Jump to content

སངས་རྒྱས་ཀྱི་བསྙུན་གཞི་དང་ཞལ་ཆེམས་

ཡོང་ཁུངས་Wikipedia
སངས་རྒྱས་བཅོམ་ལྡན་འདས་བེ་ལུ་ཝར(BELUVA)དབྱར་གནས་ལ་བཞུགས་ཏེ་སྙུང་གཞི་བཞེས་རྗེས་དུས་ཡུན་རིང་པོར་སྐུ་འཚོ་བཞུགས་མ་གནང་། ཚབས་ཆེ་བའི་བསྙུན་གཞི་དྲག་པོ་དེས་ཁོང་ལ་མནར་གཅོད་ཚད་ལས་འདས་པ་བཏང་། འོན་ཀྱང་ཁོང་གིས་ནད་ཚིག་ཟ་བ་སོགས་སུན་གཙེར་ཡེ་ནས་མེད་པར་རང་ཐོག་རང་བབ་ཀྱི་སྙུང་གཞི་དེ་ལ་བཟོད་སྒོམ་གནང་སྟེ། ཁོ་བོས་རང་གི་སློབ་མའི་ཚོགས་ལ་དགོངས་ཞུ་དང་ཞལ་ཆེམས་ཙམ་ཡང་མེད་པར་མྱ་ངན་ལས་འདས་ན་ག་ལ་འགྲིག  ད་ཆ་ངས་སྡུག་རུས་ཆེན་པོའི་སྒོ་ནས་རང་གི་ནད་གཞི་འདིའི་མགོ་གནོན་ཐུབ་པར་བྱེད་ཀྱི་ཡིན་དགོངས་ཏེ། བཟོད་བསྲན་གནང་བས་ཁོང་གི་སྙུང་གཞི་དེ་ཡང་ཅུང་ཙམ་ཆུང་དུ་ཕྱིན། 
     དེ་ནས་སངས་རྒྱས་བཅོམ་ལྡན་འདས་སྙུང་གཞི་ལས་དྲག་སྐྱེད་བྱུང་སྐབས། ཁོང་གཙུག་ལག་ཁང་གི་ཕྱི་རོལ་ཏུ་བྱོན་ཏེ་གང་གི་ཆེད་དུ་བཏིང་བའི་གདན་བཤམས་པ་ཉིད་ལ་བཞུགས་པ་ན། ཉན་ཐོས་ཀུན་དགའ་བོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་དུ་བྱོན་ནས་དད་གུས་གཡོ་བ་མེད་པའི་ཐོག་ཁོང་གི་སྐུ་འཁྲིས་སུ་བཞུགས་ཏེ་ན་རེ། བརྩེ་བའི་བདག་ཉིད་ཅན་ཁྱེད་ལ་སྙུང་གཞི་དྲག་པོ་དེས་མནར་གཅོད་ཅི་ཙམ་གཏོང་གི་ཡོད་མེད་ཁོ་བོས་མཐོང་སོང་བས། མཐོང་སྣང་དེས་ངའི་གཟུགས་ཕུང་དེ་ཡང་འཁྲིལ་ཤིང་ཇི་བཞིན་ཧ་ཅང་གི་ཉམ་ཐག་པར་བྱས། འོན་ཀྱང་ངས་བསམ་གཞིག་བྱེད་དུས། ཉིད་ཀྱིས་དགེ་འདུན་གྱི་སྡེ་ལ་བཀའ་སློབ་ལམ་སྟོན་གྱི་གསུང་ཚིག་ཞལ་ཆེམས་ཙམ་ཡང་མེད་པར་སྐུ་ཞི་བར་མི་གཤེགས་སྙམ་པའི་སེམས་གསོའི་དབུགས་དབྱུང་ཐོབ་བོ་ཞེས་ཞུས། 
     དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྨྲས་པ། ཡ། ཀུན་དགའ་བོ། ཁྱོད་ཀྱིས་ཅི་ཞིག་བཤད་ཀྱིན་ཡོད། ད་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རང་ཉིད་དགེ་འདུན་པའི་དབུ་ཁྲིད་དམ། ཡང་ན་དགེ་འདུན་གྱི་སྡེ་ཚོགས་རང་ཉིད་ལ་བརྟེན་དགོས་སྙམ་པ་ཞིག་བསམ་གྱི་མེད། ང་ནི་ལོ་ན་ཤིན་ཏུ་རྒས་ཏེ་མི་ཚེའི་མཐའ་ལ་སླེབས་འདུག་ནའང་། དགེ་འདུན་པ་རྣམས་ཀྱིས་ད་དུང་ང་ལ་རེ་བ་བྱེད་ཀྱིན་འདུག་གམ། དེས་ན་ཀུན་དགའ་བོ། ད་ནི་རང་ཉིད་རང་གི་མགོན་ཡིན་པ་ལས་དེ་མིན་གྱི་སྐྱབས་གཞན་གཉིས་པ་མེད་པས། ཁྱེད་ཅག་དགེ་འདུན་པ་རྣམས་ཀྱིས་མི་རེ་ངོ་རེའི་གླིང་ཕྲན་རེ་བསྐྲུན་དགོས། དེ་ཡང་རང་རྒྱུད་ཀྱི་བཀའ་ལས་གཞན་ན་སྐྱབས་གཞན་གཉིས་པ་མེད་པས། སོ་སོ་རང་ཉིད་ཀྱིས་བཀའ་ཡི་གླིང་ཕྲན་ཞིག་བསྐྲུན་ཨེ་ཐུབ་ལྟོས། ཕྱིས་སུ་ང་མྱ་ངན་ལས་འདས་རྗེས་ཁྱེད་ཚོའི་ཁྲོད་ནས་སུ་ཞིག་གིས་རང་གི་སྐྱབས་སུ་གྱུར་བའི་བཀའ་ཡི་གླིང་ཕྲན་ཞིག་བསྐྲུན་ཐུབ་ན། དེ་ནི་ངའི་སློབ་ཚོགས་དགེ་འདུན་པའི་ཁྲོད་ནས་ཆེས་མཆོག་ཏུ་གྱུར་པའམ་གཙོ་བོར་གྱུར་པ་དེ་ཡིན། ཞེས་བཀའ་བསྩལ། 
     དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་དགུང་ན་བགྲེས་ཤིང་སྐུ་གཟུགས་ཀྱང་ཉམས་ཞན་པར་གྱུར་ནའང་། ཁོང་གིས་མུ་མཐུད་སློབ་མའི་ཚོགས་ལ་ཆོས་འཆད་ཁྲིད་བྱེད་པའི་གོ་སྐབས་ཡོངས་སུ་རྫོགས་པ་གནང་། མ་ཟད་བེ་ལུ་ཝ་ཡི་ཡུལ་མི་སྒེར་གྱི་ཁྱིམ་དུ་སངས་རྒྱས་བཅོམ་ལྡན་འདས་སློབ་ཚོགས་དང་བཅས་པ་བསོད་སྙོམས་ལ་གདན་འདྲེན་ཞུ་མི་མེད་སྐབས་ཁོང་བསོད་སྙོམས་ལ་ཡང་ཕེབས་ཀྱི་ཡོད། ཉིན་ཞིག་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞོགས་པ་སྔ་མོ་ནས་ན་བཟའ་བཞེས་ཏེ་ཕྱག་ཏུ་ལྷུང་བཟེད་ཐོགས་ནས་ཡངས་པ་ཅན་(VESALI)དུ་བསོད་སྙོམས་ལ་བྱོན་ནས་ཚུར་ཕེབས་ཏེ། ཉན་ཐོས་ཀུན་དགའ་བོ་ལ་སྨྲས་པ། ཀུན་དགའ་བོ། ཁྱེད་ཀྱིས་བཞུགས་གདན་ཞིག་ཁྱེར་ཤོག་དང་། ངེད་གཉིས་ཅ་པ་ལ(CAPALA)གཙུག་ལག་ཁང་དུ་ཕྱིན་ནས་དེ་རིང་གི་ཉིན་མོ་དེ་རུ་སྐྱེལ་ཞེས་བཀའ་བསྩལ། 
     ཁོང་རྣམ་གཉིས་བཞུགས་གདན་དུ་འཁོད་རྗེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་གྱི་གཙུག་ལག་ཁང་གི་ཆེས་ཡིད་དུ་འོང་བའི་ཁོར་ཡུག་གི་སྐོར་ལ་བཀའ་མོལ་གསུངས་ཏེ་སྨྲས་པ། སྐྱེ་བོ་གང་ཡང་རུང་བ་ཞིག་གིས་ཉམས་ལེན་མཐིལ་ཕྱིན་གནང་སྟེ་འབྲས་བུ་བཞིའི་གོ་འཕང་མངོན་དུ་བྱས་ན། ཁོང་སྐུ་ཚེ་རིང་པོར་བཞུགས་འདོད་ཡོད་ཚེ་དེ་ལྟར་བཞུགས་པའི་ནུས་པ་ཡོད། དེས་ན་ངས་ཀྱང་འབྲས་བུ་བཞི་ཡི་གོ་འཕང་མངོན་དུ་བྱས་ཟིན་པས། ད་དུང་ཚེ་རིང་པོར་འཚོ་ཞིང་འདུག་འདོད་ཡོད་ན་དེ་ལྟར་འདུག་ཐུབ་པ་ཡིན། ཞེས་བཀའ་བསྩལ། 
     སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀུན་དགའ་བོ་ལ་དེ་འདྲའི་དགོངས་འཆར་གསལ་པོ་གནང་ན་ཡང་། ཉན་ཐོས་ཀུན་དགའ་བོས་ཇི་བཞིན་མ་དགོངས་པས་ཁོང་གིས་སངས་རྒྱས་བཅོམ་ལྡན་འདས་ལ། མགོན་པོ་ཁྱེད་སེམས་ཅན་གྱི་ཕན་བདེ་དང་། དགེ་མཚན། ལེགས་ཚུལ་སོགས། མདོར་ན་སེམས་ཅན་གྱི་འགྲོ་དོན་ཆེད་སྐུ་ཚེ་རིང་པོར་བཞུགས་པར་ཞུ། ཞེས་བརྟན་བཞུགས་འབུལ་རྒྱུ་མ་བྱུང་བ་རེད། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀུན་དགའ་བོ་ལ་བོས་ནས། ཀུན་དགའ་བོ། ཡུད་ཙམ་རིང་ང་འདི་རུ་གཅིག་པུར་འཇོག་རོགས་གྱིས་གསུངས་པས། ཉན་ཐོས་ཀུན་དགའ་བོ་ཕར་ཏོག་ཙམ་ཕྱིན་ཏེ་ཁོང་དང་ཐག་མི་རིང་བའི་སར་ཤིང་སྡོང་ཞིག་གི་འོག་ཏུ་བཞུགས། 
     སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་འདིར་བྱོན་པའི་དགོས་པ་ནི། བདེན་པའི་གནས་ལུགས་དོན་དུ་གཉེར་བའི་སྐྱེ་བོ་རྣམས་ལ། ཆོས་དེ་དང་དེའི་དངོས་པོའི་གནས་ལུགས་ཇི་ལྟར་འཚོལ་དགོས་མིན་དང་། སྡུག་བསྔལ་གྱི་འཆིང་རྒྱ་ལས་ཇི་ལྟར་གྲོལ་བའི་ཐབས་ལམ་སྟོན་པའི་ཕྱིར་ཡིན་པས་ན། ཁོང་གིས་ལོ་ངོ་མང་པོའི་རིང་འདོད་པ་བཞིན་འགྲུབ་པའི་གསུང་ཆོས་ཀྱི་གདམས་པ་གནང་བ་དག་ལ་ཕྱིར་མིག་ཅིག་གཟིགས་ཏེ་འདི་ལྟར། ཁོ་བོས་རང་གི་ཆེད་དུ་བྱ་བའི་གདུལ་བྱ་སྐྱ་སེར་ཡོངས་ལ་དགོས་ངེས་ཀྱི་ཆོས་ཚུལ་དག་བསྟན་ཟིན་པར་མ་ཟད། ཁོང་རྣམས་ངའི་གདམས་པའི་རྗེས་སུ་འབྲངས་པ་ཙམ་མ་ཡིན་པར། དེང་སྐབས་ཁོང་རྣམས་ཀྱིས་ཀྱང་སྐྱེ་བོ་གཞན་ལ་གདམས་པ་འཆད་ཁྲིད་བྱེད་ཐུབ་ཀྱི་འདུག་དགོངས་ཏེ། སྐུ་ཚེའི་ལྷག་མར་མི་བཞུགས་རྒྱུའི་ཐུགས་ཐག་བཅད་ནས་ཉན་ཐོས་ཀུན་དགའ་བོ་ལ་སྨྲས་པ། ཀུན་དགའ་བོ། འདི་ནས་བརྩིས་པའི་ཟླ་བ་གསུམ་གྱི་ནང་ཚུད་དུ་ང་འཇིག་རྟེན་འདི་དང་ཁ་བྲལ་ཏེ་འགྲོ་རྒྱུ་ཡིན། ཞེས་བཀའ་བསྩལ། 
     ཉན་ཐོས་ཀུན་དགའ་བོས་གཞི་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེའི་སྔོན་ལ་གསུང་བ་རྣམས་ཀྱི་གོ་དོན་རྟོགས་ཏེ། ཁྱེད་ཀྱིས་འགྲོ་བ་སེམས་ཅན་གྱི་ཕན་བདེའི་ལེགས་ཚོགས་ལ་གཟིགས་ནས་སྐུ་ཚེ་རིང་པོར་བཞུགས་པར་ཞུ། ཞེས་བརྟན་བཞུགས་ཕུལ་བར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། ཡ། ཀུན་དགའ་བོ། ད་ནི་བརྟན་བཞུགས་འབུལ་རྒྱུའི་དུས་ཚོད་རྫོགས་ཟིན་པས། ཁྱོད་ཀྱིས་ང་ལ་དེ་ལྟའི་ཞུ་བ་མ་བྱེད་རོགས། དེས་ན་ངེད་གཉིས་ནགས་ཀློང་ཁྲོད་ཀྱི་ཚོགས་ཁང་རྩེ་ཟོར་མའི་ནང་དུ་འགྲོ་གསུངས། ཁོང་རྣམ་གཉིས་ཚོགས་ཁང་དེར་འབྱོར་སྐབས་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ། ཁྱེད་ཀྱིས་ཡངས་པ་ཅན་དུ་འཚོ་ཞིང་བཞུགས་པའི་དགེ་འདུན་པ་རྣམས་ལ་ང་ཚོས་ཚོགས་ཁང་འདི་ནས་མཇལ་འཛོམས་བྱེད་ཀྱི་ཡིན་ཞེས་འབོད་རོགས་གྱིས། ཞེས་བཀའ་གནང་། རིམ་བཞིན་དེར་ཡོད་ཀྱི་དགེ་འདུན་པ་རྣམས་ཚོགས་ཁང་དེར་ཞལ་འཛོམས་པ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་འདུན་པའི་ཚོགས་ལ་སྨྲས་པ། ཁྱེད་རྣམས་ཀྱིས་སེམས་ཅན་གྱི་ཕན་བདེའི་ཆེད་སྐུ་ཚེ་རིང་པོར་དོན་ལྡན་གྱི་མི་ཚེ་བསྐྱལ་ཏེ། ངས་གང་བསྟན་པའི་སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་གསུམ་བྱས་ནས་བསླབ་གསུམ་ལ་ཉམས་ལེན་མཛོད་ཅིག འདུས་བྱས་ཐམས་ཅད་དང་པོར་སྐྱེ་ཞིང་གནས་ཏེ་མཐར་འཇིག་པའི་ཆོས་ཅན་དུ་ངེས་པས། རང་གི་ཐར་པའི་གོ་འཕང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་སྒྲུབས་ཤིག ང་ནི་ལོ་ན་རྒས་ཤིང་མི་ཚེའི་མཐའ་ལ་སླེབས་པས། དུས་འདི་ནས་བརྩིས་པའི་ཟླ་བ་གསུམ་གྱི་ནང་ཚུད་དུ་ཁྱེད་རྣམས་ཀྱང་བཞག་སྟེ་འཇིག་རྟེན་འདི་དང་ཁ་བྲལ་ནས་རང་ཉིད་གཅིག་པུར་འགྲོ་དགོས། དེས་ན་ཁྱེད་ཅག་གིས་བརྩོན་འགྲུས་རྩོམས་ཤིག དྲན་ཤེས་རྟེན་ཅིག  ཚུལ་ཁྲིམས་སྲུང་ཤིག  རང་སེམས་རང་གིས་ནོན་པར་བྱས་ཏེ་ཞིབ་འཇུག་བྱོས་ཤིག  སུ་ཞིག་གིས་བརྩོན་འགྲུས་དང་བཅས་ཏེ་ངས་བསྟན་པའི་ཆོས་དང་འདུལ་བ་ཉམས་སུ་བླངས་ན། མི་དེས་རིང་པོར་མི་ཐོགས་པར་སྡུག་བསྔལ་གྱི་མཐའ་བཅད་ནས་ཡང་བསྐྱར་འཁོར་བར་སྐྱེ་བའི་རྒྱུན་གཅོད་པར་བྱེད་དོ། །ཞེས་བཀའ་སྩལ་ཏོ། །
     དགེ་འདུན་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དུས་ཡུན་ཐུང་ངུ་ཞིག་གི་ནང་ཚུད་དུ་སྐུ་མྱ་ངན་ལས་འདའ་རྒྱུ་ཡིན་པའི་ཞལ་ཆེམས་སློབ་སྟོན་སོགས་ཐོས་པས། ཁོང་ཚོའི་ཡིད་སེམས་སྡུག་བསྔལ་གྱིས་ནོན་པར་གྱུར་ཏེ། དྷམ་མ་ར་མ (DHAMMARAMA) ཞུ་བའི་དགེ་སློང་གཅིག་མ་གཏོགས་དགེ་འདུན་པ་ཚང་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་བཅར་ནས་ཆེས་མཐའ་མཇུག་གི་བཀུར་སྟི་རིམ་གྲོ་ཞུས། འོན་ཀྱང་ཁོང་རྣམས་ཀྱིས་དྷམ་མ་ར་མ་སངས་རྒྱས་བཅོམ་ལྡན་འདས་ལ་དད་གུས་མེད་པའམ། ཡང་ན་ཁོང་གི་ཞལ་ལ་ཉན་པོ་མེད་པ་མིན་ནམ་སྙམ་དུ་དོགས་པའི་དྲ་བར་ཚུད་པ་ཙམ་ལས། ཁོང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་མ་བཅར་བའི་རྒྱུ་མཚན་གང་ཡིན་ཤེས་ཀྱི་མེད། 
     གནས་ཚུལ་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྙན་དུ་འབྱོར་བས། ཁོང་གིས་དགེ་སློང་དྷམ་མ་ར་མ་རང་ཉིད་ཀྱི་སྐུ་མདུན་དུ་བོས་ཏེ་དགེ་འདུན་པར་དེའི་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་བྱེད་དུ་བཅུག་པར། དྷམ་མ་ར་མ་ན་རེ། སངས་རྒྱས་བཅོམ་ལྡན་འདས་ནི་ཟླ་བ་གསུམ་གྱི་ནང་ཚུད་དུ་སྐུ་མྱ་ངན་ལས་འདའ་རྒྱུ་ངེས་པས། ངའི་བསམ་པར་ཁོང་སྐུ་མྱ་ངན་ལས་མ་འདས་པའི་གོང་རོལ་ཏུ་རང་གིས་དགྲ་བཅོམ་པའི་གོ་འཕང་ཐོབ་པར་བྱས་ན། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་བཀུར་སྟི་རིམ་གྲོའི་མཆོག་ཏུ་གྱུར་པ་དེ་རེད་སྙམ་མོ་ཞེས་ཞུས་པར། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཨོ། དེ་ནི་མཆོག་དང་རབ་ཏུ་གྱུར་པ་ལགས། སུ་ཞིག་ངའི་རྗེས་སུ་འབྲངས་ཏེ་ང་ལ་དད་གུས་ཞུ་ན། དགེ་སློང་དྷམ་མ་ར་མ་ཇི་བཞིན། ངས་བསྟན་པའི་ཆོས་ལ་ཉམས་ལེན་བྱོས་དང་། དེས་ང་ལ་གུས་ཞབས་མཆོག་ཏུ་གྱུར་པ་བྱས་པ་ཡིན། ཞེས་དགེ་སློང་ངྷམ་མ་ར་མ་ལ་བསྔགས་བརྗོད་གནང་། ཕྱི་ཉིན་ཞོགས་པར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་གི་སྐུ་ཚེའི་ཆེས་མཐའ་མཇུག་གི་ཆིབས་བསྒྱུར་གནང་རྒྱུའི་ཐུགས་ཐག་བཅད་དེ། པ་ཝ(PAVA)ཞེས་པའི་གྲོང་གསེབ་ཆུང་ངུ་དེར་བྱོན་ནོ། །