སངས་རྒྱས་ཀྱི་ཉིན་ཞག་ཕྲུགས་གཅིག་གི་མཛད་རིམ་

ཡོང་ཁུངས་Wikipedia

ཞོགས་པ་ཆུ་ཚོད ༤ ནས་ཉིན་གུང་ཆུ་ཚོད ༡༢ བར། སངས་རྒྱས་བཅོམ་ལྡན་འདས་ཞོགས་པ་ཆུ་ཚོད་བཞི་པའི་ཐོག་གཟིམས་མལ་ལས་ཡར་བཞེངས་ཏེ། སྐུ་གཟུགས་ཁྲུས་གྲུབ་མ་ཐག་བཞུགས་གདན་དུ་འཁོད་ནས་ཆུ་ཚོད་གཅིག་རིང་སྒོམ་ལ་བཞུགས། དེ་ནས་ཆུ་ཚོད་ལྔ་པ་ནས་དྲུག་པའི་བར་ཆུ་ཚོད་གཅིག་རིང་ཁོང་གིས་ཡེ་ཤེས་སྤྱན་གྱིས་འཛམ་གླིང་ཀུན་ཏུ་གཟིགས་ཞིབ་གནང་སྟེ།གྲོགས་དན་ནམ་ཕན་པ་བསྒྲུབ་དགོས་པའི་གང་ཟག་ཡོད་མེད་ལ་གཟིགས་ཀྱིན་ཡོད། ཆུ་ཚོད་དྲུག་པའི་ཐོག་ངུར་སྨྲིག་གི་ན་བཟའ་བཞེས་ཏེ་དགོན་པ་དང་ཐག་ཉེ་ཤོས་ཀྱི་གྲོང་ཚོའམ་གྲོང་ཁྱེར་ཁག་ཏུ་བསོད་སྙོམས་ལ་ཕེབས་ནས་ཕྱིར་རང་ཤག་ཏུ་བྱོན་ཏེ་བཞུགས་པའམ།ཡང་ན་གང་ཟག་གང་ཡང་རུང་བར་ཛ་དྲག་གིས་སྐྱབས་སྦྱིན་ནམ་རོགས་དན་གནང་དགོས་པ་བྱུང་ཚེ། སངས་རྒྱས་མྱུར་སྟབས་ཀྱིས་རང་ཉིད་གཅིག་པུའམ་ཡང་ན་དགེ་འདུན་པ་ཁ་ཤས་དང་ལྷན་ཕེབས་ཀྱིན་ཡོད།

སངས་རྒྱས་ཁྱིམ་ཚང་གཅིག་ནས་གཅིག་ཏུ་བརྒྱུད་དེ་བསོད་སྙོམས་ལ་ཕེབས་དུས་ཁོང་གི་སྤྱན་ཟུང་གིས་ས་ལ་གཟིགས་ཤིང་།ལྷུང་བཟེད་དུ་ཞལ་ཟས་གང་ཞིག་ཕུལ་ཡང་ལེགས་ཉེས་ཀྱི་ཞལ་གསུང་ཅི་ཡང་མི་མཛད་པར་བཞེས་རྐྱང་གནང་གི་ཡོད། དེ་བཞིན་སངས་རྒྱས་བཅོམ་ལྡན་འདས་རང་གི་ཉན་ཐོས་རྣམས་དང་ལྷན་བསོད་སྙོམས་ལ་ཕེབས་སྐབས། ཉན་ཐོས་རྣམས་ཁོང་གི་སྐུ་རྒྱབ་ཏུ་པང་སྒྲིག་ཏེ་གྲལ་གཅིག་བྱས་ནས་ཕེབས་ཀྱི་ཡོད། གལ་སྲིད་ཡུལ་མི་རེས་སངས་རྒྱས་གུང་ཚིགས་སུ་གདན་འདྲེན་ཞུས་ན་ཁྱིམ་ཚང་དེར་ཕེབས་ནས་གུང་ཚིགས་བཞེས་གྲུབ་རྗེས། དེར་ཡོད་ཀྱི་སེར་སྐྱ་ཡོངས་ལ་བདེན་པ་བཞིའི་སྒོ་ནས་གསུང་ཆོས་ཀྱི་གདམས་པ་གནང་བཞིན་པར་མ་ཟད། སྐྱེ་བོ་གང་ཡང་རུང་བ་རེ་རབ་ཏུ་བྱུང་བར་འདོད་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ་ན། ཁོང་གིས་དེ་ཚོར་རབ་བྱུང་གི་སྡོམ་པ་ཡང་གནང་གི་ཡོད།