སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་

ཡོང་ཁུངས་Wikipedia

གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར།། དམ་པའི་ཆོས་ནི་སྟོན་མཛད་པའི། །གོ་ཏམ་དེ་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་ལོ་༢༦༠༠་གོང་དུ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་ཞེས་སྙན་པའི་བ་དན་དཀར་པོ་ས་གསུམ་ན་ཆེས་ཆེར་གཡོ་བ་དེ་ཉིད་ཀྱིས། ཐུན་མོང་གདུལ་བྱའི་སྣང་ངོར། གཙོ་ཆེ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་བའི་དོན་མཛད་དེ། དེ་ཡང་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའ་ིའཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་ཇི་སྐད་གསུངས་པ་ལྟར།

༡༽ དགའ་ལྡན་གནས་ནས་འཕོ་བའི་མཛད་པ།

དེ་ཡང་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཛམ་གླིང་དུ་མ་ཕེབས་པའི་སྔོན་ལ་དགའ་བདེ་ལོངས་སྤྱོད་ཕུན་སུམ་ཚོགས་ཤིང་ཐེག་ཆེན་ཆོས་ལ་ལོངས་སྤྱོད་པའི་དགའ་བ་དང་ལྡན་པའི་དགའ་ལྡན་ལྷ་ཡུལ་དུ་བཞུགས། དེའི་སྐབས་སུ་ཁོང་གི་མཚན་ལ་ལྷའི་བུ་དམ་པ་ཏོག་དཀར་པོ་དང་། བྱང་ཆུབ་སེམས་དཔའ་ལྷ་རྣམས་ལ་ཆོས་ཀྱི་སྒོ་མོ་སྣ་ཚོགས་གསུངས་ཤིང་དོན་རྒྱ་ཆེར་མཛད། དེ་ནས་ལ་ཐོད་དང་ཅོད་པན་བྱམས་པའི་དབུ་ལ་བཞག་ནས་ཁྱོད་ནི་ངའི་འོག་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཅིང་། དགའ་ལྡན་དུ་ཆོས་སྟོན་པ་པོའི་རྒྱལ་ཚབ་ཏུ་དབང་བསྐུར་ནས། འཛམ་གླིང་ལ་ཕེབས་པའི་དུས་ལ་བབ་པ་ན། ཡུལ་མཆོག་ཏུ་གྱུར་པ་འཛམ་བུ་གླིང་། དུས་མཆོག་ཏུ་གྱུར་པ་ཚེ་ལོ་བརྒྱ་པའི་དུས། རིགས་མཆོག་ཏུ་གྱུར་པ་རྒྱལ་པོའི་རིགས། རུས་མཆོག་ཏུ་གྱུར་པ་ཤཱཀྱའི་རིགས་དང་། ཡུམ་མཆོག་ཏུ་གྱུར་པ་སྒྱུ་འཕྲུལ་མ་བཅས་གཟིགས་པ་རྣམ་པ་ལྔར་གཟིགས་ནས་དགའ་ལྡན་གནས་ནས་འཕོས་པ་རེད།

༢༽ ལྷུམས་སུ་ཞུགས་པའི་མཛད་པ།

དེ་ནས་ཡོན་ཏན་དྲུག་ཅུ་རྩ་བཞིས་བརྒྱན་པ་ཡབ་རྒྱལ་པོ་ཟས་གཙང་མ་དང༌། ཡུམ་ཡང་བུད་མེད་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ལ་གཟིགས་ནས། གླང་པོ་ཆེའི་ཕྲུ་གུ་ཐལ་ཀར་མཆེ་བ་དྲུག་པའི་ཚུལ་གྱིས་ཡུམ་སྒྱུ་འཕྲུལ་མའི་རྩིབ་མ་གཡས་པ་ནས་ལྷུམས་སུ་ཞུགས་པ་རེད། ཟླ་དྲུག་ལོན་པའི་ཚད་ཙམ་པ། ན་བཟའ་དང་བཅས་པ་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ་སྟོང་གསུམ་གྱི་ཟིལ་མངར་རོ་བཅུད་ཚངས་པ་ཆེན་པོས་ཕུལ་བ་བཞེས་ནས་སྐུ་ལུས་བརྟས་ནས་ཟླ་བ་བཅུ་མ་རྫོགས་ཀྱི་རིང་ལ་ཡུམ་གྱི་ལྷུམས་སུ་བཞུགས་པར་མཛད་དོ།།

༣༽ སྐུ་བསྟམས་པའི་མཛད་པ།

ལྷུམས་སུ་ཟླ་བ་བཅུ་ཚང་བར་བཞུགས་པའི་ཚེ་ལྷ་མི་ཁྲག་ཁྲིག་སུམ་ཅུ་རྩ་དྲུག་ཐེག་པ་གསུམ་ལ་སྨིན་པར་མཛད་དེ་བལྟམས་པའི་སྔ་ལྟས་སུམ་ཅུ་རྩ་གཉིས་དང༌། གླིང་ཆེན་པོ་བྱེ་བ་ཕྲག་བཞིའི་དབུས་སུ་ཨ་ཤྭཏྠའི་ལྗོན་པ་སྐྱེ་བ་དང༌། གླིང་ཕྲན་རྣམས་སུ་ཙནྡན་གྱི་ཚལ་སྐྱེ་བ་དང༌། སེར་སྐྱའི་གྲོང་གི་ཁོར་ཡུག་ཏུ་བདེ་བའི་འབྱོར་པ་ཚད་མེད་པ་རང་བཞིན་གྱིས་འབྱུང་བ་སོགས་ངོ་མཚར་བའི་མཚན་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སྙེད་ཀྱིས་ཞིང་ཐམས་ཅད་ཡོངས་སུ་གཏམས་པ་དང་བཅས། དེ་ནས་རྒྱ་གར་འཕགས་པའི་ཡུལ་གྱི་བཀྲ་ཤིས་ལུམྦི་ནཱིའི་ཚལ་དུ་སྐུ་བལྟམས་པའི་སྐབས་སུ་ཡུམ་ལ་གནོད་པ་མེད་པས་སྐུའི་གཡས་ནས་བརྟོལ་མ་ཐག་ཏུ་ཕྱོགས་བཞི་རེ་རེར་གོམ་པ་བདུན་སྤོས་པའི་ཤུལ་དུ་མེ་ཏོག་པདྨ་བདུན་རང་འཁྲུངས་སུ་བྱུང་ནས། ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། རྗེས་ལ་ཡབ་རྒྱལ་པོ་ཟས་བཙང་གིས་གནས་ཚུལ་ཡ་མཚན་འདི་ཚོའི་སྐོར་ཐོས་ནས་བུ་ལ་མཚན་དོན་གྲུབ་ཅེས་གསོལ། ཀོང་སྤྲུལ་རིན་པོ་ཆེའི་ཤེས་བྱ་ཀུན་ཁྱབ་མཛོད་

རྩ་འགྲེལ་སོགས་ལས་བཏུས།

༤༽ བཟོ་ཡི་གནས་ལ་མཁས་པའི་མཛད་པ།

ཡིག་རྩིས་རོལ་མོ་འཕོང་སྟོབས་བརྟག་དཔྱད་གཏམ།། ལུགས་མང་སྒྱུ་རྩལ་བཟོ་ཡི་གནས་ལ་མཁས།། བྱང་ཆུབ་སེམས་དཔའ་ཤེས་བྱའི་གནས་ཐམས་ཅད་ཀྱིས་མཐར་སོན་ཀྱང་གདུལ་བྱ་གྲངས་མེད་པ་སྨིན་པའི་སླད་དུ་ཡི་གེ་སློབ་པའི་གྲྭར་བྱོན་ཏེ་ཡིག་མཁན་གྱི་བཤེས་གཉེན་ལས་སློབ་པ་ལྟར་མཛད་ཅིང་དེས་མིང་ཙམ་ཡང་མ་ཐོས་པ་མང་པོ་བསྟན་པ་དང་། དགུང་ལོ་བཅུ་དྲུག་རྫོགས་པ་ན་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ལྷ་མོ་དཔལ་ཆེན་མོའི་སྤྲུལ་བ་ས་འཚོ་བ་མ་རྒྱལ་བའི་རུ་མཚོན་ཏུ་བཞག་ནས་ཤཱཀྱ་གཞོན་ནུ་ལྔ་བརྒྱ་དང་རྩལ་འགྲན་པའི་ཐོག་མར་རྩིས་པ་ཆེན་པོ་ཤཱཀྱ་སྲིད་སྒྲུབ་དཔང་དང་བཙུགས་ཏེ་གྲངས་ཀྱི་གནས་འགྲན་པ་ལ་དབང་བོ་དང་བཅས་པ་ཀུན་གྱིས་བྱང་ཆུབ་སེམས་དཔའི་ཆ་ཙམ་ལའང་འགྲན་པར་མ་ནུས་ཤིང་། དེ་བཞིན་དུ་རི་མོའི་འདུ་བྱེད་དང་། འཕོང་དང་སྟོབས་དང་བརྟག་དཔྱད་དང་གཏམ་དང་རྒྱལ་དང་བང་དང་འདེགས་མཆོངས་ལ་སོགས་པ་ལུགས་སྲོལ་ཤིན་ཏུ་མང་པོའི་སྒྱུ་རྩལ་དང་བཟོའི་གནས་ཡོད་དོ་ཅོག་ལ་ཤིན་ཏུ་མཁས་པས་སུས་ཀྱང་འགྲན་ཟླ་མེད་པར་གྱུར་ཏེ། ལྷས་བྱིན་ལ་སོགས་རིགས་པ་དང་སྟོབས་ཀྱི་ང་རྒྱལ་ཅན་རྣམས་ཀྱང་དུལ་བར་མཛད་དོ།།


༥༽ བཙུན་མོའི་འཁོར་དུ་རོལ་བའི་མཛད་པ།

ཡོན་ཏན་ཀུན་ཚང་ས་འཚོ་གྲགས་འཛིན་སོགས། །བཙུན་མོ་དྲུག་ཁྲིའི་འཁོར་རོལ་སྨིན་པར་མཛད། །གཟུགས་བཟང་དར་བབ་དྲེགས་པ་དང་བྲལ་ཞིང་གཏོང་ལ་དགའ་བ་སོགས་བུད་མེད་རིན་པོ་ཆེའི་ཡོན་ཏན་ཀུན་ཚང་བ་ས་འཚོ་གྲགས་འཛིན། རི་དྭགས་སྐྱེས་ཏེ་སོ་སོ་འཁོར་ཉི་ཁྲི་དང་བཅས་པ་བཙུན་མོ་དྲུག་ཁྲིའམ་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཀྱིས་འཆི་མེད་འདུན་ས་ལྟ་བུའི་གླུ་དབྱངས་རོལ་མོའི་སྒྲ་ལ་སོགས་པ་བཀོད་པ་ཕུལ་དུ་བྱུང་བས་མཆོད་ཅིང་། དེ་དག་གི་ནང་དུ་རྩེ་ཞིང་རོལ་བ་ལ་སོགས་ཐབས་ལ་མཁས་པའི་མཛད་པས་བཙུན་མོའི་འཁོར་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མཛད་དོ།།

༦༽ རབ་ཏུ་བྱུང་བའི་མཛད་པ།

རྒ་ན་འཆི་དང་ཚངས་སྤྱོད་གཟིགས་སོགས་ཀྱིས།། ངེས་འབྱུང་རབ་ཏུ་བྱུང་ནས་ངུར་སྨྲིག་བཞེས།། དགུང་ལོ་ཉེར་དགུ་པ་ལ་གྲོང་ཁྱེར་གྱི་སྒོ་བཞིར་རྒས་པ་དང་། ན་བ་དང་། འཆི་བ་དང་། ཚངས་སྤྱོད་རབ་ཏུ་བྱུང་བ་རྣམས་གཟིགས་ཤིང་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་གླུ་དབྱངས་སིལ་སྙན་གྱི་སྒྲས་བསྐུལ་ཞིང་བྱིན་གྱིས་བརླབས་པ་དང་། རང་ཉིད་ཀྱི་སྨོན་ལམ་གྱི་མཐུས་རྒྱལ་སྲིད་བཙུན་མོའི་འཁོར་རྣམས་ལ་སྐྱོ་བའི་ཚུལ་བསྟན་ཏེ་ངེས་པར་འབྱུང་བའི་ཐུགས་སྐྱེས་པ་ན། ད་ནི་ཞག་བདུན་ལ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་བོར་འགྱུར་རོ་ཞེས་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ་ཐོས་ནས། ཤཱཀྱ་རྣམས་ཀྱིས་སྟོབས་ཅི་ཡོད་པས་མེལ་ཚེ་བྱས་ཏེ་བསྲུངས་པ་ན། ཐ་སྐར་ཟླ་བའི་ཉའི་མཚན་མོར་གྲགས་འཛིན་མའི་མངལ་དུ་རྡོ་རྗེ་སེམས་དཔའི་སྤྲུལ་བ་སྲས་དགྲ་གཅན་འཛིན་བཟང་བོ་བྱིན་གྱིས་བརླབས་ཏེ། ནམ་ཕྱེད་ན་ཆིབས་པ་སྔགས་ལྡན་ལ་ཆིབས། ཞམ་འབྲིང་བ་འདུན་དང་བརྒྱ་བྱིན་ལ་སོགས་ལྷ་བྱེ་བ་ཕྲག་སྟོང་མང་བོས་མཆོད་ཅིང་ནམ་མཁའི་ལམ་ནས་དཔག་ཚད་བཅུ་གཉིས་ཀྱི་ཤར་ཕྱོགས་འདས་པ་ཡངས་པ་ཅན་དུ་གཤེགས་ནས་གཙུག་ཕུད་རང་ཉིད་ཀྱིས་བཅད་དེ་རབ་ཏུ་བྱུང་། ལྷ་ཡིས་ཕུལ་བའི་ན་བཟའ་ངུར་སྨྲིག་བཞེས། འདུན་པ་ཆིབས་བཅས་སླར་ལོག་ནས་ཡབ་དང་བཙུན་མོ་རྣམས་ཀྱི་མྱ་ངན་བསང་། གཙུག་ཕུད་དང་ཀཱ་ཤི་ཀཱའི་ན་བཟའ་ལྷ་རྣམས་ཀྱིས་ཁྱེར་ཏེ་མཆོད་པ་ཆེན་པོས་མཆོད་དོ།།


༧༽ དཀའ་བ་སྤྱད་པའི་མཛད་པ།

རྒྱལ་བུ་དོན་གྲུབ་རབ་ཏུ་བྱུང་བའི་རྗེས་སུ་བྲམ་ཟེ་གཉིས་སློབ་དཔོན་དུ་བསྟེན་ནས་འཇིག་རྟེན་པའི་སྒོམ་གྱི་ཚུལ་ཞི་གནས་བསྒྲུབས་ཤིང་སྲིད་རྩེའི་སྙོམས་འཇུག་བར་མངོན་དུ་མཛད། ཆུ་ཀླུང་ནེ་ར་ཛྙ་ནའི་འགྲམ་དུ་ཉིན་རེ་འབྲུ་རྡོག་གསུམ་ཙམ་ལས་མ་བཞེས་པར་ལོ་དྲུག་གི་རིང་སྐྱིལ་དཀྲུང་མ་བཤིག་པར་དཀའ་བ་སྤྱད།

༨༽ བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ།

ལོ་དྲུག་དཀའ་བ་སྤྱད་པའི་རྗེས་སུ་དཀའ་སྤྱད་གཅིག་པུས་སངས་རྒྱས་མི་ཐུབ་པ་གཞན་ལ་བསྟན་པའི་ཆེད་དུ། ཁོང་གི་སྐུ་གཟུགས་ཧ་ཅང་སྐྱོ་བོ་ཆགས་པ་མ་ཟད། ད་དུང་འཁོར་བ་ལས་ཡོངས་སུ་ཐར་པའི་ཐར་པ་མ་ཐོབ་པས། ཞིང་པའི་བུ་མོ་ལེགས་སྐྱེས་མས་བ་མཆོག་སྟོང་གི་འོ་ཐུག་ཕུལ་བ་བཞེས་ནས་སྐུ་གཟུགས་གཟི་བརྗིད་དང་། འོད་ཟེར་དཔག་ཏུ་མེད་པ་འཕྲོས། གཞན་ཡང་རྩ་འཚོང་ཁྱེའུ་བཀྲ་ཤིས་ཀྱིས་རྩྭ་ཀུ་ཤ་ཕུལ་བ་དེ་ཉིད་གདན་དུ་བྱས་ནས་བྱང་ཆུབ་ལྗོན་ཤིང་གི་དྲུང་དུ་བཞུགས་ནས་སངས་མ་རྒྱས་ཀྱི་བར་དུ་ཡར་མི་ལངས་པ་དམ་བཅས་ཏེ་དེ་ཏིང་ངེ་འཛིན་ལ་མཉམ་པར་བཞུགས་སོ།

༩༽ བདུད་བཏུལ་པའི་མཛད་པ།

དེ་ནས་ས་ག་ཟླ་བའི་ཚེས་པ་བཅོ་ལྔའི་མཚན་མོར་སྟེ་བར་ཆད་བྱེད་ཆེད་དུ། སྲོད་ལ་བདུད་ཀྱི་སྡེ་འཇིགས་སུ་རུང་བ་དང་། བུ་མོ་མཛེས་མར་སྤྲུལ་ནས་གར་འཁྲབ་པ་སོགས་གནོད་པ་ཇི་ཙམ་བྱས་ཀྱང་ཁོང་གིས་ཏིང་ངེ་འཛིན་གྱི་མཐུ་ལ་བརྟེན་ནས་བུ་མོ་དེ་ཚོ་རྒན་པོ་དང་ཡིད་དུ་མི་འོང་བ་གྱུར། མ་ཟད་ཁོང་གི་བྱམས་བརྩེ་ཆེན་པོས་བདུད་ཀྱི་དམག་དཔུང་གི་རལ་གྲི་དང་མདུང་མཚོན་ཆ་དེ་དག་ཐམས་ཅད་མེ་ཏོག་ཏུ་གྱུར། བདུད་ཀྱི་སྡེ་དང་ཁོ་རང་ཚོའི་ཉོན་མོངས་པ་བཅོམ་སྟེ་དགེ་བའི་ལམ་ལ་བཀོད་པར་མཛད་དོ། །

༡༠༽ སངས་རྒྱས་པའི་མཛད་པ།

བདུད་དེ་ཚོ་བཅོམ་ནས་ས་ག་ཟླ་བའི་ཚེས་པ་བཅོ་ལྔའི་མཚན་མོ་ཐོ་རེངས་ཀྱི་དུས་སུ་བསམ་གཏན་དང་པོ་ནས་བཞི་པ་བར་རིམ་པ་བཞིན་དུ་མཉམ་པར་བཞག་ནས་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་མངོན་དུ་མཛད་པས་བདེན་པ་བཞི་ཐུགས་སུ་ཆུད། བདེན་པ་གཞི་ནི་སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་བདེན། ལམ་བདེན་དེ་བཞི་དང་། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཇུག་ལྡོག་གི་ཚུལ་ཡང་དག་པར་གཟིགས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་སྒྲིབ་དང་ཤེས་སྒྲིབ་ཕྲ་མོ་མ་ལུས་པ་སྤངས་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད། རྫོགས་གི་དོན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ་དང་།  སངས་རྒྱས་ནི་སྒྲིབ་པ་གཉིས་སངས་ཤིང་ཡོན་ཏན་ཚང་མ་རྒྱས་པའི་དོན་རེད། སྐབས་དེར་ལྷ་ཡིས་མེ་ཏོག་གི་ཆར་ཕབ་ཅིང་། འཇིག་རྟེན་གྱི་ཁམས་སུ་བཀྲ་ཤིས་པའི་རྟགས་མཚན་མང་པོ་བྱུང་ངོ།

༡༡༽ ཆོས་འཁོར་བསྐོར་བའི་མཛད་པ།

བདག་ཅག་གི་སྟོན་པ་དགུང་ལོ་སོ་གསུམ་ལོན་པ་ན་མངོན་པར་རྫོགས་པ་སངས་རྒྱས་ནས་བདུན་ཕྲག་བདུན་གྱི་བར་དུ་ཆོས་ཟབ་མོ་རྣམས་མི་གཞན་ལ་གསུངས་ན་ཧ་གོ་ཐུབ་ཀྱི་མེད་པས། མི་ཡུལ་དུ་རེ་ཞིག་ཆོས་མ་གསུངས་པར་ལྷ་ཡུལ་སོགས་འཇིག་རྟེན་གཞན་ལ་འགྲོ་བའི་དོན་མཛད། ས་ག་ཟླ་བ་བའི་ཚེས་པ་ཅོ་ལྔར་ལྷ་ཡི་རྒྱལ་པོ་ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་གསེར་གྱི་ཆོས་འཁོར་དང་། དུང་དཀར་གཡས་སུ་འཁྱིལ་བ་ཕུལ་ནས་ཆོས་གསུངས་དགོས་པའི་གསོལ་བ་བཏབ་པ་ལ་བརྟེན་ནས་ཆོས་གསུངས་རྒྱུ་ཞལ་བཞེས་མཛད། ཐུགས་བརྩེ་བ་པོས་གདུལ་བྱའི་བློ་ཡི་རིམ་པ་དང་མཐུན་པར་གྲོང་ཁྱེར་ཝཱ་ར་ཎ་སཱིར་ཟླ་བ་དྲུག་པའི་ཚེས་བཞི་ཉིན་དུ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་བྱོན་ཏེ། འཁོར་ལྔ་སྡེ་བཟང་པོ་སོགས་འཁོར་དཔག་ཏུ་མེད་པ་འདུས་པ་རྣམས་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བར་མཛད་ནས་འཁོར་ལྔ་སྡེ་བཟང་པོ་དགྲ་བཅོམ་པའི་གོ་འཕང་ཐོབ། དེ་ནས་བྱ་རྒོད་ཕུང་པོའི་རིར་འཁོར་བྱང་ཆུབ་སེམས་དཔའ་སོགས་གདུལ་བྱ་བགྲང་ལས་འདས་པ་རྣམས་ལ་སྟོང་པ་ཉིད་གཙོ་བོར་སྟོན་པའི་ཤེར་ཕྱིན་གྱི་ཆོས་གསུངས། ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་ལ་སོགས་པ་འཁོར་ལོ་གཉིས་པ་མཚན་ཉིད་མེད་པ་དང་། ཡུལ་གཞན་དང་གཞན་དུ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལ་སོགས་པ་མཐའ་ཡས་པ་གསུངས། ཡངས་པ་ཅན་དང་ངེས་གཏན་མེད་པའི་གནས་རྣམས་སུ་མདོ་སྡེ་དགོངས་འགྲེལ་ལ་སོགས་པ་འཁོར་ལོ་ཐ་མ་ལེགས་པར་རྣམ་པར་ཕྱེ་བ་དང་དེའི་སྡེར་གཏོགས་དང་བཅས་པ་གསུངས། གཞན་ཡང་། དཔལ་སྡན་འབྲས་སྤུངས་མཆོད་རྟེན་དུ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་དང་། འཛམ་བུ་གླིང་གི་གནས་ཁྱད་པར་ཅན་གཞན་དང་གཞན་དུ་གསང་སྔགས་རྒྱུད་སྡེ་བཞིའི་ཆོས་འཁོར་མཐའ་ཡས་པ་གསུངས་པ་སོགས་མདོ་དང་།  སྔགས་ཀྱི་ཆོས་མཐའ་ཡས་པ་གསུངས་ཏེ་གདུལ་བྱ་དཔག་ཏུ་མེད་པ་ཞིག་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ།

༡༢༽ མྱ་ངན་ལས་འདས་པའི་མཛད་པ།

མཐར་སྟོན་པ་བཅོམ་ལྡན་འདས་དགུང་ལོ་སོ་ལྔ་ནས་བརྒྱད་བཅུ་བར་དུ་ཆོས་ཀྱི་འཁོར་ལོ་གསུམ་གཙོ་བོར་གྱུར་བའི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་རེད། ཡུལ་མཉན་ཡོད་དུ་དབྱར་ཞེ་བཞི་ལ་གཞུགས་པ་སོགས་འགྲོ་བ་ལྷ་དང་བཅས་པའི་དོན་མང་པོ་མཛད། དེ་ནས་དགུན་ལོ་བརྒྱད་བཅུ་གྱ་གཅིག་ས་ག་ཟླ་བའི་ཚེས་ཅོ་ལྔ་རྒྱ་གར་འཕགས་པའི་ཡུལ་རྩྭ་མཆོག་གྲོང་ཞེས་བྱ་བའི་གནས་སུ་མི་གནས་པའི་མྱ་ངན་འདས་པའི་མཛད་པ་བསྟན་པ་རེད། མི་གནས་པ་ཟེར་ཡ་འདི་ནི་ཞི་བའི་མཐའ་དང་སྲིད་པའི་མཐའ་གཉིས་ལ་མི་གནས་པ་དང་། གདུལ་བྱ་རྣམས་ལ་མི་རྟག་པ་བསྟན་པའི་ཆེད་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་རེད། གནས་ཆེན་པོ་བརྒྱད་དུ་སྐུ་གདུང་གི་རིང་བསྲེལ་དང་དབུ་སྐྲ་ཚེམས་སོགས་བཞུགས་སུ་གསོལ་བའི་མཆོད་རྟེན་ཆེན་པོ་བརྒྱད་ཅེས་རྗེས་འཇུག་རྣམས་ཀྱི་མཆོད་པའི་རྟེན་དུ་བཞེངས་སོ།