སད་ན་ལེགས་ཀྱི་སྲས་ལྔའི་སྐོར་

ཡོང་ཁུངས་Wikipedia

ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་འཇིང་ཡོན་དང་འབྲོ་བཟའ་ཁྲི་མ་ལོད་གཉིས་ལ་སྲས་ལྔ་བྱུང་ཞིང་། དེ་དག་ནི། གཙང་མ། དར་མ། རལ་བ་ཅན། ལྷ་རྗེ། ལྷུན་གྲུབ་རྗེ་སྟེ་ལྔ་ཡིན་ལ། ཆེ་བ་གཙང་མ་རབ་ཏུ་བྱུང་། དར་མ་བླུན་ཞིང་སྤྱོད་པ་མི་ལེགས་པས་རྒྱལ་སར་མ་བསྐོས། ལྷ་རྗེ་དང་ལྷུན་གྲུབ་རྗེ་གཉིས་ཆུང་དུས་ནས་འདས་པར་བཤད། དེ་བས་སྲས་གསུམ་པ་རལ་བ་ཅན་ཏེ་ཁྲི་གཙུག་ལྡེ་བཙན་རྒྱལ་སར་བསྐོས། རྒྱལ་བོ་འདིས་བཀས་བཅད་གསུམ་མཛད་པར་གྲགས་ཤིང་། དེ་དག་ནི་སྐད་གསར་བཅད་ཀྱི་བཀས་བཅད་པ། འདུལ་བ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་ལས། སྡེ་བ་གཞན་གྱིས་འདུལ་བ་མི་བསྒྱུར་བར་བཀས་བཅད་པ། གསང་སྔགས་མ་རྒྱུད་རྣམས་མི་བསྒྱུར་བར་བཀས་བཅད་པ་དང་གསུམ་མོ།། ཁྲི་གཙུག་ལྡེ་བཙན་གྱིས་སྲིད་དབང་ལོ་ཉེར་བདུན་ལ་བཟུང་ཞིང་། དུས་སྐབས་དེའི་ནང་ཆོས་སྲིད་གཉིས་ཀའི་ཐོག་ནས་ཡབ་མེས་གོང་མའི་དུས་དང་མི་འདྲ་བའི་མཛད་རྗེས་གསར་བ་ཁག་གསུམ་ཡོད་པར་བརྟེན་བོད་ལ་བཀའ་དྲིན་ཆེ་བས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་དུ་གྱུར། ལྷ་ཐོ་ཐོ་རི་ནས་འདིའི་བར་ལ་སྐྱིད་པའི་གདུང་རབ་ཕྱེད་དང་བཅུ་གསུམ་ཟེར། མུ་ནེ་བཙན་པོ་ཡུན་ཐུང་བས་ཕྱེད་དུ་རྩིས་པ་ཡིན་འདུག མང་སྲོང་མ་བགྲངས། མེས་ཨག་ཚོམ་ནས་འདིའི་བར་ལ་ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཞེས་མཁས་པ་སྔ་རབས་པར་གྲགས་སོ།། སྔར་གྱི་འཁོན་འཛིང་ཡོད་པའི་བློན་པོ་དབས་དང་ཅོག་གཉིས་ཀྱིས་སྔར་ནས་བཟུང་བཙན་པོ་བཀྲོངས་པའི་ཐབས་སྣ་ཚོགས་བྱས་མོད་རེ་ཞིག་འདོད་དོན་མ་འགྲུབ། འོན་ཀྱང་རྗེས་སུ་བཙན་པོར་ཆང་གསོལ་ཏེ་བཟི་བའི་སྐབས་སུ་ཕོ་བྲང་མ་ཞར་ན་ཉི་མར་བཞུགས་སྐབས་ཞལ་ལྟག་པར་གཅུས་ཏེ་བཀྲོངས་སོ།། བང་སོ་ནི་ཁྲི་སྟེང་རྨང་རི་ཞེས་འབོད་པ་རྒྱལ་ཆེན་འཁྲུལ་བཞེར་དང་འདུས་སྲོང་གི་བང་སོ་གཉིས་ཀྱི་བར་དུ་ཡོད་དོ།། ཞིབ་ཕྲའི་ལོ་རྒྱུས་ཆོས་འབྱུང་དང་ལོ་རྒྱུས་དེབ་ཐར་གཞན་ན་ཧ་ཅང་མང་པས་འདིར་མ་བྲིས་སོ།།

༈ དེ་ནས་སྲས་གཉིས་པ་དར་མ་འུ་དུམ་བཙན་རྒྱལ་སར་བཞག བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་མང་ཆེ་བར་འདི་ནི་རྒྱུད་གྱོང་བ། བློ་རྟུལ་བ། གཟུགས་བ་གླང་གི་ཤ་ཚུགས་སུ་ཡོད་པ། ཆང་ལ་དགའ་བ། མདོར་ན་བྱ་སྤྱོད་ཐམས་ཅད་ཧ་ཅང་ངན་པ་སོགས་སུ་ངོས་བཟུང་ནས་རྒྱལ་བོ་འདི་ཉིད་ཆོས་ལ་སྡང་བ་ཞིག་ཡིན་པ། ཆོས་བསྣུབས་པས་བོད་ལ་ཕམ་ཉེས་བྱུང་ཚུལ་སོགས་བརྗོད་ནས་སྨད་པར་བྱས་པ་ནི་དོན་དངོས་དང་མི་མཐུན་པར་སྣང་སྟེ། དེ་ལ་རྒྱུ་མཚན་འགའ་འགོད་པར་བྱ་སྟེ། དང་པོ་ཡིན་ན། བོན་ཆོས་ལ་དད་པའི་བློན་དབས་ཏོ་རས་སོགས་དབང་ཆེ་ཞིང་ནང་བསྟན་ལ་མི་དགའ་བས་འུ་དུམ་བཙན་ལ་དབང་མེད་པ་དང་། རང་གི་འདོད་པ་བཞིན་མི་འགྲུབ་པས་སེམས་སྐྱོ་ནས་ཆང་དང་མཛེས་མར་རོལ། དེ་ནས་ཅི་ཡིན་མི་ཤེས་པའི་བྱ་ངན་སྣ་ཚོགས་ཤིག་སྒྲུབ་པ་ཡིན། གཉིས་པ་ཡིན་ན། གླང་དར་མས་མཐོང་ཚད་ཀྱི་རབ་བྱུང་གི་སྡེ་དང་མི་སེར་ལ་བཙན་དབང་བྱས་ན་ཆོས་འཇིག་འགྲོ་བར་འདོད་པ་ནི་ཡིད་ལུས་ཐ་དད་པའི་སྐབས་མ་ཕྱེད་པ་ཙམ་རེད་མ་གཏོགས་ཆོས་འདོན་པ་དང་མཆོད་ཚུལ་སོགས་གླེང་རྒྱུ་འདུག་པ་རེད། གསུམ་པ་ནི། ཁོས་ཆོས་བསྣུབས་པའི་ཚུལ་བསྟན་པ་ནི། གསང་སྔགས་སོགས་ཆོས་ལོག་སྦྱོར་ལོག་མང་པོ་དར་ནས་སེར་མོ་བ་དང་སྔགས་རྒན་ཚོས་མི་ཤེས་ཤེས་ཁུལ་གྱིས་ཆོས་རྫུན་མང་པོ་སྤེལ་བས་ཚད་མེད་ཀྱི་ལས་བསགས་ཆེ་བར་གཟིགས་ནས། སླར་ཆོས་ཡང་དག་པ་དང་གཙང་མ་ཞིག་དར་ཆེད་ཡིན་ནམ་སྙམ་མོ།། བཞི་བ་ནི། མཆོད་རྟེན་དང་སྐུ་གསུང་ཐུགས་རྟེན། ལྷ་ཁང་སོགས་མེར་སྲེག་པ་ནི་བློན་དབང་བཙན་པ་ཚོས་རྒྱལ་བོའི་བཀའ་ཡིན་ཞེས་བཀའ་རྫུན་བསྒྲགས་ནས་བྱས་པ་ཡིན་འདྲ། མཐར་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས་ནས་མདོ་སྨད་དུ་བྲོས། མདོ་སྨད་ནས་བསྟན་པའི་མེ་རོ་གསོས་ཚུལ་ཧ་ཅང་མང་པས་གཞན་ལ་གཟིགས། བཙན་པོ་འདིས་རྒྱལ་ས་ལོ་དྲུག་ལ་བཟུང་། མེ་སྟག་༩༠༦ལོར་བཀྲོངས་སོ།། བཙན་པོ་འདིའི་ལོ་རྒྱུས་ལ་དབྱེ་ཞིབ་བྱེད་འདོད་ཚེ། ལྡེའུ་ཆོས་ཆོས་འབྱུང་། མཁས་པའི་དགའ་སྟོན། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་བཅས་ན་གསལ་བས་དེར་གཟིགས། གླང་དར་གྱི་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་ནས་སྨད་སིལ་མའི་འགོ་བརྩམས་པ་ཡིན་ནོ།། ༢༠༡༠-༡༠-༨