། སྐུ་སྲུང་རུ་དཔོན་བཅས་ཀྱིས་རྒྱུན་དུ་སྐྱིད་ཟུར་ལགས་ལ་ཁྱག་ཁྱག་བྱས་སྟབས་ཁོང་གིས་དེ་དག་གི་མིང་ཟུར་སྔགས་ཡིན་ཁུལ་དུ་དྲངས་ནས་ཀུ་རེའི་ཆེད་དུ་ཧུམ་ཕཊ་འགྱེལ་གྱི་སྨོད་བོར་ཁུལ་བྱས་པ་ཞིག་རེད།

ཡང་ཉིན་ཞིག་ཞབས་པད་བཀྲས་མཐོང་གི་རྒྱལ་སྒོར་སྐྱིད་ཟུར་ལགས་ནས་ཡི་གེ་འགའ་བྲིས་པར་བཀྲས་མཐོང་པས་སྐྱིད་ཟུར་ཞེས་པ་དེའི་སྡུག་ལག་བྲེགས་དགོས་ཚོད་ཅིག་འདུག་ཟེར། དེ་དོན་སྐྱིད་ཟུར་ལགས་ཀྱིས་གོ་ནས་བཀྲས་མཐོང་པ་མཆོད་མཇལ་དུ་འགྲོ་སྐབས་སྐྱིད་ཟུར་གྱིས་ཀྱང་སྔོན་ཙམ་དུ་སོང་ནས་བཀྲས་མཐོང་པ་མ་རིག་པའི་ཚུལ་གྱིས་སྒྲོལ་མ་འདོན་ཁུལ་ངང་འདི་ལྟར་བརྗོད།

ང་ནི་བླ་བྲང་སྟེང་གི་དྲུང་འཁོར་ཡིན་མ། །

གཞུང་དོན་ཞ་ཆག་མེད་པར་ཞུས་མ།།

སྡུག་ལག་གང་གི་དོན་དུ་བྲེགས་མ།།

ཞེས་བསྐྱོར་བས་བཀྲས་མཐོང་པ་དབང་མེད་དུ་གད་མོ་ཤོར་བ་རེད།

ཡང་དྲུང་སྤྱི་དབྱར་སྐྱིད་ཀྱི་ཐུགས་སྤྲོའི་སྐབས་སུ་ཞབས་པད་ཚོས་སྐྱིད་ཟུར་ལགས། ཞབས་བྲོ་ཞིག་སྐྱོན་དང་ཞེས་ལབ། སྐྱིད་ཟུར་ལགས་ཀྱིས་ཞབས་བྲོ་བརྒྱབ་སྟེ་གཞས་ཚིག་ལ།

ཕག་ཤ་རྙིང་པས་རྡོ་བརྡུངས།།

རྡོའི་འོག་ནས་ལང་རྒྱུ་མེད།།

དེང་སང་རྡོ་ལ་འགྲན་ཟླ་མི་འདུག།།

གཅིག་གཉིས་གསུམ། གསུམ།

ཞེས་གསུམ་རྒྱག་ཅིག་བརྒྱབ་པ་རེད། དེའི་གོ་དོན་ནི་ཞབས་པད་པ་ལ་དང་། བཤད་སྒྲ། བླ་བྲང་རྙིང་པ། རྡོ་རིང་བཅས་ལ་སྙད་ནས་རྡོ་རིང་ཁ་ཤུགས་འཇོན་ཐང་གཉིས་ཀ་ལྡན་པས་གཞན་རྣམས་རྡོ་རིང་འོག་ལ་འདུར་དགོས་པར་ཟེར།

ཡང་སྐྱིད་ཟུར་ལགས་ལ་འདྲིས་ཆེ་བའི་རྩེ་དྲུང་དཔྲལ་ཉག་རྒྱ་བོ། གདོང་པ་ཐེར་ལ་ཁ་ལ་མཛེར་པ་རྡོག་རྡོག་གསུམ་བྱས་པ་ཞིག་ཡོད་པས་ཁོང་གིས་སྐྱིད་ཟུར་ཁྱེད་ཀྱིས་ང་ལ་མིང་འདོགས་ཤིག་ཐོགས་དང་བརྗོད་པར་སྐྱིད་ཟུར་ལགས་ནས་དེ་ནི་ཤིན་ཏུ་སླ་ཞེས་བསམ་བློ་ཙམ་མ་བཏང་བར་ཆུ་རྒྱུག་པ་ལྟར་བཤད་པར།

ཀ་པ་མི་དེ་ཉག་ཉག་བྱས།།

ཁ་ཡི་སྟེང་དུ་ཐེབས་ཆི་གསུམ།།

ག་ཐེར་རྩིད་པའི་མཐུར་འགོ་ཅན།།

ང་ལས་མདོག་ཉེས་སུ་འདུག་ལྟོས།།

ཞེས་བརྗོད་པས་རྩེ་དྲུང་ཁོང་ཁ་སྐྱེངས་པར་གྱུར།

ཡང་ཉིན་ཞིག་ཞོལ་ལྕང་མ་ཁང་གསར་གྱི་རྩེ་ཕྱག་ལོ་ན་མཐོ་ཙམ། ཤ་རྩི་སྔོ་ལ། མགོ་སྐྱ་ཕྱེད་སྔོ་ཕྱེད་ཅིག་ཡོད་པ་ཁོང་རྟ་སྔོ་ནག་ཅིག་ལ་བཞོན་ནས་འགྲོ་སྐབས་ལྕང་གསེབ་ཤར་དུ་རྟས་དབྱུགས་ནས་གྲྭ་ཤམ་ཡར་ལོག་པ་དང་ཞྭ་མོ་བསེ་ཐེབས་དེ་ལའང་སེར་ཁ་གས་པ་རེད། དེ་དུས་སྐྱིད་ཟུར་ལགས་དང་ཏག་ཏག་ཐུག་པས་སྐྱིད་ཟུར་ལགས་ཀྱིས་གང་མིན་བྱས་སོང་ཞེས་ཐལ་རྡུལ་བརྡབ་བརྡབ་བྱས་ནས་སློང་རོགས་བྱས། རྩེ་ཕྱག་དེས། ང་ལ་མི་ཁ་ཟུག་པ་རེད། སྐྱིད་ཟུར་ནས་མི་ཁ་དགྲ་བཟློག་ཅིག་འདོན་རོགས་བརྗོད། སྐྱིད་ཟུར་ལགས་ཀྱིས་ལོ་ལཊ་སོ། ད་ལྟ་ལམ་སེང་འདོན་ཆོག་ཅེས་ལག་པའི་ཐལ་མོ་ཏག་སྒྲ་དང་བཅས་འདེབས་ཤིང་སྐད་ཤུགས་ཆེན་པོས།

རྩེ་ཕྱག་རྟ་ཡིས་དབྱུགས་པ་དགྲ་ལ་བཟློག།།

རྟ་སྔོན་མི་སྔོན་དབྱུགས་པ་དགྲ་ལ་བཟློག།།

མགོ་སྔོན་ཐལ་འཚུབ་འཁྱིལ་བ་དགྲ་ལ་བཟློག།།

རྐུབ་སྔོན་གནམ་སྔོན་མཐོང་བ་དགྲ་ལ་བཟློག།།

སྣམ་དམར་རྒྱལ་མཚན་གྱི་འོག་ནས།།

ཤ་དམར་གྱི་ཏོག་གསུམ་མཐོང་བ་བཟློག་ཏུ་གསོལ།།

རྟགས་དང་མཚན་མ་ངན་པ་འདི་དག་བཟློག་ཏུ་གསོལ།།

ཅེས་བརྗོད་པས་ཁྲོམ་ལམ་གྱི་མི་རྣམས་ནི་རྩེ་ཕྱག་ལ་མཚེར་སྣང་སྐྱེས་པ་དང་། སྐྱིད་ཟུར་ལགས་ལ་བལྟས་ནས་གད་མོས་གྲོད་པར་ན་ཟུག་གཏོང་དགོས་པ་ཞིག་བྱུང་།

རྒྱུན་དུ་སྐྱིད་ཟུར་ལགས་ལ་ཞོགས་པ་བུ་ལོན་བདའ་མཁན་མང་དྲགས་ནས་རྟག་དུ་མཛད་རྗེས་ཟིན་གྱི་མེད་སྟབས་ཉིན་ཞིག་མགྲོན་ཆེས་བཀའ་འཀྱོན་གནང་བ་རེད། དེར་སྐྱིད་ཟུར་ལགས་སེམས་ཤིན་ཏུ་སྐྱོ་པོ་བྱུང་སྟེ་མིག་ཆུ་ཐིགས་པ་ཕྲུལ་ཕྲུལ་དུ། ལྷ་དགོངས་དྭངས་པར་ཞུ། ཁོ་བོའི་མིང་ལ་སྐྱིད་པོ་ཟུར་དུ་བསྡད་པ་ལྟར་སྣང་ཡང་། དོན་དུ་སྡུག་པོའི་དཀྱིལ་དུ་ཚུད་པ་རང་ཡིན། ཞོགས་ལྟར་སྐྲ་གྲངས་ཆུ་གཉེར་ལྟར་གྱི་བུ་ལོན་བདའ་མཁན་རྣམས་ལ་ཁ་ཡ་བྱེད་དགོས་པས་མཛད་རྗེས་མ་ཟིན་པ་ལས། གཞུང་ས་དགའ་ལྡན་ཕོ་བྲང་ལ་ཁྱད་བསོད་སྒལ་རལ་ཞུས་པ་རྩ་བ་ནས་མིན་ཞེས་སླར་ཡང་མིག་ཆུ་བཏང་། མགྲོན་ཆེས་འོ་ན་ཁྱོད་ཀྱིས་དངོས་པོ་ཇི་ཡོད་ཀྱི་དངོས་ཐོ་རྫུན་སྤངས་བདེན་འཛིན་ཞིག་ཁྱེར་ཤོག་གཞུང་ས་ནས་ཐུགས་ཁུར་གཟིགས་བསྐྱངས་འདྲ་ཡོང་སྲིད་པས་སྐྱབས་མགོན་སྦུག་ལ་སྙན་སེང་ཞུ་ཆོག་གསུངས། སྐྱིད་ཟུར་ལགས་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་དངོས་ཐོ་འདི་ལྟར་ཀ་ཕྲེང་ལྟར་བྲིས།

ཀ་བའི་ལོགས་ན་རྟ་མགོ་སྤུས་ལེགས་གཅིག།།

ཁ་ཤའི་པགས་པའི་ཇ་ཁུག་མགོ་འབྲེལ་གཅིག།།

ག་སོང་བློ་སྐྱོག་ཆུང་འདྲིས་སྙིང་སྡུག་གཅིག།།

ང་རའི་དུས་ཀྱི་ཐུག་ཁོག་ལུང་ཅག་གཅིག།།

ཅ་གསབ་བསྐྱངས་པའི་མེ་ཏོག་ཁོག་མ་གཅིག།།

ཆ་མེད་ཡ་མེད་རྟ་སྒྲོ་སྙིང་སོང་གཅིག།།

ཇ་ཁུ་ལྡིར་བྱེད་ཨུ་ལུ་ཁ་དུམ་གཅིག།།

ཉ་ཤ་གཙབ་བྱེད་ཨན་རྡར་གས་ཆག་གཅིག།།

རྟ་མེད་སྒ་མེད་སྲབ་སྨད་ཆད་དུམ་གཅིག།།

ཐ་མག་གང་ཟག་ཐང་ ཁུག་རང་འགྲིགས་གཅིག།།

ད་ལྟ་ཟ་བྱེད་ལ་ཕུག་ཆག་པ་གཅིག།།

ན་རྟེན་ཤི་རྟེན་གཡང་ཊམ་དཀར་པོ་གཅིག།།

པ་ཕའི་དུས་ཀྱི་ཁ་གདན་རལ་པོ་གཅིག།།

བ་མོ་མེད་པའི་འོ་ཟོ་རྐུབ་ལུག་གཅིག།།

མར་འདྲ་བྱུང་ན་བླུག་བྱེད་མར་ཀག་གཅིག།།

རྩྭ་ཡིས་བརྒྱངས་པའི་འབོལ་གདན་རྙིང་རུལ་གཅིག།།

ཚྭ་ཁུག་ནང་དུ་ཚྭ་རྡོག་ཆུང་ངུ་གཅིག།།

ཛ་ཛོར་བླུག་སའི་ཤིང་སྒམ་ཤིང་སྒམ་ཁེབས་མེད་གཅིག།།

ཝ་ནག་ཞྭ་མོ་མུག་པས་བཟས་པ་གཅིག།།

ཞ་ཐུལ་སྤུ་ཟད་རྒྱབ་ཤ་རལ་པ་གཅིག།།

བཟའ་བཏུང་བྱེད་པའི་ལྷོ་རོང་སྐྱ་ཕོར་གཅིག།།

འབ་རྒྱུ་མེད་པའི་རྒྱ་ཁྱི་ཐིག་རལ་གཅིག།།

ཡ་དོ་མེད་པའི་རྡོ་གཏུན་གཏིང་རིང་གཅིག།།

རྭ་ཅོའི་ཡུ་བའི་གྲི་ཆུང་ལེགས་ཙམ་གཅིག།།

ལ་ཕུག་བརྡར་སའི་ལབ་བརྡར་ཟད་ཏོ་གཅིག།།

ཤ་ཚལ་བྱུང་ན་གཏུབ་བྱེད་ཚལ་ཏོ་གཅིག།།

ས་ཁྲིིའི་སྟེང་དུ་བཙུགས་ཕྲུག་སྤུ་ཟད་གཅིག།།

ཧ་ཅང་གཅེས་པའི་གཡུ་རྩིའི་ཁོག་ལྡིར་གཅིག།།

ཨ་མས་བསྐུར་པའི་བུ་རམ་རྩྭ་སྒོར་གཅིག།།

དེ་མིན་རིན་ཐང་ཆེ་བ་གང་ཡང་མེད།།

ཅེས་བྲིས་ཏེ་ཕུལ་བར་གོང་ས་སྦུག་ནས་གཟིགས་རྗེས་བཀའ་དྲིན་དགོངས་བཞེས་གནང་ལུགས་བརྗོད་སྲོལ་ཡོད་དོ།།

ཉིན་ཞིག་སྐྱིད་ཟུར་ལགས་སྒོ་རྒྱབ་ཏུ་ཐུག་པ་སྐོལ་ནས་སྡོད་པའི་སྐབས་མི་ཞིག་གིས་སྐྱིད་ཟུར་ལགས་འདིར་ཅི་ཞིག་གནང་གི་ཡོད་དམ་ཞེས་དྲིས་པས་སྐྱིད་ཟུར་ལགས་འདིར་ཅི་ཞིག་གནང་གི་ཡོད་དམ་ཞེས་དྲིས་པས་སྐྱིད་ཟུར་ལགས་ཀྱིས་སྒོ་ནང་དུ་ཐུག་པ་རྣམ་གསུམ་སྐོལ་གྱི་ཡོད་ཅེས་ལན་བཏབ། ༼རྣམ་གསུམ་སྟེ། ཆུ། རྩམ་པ། ཚྭ་བཅས་སོ།།༽

ཀ་ཡེ་ཕྱོགས་བཅུར་བཞུགས་པའི་བུན་བདག་རྣམས།།

ཁ་ཐབས་སྐྱིད་ཟུར་ང་ལ་སྤྱན་གཟིགས་དང་།།

ག་ནས་བལྟས་ཀྱང་སྤྲོད་བརྟེན་མི་འདུག་པས།།

ང་ཡི་ཐེའུ་འདི་ལ་བརྩི་འཇོག་དགོས།།

ཞེས་པའི་ཤོ་ལོ་ཀ་འདི་ནི་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས། གྲྭ་བཞི་སྐྱིད་ཟུར་པར་ཕ་མེས་ནས་བསྡད་པའི་བུ་ལོན་ཆེན་པོ་ཡོད་པ་མཁྱེན་ནས་ཁྱོད་ཀྱིས་བུན་བདག་དང་། བུན་འཇལ་མཁན། སྤྲོད་དམིགས། བུན་ཆག་གཏོང་མི་བཅས་ཀྱི་དོན་རྣམས་ཀ་བཤད་ཤོ་ལོ་ཀ་གཅིག་གི་ནང་བྲིས་ཐུབ་ན་བུན་མཇལ་མ་དགོས་པའི་ཐམ་ཀ་བརྒྱབ་འཐུས་བཀའ་འཁྲོལ་གནང་བ་བཞིན་བརྩི་འཇོག་དགོས་ཞེས་པའི་ཡིག་མཇུག་ཏུ་སྦུག་དམ་བསྩལ་ཡོད་པ་དེས་སྐྱིད་ཟུར་གྱི་བུ་ལོན་སྤྲོད་མ་དགོས་པ་བྱུང་བ་རེད་ཅེས་ཤོད་སྲོལ་འདུག

སྤྱི་ལོ་༡༢༠༠ནང་སྐྱིད་ཟུར་ལགས་སྟོད་ཕྱོགས་སུ་རྫོང་དཔོན་དུ་བསྐྱོད་པ་རེད། དེ་རྗེས་ཁོང་རྩེ་གཉེར་བསྐོས་ནས་ལྷ་སར་འཕྲལ་དུ་འབྱོར་དགོས་པའི་བཀའ་རྒྱ་མང་པོ་བཏང་ཡང་མ་འབྱོར་བར། མཐར་བཀའ་ཤག་གིས་སྐྱིད་ཟུར་ཆེད་འགུགས་ཨ་དྲུང་བཏང་ནས་ལྷ་སར་འབྱོར་མཚམས་སྐྱིད་ཟུར་ལ་ཉེས་ཆད་གཅོད་རྒྱུའི་གྲོས་འགོ་འདོན་མཁན་སུ་ཡིན་རྩད་གཅོད་བྱས་ཏེ་དེའི་སར་བཅར་ནས་ཉེས་ཆད་མ་དགོས་པའི་ཐབས་ཤེས་ཤིག་བྱེད་བསམ་པ་ལྟར། སྐྱིད་ཟུར་གྱིས་ཁོ་པའི་གྲོགས་པོ་བཀའ་དྲུང་ཞིག་ཡོད་པ་དེ་ལ་དྲིས་བསམས་ནས་བཀའ་ཤག་གི་འཁྲིས་སུ་བཀའ་དྲུང་སྒུག་བསྡད་པ་རེད། གང་མཚམས་ཤིག་ལ་བཀའ་ཤག་གྲོལ་བས་བཀའ་དྲུང་དེ་བར་སྐོར་ནང་ཁ་ཆེའི་ཚོང་ཁང་ཞིག་གི་ནང་དུ་བསྡད་ཡོད་པ་རེད། སྐབས་དེར་སྐྱིད་ཟུར་གྱིས་ཞྭ་མོ་ཕུད་ནས་བཤད་དོན། ཀྱེ། ཁོ་བོའི་བགྲོད་བྱེད་སྐྱུར་བ་བྱེད་པའི་སྨྲ་བའི་གཙོ་བོ་སུ་ཞིག་ལགས་དྲིས་པས་བཀའ་དྲུང་དེས་བསམ་བློ་ཞིག་བཏང་བ་དང་། སྨ་རར་བྱིལ་བྱིལ་བྱས་ནས་བཤད་དོན། དགའ་བ་བརྒྱ་ལྡན་མདུན་ན་འཛིན་པའི་མདོ་མཁར་རྨ་བྱའི་གཙུག་ཕུད་ཅན་དེ་གདའ་བ་ལགས་ཞེས་བརྗོད་པར། སྐྱིད་ཟུར་གྱིས་ལགས་སོ་ཞེས་ཕྱིར་ཐོན་པ། མདོ་མཁར་ཞབས་པད་ཀྱི་སར་ཕྱིན་ནས་ཉེས་ཆད་མ་དགོས་པའི་སྐྱབས་འཇུག་ཞུས་པ་རེད།

྿                                                   ྿                                                        ྿

སྙེ་མོ་སྦང་ཟན་ཆུ་ཤུར་རྐུན་མའི་གདོང་།།

འཕན་པོ་ཤིག་ཟན་དབུས་སྟོད་ལས་མ་དག།།

དྭགས་ཀོང་ཀླ་ཀློའི་ཡུལ་དུ་བདག་མ་སྐྱེས།།

རྣམ་དཔྱོད་གཙང་པའི་ཞབས་ལ་གསོལ་བ་འདེབས།།

འདི་ནི་སྐྱིད་ཟུར་ལགས་སུ་བཀའ་བློན་རག་ཤག་གིས་ཇ་མཆོད་ཅིག་འབུལ་དགོས་ཞེས་གསུང་སྐབས་དེ་མ་ཐག་ཤོ་ལོ་ཀ་དེ་བརྩམས་པ་དང་། ཚིག་དོན་དེ་དག་ཐོག་ནས་སྙེ་མོ་དང་། འཕན་པོ། དབུས་པ། དྭགས་ཀོང་བཅས་ཀྱི་མི་རྣམས་ཧ་ཅང་འཕྱ་སྨོད་ཀྱི་ཚུལ་དུ་བྲིས་པ་ཞིག་ཡིན་ལ་སྐྱིད་ཟུར་རང་ཉིད་ཀྱི་སྐྱེས་ཡུལ་གཙང་པ་ཡིན་སྟབས་དེར་འུད་བསྟོད་ཤུགས་བྱས་པ་ཞིག་རེད་ཅེས་ཟེར་སྲོལ་འདུག།

ཡང་ཡུལ་གང་སྐྱིད་ནས་ཡོང་བའི་རྣལ་འབྱོར་བ་ཞིག་མི་ཚང་ཆེན་པོ་ཞིག་གི་སྒོ་འགྲམ་དུ་སླེབས་ནས་འདི་སྐད་དུ།

ཀྭ་ཡེ་ཚུར་ལ་གསོན་དང་སྦྱིན་བདག་མཁྱེན།།

ཁ་སྐོམ་གྲོད་པ་ལྟོགས་པའི་རནལ་འབྱོར་ལ།།

ག་བྱས་བཀྲེས་སྐོམ་སེལ་བའི་སྦྱིན་པ་སྩོལ།།

ང་ཡིས་བསྔོ་བ་སེལ་བའི་གང་རྒྱས་ཞུ།།

ཞེས་བྱས་པས། ཁྱི་ཚང་ཆེན་པོ་ཞིག་གི་ནང་ནས་ཁྱི་དོམ་འདྲ་བ་ཞིག་གིས།

ཅ་ཅོ་གང་དྲན་སྨྲ་བའི་རྣལ་འབྱོར་ཁྱེད།།

ཆ་ལུགས་ཆོས་དང་མཐུན་པ་མེད་པའི་ཁར།།

ཇ་ཆང་ཟས་ལ་འདོད་པ་ཆེ་བའི་སྐྱོན།།

ཉ་མོ་ལྕགས་ཀྱུས་འཛིན་ལྟར་ངས་ཁྱོད་འཛིན།།

ཞེས་བྱ་བ་ན། རྣལ་འབྱོར་པས།

ཏ་ལའི་ཤིང་ལས་དཀྲུག་པའི་དབྱུག་པ་འདི།།

ཐ་མ་ཁྱི་འགྲམ་གཅོག་པའི་ལག་ཆ་ཡིན།།

ད་ལྟ་རང་ཚང་ནང་དུ་མ་མཛུལ་ན།།

ན་མེད་འཆི་འདུག་ཟེར་བ་ཐོས་ཡོང་ངོ་།།

ཞེས་བྱས་པས། ཁྱི་ན་རེ།

དཔག་བསམ་ཤིང་ལས་དཀར་བའི་མཆེ་བ་འདི།།

ཕར་ཚུར་འགྲུལ་བའི་རྐང་པའི་ཆག་སྒོ་ཡིན།།

བ་ཤ་མི་ཡིས་ཟ་ལྟར་མི་འགོར་བའི།།

མ་འབོད་འགྲོན་ཁྱོད་ད་ལྟ་ཉིད་དུ་ཟ།།

ཞེས་བཤད་པར། རྣལ་འབྱོར་བ་ན་རེ།

ཙ་རི་ལ་སོགས་དབེན་པའི་རི་ཁྲོད་དུ།།

ཚ་གྲང་དཀའ་སྤྱད་སྒོམ་བསྒྲུབས་བྱས་པའི་མི།།

ཛ་དྲག་ཁྱི་ངན་ཁྱོད་ལ་ང་མི་འཇིགས།།

ཝ་མོ་སྤྲང་པོས་གསོད་ལྟར་ངས་ཁྱོད་གསོད།།

ཅེས་འཆན་ཁུང་འོག་ནས་དབྱུག་པ་དེ་བཏོན་ནས་བསྣུན་པས། ཁྱི་དེས་སྡུག་སྐད་ཀྱང་མི་འདོན་པར་ན་རེ།

ཞྭ་སེར་བླ་མ་ཡོད་ན་ད་སྒོམས་ཤིག།།

ཟ་མ་ཞིམ་མངར་ཡོད་ཀྱང་ཟ་ལོང་མེད།།

འ་འུར་ཁ་ཆེམས་ཡོད་ཀྱང་འཇོག་ལོང་མེད།།

ཡ་མཚན་གྲུབ་རྟགས་མེད་པ་ཐག་གིས་ཆོད།།

ཅེས་ལྕགས་ཐག་སིང་སྒྲ་དང་བཅད་དེ་མཆོངས་ནས་རྣལ་འབྱོར་པའི་གོས་ཀྱི་ཐུ་བ་ནས་འཛིན་པས་དེ་འཕྲལ་གཞོན་ནུ་མ་མཛེས་ཤིང་ཡིད་དུ་འོང་བ་ཞིག་གིས་རྩམ་ཆང་ལག་དུ་ཁྱེར་ནས་འདི་སྐད་དོ།།

ར་བ་གངས་སྐོར་ཞིང་མཆོག་ལྷ་ས་དེར།།

ལ་ཀླུང་བརྒལ་ནས་རྣལ་འབྱོར་ཆོས་ལ་ཕེབས།།

ཤ་ཟ་སྲིན་པོ་འདྲ་བའི་ཁྱི་ཁྱོད་ཀྱང་།།

ས་ཁུང་ཚང་གི་ནང་དུ་ཉོལ་ཅིག།།

ཧ་ཅང་ཆོས་དད་པའི་ཆེ་བའི་མིར།།

ཨ་མས་བུ་ཚར་བྱམས་བརྩེས་བསྐྱངས་ན་ལེགས།།

ཞེས་རྣལ་འབྱོར་པ་དང་། ཁྱི་གཉིས་ཀྱི་དབར་ལ་བུ་མོས་བར་འདུམ་བྱས་པའོ།། འདི་ནི་བཀའ་བློན་རག་ཤག་བྱང་སྟག་ལུང་དུ་ཕེབས་སྐབས་སྤྱན་ལམ་དུ་འཁྲུག་པའི་སྐྱིད་ཟུར་ལགས་མཉམ་དུ་འཁྲིད་ཡོད་ཅིང་། འཕན་པོ་ལྕང་ར་ཤར་པའི་སྒོ་རྩར་ལྟོ་སློང་མཁན་ཅིག་གིས་རྩམ་པ་སྟེར་རོགས་ཞེས་སྐད་རྒྱག་སྐབས་མི་ཚང་དེའི་འདོགས་ཁྱི་ཆེན་པོ་ཞིག་ཡོད་པ་དེ་ཤོར་ནས་ཡོང་བ་དང་། ལྟོ་སློང་བ་དེས་བདེ་ལྕག་འཁྱུག་པོས་བེར་རྒྱུག་འཕྱར་ཏེ་གཞུ་ལ་ཁད་དེར་བུ་མོ་ཞིག་གིས་འདོགས་ཁྱི་བཀག་ནས་རྩམ་པ་སྟེར་བའི་ངང་ཚུལ་དེར་བཀའ་བློན་རག་ཤག་བའི་བཀའ་ལྟར་སྐྱིད་ཟུར་ལགས་ཀྱིས་རྟ་ཐོག་ནས་མཐོང་མ་ཐག་ཕྱིས་སུ་གནས་ཚུལ་དེར་བལྟས་ནས་བརྩམས་པའི་ཀ་བཤད་སྙན་པོ་ཞིག་རེད་ཅེས་ཤོད་རྒྱུན་འདུག

ཀ་པཱ་ལི་ནས་སྤུ་གཅིག་བཏོག།།

ཁ་ཡི་ཟུར་དུ་བཙུགས་པ་འདྲ།།

ག་ནས་བལྟས་ཀྱང་འདྲེ་འདྲ་བ།།

ང་ལ་གནོད་པ་མ་སྐྱོལ་ཨང་།།

ཞེས་པ་དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་མགྲོན་ཆེ་བསྟན་པ་དར་རྒྱས་༼མིང་འདོགས་ལ་ཨ་སོབ་དཀར་པོ་ཟེར་བ།༽དབང་གྲགས་གསུམ་ལྡན་པའི་མི་དེའི་ངོ་གདོང་ལ་དམིགས་ནས་འཕྱ་སྨོད་ཀྱི་ཚུལ་དུ་བྲིས་པ་ཞིག་རེད་ཅེས་ཤོད་སྲོལ་འདུག

སྔར་རག་ཁ་ཤག་ལ་ས་དབང་ཞིག་བྱུང་བ་དེའིི་མདུན་སྐྱིད་ཟུར་ལགས་ཕྱིན་པ་རེད། ས་དབང་དེ་ནི་བཀའ་བརྒྱུད་པ་ཞིག་ཡིན། བཞུགས་སའི་གཟིམ་ཆུང་དེ་ནི་ཐོགས་བརྩེགས་ཀྱི་སྦུག་ལ་སྡིངས་ཆ་མཐོན་པོ་བསླངས་ཏེ་སྦུག་སྦུག་མུན་ནག་ཅིག་ཡོད། ས་དབང་དེ་ནི་བཀའ་མོལ་མང་པོ་རང་མི་གནང་མཁན་ཞིག་རེད། ས་དབང་དེས་ཡ། སྐྱིད་ཟུར་སླེབས་བྱུང་། སྡོད་དང་། དེ་རིང་ང་ལ་རྩོམ་ཞིག་རྒྱག་དགོས་ཞེས་གསུངས། སྐྱིད་ཟུར་གྱིས་སྐུ་ངོ་མི་དབང་ཆེན་པོར་བསྟོད་པ་སྟབས་བདེ་ཞིག་འབུལ་བདེ་པོ་རེད་ཟེར་ནས་ཤོ་ལོ་ཀ་ཞིག་བརྩམས་ཏེ།

གཟིམ་ཆུང་སྦུག་སྦུག་མུན་པ་ནག་པོའི་ནང་།།

བཀའ་བློན་སྦུག་སྦུག་རག་ཁ་ཤག་པ་བཞུགས།།

ཞལ་འདོན་སྦུག་སྦུག་བཛྲ་གུ་རུ་གསུང་།།

ང་ལ་དོན་དག་སྦུག་སྦུག་ཨའུ་ཙམ་ཡོད།།

དེའི་ཉིན་སྐྱིད་ཟུར་རག་ཁ་ཤག་གི་སར་སླེབས་དུས་བཀའ་བློན་གྱི་དྲུང་དུ་བླ་མ་རལ་ལྕོག་བརྒྱབ་པ་ཤམ་ཐབས་དཀར་པོ་དང་། སྐྱིད་ཟུར་གྱིས་དེ་རིང་ང་ཚོའི་རིན་པོ་ཆེ་ལའང་རྩོམ་ཞིག་རྒྱག་དགོས་གསུངས། སྐྱིད་ཟུར་གྱིས་ཨ་ཙི་རིན་པོ་ཆེ་ལ་ངས་རྩོམ་ཞིག་རྒྱག་དགོས་གསུངས། སྐྱིད་ཟུར་གྱིས་ཨ་རི་རིན་པོ་ཆེ་ལ་ངས་རྩོམ་བརྒྱབ་ན་འགྲིགས་ཨེ་ཡོང་ཤོད་སྐབས། བླ་མ་དེས་ཆེ་ཉམས་དང་བཅས་ཏེ་བཤད་པར། སྙིང་རྗེ་སེམས་ཅན་ཁ་ནས་གང་ཡང་ཤོད་སྲིད་ཀྱི་རེད། ཁྱེད་རང་ང་ལ་རྩོམ་ཞིག་རྒྱོབ་ཤིག་ཅེས་བཤད་པ་ལྟར་སྐྱིད་ཟུར་གྱིས་རྩོམ་བརྒྱབ་པར།

མགོ་ལ་རལ་ལྕོག་ཁྱི་རོ་ཙམ།།

ལས་ངན་མ་དག་རྣམ་སྨིན་རེད།།

སྣམ་བུའི་ཐག་ལ་འདོམ་གང་དེ།།

གཏི་མུག་སྒོམ་པའི་སྒོམ་ཐག་རེད།།

ཤམ་ཐབས་དཀར་པོ་ཕར་ཕུད་ནས།།

དམྱལ་བར་འགྲོ་བའི་བདེ་ཆས་སྤྲོད།།

ཅེས་བརྗོད་དེ་རིན་པོ་ཆེ་ཉམས་ཤོར་བ་ཞིག་དང་། བཀའ་བློན་རག་ཁ་ཤག་པའང་ཞལ་སྐྱེངས་དགོས་པ་ཞིག་བཟོས་པ་རེད།

སྐྱིད་ཟུར་གྱིས་བཤད་སྒྲར་འབྲུ་བུན་ཧ་ཅང་མང་པོ་ཞིག་སྤྲད་དགོས་ཀྱི་ཡོད་སྟབས། ཉིན་ཞིག་སྐྱིད་ཟུར་གྱིས་འབྲུ་བུན་སྦྲོད་བྱེད་དུ་གླང་དམར་པོ་རྔོ་ནད་ཅན། ཤ་སྐམ་པོ། རྙང་རྒྱལ། མཇུག་མ་སྐམ་པོ་ཞིག་འཁྲིད་དེ་བཤད་སྒྲར་བཅར་ནས་བུན་ཚབ་ཏུ་གླང་དེ་བཞེས་རོགས་གནང་ཞེས་ཞུ་སྐབས། བཀའ་བློན་བཤད་སྒྲས་གསུངས་དོན། གླང་དེའི་མདོག་དང་རྣམ་པ་མཚོན་པའི་རྩོམ་ཞིག་བརྒྱབ་ན་གླང་དེ་ལེན་ནས་འབྲུ་བུན་དག་པ་བྱས་ཆོག་ཅེས་གསུངས། སྐྱིད་ཟུར་གྱིས་དེ་རང་དང་ལེན་ཞུས་ཏེ་གླང་དེར་རྩོམ་བརྒྱབ་པ་སྟེ།

དཔྲལ་བ་ལྕགས་ལ་རྭ་ཅོ་ཟངས།།

ལྕགས་ཟངས་འདྲེས་མ་བཤད་སྒྲར་བདག།།

སྒལ་གཞུང་གྲི་ལ་རྩིབ་མ་ཁྲབ།།

གྲི་ཁྲབ་རང་འགྲིགས་བཤད་སྒྲར་བདག།།

མཇུག་མ་གཞུ་ལ་རྙང་མ་མདའ།།

མདའ་གཞུ་རང་འགྲིགས་བཤད་སྒྲར་བདག།།

དེ་ནས་སྐྱིད་ཟུར་འབྲུ་བུན་བདག།།

ཅེས་བཤད་དེ་གན་རྒྱ་བསུབ་ཐུབ་པ་བྱུང་བ་རེད།

གཟིམ་ཤག་བཤད་སྒྲའི་ངོ་གཡོག་ཚོས་སྐྱིད་ཟུར་ལགས་ལ་མཚམས་རེ་ཕན་ཐོགས་དང་། མཚམས་རེ་རྩེད་འཇོའི་ཚུལ་དུ་དམའ་འབེབས་བྱེད་ཀྱི་ཡོད་པས། ཉིན་གཅིག་སྐྱིད་ཟུར་ལགས་གཟིམ་ཤག་ཏུ་ཕེབས་པའི་སྐབས་དང་བསྟུན་ཏེ་སྔོན་ནས་གྲ་སྒྲིག་བྱས་པའི་ཇ་དཀར་ཞབས་ར་ཁྱོན་ནས་མེད་པ་གཅིག་གི་ནང་དུ་གསོལ་ཇ་ལམ་སེང་འཐུང་མི་ཐུབ་པའི་ཚ་པོ་ཞིག་བླུགས་ཏེ་མདུན་དུ་ཅོག་ཙེ་ཡང་བཞག་མེད་པས་སྐྱིད་ཟུར་ལགས་ལག་པ་འཚིགས་ཏེ་ལག་ནས་དཀར་ཡོལ་ཤོར་དགོས་པ་ཞིག་བཟོ་རྩིས་བྱས་ཀྱང་སྐྱིད་ཟུར་ལགས་ནི་དྲན་པ་སྐྱེན་ཞིང་རིག་པ་རྣོ་བ། རིག་ལམ་ཐོག་ནས་ཡ་ལན་སྤྲོད་དཀའ་བའི་མི་ཞིག་ཡིན་སྟབས་ལམ་སེང་ཐབས་ཤེས་བཏོན་ནས་དེ་འཕྲལ་ལག་གཡས་པས་གཡོན་མར་རམ་འདེགས་བྱེད་མི་དགོས་པར་ལག་གཡོན་མའི་ཕྲེང་བ་ཕུད་ནས་སྒོར་སྒོར་རང་འཇགས་ཞལ་བའི་སྟེང་དུ་བཞག་ནས་དེའི་སྟེང་དུ་ཇ་དཀར་ཚ་པོ་དེ་བཞག་པ་དང་ཆབས་ཅིག་གློ་བསངས་ཅིག་བརྒྱབ་སྟེ་བསྡད་སྐྱོར་ཞིག་བྱས་ནས་ལོའོ་ཞེས་པའི་སྒྲ་དང་བཅས་ཇུས་ལན་ཇུས་ཀྱིས་བསློགས་ཏེ་ཁོ་པ་ཚོ་ཅི་བྱེད་འདི་བྱེད་མེད་པ་ཞིག་བཟོས་པའི་ཤོད་རྒྱུན་འདུག

གུར་དཀར་པོ་ཉི་མ་བརྒྱ་ཤར་ནང་།།

མི་སེར་པོ་རྙང་མའི་མདོག་འདྲ་བའི།།

དཀར་ལ་དམར་མདངས་ཆེ་བ།།

སྐྱིད་ཟུར་ལགས་ཀྱི་བཞིན་རས།།

དེ་ལས་དམར་ཙམ་བྱུང་ན།།

སྤྲེའུ་ལགས་ཀྱི་རྐུབ་རེད།།

ཅེས་པ་འདི་ནི་གྲྭ་བཞི་རྩིས་བཤེར་གྱི་དུས་སུ་བཀའ་བློན་རྣམ་པ་བཞུགས་སའི་དབུ་གུར་དཀར་པོ་དེ་ལོ་མང་བསྐུལ་ཟད་ཀྱིས་རྐྱེན་པས་གཙབས་ནས་ཨི་ཁུང་མང་པོ་ཡོད་སྟབས་ཉི་མ་ཤར་སྐབས་གུར་ནང་ཉི་འོད་བརྒྱ་ཕྲག་འཕྲོ་བའི་ཚུལ་དེར་བྲིས་པ་ཞིག་དང་། གཉིས་པ། བཀའ་བློན་བཞི་པོའི་བཞིན་རས་ནི་རྙང་མའི་མདོག་དང་འདྲ་བ་ལ་དཔེ་བཀབ་ནས་འཕྱ་སྨོད་ཤུགས་ཆེན་བྱས་པ་ཞིག་ཡིན་པ། གསུམ་པ། རང་གིས་རང་ལ་དཀར་དམར་མདངས་ལྡན་གྱི་བཞིན་རས་ཞེས་འུད་བསྟོད་བྱས་པ་ཞིག་ཡིན་པ། བཞི་པ། སྐབས་དེ་དང་བསྟུན་ནས་གོང་དུ་བཀའ་བློན་རྣམ་པར་འཕྱ་སྨོད་བྱས་པ་དེར་ཁ་སྐྱེངས་ལྟ་བུའི་རང་ཉིད་ཀྱི་བཞིན་རས་དེ་ལྟ་སྣང་མི་མཛེས་པའི་སྤྲེའུའི་རྐུབ་ལ་དཔེ་བཞག་ནས་བཞད་གད་ཀྱི་ཚུལ་དུ་བརྗོད་པ་ཞིག་ཡིན་པའི་ཤོད་རྒྱུན་འདུག

ཆུང་དུས་འོ་མའི་གསོས་དྲིན་མེད་པ་ལ།།

འཆི་ཁར་ཐུག་པའི་སྐྱོ་མས་ག་ལ་ཕན།།

བེའུ་མི་སྡོད་བེའུ་བཏང་ནས་འགྲོ།།

བེའུ་ཁོག་མའི་ནང་དུ་བཏང་ནས་འགྲོ།།

དེ་ནི་བེའུར་དཔེར་བཀབ་ནས་འཕྱ་སྨོད་ཀྱིས་ཚུལ་དུ་བྲིས་པས་ཚིག་དེས་མི་དང་། མིའི་བར་གྱི་འཚོ་བའི་བརྒྱུད་རིམ་གྱི་འབྲེལ་བའི་ནང་བསམ་གཞིགས་ནན་ཏན་བྱེད་དགོས་པའི་རྒྱུ་མཚན་ཤུགས་ཀྱིས་བསྟན་འདུག

ཀ་ལ་ཀ་ཏའི་ཡུལ་ནས་ཉེར་ལྷགས་པའི།།

ཁ་འཇམ་གཏིང་ནག་ཨ་སེར་དྲེན་པོ་ཁོས།།

ག་ལེར་བྱི་ལའི་གོམ་འགྲོས་དོར་བཞིན་དུ།།

ང་ཅག་གངས་ཅན་ལྗོངས་ཀྱི་དཔལ་ལ་འཚེ།།

ཞེས་པ་འདི་ནི་སྐྱིད་ཟུར་ལགས་བཤད་སྒྲ་བློན་ཆེན་སར་བཅར་སྐབས་དབྱིན་ཇི་བཙན་འཛུལ་བའི་རང་གཤིས་ལ་དམིགས་ནས་གངས་ལྗོངས་ཆོས་སྲིད་གཉིས་ལྡན་གྱི་དཔལ་ཡོན་ལ་གནོད་འཚེ་ཞི་སླད་རང་སྲུང་གཟབ་ནན་ནང་རྒྱུར་སྐུལ་ལྕག་གི་ཆེད་དུ་བྲིས་པ་ཞིག་རེད་སྙམ།

ཆར་པ་བབ་ན་རི་ཀླུང་སྣུམ།།

དགེ་རྩ་བྱས་ན་བར་དོ་ཡང་།།

དེ་ནི་༡༧༠༠ལོར་རྒྱ་ནག་གོང་མས་བོད་ལྗོངས་སུ་འདྲི་བ་གཉིས་བཏོན་ནས་སྣུམ་ཤོས་དང་། ཡང་ཤོས་གང་ཡིན་ནམ་ཞེས་དོན་དེ་མི་ཧ་ཅང་མང་པོ་ཞིག་ལ་སྐད་ཆ་དྲིས་ཀྱང་སུ་ཞིག་གིས་ཀྱང་ལན་གནད་འཁེལ་པོ་ཞིག་བརྒྱབ་མ་ཐུབ་སྟབས་སྲིད་གཞུང་ནས་སྐྱིད་ཟུར་ལགས་རྩད་གཅོད་ཀྱིས་བཀའ་འདྲི་གནང་སྐབས་སྐྱིད་ཟུར་ལགས་ཀྱིས་གོང་གསལ་གྱི་ལན་དེ་བརྒྱབ་པ་རེད་ཅེས་ཤོད་སྲོལ་འདུག

ཨེ་ལྷ་རྒྱ་རི་དབུ་འཕང་དགུང་ལས་མཐོ།།

སྒམ་གསེར་སྒམ་ནང་ནས་གཡུ་འབྲུག་ལྡིར།།

ཆིབས་རག་པའི་སྒལ་པ་གྲི་ལས་རྣོ།།

གཉེར་ཕྱག་མཛོད་ལག་པ་རྡོ་ལས་མཁྲེགས།།

གོང་གསལ་ཚིག་རྐང་དང་པོས་ཨེ་ལྷ་རྒྱ་རིར་མཛེས་རྒྱན་སྤྲས་པ་དང་། ཚིག་རྐང་གཉིས་པས་གསེར་སྒམ་གཟི་བརྗིད་ཁོག་སྟོང་པར་འཕྱ་སྨོད། ཚིག་རྐང་གསུམ་པས་ཆིབས་རྟ་རག་པ་རུས་གཟུགས་ཡིན་པར་འཕྱ་སྨོད། ཚིག་རྐང་བཞི་པས་གཉེར་ཕྱག་ཡན་ཆད་འཇུངས་ཅན་ལག་པ་བཀྲེན་པཔ་བཅས་ཀྱི་དམའ་འབེབས་ཀྱི་ཚིགས་བཅད་འདིས་ལྷ་རྒྱ་རི་ཉམས་རྒུད་ཕྱིན་པ་མཚོན་པ་རེད།

ཀ་ལིའི་ནང་དུ་ཀླད་པ་མེད་པ་ལ།།

ཁ་ཡི་ནང་ལ་ལྕེ་ཞིག་གང་ནས་ཡོང་།།

ག་ཐེར་མིག་གི་དབང་པོ་མ་ཚང་བས།།

ང་ཡི་འཁྲིས་སུ་ཡང་ཡང་མ་ཡོང་ཨང་།།

དེ་ནི་སྐྱིད་ཟུར་ལགས་ལྷ་རྒྱ་རིར་ཡང་ཡང་བཅར་སྟབས་གཉེར་ཕྱག་མཛོད་ཀྱིས་མ་འདོད་པའི་ཚུལ་གྱིས་ལུག་མགོ་གཅིག་གིས་ལྟོ་ཐེངས་གཉིས་བཏང་རྐྱེན་དེར་ཡི་མ་རངས་པས་ཀ་ལིའི་ནང་དུ་ཀླད་པ་མེད་པ་ཞེས་པའི་ཚིག་དེའི་ཐོག་ནས་དེ་ལས་ཞིམ་པའི་ལྕེ་དང་། མིག་རིལ། འགྲམ་ཤ་བཅས་བཟས་ཟིན་པ་དེ་བས་ཀྱང་ཤུགས་ཀྱིས་གོ་ཐུབ་པ་ཟུར་བསྟན་ལེབ་མཐོང་གིས་འཕྱ་སྨོད་ཀྱི་ཚུལ་དུ་བྲིས་པའི་ཤོད་རྒྱུན་དུ་འདུག་གོ། །།