Jump to content

སུམ་བྷ

ཡོང་ཁུངས་Wikipedia

སུམ་པའམ་ཡང་ན་སུམ་བྷ་ཞེས་བརྗོད། རྒྱ་ནག་ཏུ་苏毗ཞེས་བརྗོད་པ་དང་། ཝེ་ལེའུ་Wylie transliterationདུ་Sum-paཞེས་བརྗོད་སྲོལ་འདུག དེ་ནི་རྒྱལ་རབས་དེབ་ཐར་དཀར་པོ་ལས་སྔར་བོད་ཁོངས་ཀྱི་རྒྱལ་ཕྲན་ཞིག་གི་ས་ཡིན། ཉེ་དུས་་བྱེ་གསེབ་ནས་བོད་ཀྱི་རྫོང་གོག་མང་པོའི་ཤུལ་གསར་དུ་རྙེད་པ་ལས། སྔ་མོའི་བོད་ཀྱི་ཡོད་བྱད་སྣ་ཚོགས་དང་། ཡུལ་མི་ལས་ཁྲལ་བསྡུས་བའི་བྱང་བུ་ཆེ་ཆུང་དུ་མ། དམག་དཔུང་སོགས་ཀྱིས་ཕན་ཚུན་བཏང་བའི་ཡེ་གེ་ལ་སོགས་པ་མང་པོ་འཐོན་བྱུང་ཞེས་བཀོད་འདུག།

བོད་ཀྱི་ཡུལ་གྲུ་ཆེན་པོ་འདི་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་སྟོད་སྨད་བར་གསུམ་དུ་ཕྱེ་བའི་ནང་ནས། བར་དབུས་གཙང་ནི་གནའ་སྤུར་རྒྱལ་པའི་མངའ་ཁོངས་ཡིན་ལ་སྟོད་མངའ་རིས་ནི་ཞང་ཞུང་གི་མངའ་ཁོངས་དང་། སྨད་མདོ་ཁམས་ནི་སུམ་པ་དང་ལྡོང་རིགས། རྒྱལ་རོང་། འ་ཞ་བཅས་ཀྱི་མངའ་ཁོངས་སུ་གྱུར།  དེ་ལས་སུམ་པ་ནི་བོད་ཀྱི་གནའ་བོའི་རྒྱལ་ཕྲན་ཆེན་པོ་ཞིག་སྟེ། བོན་གྱི་ཡིག་རྙིང༼གཏོ་ཕུག༽ཏུ“སུམ་བྷ་འབྲི་ཡི་རྒྱལ་པོ་ཡང་།། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ།།”ཞེས་དང་། ཡང་༼མགོ་ལོག་རུས་མཛོད༽དུ“ཡུལ་སུམ་པ་ནས་འབྲི་རིགས་དང”ཞེས་རིགས་རུས་འབྲིར་གཏོགས་པར་བཤད་ལ། ཡིག་ཚང་རྙིང་པ་ལ་ལར“སུམ་བྷ”ཞེས་བྲིས་ཡོད་པའང་སྣང་། དེའང་གོང་དུ་སོང་མ་ཐག་པའི་རྒྱུ་མཚན་གྱི་དབང་གིས་རྒྱ་ཡིག་གི་ལོ་རྒྱུས་རྣམས་སུ་སུམ་པ་ཡང་གནའ་བོའི་ཆཱང་རིགས་ཀྱི་ཚོ་བ་ཞིག་ཡིན་ཞེས་བཀོད་ཡོད་པར་བསྟུན། དེང་སང་གི་རྒྱ་རིགས་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ད་དུང་ལུགས་དེ་བཞིན་སྒྲོག་པར་འདུག་ནའང་།  གོང་གི་ཆཱང་བོད་བར་གྱི་འབྲེལ་བའི་སྐོར་དེ་ལྡོག་དགོས་པའི་གནད་དེ་ཤེས་རྗེས་གཞི་ནས་དེ་ལྟར་བཤད་ཀྱང་མི་འགྲིག་པ་ཆེན་པོ་མེད་པའི་གནས་ལུགས་དེ་ཧ་གོ་སྙམ། ཡང་རང་རེའི་ལོ་རྒྱུས་རྣམས་སུ་སུམ་པའི་ཁམས་ཀྱི་གནའ་བོའི་གནས་ཚུལ་དང་མངའ་ཁོངས་སོགས་དངོས་སུ་ཞིབ་པར་བཀོད་ཡོད་པ་ད་སྔ་མ་མཐོང་ཡང་། ༼དེབ་དཀར༽དུ“སུམ་བྷ་དེ་སྔར་བོད་ཁོངས་ཀྱི་རྒྱལ་ཕྲན་ཞིག་གི་ས་ཡིན་པ་ལ། ཁོང་ཚོའི་རིགས་དེང་སང་ཨ་མདོའི་ཁྲོད་དུ་འདྲེས་ནས་ཡོད”ཅེས་བཀོད་འདུག་པ་བཞིན། སྔོན་གྱི་སུམ་པའི་ས་ནི་དེང་གི་མཚོ་སྔོན་གྱི་ལྷོ་ནུབ་དང་བོད་ལྗོངས་ཀྱི་བྱང་ཕྱོགས་ཕལ་ཆེ་བ་ཡིན་པ་ཤུགས་ལས་ཤེས་ཐུབ་སྟེ། དུས་ཕྱིས་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཆེན་པོའི་རྒྱལ་ཁབ་བཙུགས་རྗེས། བོད་ཡུལ་ཡོངས་རྫོགས་རུ་ལྔར་བགོས་པའི་ཚེ་ན་སུམ་པ་ནི་རུ་ལྔའི་ཡ་གྱལ་ཆེ་ཤོས་ཤིག་ཏུ་གྲུབ་པ་ལས་ཀྱང་སུམ་པའི་ཡུལ་རྒྱ་ཆེ་ཆུང་ཕལ་ཆེར་རྟོགས་ཐུབ་པར་མ་ཟད།  སུམ་རུའི་ནང་ཚན་རྒོད་ཚང་སྟོད་སྨད་དང་། ནགས་ཤོད། ཏྲེ་སྟོད་སྨད་བཅས་དེང་སང་གི་བོད་ལྗོངས་ཀྱི་ནག་ཆུ་དང་ཆབ་མདོ། སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཁུལ་སོགས་ཀུན་གྱིས་བར་ཁམས་སམ་མདོ་སྟོད་དུ་འབོད་པའི་ས་གནས་འདི་རྣམས་སུམ་པའི་ཡུལ་དུ་ངོས་འཛིན་ཆོག་པ་འདུག་སྙམ། དེ་མིན་སུམ་པའི་ཡུལ་གྱི་ལྟེ་བ་རྒྱ་ཤོད་སྟག་པ་ཚལ་བྱ་བ་དེང་གི་འབྲི་རུ་རྫོང་རྒྱལ་ཆུའི་རྒྱུད་གཡང་ཤོད་ཡས་མས་དང་། སུམ་པ་གླང་གི་གྱིམ་ཤོད་ཅེས་དེང་གི་ཁྱུང་པོ་སྟེང་ཆེན་རྫོང་ཁོངས་རྩེ་དྲུག་རྒྱུད་ཡིན་པར་བཤད་པ་བཅས་ཀྱིས་ཀྱང་སུམ་པའི་ཡུལ་བར་ཁམས་ཕྱོགས་འདི་ཡིན་པ་གསལ་ལོ།།

        དེ་ལ་བོད་ཀྱི་ཡིག་ཚང་རྣམས་སུ་སུམ་པ་ནི་རྒྱལ་ཕྲན་ཞིག་ཏུ་བརྩིས་པ་ཙམ་ལས་རྒྱལ་རབས་ལ་སོགས་པའི་བྱུང་བ་བཀོད་མེད་པས། འདིར་གསལ་བོ་ཞིག་བརྗོད་རྒྱུ་མི་རྙེད་མོད། འོན་ཀྱང་རྒྱའི་གནའ་བོའི་ཡིག་ཚང་ཀུན་ན་སུམ་པ་ལ་ཏུན་ཉུས་གོ༼东女国༽སྟེ་ཤར་ཕྱོགས་བུད་མེད་ཀྱི་རྒྱལ་ཁབ་ཅེས་བཀོད་པ་དང་། འདིའི་མངའ་ཁོངས་ལ་ཤར་ནུབ་བར་ཉིན་ལམ་དགུ་དང་ལྷོ་བྱང་བར་ཉིན་ལམ་ཉི་ཤུ་ཙམ་ཡོད་པ་དང་། དེར་མཁར་རྫོང་བརྒྱད་ཅུ་དང་འབངས་དུད་ཚང་བཞི་ཁྲིའམ་ཧྲག་དམག་ཆིག་ཁྲི་བཅས་མངའ་ཞིང་། ཡུལ་གྱི་ལྟེ་བ་ནི་ཆབ་མདོ་དང་རྫ་ཆུའི་རྒྱུད་དུ་ཡོད་པར་བཤད་ལ། དེའི་རྒྱལ་དཔོན་དང་ནང་བློན་ཚང་མ་བུད་མེད་ཡིན་པས་རྒྱས་མིང་དེ་ལྟར་བཏགས་པར་གྲགས་སོ།། དུས་ཕྱིས་རྒྱ་ཡིག་ཏུ་སུམ་པའི་མིང་བོད་སྐད་དང་བསྟུན་ཏེ་སུའོ་པེ༼苏毗༽ཞེས་སྒྲ་བསྒྱུར་ཙམ་བྲིས་འདུག་གོ། སུམ་པ་ཡང་བོད་རྒྱལ་གནམ་རི་སྲོང་བཙན་སྐབས་ཡན་ནས་སྤུར་རྒྱལ་བཙན་པོའི་མངའ་འོག་ཏུ་ཚུད་པ་ཡིན་ལ། སྲོང་བཙན་སྐུ་གཞོན་ནུའི་སྐབས་སུ་མཛོ་སུམ་པས་ངོ་ལོག་བྱས་པ་མྱང་མང་པོ་རྗེ་ཞང་སྣང་གིས་དམག་དྲངས་མི་དགོས་པར་སུམ་པའི་ཁྱིམ་གྲངས་མ་ཤོར་བར་ཡོངས་རྫོགས་བོད་ཀྱི་འབངས་རྣལ་མར་བཀུག་ནས་ལས་དོན་དོ་དམ་བྱེད་པ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་ཏུན་ཧོང་ཡི་གེར་གསལ་བ་ལྟར་རོ།།

        ཡང་འ་ཞ་ནི་བོད་ཀྱི་རུས་རྒྱུད་སྒའི་ཚོ་བ་ཆེན་པོ་ཞིག་ཡིན་ལ། དེང་གི་མདོ་སྨད་ཕྱོགས་རྨ་ཀླུ་ཙོང་གསུམ་འབབ་ཡུལ་དུ་གནས་པ་མང་ཆེ་བ་འ་ཞ་སྒའི་རིགས་སུ་གཏོགས་ཏེ། ༼བོད་ཀྱི་རུས་མཛོད༽དུ“ཡུལ་འ་ཞ་ནས་རྒ་བྱུང་སྟེ”ཞེས་པ་ལྟར་དང་། དུས་རབས་བཞི་པའི་མགོ་ཙམ་ན་བྱང་གི་ལིའོ་ཉིན་ཕྱོགས་ནས་ཞན་ཕེའུ༼鲜卑༽རིགས་ཀྱི་ཡ་གྱལ་ཚོ་བ་ཆེ་ཤོས་ཤིག་ཆད་དེ། ནུབ་ཏུ་གནས་སྤར་བ་མཚོ་སྔོན་པོའི་རྒྱུད་དུ་ཆགས་ཏེ་བསྡད་པ་ལས་སྒ་འ་ཞ་དང་འདྲེས་ཏེ་ཕྱིས་རྒྱལ་ཁབ་ཅིག་བཙུགས་པ་ལ་བོད་ཀྱིས་རྒྱལ་ཕྲན་འ་ཞ་ཞེས་འབོད་པ་དང་། རྒྱ་སྐད་དུ་ཐོ་ཡོས་ཧོང༼吐谷浑༽ཞེས་གྲགས་ཤིང་། བོད་རྒྱལ་སྲོང་བཙན་སྐབས་ཐོག་མར་བོད་ཀྱིས་མངའ་དབང་དུ་བསྡུས་པ་ཡིན་ནོ།། དེ་མིན་ད་དུང་དེང་གི་ཁམས་ཕྱོགས་དང་སྨད་ཕྱོགས་རྒྱལ་རོང་བཅས་སུ་སོ་སོའི་རྒྱལ་ཕྲན་ནམ་ཚོ་བ་དང་མི་སྡེ་ཆེ་ཤོས་ཤ་སྟག་ཡོད་ཅིང་། དེ་ལས་ཅུང་ཤུགས་ཆེ་བ་ནི་ལྡོང་སྟེ་མི་ཉག་པ་ཡིན་ལ། དེ་ནི་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ལྡོང་ཞེས་པའི་རིགས་ཏེ། རུས་མཛོད་དུའང“ཡུལ་མི་ཉག་ནས་ལྡོང་རིགས་དང”ཞེས་བཀོད་པ་ལྟར་མདོ་ཁམས་འདི་ནི་ལྡོང་གི་རིགས་རྒྱུད་དུ་ངེས་ཤིང་། དེའང་རྒྱ་སྐད་དུ་ཏང་ཞང་༼党项༽ཞེས་སྒྲ་བསྒྱུར་ཙམ་འབོད་པ་དེ་ཡིན་ལ། ཡུལ་ནི་མདོ་སྨད་ཀྱི་ཤར་དང་ཀན་སུའུ་དང་སི་ཁྲོན་བཅས་ཀྱི་ཡུལ་མཚམས་འདི་དག་ཏུ་འཁོད་པ་དང་བོད་ཆེན་པོའི་སྐབས་སུ་ལ་ལ་རིམ་གྱིས་ཡུལ་གཞན་ལ་ཆད་དེ། དུས་ཕྱིས་བོད་སིལ་བའི་སྐབས་དེང་གི་ཉིན་ཞཱ༼宁夏༽ལྗོངས་ནས་མི་ཉག་རྒྱལ་རབས༼西夏王朝༽བཙུགས་པ་དེའང་གཙོ་བོ་ལྡོང་རིགས་ཡིན་ནོ།།

        གཞན་ཡང་རྒྱལ་རོང་ཕྱོགས་སུ་ཕྱིས་ཀྱི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ལྟ་བུའི་ཡུལ་གྲུ་ཀུན་ན་རྒྱལ་རོང་མི་སྡེ་རྣམས་འཚོ་ཞིང་། དེ་ནི་བོད་ཀྱི་རིགས་རུས་སྤྲའི་རྒྱུད་པ་ཡིན་ཚུལ་ཡང་བཤད་དེ། རུས་མཛོད་ཀྱི་ཡི་གེར“ཤར་རྒྱལ་མོ་རོང་གི་རྒྱལ་པོ་སྔོན་མ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེའི་སྤྲུལ་བ་རྒྱལ་པོ་མདོ་བཞིར་ནག་པོ་ཞེས་པ་དེ་སྤྲ་ནག་པོའི་རིགས་ཡིན་ལ”ཞེས་དང་། ཡང“འགག་དོག་མོ་གསུམ་དེ་སྤྲ་ལ་ཐོབ།། སྤྲ་དཔའ་རྩལ་ཆེ་བ་དེ་དོན་ཡིན།།”ཞེས་པའི་འགག་དོག་མོ་གཅིག་ནི་བོད་རོང་ཆེན་བཞིའི་ཡ་གྱལ་ཤར་རྒྱལ་མོ་ཚ་བ་རོང་དེ་ཉིད་ཡིན་པར་བཤད་པ་དང་།  འདི་ལ་རྒྱའི་གནའ་ཡིག་ཏུ་ཀྱཱ་ཉང་ཡུས༼嘉良夷༽ཞེས་མཐོང་ཆུང་གིས་འཁོད་པ་དེ་ཡིན་ནོ།། དེ་ལྟར་འདིར་ཞན་ཕེའུ་རིགས་ཕུད་པའི་མི་སྡེ་འདི་དག་ནི་གནའ་དུས་ནས་ཡུལ་མདོ་ཁམས་ཀྱི་ཕྱོགས་འདིར་འཚོ་ཞིང་སྡོད་པའི་བོད་མིའི་རྒྱུད་པ་ཤ་སྟག་ཡིན་ནོ།།

        དེ་ལ་འདིར་གླེང་དགོས་པ་ཞིག་ནི། རང་རེའི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཕལ་ཆེར་གྱིས་མདོ་སྨད་དང་སྒོས་སུ་ཤར་ཕྱོགས་རྒྱ་དང་ཉེ་བའི་མཚམས་ཀྱི་བོད་མི་རྣམས་ནི་བོད་ཆེན་པོའི་སྐབས་སུ་དབུས་གཙང་ཕྱོགས་ནས་མཐའ་དམག་ལ་ཡོང་བའི་རྒྱུད་པ་ཤ་སྟག་ཡིན་པར་འདོད་ལ། དེར་ཡིག་ཚང་ལ་ལར་ཡང་དེ་དག་གི་བྱོན་ཚུལ་དང་མིང་ཐོགས་ལུགས་བཅས་ཞིབ་པར་བཀོད་ཡོད་པ་འགའ་རེ་ནི་བདེན་པར་འདུག་ནའང་། བསམ་དགོས་པ་ཞིག་ནི་སྐབས་དེར་མཐའ་དམག་ཡོང་བ་མ་གཏོགས་ཡུལ་དེ་དག་ཡུ་སྔར་སྡོད་བོད་མི་མེད་པར་འདོད་ན་ཧ་ཅང་ཐལ་ཆེ་བར་འགྲོ་སྟེ། འོ་ན་དེའི་སྔོན་གྱི་ཡུལ་མི་སུ་ཞིག་ཡིན་དགོས།  གོང་དུ་སོང་བའི་བོད་རུས་ཆེན་བཞིའམ་དྲུག་གི་ནང་ཚན་སྒ་འབྲི་སྤྲ་ལྡོང་བཅས་ཀྱི་རིགས་རྒྱུད་གནའ་དུས་ནས་ཡུལ་དེ་རང་དུ་སྡོད་པ་གང་ལ་འཇོག   དེ་མིན་ཡང་མཐའ་དམག་ཁོ་ན་ཙམ་དུ་ངེས་གཤིས་དེ་ཚོ་སྔར་ཡོད་ཡུལ་མི་དང་འདྲེས་མི་འགྲོ་བར་ལོ་ངོ་སྟོང་ཕྲག་ལྷག་ལ་ད་དུང་བོད་རང་གི་ཁྱད་ཆོས་ཀྱིས་ལོགས་སུ་ལུས་འདུག་གམ། འདི་ལ་བོད་ཡུལ་གྱི་སོག་དམག་གི་རྒྱུད་པ་ལོ་ངོ་བརྒྱ་ཕྲག་གསུམ་བཞི་ཙམ་ན་ད་ལྟ་ཚུལ་ཅི་འདྲ་རུ་གྱུར་པ་དེ་དཔེ་ལེགས་ཤིག་མ་ཡིན་ནམ། དེའི་ཕྱིར་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་ངེས་པར་བོིད་གནའ་མིའི་གནས་ཚུལ་དང་བོད་རིགས་སྤྱིའི་འཕེལ་འགྱུར་དང་དར་རྒུད་བཅས་ལ་བརྟག་དཔྱད་ནན་མོ་བྱེད་དགོས་པ་ལས། བོད་ཆེན་པོའི་སྲོག་ཤིང་ལྟ་བུའི་སྤུར་རྒྱལ་པའི་རྒྱུད་པ་ཁོ་ནས་བོད་ཡོངས་ལ་ཁྱབ་མི་ཐུབ་ཅིང་ཁེབས་ཀྱང་དཀའ་བས། དེར་ངེས་པར་མིག་རྒྱང་རིང་བ་དང་ལོ་རྒྱུས་ཀྱི་བྱུང་རྒྱུན་སྔོན་ལ་འདེད་དགོས་པ་དེ་གལ་ཆེ་བར་བསམས་པར་རིགས་ཤིང་། ཡང་རང་རེའི་མཁས་པ་ལ་ལས་གནའ་དུས་ཞི་ཨན་ཡན་ཆད་བོད་ཀྱི་ས་ཡིན་ཞེས་བམ་སྤྱི་ཙམ་སྨྲ་བ་མ་གཏོགས་དེ་ཡིན་ལུགས་དང་ལོ་རྒྱུས་སོགས་རྒྱུ་མཚན་གྱི་ཚིག་བརྗོད་རྒྱུ་མེད་པར་དེ་འདྲ་བས་ལོ་རྒྱུས་སུ་མི་འགྲུབ་པས། དེ་དག་ལ་བསམ་གཞིགས་རྣལ་མོར་མཛད་དགོས་ས་དང་སྒོས་སུ་ལས་དེ་དེང་གི་ལོ་རྒྱུས་སྨྲ་བ་རྒན་གཞོན་ཀུན་གྱི་འོས་འགན་དུ་བབས་གཤིས། ཕྲན་ལྟ་བུས་དཔྱད་པར་རྔོ་མི་ཐོགས་པས་འདིར་ཞར་བྱུང་གི་ཚུལ་དུ་དྲན་སྐུལ་དང་གསལ་འདེབས་ཙམ་དུ་ཞུས་པ་ལགས་སོ།།

དཔྱད་གཞི་ཡིག་ཆ

[རྩོམ་སྒྲིག]
  1. དེབ་ཐར་དཀར་པོ
  2. []
  3. བོད་ཀྱི་ལོ་རྒྱུས་ལས་སུམ་པ་སོགས་བཤད་པ། ཚེ་རྡོར
  1. https://zh.wikipedia.org/wiki/%E8%98%87%E6%AF%97
"https://bo.wikipedia.org/w/index.php?title=སུམ་བྷ&oldid=137012"ལས་སླར་རྙེད་སོང།