སིལ་ཆད་དང་ཆིག་དྲིལ་

ཡོང་ཁུངས་Wikipedia

བོད་ཀྱི་ལོ་རྒྱུས་སྟེང་སྟོད་སིལ་ཆད་དང་སྨད་སིལ་ཆད་གཉིས་ཡོད་པ་ལས་སྟོད་སིལ་ཆད་ནི་དབང་མཛད་བཅུ་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་ཡིན་མོད།དེའི་སིལ་བུར་ཆད་ལུགས་དང་སིལ་བར་གྱེས་པའི་གནས་སྟངས་ག་འདྲ་ཞིག་ཡིན་པ་ད་ལྟ་དཔྱད་པའི་གཞི་མེད།སྨད་སིལ་ཆད་ནི་ལྷ་སྲས་ཡུམ་བརྟན་དང་འོད་སྲུང་གཉིས་གཅེན་ལ་མ་འཆམ་པ་ལས་བྱུང་ཞིང་།ཐོག་མ་དེ་ནས་མཐའ་མ་གང་ལ་བྱེད་དགོས་པ་ཡང་བཤད་དཀའ་བའི་ཚོད་དུ་སྣང་།གལ་སྲིད་ཉེ་རབས་རང་མགོ་འཆོར་བའི་བར་དུ་འཇོག་དགོས་ན་ང་ལ་མནོ་བསམ་བཞན་ཞིག་ཡོད་དེ།ཡུན་འདིའི་རིང་ལ་ཆབ་སྲིད་སྟེང་སིལ་བར་སོང་ཡང་རིག་གནས་ཆ་ནས་ཆིག་དྲིལ་ཆེན་པོ་ཞིག་གི་དུ་རབས་ཡིན་ཞེས་སྨྲ་བར་འདོད་དོ།། དེ་ཡང་ཆོས་སྲིད་གཉིས་ཀྱི་འཕེལ་རིམ་ལོ་རྒྱུས་ལ་བསམ་ན་དུས་སྐབས་འདི་ཡང་ཏག་ཏག་ལྡོག་པའི་ཚུལ་དུ་ཡོད་པ་ཞིག་ཡིན་ཏེ། ཆབ་སྲིད་སིལ་འཐོར་དང་རིག་གནས་གཅིག་གྱུར་གཉིས་སོ།། གལ་ཏེ། སུ་ཞིག་གིས་དུས་སྐབས་འདི་ནི་གྲུབ་མཐའ་མང་པོ་བོད་དུ་བྱུང་བའི་ཡུན་ཡིན་པས་ན། རིག་གནས་སིལ་ཆད་དུ་མི་འཇོག་གམ་ཟེར་ན། མ་ཡིན་ནོ།།

ཁོ་བོས་བསམ་པར་སྟོད་སིལ་ཆད་ཀྱི་སྐབས་ནི་ཆབ་སྲིད་དང་རིག་གནས་གཉིས་ཆར་སིལ་ཆད་དུ་གནས་ཡོད་སྙམ་མོད། དེ་ཡང་སོ་སོའི་རིགས་རྒྱུད་ཀྱི་ལྷ་མི་འདྲ་བ་ཙམ་ཞིག་མ་གཏོགས་ཤེས་དཀའ།

སྨད་སིལ་ཆད་ནི་རིག་གནས་བསྐྱར་བསྐྲུན་གྱི་དུས་རབས་རླབས་ཆེན་ཞིག་སྟེ། སྲིད་གཞུང་རིམ་བྱུང་ངམ་དབང་མཛད་མཐའ་དག་ཆོས་ལུགས་ལ་བརྟེན་ནས་འཚོ་ཞིང་། ཆོས་ལུགས་དང་རིག་གནས་དར་སྤེལ་ལ་བརྟེན་ནས་རྒྱུན་བསྲིངས། ཆོས་ལུགས་རིག་གནས་སྲོག་ཏུ་བྱས་པ་ལ་བརྟེན་ནས་ཆབ་སྲིད་ཀྱི་བྱ་གཞག་སྐྱོང་བའི་དུས་རབས་རིང་མོ་ཞིག་བརྒྱུད་མཐར་ཐོལ་གྱིས་དེང་རབས་སྤྱི་ཚོགས་ཀྱི་སྒྱོགས་མདེལ་ལ་ཁ་གཏོད་དགོས་པ་བྱུང་ངོ།།

དཔེར་ན། དགའ་ལྡན་ཕོ་བྲང་གི་རིང་ལ་ནོར་སྲིད་ཀྱི་ཡོང་སྒོ་མཐའ་དག་ཆེད་ལས་བརྡ་ཆད་ཀྱིས་བཤད་ན་ཁེ་བཟང་མེད་པའི་ཕྱོགས་ཁ་ནར་གཏོང་བ་སྟེ། གྲྭ་ས་སེ་འབྲས་ཀྱི་གཏོང་སྒོར་འགྲོ་བ་ཡིན་ལ། དེ་ཡང་གོམས་སྲོལ་ལམ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོས་དེད་ཅིང་འོངས་པས་དེ་ལྟར་རང་བཞིན་གྱིས་གྲུབ་པ་མ་གཏོགས། ཆབ་སྲིད་པའམ་ཆབ་སྲིད་སྡེ་ཁག་གང་རུང་ཞིག་གིས་དམིགས་ཡུལ་མངོན་དུ་འགྱུར་སླད་གློ་བུར་ཆེད་དུ་བཟོས་པ་ཡང་མ་ཡིན། དེ་བས། རིག་གནས་ཀྱི་ཆིག་དྲིལ་དེས་ཆབ་སྲིད་ཀྱི་ཆིག་དྲིལ་ལ་གནོད་ཆེན་པོ་བཟོས་པ་ཡིན་ལ། དོན་དམ་པར་རིག་གནས་ཀྱི་ཆིག་དྲིལ་ཆེན་པོའི་ཁྲོད་དུ་ཆབ་སྲིད་ནི་རས་ཀྱིས་བཏུམས་པའི་བུས་བ་དང་འདྲ་ཞིང་། སྒྲུབ་སྟེ་མཐོང་བ་མེད་དོ།།

དེང་གི་དུས་རབས་འདི་ནི་སིལ་འཐོར་དང་ཆིག་དྲིལ་གཉིས་ལས་གང་གི་ཕྱོགས་སུ་བགྲོད་ཀྱིན་པ་ལ་ང་ཚོས་བསམ་གཞིགས་བྱ་དགོས་ཏེ། ཆབ་སྲིད་ནི་གཞི་མེད་ལྟ་བུར་སོང་བས་གླེང་རི་བ་མེད་ཅིང་། རིག་གནས་ནི་ཆིག་དྲིལ་ལ་གནས་སམ་གྱེས་འཐོར་ཏུ་འགྲོ་བཞིན་འདུག་ཟེར་ན། ཁོ་བོའི་བསམ་པར་གྱེས་འཐོར་སིལ་ཆད་དུ་བགྲོན་ཀྱིན་པའི་དུས་ཤིག་བསམ་བཞིན་ཡོད། རྒྱུ་མཚན་མང་སྟེ། དང་པོ། ཆོས་ལུགས་གྲུབ་མཐའ་སོ་སོས་རང་གི་སྟོབས་ཤུགས་རྒྱ་བསྐྱེད་ཀྱི་དུས་རིམ་ཞིག་ལ་གནས་པར་འདོད། གཉིས་པ། ཆོས་ལུགས་དང་དཔལ་འབྱོར་གྱི་ཁེ་ཕན་གཉིས་འགལ་འཐབ་རྒྱ་ཆེར་འབྱུང་བཞིན་པར་བསམ། གསུམཔ། བསམ་བློའི་འདུ་ཤེས་ཆོས་དད་ཡོད་མེད་ཀྱི་མཐའ་གཉིས་སུ་གྱེས་པར་འདོད། བཞི་བ། མཛེས་དཔྱོད་ཀྱི་འདུ་ཤེས་སྣེ་མང་རྙོག་འཛིང་གི་དུས་ཤིག་ལ་ཁེལ་ནས་འདུག ལྔ་བ། སྒེར་གྱི་ཁེ་ཕན་གཙོ་བོར་འཛིན་པ་ལ་བརྟེན་སྤྱིའམ་གཞུང་གི་ཁེ་ཕན་ཡལ་བར་འདོར་བའི་དུས་རབས་ཤིག་ཡིན་པས་སིལ་ཆད་ཀྱི་སྲུབས་ཀ་གཏིང་ལ་འཐེན་བཞིན་པའི་དུས་ཤིག་ཡིན་པར་འདོད།

དེའི་དབང་གིས་ད་ལྟའི་རང་ཅག་གི་དུས་རབས་འདི་ནི་ཆོས་སྲིད་གཉིས་ཆར་གཞི་མེད་དང་སིལ་ཆད་དུ་འགྲོ་བའི་དུས་རབས་ཤིག་ཡིན་ན། ཀུན་གྱིས་སེམས་ཁྲལ་བྱེད་པའི་དོན་གཅིག་ཡོད་དེ། བོད་མི་རིགས་འདི་སའི་གོ་ལའི་སྟེང་ནས་ལོ་ག་ཚོད་ལ་གནས་ཐུབ་བམ་ཟེར་བའི་དྲི་བ་དེ་ཡིན། དྲི་བ་འདིར་གདེང་དང་ལྡན་པའི་སྒོ་ནས་ལན་ལྡོག་མཁན་ནི་སུ་ཡིན་ཞེ་ན། གཞན་མེད་དེ་བླ་སྤྲུལ་དག་གིས་སྣེ་དྲངས་ཏེ་རྒྱ་ལུགས་ཀྱི་དུས་ཆེན་རོལ་སྟངས་དང་མཁས་པ་དག་གིས་རིག་གནས་གསར་བརྗེའི་གླུ་དབྱངས་དགའ་བྲོད་ཆེན་པོས་ལེན་སྟངས་ཀྱི་བརྙན་རིས་རྣམས་ཁ་གྲག་ཀྱིན་འདུག་གོ།།

གསལ་འདེབས། རྩོམ་འདིའི་པར་དབང་ངེད་བཙན་པོ་ཚང་ལ་དབང་བས་ཆོག་མཆན་མ་ཐོབ་པར་གང་འདོད་དུ་བརྒྱུད་འགོད་མི་བྱེད་པའི་རེ་བ་ཆེ། གལ་ཏེ་བརྒྱུད་འགོད་བྱེད་དགོས་བྱུང་ཚེ་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་འགོད་དགོས།