སུམ་བྷ་

ཡོང་ཁུངས་Wikipedia

སུམ་བྷ་ནི་པེ་ཧྲེའི་《北史》དང་། སུའི་ཧྲུལ་《隋书》ཡི་ནང་འཁོད་པའི་བུད་མེད་རྒྱལ་ཁབ་ཅེས་པ་དེ་ཡིན་ལ། གོང་གི་ལོ་རྒྱུས་དེ་ལ་སོགས་པའི་ནང་འཁོད་པ་ལྟར་སུམ་བྷ་ནི་ཕཱ་མི་འར་帕米尔དང་། ཙུང་ལིང་རི་བོའི་葱岭ལྷོ་ན་ཡོད་ཟེར། དེ་བཞིན་དུ་རྒྱ་ནག་གི་ལོ་ཙཱ་བ་ཆེན་པོ་ཐང་སང་བླ་མས་ཀྱང་བུད་མེད་རྒྱལ་ཁབ་དེ་ནི་ཆུ་བོ་གངྒཱའི་ཉེ་འཁོར་དུ་ཡོད་པར་བཤད་པ་ལྟར། ཤིན་ཅང་ཁུ་ཁྲེལ་新疆库车གྱི་ས་ཆར་སུམ་བྷའི་གནའ་གྲོང་苏巴什古城གི་ཤུལ་དེང་སང་ཡང་རང་རེའི་མིག་གི་དབང་པོའི་སྤྱོད་ཡུལ་དུ་ཡོད། དེ་ལྟར་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་རྙིང་གྲས་རྣམས་སུའང་བོད་དང་སུམ་བྷའི་མཚམས་ན་གུ་གེ་ཅོག་ལ་གཉིས་ཡོད་གསུངས་པ་ལྟར། སུམ་བྷའི་ཤར་གྱི་ས་མཚམས་ནི་གུ་གེ་ཅོག་ལ་གཉིས་དང་། ལྷོ་ཡི་ས་མཚམས་ནི་བྲུ་ཤ་ཁ་ཆེ་གཉིས། ནུབ་ཀྱི་ས་མཚམས་ནི་ཙུང་ལིང་རི་བོ། བྱང་གི་ས་མཚམས་ནི་ནུབ་ཀྱི་གྲུ་གུ་ཚོ་ཆེན་བཅུ་ཡིན་ནོ། ། འོན་ཀྱང་ཐང་ཧྲུལ་གསར་མར་《新唐书》བུད་མེད་ཀྱི་རྒྱལ་ཁབ་དེ་ནི་པིན་ལི་ཉེའུ་ཧེའི་滨犁牛河ཡི་རྒྱུགས་ཁུལ་དུ་ཡོད་ཅེས་འཁོད་པར་བརྟེན་ལོ་རྒྱུས་ཞིབ་འཇུག་པ་དང་རྩོམ་པ་པོ་མང་པོ་ཞིག་མགོ་ཐོམས་ཤིང་ཡོད་དེ། དཔེར་ན། བཙན་པོའི་ལོ་རྒྱུས་《吐蕃史》ཞེས་པ་རྒྱ་ཡིག་གིས་བྲིས་པའི་གློག་རྡུལ་ཡིག་ཆ་pdfདེའི་རྩོམ་པ་པོ་དེའང་མགོ་རྨོངས་དོན་ནི་ལོ་རྒྱུས་ཁ་ཤས་སུ་མངའ་རིས་ཀྱི་ཕྱོགས་སུ་ཡོད་ཟེར་བ་དང་། ལོ་རྒྱུས་ཁ་ཤས་སུ་སྐྱེ་རྒུ་མདོ་རུ་ཡོད་ཟེར་བར་བརྟེན་གོང་གི་རྩོམ་པ་པོ་དེའང་ཅི་བྱེད་འདི་བྱེད་མེད་པར་ཁོས་མཐའ་མའི་ཐག་གཅོད་ལ་ཡར་ཀླུང་གཙང་པོའི་གཡས་ཁུལ་གྱི་ས་ཆ་སྟེ་མངའ་རིས་ནས་སྐྱེ་རྒུ་མདོའི་བར་གྱི་ས་ཁུལ་ཐམས་ཅད་སུམ་བྷའི་རེད་ཅེས་ཐག་བཅད་ནས་བརྗོད་པར་མ་ཟད་ད་དུང་ཁོས་བོད་བཙན་པོའི་ས་ཁྱོན་ནི་ཡར་ཀླུང་གི་ས་ཆ་ཁོ་ན་རེད་ཟེར། གང་ཡིན་ཟེར་ན། སུམ་བྷ་ནི་རྔོན་ལས་དང་ཚོང་ལས་གཉེར་ནས་ཡ་གླིང་དབུས་ཁུལ་རྒྱ་གར་ལ་སོགས་པའི་རྒྱལ་ཁབ་རྣམས་དང་འབྲེལ་བ་ཡོད་པས་དཔལ་འབྱོར་དང་། སྟོབས་ཤུགས་སོགས་བོད་དང་། ཉེ་འཁོར་རྒྱལ་ཕྲན་རྣམས་ཀྱི་ནང་ནས་སྟོབས་དཔལ་ཆེ་ཤོས་དེ་རེད་ཟེར། ཡང་ཁོས་ཁ་གཅིག་ནས་བཤད་པར་ཞང་ཞུང་ནི་ཡ་གླིང་དབུས་ཁུལ་སོགས་དང་། ས་འབྲེལ་ཡིན་པས་བོད་དང་ཉེ་འཁོར་རྒྱལ་ཕྲན་རྣམས་ཀྱི་ནང་ནས་སྟོབས་དཔལ་ཆེ་ཤོས་དེ་ཞང་ཞུང་རེད་ཟེར། དེས་ན་སྟོབས་ཤུགས་ཆེ་ཤོས་ཟེར་བ་དེ་གཅིག་མ་གཏོགས་གཉིས་མེད་དེ་གལ་སྲིད་གཉིས་ཡོད་ན་སྟོབས་ཤུགས་འདྲ་མཉམ་མ་གཏོགས་ཆེ་ཤོས་ཀྱི་ཐ་སྙད་མི་འཇུག་ལ་མ་གཞི་ནས་ཁོས་ཡར་ཀླུང་གཙང་པོའི་གཡས་རྒྱུད་ཀྱི་ས་ཆ་ཐམས་ཅད་སུམ་བྷའི་ཡིན་པར་ཁས་བླངས་པས། ཁོའི་འདོད་པ་ལྟར་ན་ཞང་ཞུང་གི་ས་ཆ་དེ་ནི་སྤུ་རངས་ཀྱི་ས་ཆ་ཙམ་ཡིན་པས་གོང་འོག་གི་སྐད་ཆ་གཉིས་འགལ་བར་སོང་བས་མདོར་ན་ཁོས་བྲིས་པའི་བཙན་པོའི་ལོ་རྒྱུས་ཞེས་པ་དེའི་ནང་ཕན་ཚུན་འགལ་བ་དང་བཅས་པའི་ལོ་རྒྱུས་ཤིག་རེད་འདུག །རྒྱུ་མཚན་ནི། ཡར་ཀླུང་གཙང་པོའི་རྒྱུགས་ཁུལ་དུ་ཆགས་པའི་ཞང་ཞུང་དང་། གཙང་། དབུས་ལ་སོགས་པ་རྣམས་ནི་གནའ་རབས་རྒྱལ་ཕྲན་བཞི་བཅུ་ལ་སོགས་པའི་གནས་སྡོད་བྱེད་ཁུལ་གཙོ་བོ་ཞིག་ཡིན་པ་ལོ་རྒྱུས་ཡོངས་གྲགས་ཡིན་ཀྱང་བཙན་པོའི་ལོ་རྒྱུས་《吐蕃史》ཞེས་པ་དེའི་ནང་དུ་སུམ་བྷའི་ས་ཆ་ཡིན་རབས་བཤད་འདུག་པས་རྩོམ་པ་པོ་དེའི་མིང་མི་གསལ་ཀྱང་ཁོ་ནི་རྒྱ་མི་ཞིག་ཡིན་པར་སེམས། གང་ཡིན་ཟེར་ན། བོད་ཀྱི་ས་ཁུལ་རྣམས་ལ་རྒྱུས་མངའ་དེ་ཙམ་ལས་མེད་པ་དང་ལྷག་ཏུ་བོད་ཀྱི་ལོ་རྒྱུས་ལ་དེ་བས་ཀྱང་ཞིབ་རྒྱུས་མེད་པ་ཞིག་རེད་འདུག ། འོ་ན་ཐང་གི་ལོ་རྒྱུས་གསར་མའི་ནང་དུ་སུམ་བྷ་ནི་སྐྱེ་རྒུ་མདོའི་ས་ཆ་རེད་ཟེར་དགོས་དོན་གང་ཡིན་ཅེས་ན། བོད་ཀྱི་ལོ་རྒྱུས་ཡོངས་གྲགས་ལྟར་ན་སུམ་བྷ་དང་ཞང་ཞུང་ལ་སོགས་པའི་རྒྱལ་ཕྲན་ཁག་ཅིག་རྗེ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་བོད་ཀྱི་མངའ་འོག་ཏུ་འདུས་པ་དང་། སྲོང་བཙན་གྱི་དུས་སུ་སུམ་བྷའི་དམག་རྣམས་ནག་ཆུ་འབྲི་རུ་རྫོང་རྒྱ་ཤོས་སུ་གནས་སྤོས་བྱས་ཏེ་ཤར་ཕྱོགས་སྲུང་བའི་སྲིད་སྡེར་སུམ་དམག་རྣམས་ཀོད་གནང་བ་དང་། དེ་བཞིན་སུམ་བྷའི་གནའ་གྲོང་ནི་ཞང་ཞུང་གི་སྟོང་སྡེ་བཅུའི་མངའ་ཁོངས་སུ་སྒྲིལ་ནས་ཞང་ཞུང་ལ་སྟོད་སྨད་གཉིས་སམ་ཞང་ཞུང་ཆེ་ཆུང་གཉིས་སུ་ཕྱེ་སྟེ་ཞང་ཞུང་གི་སྲིད་སྡེ་བཅུ་གསར་དུ་བཙུགས་གནང་བ་ཞིག་རེད་འདུག་ལ། དེ་རྗེས་སུ་སུམ་དམག་རྣམས་ཀྱིས་རིམ་བཞིན་ས་རྒྱ་བསྐྱེད་དེ་བ་ཡན་རི་བོའི་གཡས་གཡོན་ཏེ་དེང་མཚོ་སྔོན་སྐྱེ་རྒུའི་བར་དུ་ས་རྒྱ་བཟུང་བ་ཞིག་ཡིན་པར་སེམས། རྒྱུ་མཚན་ནི། སྲོང་བཙན་སྐབས་ཀྱི་ཐང་གི་ཡིག་ཆ་པེ་ཧྲེའི་《北史》དང་། སུའི་ཧྲུལ་《隋书》ཐང་ཧྲུལ་རྙིང་པ་《旧唐书》དེ་བཞིན་བོད་ཀྱི་ལོ་རྒྱུས་ལ་སོགས་པའི་ནང་དུ་སུམ་བྷ་ནི་མངའ་རིས་དང་འདབ་འབྲེལ་གྱི་ས་ཆ་ཁོ་ན་ཡིན་ཚུལ་གསལ་བ་ལས་སྐྱེ་རྒུ་མདོ་ལ་སོགས་སུ་སུམ་བྷ་རྣམས་ཡོད་ཚུལ་གྱི་ལོ་རྒྱུས་མེད་པར་བརྟེན། ཕྱིས་སྲོང་བཙན་གྱི་དུས་སུ་ས་རྒྱ་བསྐྱེད་དེ་སུམ་དམག་རྣམས་གནས་སྡོད་བྱེད་ཁུལ་གཙོ་བོ་དེ་སྐྱེ་རྒུ་ཡིན་པར་བརྟེན་ཐང་ཧྲུལ་གསར་མའི་ནང་དུ་གཞི་ནས་འཁོད་དོན་ཀྱང་དེ་ལྟར་ཡིན་པར་སེམས། འོན་ཀྱང་ད་དུང་ཡང་མུ་མཐུད་དེ་དཔྱད་པར་བྱའོ། །