སྐུ་ངོ་སྤེན་པ་ཚེ་རིང་།

ཡོང་ཁུངས་Wikipedia

    ༄༅། །སྐུ་ངོ་སྤེན་པ་ཚེ་རིང་ནི། སྤྱི་ལོ་༡༩༦༧ལོར་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་ཕ་བློ་བཟང་སྙན་གྲགས་དང་། མ་མཚམས་ལགས་གཉིས་ཀྱི་བུར་སྐྱེས།གཅེན་གཅུང་དགུ་ཡོད་པའི་གསུམ་པ་ཡིན་ཞིང་། སྦེལ་ཀོབ་གཞི་རིམ་སློབ་གྲྭ་འགྲིམས་ཞོར་དུ་སོ་ནམ་འདེབས་ལས་སོགས་ཁྱིམ་ལས་ལ་འབད་བརྩོན་ཆེ་ཞིང་། འཛིན་རིམ་དགུ་པ་ནས་འཛིན་རིམ་བཅུ་གཉིས་བར་ལོ་གསུམ་དང་ཕྱེད་ཀའི་རིང་ལུགས་བསམ་དབུས་བོད་སློབ་ཀྱི་སྤྱི་ཁྱབ་རྒན་བདག་ཏུ་འདེམས་བསྐོ་བྱུང་སྐབས། སློབ་གྲྭའི་ལས་དོན་སྣེ་མང་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་ཡོད་པ་དང་། འཛིན་རིམ་བཅུ་གཉིས་སྐབས་སློབ་གྲྭའི་སློབ་མ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པ་མ་ཟད། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཆེན་མོའི་ནང་བོད་པའི་སློབ་ཕྲུག་ཡོངས་ཀྱི་རྒྱུགས་འབྲས་ཨང་དང་པོ་ཐོབ།  སྤྱི་ལོ་༡༩༨༥ ནས་ ༡༩༨༨ བར་མ་དྷ་ར་སི་ཁིརི་ཤན་མཐོ་སློབ་ཏུ་ christian college དམིགས་བསལ་དཔལ་འབྱོར་རིག་པ་economics major སློབ་གཉེར་བྱེད་སྐབས། ཁྱིམ་ཚང་དུ་ཕྲུ་གུ་མང་བ་སོགས་ཁྱིམ་འཁོས་ཞན་སྟབས། འཛིན་གྲྭའི་ཞོར་དུ་ཕྱི་དྲོ་ཆུ་ཚོད་ ༧ ནས་ ༡༡ བར་ཟ་ཁང་དུ་ཞོར་ལས་བྱས་ཏེ་བོད་སློབ་འཛིན་ཚོགས་ཀྱི་སློབ་ཡོན་གྱིས་མ་འདང་བའི་དངུལ་འབབ་དང་། ཙག་ཙིག་འགྲོ་སོང་རང་མགོ་ཐོན་པ་བྱས་ཐོག  སྐབས་དེར་ལྷ་སར་ཞི་རྒོལ་རིམ་བསྟུད་དུ་བྱུང་བ་སྟབས་བསྟུན་ཏན་མེལ་ན་རྡུ་དང་པོན་ཌི་ཅེ་རི་ས་གནས་རང་བདེན་ཚོགས་ཆུང་གསར་འཛུགས་ཀྱིས་དྲུང་ཆེའི་འགན་ཁུར་ཏེ། མ་དྷ་ར་སི་གྲོང་ཁྱེར་ནང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ཞིང་། དེ་མཚུངས་སུ་ཏན་མེལ་ན་རྡུ་ཁྱབ་ཁོངས་བོད་རིགས་སུད་ཚོང་ས་ཁག་མང་དག་ཅིག་ལ་དཀའ་སེལ་རོགས་རམ་དང་།རྒྱ་གར་རྒྱལ་ཡོངས་ནའེ་ཇི་རི་ཡ་དང་བོད་རིགས་སློབ་ཕྲུག་མཐུན་ཚོགས་གསར་འཛུགས་སུ་མཉམ་ཞུགས་ཀྱིས་དྲུང་ཆེའི་ལས་འགན་ཁུར་ཏེ། བོད་དང་བོད་མིའི་གནས་སྟངས་ངོ་སྤྲོད་དང་། ནའེ་བོད་མཛའ་འབྲེལ་མཐུད་ཐབས་བྱས། མཐོ་སློབ་མཐར་ཕྱིན་རྗེས། ཁྱིམ་བདག་ཕ་མ་གཉིས་ཀྱི་རེ་འདུན་ནི་བོད་གཞུང་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་ཡིན་མོད། ཁྱིམ་འཁོས་ལ་དམིགས་ཏེ། སྤྱི་ལོ་༡༩༨༩ ལོར་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་པོན་ཌི་ཅེ་རི་ནང་གངས་སེང་ཟ་ཁང་གཉེར་སྐྱོང་བྱས་ཤིང་། སྤྱི་ལོ་༡༩༩༠ ནས་ལོ་ ༡༠ ཙམ་རིང་གྲུམ་གདན་བཟོ་གྲྭ་འཛིན་སྐྱོང་དང་ཕྱི་ཚོང་གི་ལས་ཀ་བྱས།      སྤྱི་ལོ་༡༩༩༤ ནས་ ༡༩༩༧ བར་མདོ་སྨད་དབུས་རྒྱུན་དྲུང་ཆེའི་ལས་འགན་ལེན་ཡུན་རིང་། སྤྱི་ལོ་༡༩༩༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༦༠ ཕེབས་པའི་མདོ་སྨད་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་འགན་ཁུར་བ་དང་། བོད་བར་ཞི་བའི་གོམ་བགྲོད་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སོགས་བྱས། དེ་བཞིན་ སྤྱི་ལོ་༢༠༠༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༠ ཕེབས་པའི་མདོ་སྨད་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་། སྤྱི་ལོ་༢༠༡༥ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་མདོ་སྨད་སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་སློབ་སྟོན་པའི་འགན་ཁུར་གྱི་སྐལ་བཟང་ཐོབ་ཡོད། བོད་མི་མང་སྤྱི་འཐུས།      སྤྱི་ལོ་༡༩༩༦ ལོར་སྐབས་ ༡༢ པའི་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་བྱུང་སྟེ། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་མི་ཐེངས་མང་བྱས་པ་དང་། སོ་སོའི་ཆེད་ལས་ཀྱི་ཤེས་ཡོན་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་འགྲོ་སྟངས་ཐོག་ནུས་རྩལ་སྤྲུགས་པ་ལ་བརྟེན་ནས་བཀའ་སྤྱི་གཉིས་ནས་དངུལ་རྩིས་འགྲོ་སྟངས་ཐོག་དོ་སྣང་གསར་པ་ཞིག་སླེབས་ཐུབ་ཡོད། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ།     སྤྱི་ལོ་༢༠༠༡ ལོར་སླར་ཡང་སྐབས་ ༡༣ པའི་མདོ་སྨད་སྤྱི་འཐུས་སུ་བདམས་ཐོན་བྱུང་སྟེ། ཟླ་ ༤ རིང་རྒྱུན་ལས་བྱེད་མུར། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པར་འདེམས་བསྐོ་བྱུང་བ་ལྟར་ ༢༠༠༨ བར་ལོ་ངོ་བདུན་ལྷག་རིང་འགན་ཁུར་སྐབས། སྤྱི་ལོ་༢༠༠༢ ལོར་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་བྱེད་ཐུབ་ཡོད་པ་དང་། བཙན་བྱོལ་བོད་མིའི་གཞི་རིམ་མང་གཙོའི་ནུས་ཤུགས་མཐོར་འདེགས་སླད། རྒྱ་བལ་གཉིས་ཀྱི་ས་གནས་འཐུས་མི་ཚོགས་འདུ་ཕལ་མོ་ཆེར་ཉིན་དྲུག་རེའི་རིང་ས་འཐུས་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྦྱོང་བརྡར་དམར་ཁྲིད་བྱས་ཤིང་། བོད་མི་མང་སྤྱི་འཐུས་དང་ལས་བྱེད་བཅས་པར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་འོག་རང་སྐྱོང་གི་གནས་བབ་སྐོར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སྦྱོང་བརྡར་དང་བགྲོ་གླེང་ཚོགས་འདུ་གོ་སྒྲིག་ཐེངས་མང་བྱས་པ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༣ པ་དང་ ༤ པ་ཕྱི་དྲིལ་ལས་ཁུངས་དང་། འཇར་མན་ FNF ཐེབས་རྩ་ཚོགས་པ་དང་ལྷན་དུ་གོ་སྒྲིག་གི་འགན་ཁུར་བླངས་པ་དང་། སྤྱི་ལྷན་ནས་འགན་བསྐུར་གནང་བ་བཞིན་ལོ་ངོ་ ༨ ཙམ་ལ་འཚོགས་ཐུབ་མེད་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༤ པ་ སྤྱི་ལོ་༢༠༠༥།༡༡ ནང་སི་ཀོཊ་ལན་གྱི་རྒྱལ་ས་ཨི་ཌན་བྷོ་རོ་རུ་གོ་སྒྲིག་གི་རྐང་འགན་ཁུར། རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་བའི་ཚོགས་ཆེན་གལ་འགངས་ཆེ་ཤོས་ནི་འདི་གཉིས་ཡིན། བོད་མིའི་སྒྲིག་འཛུགས་དང་གཞོན་སྐྱེས་དབར་ཐད་ཀར་འབྲེལ་ལམ་བཟོ་སླད། སྤྱི་ལོ་༢༠༠༣ ལོ་ནས་འགོ་བཙུགས་ཏེ། ལོ་ལྟར་འཛིན་གྲྭ་ ༡༡ དང་། མཐོ་སློབ་སློབ་ཕྲུག་ལ་མ་འོངས་འགོ་ཁྲིད་ཀྱི་སྦྱོང་བརྡར་དྷ་རམ་ས་ལར་གོ་སྒྲིག་བྱས་ཏེ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དབུས་ཀྱི་ལས་ཁུངས་ཁག  གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག རིག་གཞུང་བསྟི་གནས་ཁག་བཅས་ཀྱི་འགན་ཁུར་མི་གདན་ཞུས་ཀྱིས་ངོ་སྤྲོད་གསུང་བཤད་དང་། སློབ་མ་རྣམས་ལས་ཁུངས་དང་རིག་གཞུང་བསྟི་གནས་ཁག་ཏུ་དངོས་སུ་ལྟ་སྐོར་གོ་སྒྲིག་བྱེད་ཐུབ་ཡོད། སྤྱི་ལོ་༢༠༠༥ ལོར་སྐབས་དེའི་ཚོགས་གཙོའི་བཀོད་མངགས་ལྟར་སྤྱི་འཐུས་ ༡༡ ལས་གྲུབ་པའི་ཚོགས་ཆུང་ཞིག་བོད་དོན་དྲིལ་བསྒྲགས་དང་། རང་སྐྱོང་གནས་བབ་སློབ་སྦྱོང་ཆེད་ཡུ་རོབ་རྒྱབ་ཁབ་ཁག་འགར་སྐོར་བསྐྱོད་བྱས་པ་དང་། ལྡི་ལིར་རྒྱ་གར་གྱི་མཁས་པ་དང་། གནད་ཡོད་མི་སྣ་གདན་ཞུས་ཀྱིས། ལོ་ལྟར་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་བགྲོ་གླེང་ཚོགས་འདུ་ཐེངས་ ༤།༥ ཙམ་ཆད་མེད་གོ་སྒྲིག་བྱས་པ་སོགས་དུས་ཡུན་དེའི་རིང་བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་དེ་སྤྱི་ཚོགས་ནང་གདེང་འཇོག་འཕེར་བ་ཞིག་ཏུ་བསྒྱུར་ཐུབ་ཡོད། སྤྱི་འཐུས་ཚོགས་གཙོ།      སྤྱི་ལོ་༢༠༠༨།༡༢།༡༦ ནས་སྤྱི་འཐུས་ཚོགས་གཙོའི་ལས་ཁུར་བླངས་རྗེས། སྤྱི་འཐུས་རྣམ་པ་ཡོང་ཁུངས་ཆོལ་ཁ་ཆོས་བརྒྱུད་གང་ཡིན་ཡང་། བདམས་ཚར་རྗེས་བོད་མི་ཡོངས་ཀྱི་སྐུ་ཚབ་མཚོན་དགོས་པ་ལྟར། སྤྱི་འཐུས་རྣམ་པ་ས་ཁོངས་ཆ་བགོས་བྱས་ཏེ། ཆབ་སྲིད་གོ་རྟོགས་སྤེལ་རྒྱུ་དང་། གཞི་རིམ་དམངས་གཙོ་འཕེལ་རྒྱས། གཞིས་ཆགས་སྲ་བརྟན་ཡོང་བར་འཆར་གཞི་སྒྲིག་སྟངས། གཞི་རིམ་གྱི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས། ཉམ་ཐག་གི་གནས་སྟངས་ངོ་མ་རྒྱུས་ལོན་བཅས་གནད་དོན་ལྔའི་ཐོག་ལས་འགན་སྤྲད་དེ། ལོ་གཉིས་དང་ཕྱེད་ཀའི་རིང་ས་བགོས་ཕྱོགས་བསྐྱོད་ཀྱི་ལམ་སྲོལ་བཟོས་པ་ད་ལྟའི་བར་དུ་འགྲོ་བཞིན་པ་ཡིན། སྤྱི་ལོར་༢༠༠༨ ལོར་བྱུང་བའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས། ཆབ་སྲིད་སྡེ་ཚན་དུ་སྤྱི་འཐུས་ལྔ་བསྐོ་འཛུགས་ཀྱིས་གནས་ཚུལ་མཁོ་སྒྲུབ་དང་། ཆབ་སྲིད་ཉམས་ཞིབ་ཀྱི་ལས་དོན་རྒྱ་བསྐྱེད་བྱས།

སྤྱི་ལོ་ ༢༠༠༩ ལོར་དབྱི་ཊ་ལིའི་རོམ་དང་། སྤྱི་ལོ་༢༠༡༢ ལོར་ཁེ་ན་ཌའི་རྒྱལ་ས་ཨེ་ཊ་ཝ་གཉིས་སུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༥ པ་དང་ ༦ པ་གོ་སྒྲིག་གི་འགན་ཆ་ཚང་ཁུར་ཏེ་ཚོགས་ཆེན་ལམ་ལྷོངས་དང་ལྡན་པ་བྱུང་ཡོད།

སྤྱི་ལོ་༢༠༠༩ ལོར་མང་གཙོ་དབུས་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་དྲན་དང་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༢ པ་སྦེལ་ཀོབ་གཞིས་ཆགས་སུ་སྐོང་ཚོགས་ཀྱི་འགན་ཁུར་བླངས་ཏེ། མང་གཙོ་དུས་ཆེན་གྱི་མཛད་སྒོའི་ཐོག་བོད་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་ཚོགས་གཙོ་སྦྲེལ་པོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས།

སྤྱི་ལོ་༢༠༡༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ལ་གསོལ་སྩལ་སྐབས། སྐབས་དེའི་ཁྲིམས་བཟོའི་བརྒྱུད་རིམ་ཡོངས་སུ་རྫོགས་པར་སྟངས་འཛིན་དང་། དེ་བཞིན་དམིགས་བསལ་ཚོགས་ཆེན་ཐེངས་ ༣ པ་སྐོང་ཚོགས་ཀྱི་འགན་ཁུར་འཐུས་གཙང་བྱས་ཡོད།

གྲོས་ཚོགས་ཀྱི་ཕྱི་འབྲེལ་འཛུགས་སླད། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་དང་། དབྱིན་ལན་གྱི་གྲོས་ཚོགས་གོང་འོག་གཉིས་ཀའི་ཚོགས་གཙོ། སུད་སི། བྷེལ་ཇེམ། ཐའེ་ཝན་བཅས་ཀྱི་གྲོས་ཚོགས་ཚོགས་གཙོས་མཚོན་པའི་ཡུ་རོབ་དང་བྱང་ཨ་རི། ཤར་ཨེ་ཤ་ཡ་བཅས་པའི་རྒྱལ་ཁབ་མང་པོའི་གྲོས་ཚོགས་འཐུས་མི་དང་། ཕྱི་སྲིད་མི་སྣར་ཐུག་འཕྲད་དང་། དེ་བཞིན་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་རིགས་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པར་ཐུག་འཕྲད་བྱས་པ་མ་ཟད། སྤྱི་འཐུས་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྐོར་བསྐྱོད་བྱེད་པ་ཇེ་མང་དུ་བཏང་ཐུབ་ཡོད། ད་དུང་གྲོས་ཚོགས་ཚོགས་ཁང་གསར་རྒྱག་དང་། མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ ༥ དང་ ༦ པའི་མཇུག་སྐྱོང་བྱེད་སྒོར་འགན་ཁུར་བླངས་ཏེ་གྲུབ་འབྲས་མངོན་གསལ་བྱུང་ཡོད།

འདི་ལྟར་དུ་སྤེན་པ་ཚེ་རིང་ནི་ཆུང་དུས་ནས་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་ཞིང་། སྦྱངས་འབྲས་འབུར་དུ་ཐོན་པ་དང་། ཁྱིམ་ལས་དང་སོ་ནམ་ལ་ཁུར་བརྩོན་ཆེ་བ། འཛིན་རིམ་དགུ་པ་ནས་འགོ་ཁྲིད་ཀྱི་ནུས་རྩལ་ཡོངས་གྲགས་སུ་མངོན་ཡོད་ལ། མཐོ་སློབ་ཀྱི་སྐབས་ནས་སློབ་ཡོན་ཡང་ཁྱིམ་ཚང་ལ་བརྟེན་མ་དགོས་པར་རང་མགོ་ཐོན་ཐུབ་ཡོད་པ་མ་ཟད། ད་དུང་སྤྱི་ཚོགས་ཞབས་ཞུ་དང་། བོད་དོན་ལས་འགུལ་སྤེལ་མགོ་བརྩམས་ཡོད་པ་དང་། བོད་མི་མང་སྤྱི་འཐུས་སུ་བདམས་ཐོན་བྱུང་རྗེས། བོད་དབྱིན་ཧིན་གསུམ་གྱི་སྐད་ཡིག་ཤེས་ཚད་རབ་ཏུ་ཕྱུག་པའི་ཐོག  ཆེད་ལས་དཔལ་འབྱོར་རིག་པའི་ནུས་རྩལ་ཁྲིམས་བཟོའི་ལས་དོན་ཐོག་རྩལ་ཏུ་སྤྲུགས་ཏེ། མཉམ་ཞུགས་བྱས་པའི་ཆེད་བཙུགས་ཚོགས་ཆུང་ཁག་གི་སྙན་ཐོ་དང་། གྲོས་ཚོགས་ཀྱི་གཏམ་བཤད་སོགས་ལ་བཀའ་སྤྱི་གཉིས་ནས་ཚད་མཐོའི་དོ་སྣང་བྱུང་ཡོད་པ་དང་། བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་གྱི་ལས་ཁུར་ལེན་ཡུན་རིང་། ཆབ་སྲིད་དང་འཛིན་སྐྱོང་། ཤེས་ཡོན་སོགས་ཀྱི་སྤྱི་ཚོགས་ལས་འགུལ་རྒྱ་ཆེར་སྤེལ་བའི་ཉམས་མྱོང་ཡོད་པ་དང་། སྤྱི་འཐུས་ཚོགས་གཙོའི་ལས་ཁུར་ལེན་ཡུན་རིང་། ལས་འགན་བབ་འབྲེལ་གྱིས་གྲོས་ཚོགས་ཀྱི་འགྲོ་ལུགས་ཚད་ལྡན་རྒྱུན་སྐྱོང་དང་། སྤྱི་འཐུས་རྣམ་པའི་ནུས་རྩལ་གོང་སྤེལ། མང་ཚོགས་དང་གྲོས་ཚོགས་དབར་ཐད་ཀར་འབྲེལ་མཐུད་ཐོག་འབད་འབུངས་བྱས་པ་བརྒྱུད། མང་ཚོགས་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་མཐོང་ཇེ་མཐོར་གཏོང་ཐུབ་ཡོད་པ་དང་། ཕྱི་འབྲེལ་དང་། འཛིན་སྐྱོང་། སྤྱི་ཚོགས་ཀྱི་བྱེད་སྒོ་ཁག་ལ་མྱོང་རྒྱུས་ཟབ་ཅིང་། སྤྱི་པའི་ལས་ཀ་བྱེད་སྐབས། ཆོལ་ཁ་ཆོས་ལུགས་དང་། ལུང་ཚན། དགའ་ཉེ་སོགས་ཀྱི་ཕྱོགས་རེས་མེད་པར། གྲུབ་འབྲས་སྨིན་ཐབས་སུ་ཁམས་དང་མོས་པ་སྣ་ཚོགས་པའི་མི་སྣ་རྣམས་མཉམ་དུ་འཁྲིད་རྒྱུ་དང་། དེ་དག་གི་ནུས་པ་གཅིག་ཏུ་སྤུངས་རྒྱུ་གཙིགས་སུ་འཛིན་པ་རྒྱུས་ཡོད་རྣམས་ལ་གྲངས་ཤིང་གྲུབ་ལ། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་འོག་ཤར་བསྐྱོད་དང་། བོད་མི་དམངས་ཞབས་ཞུ་སྒྲུབ་རྒྱུའི་དམ་བཅའ་གཡོ་བ་མེད་པ་ཡོད་མཁན་ཞིག་ཡིན་ཞིང།    སྤྱི་ལོ་༢༠༡༦་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་༡༥་བའི་སྲིད་སྐྱོང་འོས་མི་དང་།  ད་ལྟའི་ལས་འགན་ནི་སྤྱི་ལོ་༢༠༡༦་ནས་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་སྐུ་ངོའི་ཐུགས་འགན་བཞེས་བཞིན་པ་ཡིན།  །  (རྨ་མགུར་སངས་རྒྱམ་གྱིས་ནང་འཇུག་བྱས།)