སོག་པོའི་རྟ་དམག་བོད་དུ་ཁྱབ་ཚུལ་

ཡོང་ཁུངས་Wikipedia

སྔར་བསྟན་པ་ཕྱི་དར་གྱི་ཐོག་མའི་གནས་སྐབས་སུ། བོད་ལ་ཆོས་དང་རིག་གནས་ཤིན་ཏུ་དར་ཀྱང་ཆབ་སྲིད་ཀྱི་སྒྲིག་གཞི་བརྟན་པོ་མ་ཚུགས་པས་རིམ་གྱིས་ཕོངས་པ་རེད། འོན་ཀྱང་། དུས་དེར་བོད་མི་ཕལ་མོ་ཆེ་ཆབ་སྲིད་ལ་སྤྲོ་སྣང་མེད་པ་ལྟ་བུར་ཆགས་པར་སྣང་།

དེར་ཡང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཡོད་པར་མཐོང་སྟེ། བཙན་པོའི་རྒྱལ་རབས་མཇུག་བསྡུས་རྗེས་སུ། དུས་ཡུན་གང་འཚམ་རིང་ནང་ཁུལ་དུ་ཟིང་འཁྲུག་སྣ་ཚོགས་བྱུང་ཞིང་། དེའི་རྐྱེན་པས་ནད་མུག་སོགས་མི་སྐྱིད་པ་མང་པོ་བྱུང་འདུག་པ་ནི། དཔེར་ན། 《ཉིང་ཆོས་འབྱུང》དུ། གནུབས་སངས་རྒྱས་ཡེ་ཤེས་ཚང་གི་ལོ་རྒྱུས་དུམ་ཚན་ཞིག་བཀོད་པ་དེས་ཀྱང་དཔོག་ཐུབ།

གནུབས་སངས་རྒྱས་ཡེ་ཤེས་ནི་དེ་དུས་ཀྱི་མཁས་པ་ཞིག་ཡིན་ལ། བོད་དུ་ཁེང་ལོག་བྱུང་ནས་སྤྱི་ཚོགས་ཟིང་ཟིང་ཆགས་པ་དེས་ཁོང་གི་ཁྱིམ་ཚང་གཅིག་པུར་ཐེབས་པའི་ཤུགས་རྐྱེན་བཤད་ན། ཁོང་ལ་སྲས་དྲུག་ཡོད་པའི་ནང་ནས་བཞི་ཁེང་ལོག་གི་ནང་དུ་ཤི་ཡོད་པ་ལྟ་བུ་རེད། དེ་ནི་ཁྱིམ་ཚང་གཅིག་གི་མགོ་ཐོག་ཏུ་ལྷུང་བའི་དཀའ་ངལ་ཙམ་ཡིན་པས། དེ་བཞིན་དུ་བཙན་པོའི་རྒྱལ་རབས་རྗེས་ཀྱི་རྙོག་ཟིང་དང་ཁེང་ལོག་དེས། བོད་ཀྱི་མི་ཚང་རེ་རེ་ལའང་དཀའ་ངལ་ཟད་མི་ཤེས་པ་རེ་བྱིན་ཡོད་པ་སྨོས་མི་དགོས།

ལོ་ཟླ་དེ་འདྲའི་ནང་ལ་ཡུན་རིང་འཚོ་བ་ན། མི་རྣམས་ཀྱི་སེམས་ལ་ངེས་འབྱུང་ཟེར་ན་འདྲ། ཆབ་སྲིད་ཀྱི་འཐབ་རྩོད་སོགས་ལ་སུན་སྣང་འདྲ་ཞིག་སྐྱེས་ཏེ། ཆོས་དང་རིག་གནས་ཀྱི་ཐོག་ལ་གཞོལ་རྒྱུར་དགའ་བའི་སེམས་ཁམས་ཤིག་གྲུབ་ཡོད་རྒྱུ་རེད་སྙམ། དེ་འདྲའི་རྐྱེན་གྱིས་ག་ལེ་ག་ལེར་དུས་ཚོད་རིམ་པར་འདས་རྗེས། ས་སྐྱ་པའི་དུས་རབས་སུ་བོད་ཀྱི་ཆེས་མཐོ་བའི་རྒྱལ་པོ་དང་ཆེས་མཐོ་བའི་ཆོས་ཀྱི་བླ་ཆེན་གཉིས་ཀ་མི་གཅིག་གིས་བྱེད་པའི་ལམ་སྲོལ་ཏེ། “ཆོས་སྲིད་ཟུང་འབྲེལ”གྱི་ལམ་དུ་བསྐྱོད་འདུག་ཀྱང་། ད་ནི་ལོ་རྒྱུས་ལ་ལེ་འདེད་བྱས་པས་ཕན་ཐོགས་ཡོང་རྒྱུ་གང་ཡང་མི་འདུག

ད་རུང་ངོས་གཞན་ཞིག་ནས་བལྟས་ཚེ། ས་སྐྱའི་དུས་སུ་ནི་ལམ་དེ་འདྲ་ཞིག་ཏུ་ཕྱིན་པར་ལོ་རྒྱུས་ཀྱི་གནས་བབ་ངོས་ནས་ཁག་མེད་ས་མང་པོ་མཐོང་གི་འདུག ཅིའི་ཕྱིར་ཞེ་ན། སྐབས་དེར་སོག་པོའི་སྟོབས་ཤུགས་བཟློག་ཐུབ་རྒྱུ་ནི་བོད་ལ་མཚོན་ན་རྨི་ལམ་སྟོང་བ་ཡིན། རྒྱ་ནག་གི་སུང་དང་ཅིན་གཉིས་ཀས་ཀྱང་བཟློག་མ་ཐུབ་པར་ཚང་མ་བསྣུབས་ཏེ་སོག་པོའི་མངའ་འོག་ཏུ་བཅུག་པར་མ་ཟད། ཨུ་རུ་སུ་དང་ཡོ་རོབ་ཀྱི་ས་ཆ་ཕལ་མོ་ཆེ་དང་། རྒྱ་གར་བཅས་ཀྱང་སོག་དམག་གིས་མནན་ཞིང་། ཉི་ཧོང་གི་ཐོག་ལ་ནི་རྒྱ་མཚོ་ཆེན་པོས་བར་ཆོད་ཏེ་མ་ཐར་བ་ཡིན་ཚོད་འདུག དུས་དེར་སོག་པོའི་རྟ་དམག་ནི་འཛམ་གླིང་གི་ས་གཞི་རིལ་མོའི་སྒང་ལ་རླུང་འཚུབ་ལྟར་གཡུགས་པས། ལོ་རྒྱུས་ཐོག་ཏུའང་སོག་པོའི་རླུང་འཚུབ་བམ། རྒྱ་ནག་སྐད་དུ蒙古旋风ཟེར་བ་ཞིག་བྱུང་།

དུས་དེར་སོག་པོའི་རླུང་འཚུབ་གང་དུ་གཡུགས་ཀྱང་དེས་བཏུམ་མི་འགྲོ་བ་ཞིག་ཕལ་ཆེར་མེད་པས། དེ་དུས་ཀྱི་བོད་ལ་ཆ་བཞག་ན། སོག་པོའི་སྟོབས་ཤུགས་བཟློག་ཐུབ་རྒྱུ་ནི་རྨི་ལམ་ལས་ཀྱང་རྨི་ལམ་ཡིན་པས་ཞི་འགྲིག་བྱ་རྒྱུ་ལས་ལམ་གཞན་མེད་པ་རེད། དེའི་ཕྱིར་ལོ་རྒྱུས་ཀྱི་གནས་སྟངས་དེའི་ངོས་ནས་བལྟས་ཚེ། འགྲོ་མགོན་འཕགས་པས་བོད་ཀྱི་རྒྱལ་པོ་མཛད་པ་དེས། མི་རིགས་གཞན་དག་དང་བསྡུར་ན་ཚད་ངེས་ཅན་ཞིག་ནས་སོག་པོའི་དྲག་ཤུགས་བོད་ལ་འོང་རྒྱུ་ཇེ་ཉུང་དུ་གཏོང་ཐུབ་ཡོད་པས། རྒྱ་ཡུལ་སོགས་ལ་ལྟོས་ཏེ་སོག་པོས་བོད་ལ་གནོད་པ་བྱས་མེད་ཅེས་ལབ་ཀྱང་ཆོག

ད་རུང་ཧ་ལས་དགོས་པ་ཞིག་ལ། སྐབས་དེའི་སོག་པོའི་རྒྱལ་པོ་ཚོས་ས་སྐྱ་པཎ་ཆེན་དང་འགྲོ་མགོན་འཕགས་པ་གཉིས་ལ་གུས་བཀུར་བྱས་པའི་ཚད་ནི་ངོ་མཚར་བའི་གནས་ལྟ་བུར་སྙམ་སྟེ། ཁོང་ཚོས་ས་པཎ་ཁུ་དབོན་ལ་གུས་བཀུར་དེ་འདྲ་བྱས་པ་ནི་ཆབ་སྲིད་ཀྱི་དམིགས་ཡུལ་རྐྱང་བའི་གཡོ་ཐབས་ཙམ་ཡིན་མི་སྲིད་དེ།[1] དེ་དུས་བོད་ཀྱི་སྟོབས་ཤུགས་ཤིན་ཏུ་ཆུང་ཞིང་། སོག་པོའི་མགོ་འཕང་གནམ་དུ་ཡོད་སྒང་ཡིན་པས་བོད་ལ་སྐྲག་འཇིགས་དོགས་གསུམ་ཅི་ཡང་མི་དགོས་པ་རེད།

སོག་པོའི་བཙན་རྒྱལ་ཆེན་མོའི་རྒྱལ་པོ་ཚོས་ཆབ་སྲིད་ཀྱི་དགོས་མཁོ་ཙམ་གྱི་ཆེད་མིན་པའི་བཀུར་བཟོས་དེ་འདྲ་བྱས་པ་ནི། ཁོང་རྣམ་གཉིས་རང་ངོས་ཀྱི་སྤྱོད་པའི་མཛེས་སྡུག་དང་། མཁས་པའི་ཡོན་ཏན། ཆོས་ཀྱི་ཉམས་ལེན་སོགས་ཀྱིས་སོག་པོའི་རྒྱལ་པོ་རྣམས་ཀྱི་ཡིད་བཀུག་པ་རེད།

ཉེ་དུས་ཤིག་ལ། ནང་སོག་གི་ཐང་ཆེན་ཞིག་ཡིན་ནམ། གང་ཞིག་ཏུ་སྔར་གྱི་སྐབས་དེར་སོག་པོར་བློ་འདོན་མཁན་གྱི་ཕྱིའི་མཁས་པ་ཚོའི་རྡོ་སྐུ་རེ་བཞེངས་ཡོད་པ་རེད་ཟེར། ཕལ་ཆེར་རྒྱ་ནག་གི་རིག་གནས་པ་ཡེ་ལུའི་ཁྲུའུ་ཚའེ(耶律楚材)དང་། ཕྱི་གླིང་པ་མར་ཀོ་པོ་ལོ(马可波罗)སོགས་ཡིན་ས་རེད། རྡོ་སྐུ་དེ་དག་ལས་གཞན་པ་ཐམས་ཅད་ཡར་ལངས་ཡོད་ཅིང་། འགྲོ་མགོན་ཆོས་རྒྱལ་འཕགས་པ་གཅིག་པུ་བཞུགས་འདུག་ཟེར།

དེས་ཀྱང་དོན་དག་ཅིག་མཚོན་ཐུབ་སྟེ། སྔོན་མ་རྒྱལ་པོའི་མདུན་དུ་གཞན་རྣམས་ཕལ་ཆེར་ལང་དགོས་ན་ཡང་། འགྲོ་མགོན་འཕགས་པ་རྒྱལ་པོའི་ལོགས་སུ་བཞུགས་ཆོག་གི་ཡོད་ས་རེད། རྒྱ་ནག་གི་མཁས་པ་ཞིག་གིས་ཀྱང་དེར་དོ་སྣང་བྱུང་ནས། གཞན་པ་ཐམས་ཅད་ཡར་ལངས་ཡོད་ཀྱང་། འགྲོ་མགོན་འཕགས་པ་གཅིག་པུ་བཞུགས་འདུག་ཅེས་སྨྲས་ཚུལ་གྲོགས་པོ་ཞིག་གི་ངག་ལས་ཐོས། མདོར་ན། སོག་པོའི་རྟ་དམག་གིས་འཇིག་རྟེན་ཁྱབ་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེའི་འོག་ཏུ་བོད་ཀྱང་དེ་ལྟར་འགྲོ་བ་ལས་འདམ་ག་གཞན་མེད་པ་ལྟ་བུར་སྣང་།