ཤོ།

ཡོང་ཁུངས་Wikipedia

༄༅་ཤོ་་

གསལ་བཤད།[རྩོམ་སྒྲིག]

ཤོ་རྩེད་ནི་བོད་ཀྱི་དམངས་ཁྲོད་རོལ་རྩེད་ནང་གི་ཆ་ཤས་ཞིག་ཡིན། ཤོ་རྩེད་ནི་བོད་མིའི་ནང་དར་ཁྱབ་ཆེ་ཤོས་ཀྱི་རིག་རྩེད་ཅིག་ཡིན་ལ་དེར་བོད་མིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེ་ནི་སྤྱིར་ཤོ་ཆས་ཆ་ཚང་ཞིག་ལ་ཤོ་ཆ་གཅིག་དང་ཤོ་གདན། ཤོ་ཕོར། ལག་ཁྱི་མི་འདྲ་བ་གཉིས་སམ་གསུམ། རྡེའུ་དྲུག་བཅུ་རེ་བཞི་བཅས་ཡོད། ཤོ་རྩེད་དེར་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ཞིག་ཡོད་པ་ནི་ཤོ་རྩེད་ལ་རོལ་སྐབས་ལྐུག་ཤོ་མིན་པར་བརྗོད་བྱ་ལོ་རྒྱུས་དང་། བཞད་གད། ཟུར་ཟ་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་ཤོ་བཤད་རྒྱག་རྒྱུ་ཡོད་པ་ནི་རིག་རྩེད་གཞན་གང་ཞིག་ལའང་མེད་པ་ཞིག་ཡིན། སྤྱིར་བཏང་ཤོ་ཡི་རྩེད་སྟངས་ལ་གཉིས་འཛིང་དང་གསུམ་འཛིང་གཉིས་སུ་འདོད། དེ་མིན་ད་དུང་མི་གཉིས་གཉིས་ཆ་བྱེད་པའི་ཆ་འཛིང་ཡང་ཡོད། ཤོ་འཛིང་རྒྱག་མཁན་ཕྱོགས་རེར་ལག་ཁྱི་དགུ་རེ་ཡོད་པ་དང་། ཤོ་མིག་གཞིར་བཟུང་རྡེའུ་གྲངས་རྩིས་ནས་ལག་ཁྱི་བཙུགས་པའམ་གཏོང་སྟངས་བྱེད་ཀྱི་ཡོད།།

ཤོ་སྐོར་རེའི་ཤོ་ཐེངས་དང་པོ་རྒྱག་དུས་ལག་ཁྱི་གཉིས་རེ་བཙུགས་ནས་ཤོ་མོ་ཟེར་རུང་། ཤོ་པ་རྗེས་མའི་ཤོ་མིག་ཤོ་པ་སྔོན་མ་དང་གཅིག་མཚུངས་ཡིན་ཚེ། ཤོ་མོ་བསད་པ་ཞེས་ཤོ་པ་སྔོན་མའི་ལག་ཁྱི་གཉིས་བཙུགས་ཤུལ་དུ་ལག་ཁྱི་གསུམ་སྟེ་གཅིག་གིས་མང་བ་བཙུགས་ཆོག་གི་ཡོད་པ་དང་། དེ་རྗེས་སླར་ཡང་ཁ་གཏད་ཀྱིས་ཤོ་རྒྱབ་སྟེ་ཤོ་མོ་སྐྱར་དུ་འཛུགས་པ་ཞེས་རེས་མོས་སུ་རྒྱག་དགོས་ཀྱི་ཡོད། གལ་ཏེ་ཤོ་དང་པོ་དེ་ཤོ་མིག་གཉིས་སམ་པ་ར་ལངས་ན་གཉིས་འཛིང་དང་གསུམ་འཛིང་གང་ཡིན་མ་ལྟོས་པར་ཐད་ཀར་ལག་ཁྱི་གསུམ་འཛུགས་ཀྱི་ཡོད་པ་དང་། གསུམ་འཛིང་སྐབས་ཤོ་མིག་གསུམ་ལངས་ཚེ་དེ་དང་འདྲ་བར་ལག་ཁྱི་གསུམ་འཛུགས་སྲོལ་ཡོད། དེ་ལྟར་སོ་སོའི་ཤོ་མོ་གཏན་འཁེལ་བྱུང་རྗེས་ཀྱི་ཤོ་རྒྱབ་ཚད་ལ་ལག་ཁྱི་གཅིག་རེ་ལས་འཛུགས་སྲོལ་མེད། རྒྱུད་རིམ་དེའི་ནང་ཤོ་མིག་ཐེབས་ན་རང་གི་ལག་ཁྱི་ཕན་ཚུན་རྩེག་ཆོག་པ་དང་ཁ་གཏད་ཀྱི་ལག་ཁྱི་བསད་ཆོག དེ་ལྟར་རང་གི་ལག་ཁྱི་རྩེག་པའམ་ཁ་གཏད་ཀྱི་ ལག་ཁྱི་བསད་ཚེ་རང་ལ་མུ་མཐུད་ཤོ་བརྡབ་དབང་རག་པ་ཡིན། ལག་ཁྱི་བསོད་སྐབས་གཅིག་ཁྱིས་གཅིག་ཁྱི་བསོད་པ་དང་། ཉིས་ཁྱི་ཉིས་ཁྱི་དང་གཅིག་ཁྱི་བསོད་པ་ལྟར་མང་ཁྱིས་ཉུང་ཁྱི་བསོད་པ་ལས་ཉུང་ཁྱིས་མང་ཁྱི་བསོད་ཐབས་མེད་པར་ཁ་བརྡབ་ཞེས་བརྗོད་ཀྱི་ཡོད། རང་གི་ལག་པའི་ནང་ལག་ཁྱི་ཡོད་རུང་འཛུགས་ས་མེད་པར་ཁ་བརྡབ་ན་བཙུགས་ཟིན་པའི་ལག་ཁྱི་གང་རུང་གཏོང་དགོས་པ་དང་། ལག་ཁྱི་དེ་དག་ཡང་སོ་སོར་ཁ་བརྡབ་ཀྱི་ཡོད་ཚེ་རང་སོར་བཞག་སྟེ་ཤོ་མུ་མཐུད་ཁ་གཏད་ཀྱིས་རྒྱག་པ་ཡིན། །ལག་ཁྱི་དགུ་ཚང་མ་མཉམ་དུ་རྩེག་ཐུབ་ན་དགུ་མོ་ཞེས་ཡག་ཤོས་སུ་བརྩི་བ་དང་། སུའི་ལག་ཁྱི་དགུ་ཚང་མ་ཤོ་མིག་གཞིར་བཟུང་སྔོན་ལ་རྡེའུ་གང་ཡོད་འགྲོལ་ཚར་ན་དེར་རྒྱལ་ཁ་ཐོབ་པར་བརྩི་ཡི་ཡོད།

ཤོ་རྩེད་ལ་རོལ་སྐབས་ཤོ་མིག་གང་རྒྱག་དགོས་པ་ཚང་མར་ཤོ་བཤད་ནང་དོན་ཕུན་སུམ་ཚོགས་པ་ཁག་མང་པོ་རྒྱག་རྒྱུ་ཡོད། དཔེར་ན། ཤོ་མིག་གཉིས་རྒྱག་དགོས་དུས། པ་ར་སྤེན་པ་བཀྲ་ཤིས་ཞུགས། རྒྱག་མཁན་འཕྲིན་ལས་རྣམ་རྒྱལ་རེད་ཅེས་དང་། ཤོ་མིག་བདུན་རྒྱག་དགོས་དུས། རི་སྡིངས་སྡིངས་གླ་བ་ཉལ་ས་རེད། ཉལ་དྲག་ན་གླ་བ་འཆི་ས་རེད་ཅེས་ལྟ་བུ་ཤོ་མིག་གཅིག་ཁོ་ན་སྨྲོས་པ་དང་། ཡང་ཤོ་མིག་དགུ་དང་བཅུ་གང་རུང་རྒྱག་དགོས་དུས། དགུན་ཆུ་རྟ་ལ་མ་སྟེར། རྟ་ཕོ་གྲང་ངད་ཀྱི་ཤི་ཡོང་ཞེས་དང་། ཤོ་མིག་ལྔ་དང་དགུ་གང་རུང་རྒྱག་དགོས་དུས། ཁ་སྒུག་གི་ཆང་ལས། ལུང་ཁུག་གི་དར་བ་ཞིམ་ཞེས་པ། ཤོ་མིག་བཅུ་དང་བཅུ་གཉིས་གང་རུང་རྒྱག་དགོས་དུས། ཆུ་འཇམ་པར་སྐྲ་ཞིག་བཀྲུས། དེ་ལ་ཆུ་འཇམ་སྐྲ་བཀྲུས་ཟེར་ཞེས་པ་ལྟ་བུ་ཤོ་མིག་ཁག་གཉིས་སྨྲོས་པ། དེ་བཞིན་བརྒྱད་རི་དྲུག་གསུམ་རྒྱག་རྒྱུ་ཡོད། དེ་འདྲའི་ཤོ་པའི་ཉམས་བཟང་ལ་ཞེས་པ་ལྟ་བུ་ཤོ་མིག་གསུམ་དང་གསུམ་ཡན་སྨྲོས་པ་སོགས་ཤོ་བཤད་འདྲ་མིན་གྲངས་ལས་འདས་པ་ཡོད་པ་རེ་རེ་བཞིན་ངོ་སྤྲོད་ཞུ་ཐབས་བྲལ། ཤོ་རྩེད་ལ་རོལ་སྐབས་ཤོ་ཆ་གཅིག་ལ་ཤོ་མིག་གཉིས་ནས་བཅུ་གཉིས་བར་ལངས་རྒྱུ་ཡོད་པ་དང་། ཤོ་མིག་དེ་རྣམས་ཚང་མར་ཡོངས་ཁྱབ་ཏུ་གཉིས་ལ་པ་ར་དང་། གསུམ་ལ་སུ་གེ བཞི་ལ་ཙིག་གི ལྔ་ལ་ཁ། དྲུག་ལ་ལུག བདུན་ལ་རི། བརྒྱད་ལ་ཤ། དགུ་ལ་གུག བཅུ་ལ་ཆུ། བཅུ་གཅིག་ལ་ཐོག བཅུ་གཉིས་ལ་ལྗང་སོགས་འབོད་ཀྱི་ཡོད་པའི་ཁར་ཤོ་མིག་རེ་རེར་ཡང་མིང་གི་རྣམ་གྲངས་མང་པོ་འབོད་རྒྱུ་ཡོད། དཔེར་ན། ཤོ་མིག་བདུན་ལ་རི་དང་སྡིག དེ་བཞིན་ཚིལ་དང་དིང་ཞེས་པ་ལྟ་བུའི་འབོད་སྲོལ་ཁག་མང་པོ་ཡོད་པ་ལྟ་བུའོ།།

ལོ་རྒྱུས།[རྩོམ་སྒྲིག]

པར་རིས་བར་འཁྱམས།[རྩོམ་སྒྲིག]


ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་༠༩ལོའི་བོད་སྐད་སྙན་སྒྲོན་འཛིན་གྲྭ གཉའ་ལམ་སྐལ་བཟང་ལྷུན་གྲུབ།

 ༄༅།  ། རབ་དཀར་གངས་རི་དཀར་པོས་ཡོངས་སུ་བསྐོར་བའི་བོད་ཡུལ་ཞིང་ཁམས་འདིར་འཚོ་བའི་བོད་རིགས་མང་

ཚོགས་ཚོས་རང་གི་འཚོ་གནས་བྱ་ཡུལ་གྱི་ཁོར་ཡུག་དང་བསྟུན་ཏེ་རྣམ་ཀུན་གྱི་འཚོ་བ་དངོས་དང་འཚམས་པའི་གྲ་རྒྱས་ལ་ཕུན་སུམ་ཚོགས་པའི་རོལ་རྩེད་རྣམ་པ་དུ་མ་ཞིག་གསར་གཏོད་མཛད་ཅིང་།མི་རབས་ནས་མི་རབས་བར་ཤུལ་འཛིན་དང་དར་སྤེལ་བཏང་གནང་བས།ང་ཚོ་མི་རབས་རྗེས་མ་རྣམས་ལ་སྲོལ་རྒྱུན་གྱི་རོལ་རྩེད་རྣམས་གྲངས་ཧ་ཅང་མང་པོ་ཞིག་བཞག་གནང་ཡོད། དཔེར་ན། ཨང་རྡོ། ཨ་ལྕུག མིག་མངས་རྡེའུ། ཐག་རྩེད། ཤོ་རྩེད། སྦག་ཆེན། སྟག་ས་ལུག་ས། ཤིང་འཛེགས། བོའོ་ཙེ། རྩལ་རྡོ། གླང་པོ་གཉའ་རྩེད། རྨ་བྱ་ཆུ་བཏུང་། རྟ་རྒྱུག་མདའ་འཕེན། རྒྱལ་པོ་རྒྱན་རྩེད། ས་གནོན་རྣམ་གཤག་སོགས་ཡོད།འདིར་ཤོ་རྩེད་སྐོར་མདོར་ཙམ་གླེང་བ་ལ།ཤོ་རྒྱག་པའི་སྲོལ་ནི་ཆོས་ལུགས་ཀྱི་བྱེད་སྒོ་མོ་ཤོ་ནས་རིམ་བཞིན་དམངས་ཁྲོད་དུ་དར་བར་གྲགས་ཤིང་།གླིང་རྗེ་གེ་སར་རྒྱལ་པོའི་སྐུ་དུས་སུ་དར་ཁྱབ་བྱུང་བར་ངོས་འཛིན་བྱེད་སྲོལ་ཡོད་ལ་ཡང་ལ་ལས་ཚོང་དཔོན་ནོར་བཟང་གིས་སྲོལ་གཏོད་པ་གསུངས་སྲོལ་ཡང་ཡོད་དོ།ཤོ་རྩེད་ལ་ལོ་རྒྱུས་ཡུན་རིང་ལྡན་པས་ཤོ་རྩེད་བྱེད་མཁན་སྣང་བ་སྐྱིད་པས་རྩེད་མཁན་མང་ལ་ཁྱབ་རྒྱ་ཆེ་བ།ཤོ་བཤད་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་འཚོ་བ་དངོས་དང་འབྲེལ་བ་དམ་ཟབ་ཡོད་པ་སོགས་དགེ་མཚན་དུ་མ་ལྡན་པས།དམངས་ཁྲོད་རྩེད་མོའི་ནང་ཐུན་མོང་མ་ཡིན་པའི་རྩེད་མོ་ཁྱད་མཚར་ཅན་ཞིག་ཡིན།ལུགས་མཐུན་ནམ་སྲོལ་རྒྱུན་གྱི་ཤོད་རྩེད་ལ་ཚང་དགོས་པའི་ཆ་རྐྱེན་ནི་འདི་ལྟར་ཡིན་ཏེ། ཤོ་དང་། ཤོ་ཕོར། བརྡབས་ཟེ། ཤོ་གདན། ལག་སྐྱི། རྡེའུ། ཤོ་ཁུག ཤོ་པ། ཤོ་བཤད། ཤོ་རྒྱག་ཡུལ། ཤོ་རྒྱག་སྟངས། རྒྱན་བཙུགས་སོགས་ཡིན་དགོས། དེ་དག་གི་སྐོར་རེ་རེ་བཞིན་གཤམ་དུ་ངོ་སྤྲོད་ཞུ་བ་ལགས།

གཅིག ཤོའི་སྐོར་གླེང་བ།

ཤོ་ནི་ཤོ་རྩེད་ཀྱི་རྩ་བའི་ཆ་རྐྱེན་ནམ་གྲུབ་ཆ་གཙོ་བོ་ཡིན། ཤོ་ལ་དབྱེ་ན་རྡོ་ཤོ་དང་། རུས་ཤོ ཤིང་གི་ཤོ སྤོས་དཀར་གྱི་ཤོ་སོགས་རིགས་ཅུང་མང་ཙམ་ཡོད། དེ་ཡང་ཤོའི་དངོས་རྒྱུ་གཙོ་བོ་ནི་རྡོ་དང་། རུས་པ། ཤིང་། སྤོས་དཀར་སོགས་ལས་བཟོས་པ་ཡིན་ལ།སྔོན་མའི་དུས་སུ་རྡོའི་ཤོ་ནི་ཐོ་ལོ་ཀའམ་རྡོ་ཧ་ཤིག་གི་གཙོ་བྱས་པའི་རིགས་དང་།རུས་པའི་ཤོ་ནི་སྲོག་ཆགས་ཀྱི་རུས་པར་ཟོས་པའི་ཤོ་ཡིན་ལ་བ་སོ་སྟེ་གླང་ཆེན་གྱི་སོ་ལས་བཟོས་པའི་ཤོ་ནི་རིན་ཐང་ཆེན་པོར་འཛིན་གྱི་ཡོད།ཤིང་གི་ཤོ་ནི་ཤིང་སྤ་མོ་དང་སྟག་པས་གཙོ་བྱས་པའི་ཤིང་རིགས་ལ་བཟོས་པའི་ཤོ་ཡིན་པ་དང་།དེང་དུས་འགྱིག་སྤོས་དཀར་ལས་བཟོས་པའི་ཤོ་ཅུང་མང་ཙམ་ཡོད།ཤོའི་བཟོ་དབྱིབས་ནི་གྲུ་བཞི་ལྷམ་པ་ཡིན་ལ།ཤོ་རེ་ལ་ངོས་དྲུག་དང་ངོས་རེས་ཤོ་མིག་རེ་མཚོན་གྱི་ཡོད་དེ་ཤོ་མིག་གཅིག་ནས་དྲུག་བར་ཡོད་ཅིང་།ཤོ་མིག་ལ་ཡང་ཡུལ་ལུང་སོ་སོའི་སྐད་བརྡ་དང་ཡུལ་གཤིས་ཅུང་མི་འདྲ་པའི་དབང་གི་ཤོ་མིག་རྣམས་ལ་ཡང་མིང་འབོད་ཚུལ་མི་གཅིག་པས་ཡུལ་ཁག་གི་ཤོ་མིག་གི་མིང་འབོད་ཚུལ་རྣམས་གཤམ་གྱི་རེའུ་མིག་ལ་གཟིགས་པར་འཚལ། ། ཡུལ་ལུང་ཁག་གི་ཤོ་མིག་སོ་སོའི་མིང་འབོད་ཚུལ་གྱི་རེའུ་མིག ཤོ་མིག ཤོ་མིག་གི་མིང་འབོད་ཚུལ། ༡ དང་༢ གཅིག གཉིས། པ་ར། ཕག ༣ གསུམ། སུག སུ་གེ ཙོག མཛོ་ཕོ། ༤ བཞི། སི། ཙི་གེ ཟིག ཚིགས། ༥ ལྔ། ཁ། ༦ དྲུག ལུག ཐུག འབྲུག ༧ བདུན། རི། སྡིག ༨ བརྒྱད། ཤ ཞབས། ༩ དགུ གུང་། ༡༠ བཅུ། ཆུ། ༡༡ བཅུ་གཅིག ཐོག རྡོག་ རྡོག་གེ ༡༢ བཅུ་གཉིས། ལྕམ། འཇང་། ཆངས།


ཤོ་རྩེད་ལ་ཤོ་གཉིས་ཚང་དགོས་པ་དང་།ཤོ་རྩེད་ཀྱི་ཤོ་གཉིས་པོ་ངེས་པར་དུ་བདུན་ཤོ་སྒྲིག་པའི་ཤོ་ཆ་གཅིག་དགོས།༼བདུན་ཤོ་སྒྲིག་པ་༽ཞེས་པ་ནི་ཤོ་གཉིས་པོ་ཆ་སྒྲིག་ནས་སྟེང་འོག་དང་།རྒྱབ་མདུན་གཡས་གཡོན་སོ་སོའི་ཤོ་གཉིས་པོའི་ངོས་གཉིས་ཀྱི་ཤོ་མིག་གཉིས་བསྡོམས་པའི་ཐོབ་གྲངས་བདུན་ཁོ་ན་སླེབས་པ་ལ་ཟེར་ཞིང་།དེའི་དགོས་པ་ནི་སྐོར་ཤོ་རྒྱབ་དུས་རང་གི་སྐོར་བའི་ཤོ་མིག་དེ་བསྟན་བདེ་བའམ་བསྟན་ཤུགས་ཆེ་བའི་དགེ་མཚན་ལྡན།༼སྐོར་ཤོ༽ཞེས་པ་ནི་གལ་ཏེ་ཤོ་མིག་རྡོག་གམ་བཅུ་གཅིག་བརྒྱག་དགོས་ཚེ།སུག་གམ་གསུམ་གྱི་ཤོ་མིག་དེ་ཁ་གཏད་ནས་བརྒྱབ་དགོས་པ་དང་།པ་ར་རྒྱག་སྐབས་འཇམ་མམ་བཅུ་གཉིས་ཀྱི་ཤོ་མིག་དེ་ཁ་གཏད་ནས་རྒྱག་པ་སོགས་ཤོ་མིག་སོ་སོའི་སྟེང་འོག་གཉིས་གཏད་དེ་བརྒྱབ་པར་གོ་དགོས་སོ། །

གཉིས་པ། ཤོ་ཕོར་སྐོར། ཤོ་ཕོར་ཞེས་པ་ནི་ཤོ་རྒྱག་སྐབས་ཤོ་བླུགས་སའི་སྣོད་ཅིག་ཡིན་པ་དང་།དེའི་བཟོ་ལྟ་ང་ཚོའི་ཇ་ཕོར་དང་འདྲ་ཞིང་ནང་དུ་ཤོ་བླུགས་ཏེ་ཁ་སྦུབས་སུ་རྒྱག་པས་ཤོའི་ཕོར་པའམ་ཤོ་ཕོར་དུ་གྲགས།ཤོ་ཕོར་གྱི་རྒྱུ་གཙོ་བོ་ཤིང་ལས་བཟོས་པ་ཤ་སྟག་ཡིན་པ་ན་ཤོ་ཕོར་དེ་ཡང་བས་ཤོ་རྒྱག་དུས་ལག་པར་ན་ཟུག་མི་གཏོང་བ་དང་།ལ་ལས་ཤོ་ཕོར་ལ་ལྕག་ཕོར་གྱི་ཚབ་བྱེད་མཁན་ཡང་ཡོད།ཤོ་ཕོར་གྱི་དཀྱིལ་དུ་ཨི་ཁུང་ཆུང་ཆུང་ཞིག་ཡོད་པ་དེ་ནི་ཤོ་ཕོར་ནང་དུ་ཤོ་བླུགས་ནས་ཁ་སྦུབས་སུ་རྒྱག་དུས་རླུང་རྣམས་ཨི་ཁུང་འདི་ནས་ཐོན་པས་རླུང་གི་གནོན་ཤུགས་སེལ་བའི་ནུས་པ་ལྡན་པ་དང་།དེར་ཕྱི་རྩི་བྱུག་པས་མཛེས་ཆོས་ཤིག་ཏུ་མངོན་ལ་ཤོ་ཕོར་ལ་བདེ་སྲུང་བྱེད་པའི་ནུས་པའང་ལྡན།ཤོ་ཕོར་གྱི་ཐོན་ས་གཙོ་བོ་གཞིས་རྩེའི་སྐྱིད་གྲོང་སོགས་རོང་མཚམས་ཁག་ནས་ཡིན། །

ཤོ་དང་ཤོ་ཕོར་དཔེ་རིས། གསུམ་པ། བརྡབས་ཟེ། བརྡབས་ཟེའམ་བརྡབས་སེ་ཞེས་པ་ནི་ཤོ་རྒྱག་སྐབས་ཤོ་ཕོར་འདི་ཉིད་བརྡབས་ས་ཡིན།བརྡབས་ཟེའི་དབྱིབས་ནི་ཀ་ཟླུམ་ལེབ་མོའམ་སྒོར་མོ་ཡིན་ཅིང་།དེའི་རྒྱུ་གཙོ་བོ་ནི་ཀོ་བ་ལས་བཟོས་ཤིང་ཀོ་བ་ཕལ་ཆེ་བའང་གཡག་ཀོ་ཤ་སྟག་ཡིན་ཏེ་གཡག་གི་ཀོ་བས་བཟོས་ཚེ་དུས་ཡུན་རིང་པོའི་བཀོལ་སྤྱོད་བྱེད་ཐུབ་པའི་དགེ་མཚན་ལྡན་ཡོད།ཀོ་བརྩེགས་བྱས་ཏེ་དཔངས་ལ་ལིའི་རྨིད་གཉིས་ནས་གསུམ་བར་ཡོད་འདུག་དེ་ཡང་བརྡབས་ཟེ་ཇི་ཙམ་གྱིས་མཐུག་ཚེ་ཤོ་ཕོར་བརྡབས་ཟེར་བརྡབས་དུས་འདེབས་སྒྲའང་དེ་ཙམ་གྱིས་གྲགས་ཆེ་བས་ཤོ་རྒྱག་དུས་འཁྲུག་ཆ་དོད་པོར་སྣང་ལ་ཤོ་པ་ཡང་ལག་པ་མི་ན་བའི་ནུས་པ་ལྡན།ཡང་འགའ་ཤས་ལ་བརྡབས་ཟེ་མེད་པར་ཐད་ཀར་ཤོ་གདན་གྱིས་བརྡབས་ཟེ་དང་ཤོ་གདན་གཉིས་ཀ་ཚབ་བྱེད་པའང་ཡོད། །

བཞི་པ། ཤོ་གདན། ཤོ་གདན་ནི་ཤོ་རྒྱག་སྐབས་ཤོ་དང་། ཤོ་ཕོར། བརྡབས་ཟེ། ལག་སྐྱི། རྡེའུ་སོཊ་དེའི་སྟེང་དུ་འཇོག་པའམ་དེ་དག་ གི་འོག་ཏུ་བཏིངས་པས་ཤོ་གདན་དུ་འབོད།ཤོ་གདན་གྱི་དབྱིབས་ཕལ་ཆེ་བ་ནི་གྲུ་བཞི་ཁ་གང་མ་ཡིན་ལ་འགའ་ཤས་ནར་མོའང་ཡོད་དེ་དག་ཕལ་ཆེ་བ་ནི་ཀོ་བ་ལས་བཟོས་པའི་ཀོ་གདན་དང་།སླེའུ་དང་ཕྱར་བ་སོགས་ཀྱི་བྱེད་ཀྱི་ཡོད་ཅིང་།དེ་དག་ནི་གདན་གྱི་ནང་ནས་ཅུང་ལྕི་བས་ཤོ་རྒྱག་སྐབས་ཤོ་ཕོར་བརྡབས་ཟེའི་སྟེང་དུ་བརྡབས་དུས་ལག་སྐྱི་དང་རྡེའུ་ཁ་ཐོར་བའམ་གནས་ས་འཁྲུལ་བ་སོགས་མི་ཡོང་བར་རང་གར་གནས་པའི་དགེ་མཚན་ལྡན།དེང་དུས་ཀོ་གདན་དང་སླེའུ།ཕྱ་རར་རིན་ཐང་ཅུང་མཐོ་བའི་སྟེང་ལ་ཤོ་གདན་ནི་ཧ་ཅང་གཟན་པས་ཕལ་ཆེ་བས་དེའི་རིན་གོང་དམའ་བའི་ཀམ་པ་གླིང་སོགས་ཀྱི་ཚབ་ཏུ་བྱེད་དོ། །

ཤོ་དང་བརྡབས་ཟེ་ཤོ་གདན་བཅས་ཀྱི་དཔེ་རིས། ལྔ་པ། ལག་སྐྱི། ལག་སྐྱིའམ་ལག་ཁྱི་ནི་དང་ཐོག་ཤོ་པའི་ལག་པར་གཉེར་བ་དང་ཤོ་རྒྱབ་རྗེས་ཤོ་མིག་ཇི་བཞིན་རྡེའིུས་གྲངས་གནས་སྟེང་དུ་གཏོང་བས་ན་ལག་སྐྱིའམ་ལག་ཁྱིར་ཟེར།ད་རྒྱུན་དུ་རྔོན་རྒྱག་མཁན་རྣམས་ཀྱི་རྔོན་པར་ཤ་ཁྱི་བཏང་བའི་ཚུལ་དང་འདྲ་བས་ལག་ཁྱིའམ་ལག་སྐྱིར་འདོད།ཤོ་རྒྱག་སྐབས་ལག་སྐྱི་རིགས་མི་འདྲ་བ་གསུམ་དགོས་ཤིང་རིགས་མི་འདྲ་བ་རེར་ལག་སྐྱི་གྲངས་དགུ་དགོས།སྔ་མོའི་དུས་ཀྱི་ལག་སྐྱི་ནི་རྡོ་དང་།རུས་པ།རྒྱུག་པ།དེ་བཞིན་ལྕགས་རིགས་སོགས་ཀྱི་མཚོན་པར་བྱེད།རྡོ་ལ་བཟོས་པའི་ལག་སྐྱི་ནི་བཟོ་དབྱིབས་མི་འདྲ་བ་གསུམ་སྟེ་སྒོར་མོ་གཅིག་དང་།ནར་མོ་གཅིག་ཟུར་གསུམ་གཅིག་བཅས་དེ་གསུམ་གྱི་མཚོན་པ་བྱེད་ལ།ཤིང་རིགས་མི་འདྲ་བ་གསུམ་མམ་ཡང་ན་རྒྱུག་པ་རིང་ཐུང་མི་འདྲ་བ་གསུམ་གྱི་མཚོན་པར་བྱེད།དེང་དུས་ཞིང་འབྲོག་ཁུལ་འགའ་རེ་སྔ་སྲོལ་ལྟར་རྡོ་དང་རུས་པ་ཤིང་སོགས་ལས་བཟོས་པའི་ལག་སྐྱི་དེ་དག་བེད་སྤྱོད་བྱེད་པ་ཕུད་ཕལ་ཆེ་བས་ལྕགས་རིགས་ལས་བཟོས་པའི་ལག་སྐྱི་བེད་སྤྱོད་བྱེད་དེ་བོད་དངུལ་ཞོ་གང་དང་།ཀྲང་ཀ་དཀར་ར་སྟེ་མིན་གོའི་དུས་ཀྱི་དངུལ་སྲང་དང་། ཟླ་ཡང་། དུང་ཙེ། ཧྥིང་སོགས་ཀྱི་བྱེད་དོ། །

ལག་སྐྱིའི་དཔེ་རིས། དྲུག་པ། རྡེའུ། རྡེའུ་ཞེས་པ་ནི་རྡོ་རིལ་ཆུང་ཆུང་ལ་ཟེར་བ་དང་རྡོ་རིལ་ཆུང་ཆུང་རྣམས་ཤོ་རྩེད་ལ་མཁོ་བས་ཕྱིས་སུ་རྡེའུ་ཞེས་ཤོ་རྩེད་ཀྱི་གྲུབ་ཆ་ཞིག་ལ་གྱུར་བ་འདྲ།རྡེའུར་རྡོ་རིལ་ཆུང་ཆུང་དང་ཁམ་ཚིག་འགྲོན་བུ་སོགས་ཀྱི་བྱེད་སྲོལ་ཡོད།དེ་སྔོན་གྱི་རྡེའུ་ནི་རྡོ་ལུ་མ་རྡོ་རོག་གམ་རྡོ་ཆུ་རིང་བསིང་ཏེ་སྨན་རྫས་སུ་འགྲོ་བའི་རྡོ་རིལ་ཆུང་ཆུང་ཞིག་ཡོད་པ་དེ་ཡིས་བྱེད་ལ་ཡང་འགའ་རེས་རྡོ་རིལ་ཆུང་ངུ་གང་དག་གིས་ཀྱང་ཚབ་བྱེད་སྲོལ་ཡོད་ཅིང་།དེང་དུས་རྡེའུ་ཕལ་ཆེ་བ་ཁམ་ཚིག་དང་འགྲོན་བུ་ཡི་བྱེད་ཀྱི་ཡོད་དེ་ཁམ་ཚིག་ནི་ཤིང་ཏོག་ཁམ་བུའི་ནང་སྙིང་གི་རུས་པ་དོར་བའི་ཤུལ་གྱི་ཚི་གུའོ།ཤོ་རྩེད་ཀྱི་རྡེའུ་ནི་ཤོ་མིག་གི་ཁ་གྲངས་བཞིན་ཁྱོན་བསྡོམས་༧༧དགོས་པ་དང་།དྲུག་འཛིང་སྐབས་རྡེའུ་གྲངས་༡༠༨དགོས་ཀྱི་ཡོད།ཤོ་རྒྱག་དུས་ལག་སྐྱི་རྣམས་ཤོ་མིག་གཞིར་བཟུང་རྡེའུ་ཡི་སྟེང་དུ་གཏོང་བ་དང་།ལག་སྐྱི་དག་བཏང་རྗེས་རྡེའུ་ཆ་ཚང་རྫོགས་ཚེ་ལ་ཕུད་པ་ཞེས་ཤོ་ཕྱིན་པའམ་ཤོ་ཐོབ་པའི་ཚུལ་དུ་འཛིན་ནོ།ཡང་ཤོ་པ་འགས་ཤོ་སྦག་སྒྲ་ཞེས་རྡེའུ་དང་ལག་སྐྱི་མི་དགོས་པར་ཤོ་རྒྱག་སྲོལ་ཡོད་དེ་གཙོ་བོ་ཤོ་པ་ཕན་ཚུན་ཤོ་མིག་ཆེ་ཆུང་བསྡུར་བའམ་ཡང་ན་ཤོ་མིག་པ་ར་དང་།སུག་གེ རྡོག་གེ ལྕམ་ མོ་སོགས་དེ་དག་ནང་ནས་གང་རུང་ཞིག་བསྟན་ཚེ་ཤོ་ཐོབ་པར་བརྩི་སྲོལ་ཡོད། །

བདུན་པ། ཤོ་ཁུག ཤོ་ཁུག་ནི་ཤོ་བླུགས་སའི་ཁུག་མ་སྟེ་ཤོ་དང་། ཤོ་ཕོར། བརྡབས་ཟེ། ལག་སྐྱི། རྡེའུ་རྣམས་བླུགས་སའི་སྣོད་ལ་ཤོ་ཁུག་ཏུ་འབོད་ཅིང་།ཤོ་ཁུག་དེ་རྣམས་ཀོ་བ་དང་།སྣམ་བུ་ཐེར་མ།སྒོ་སྣམ་གྱི་བཟོ་གི་ཡོད་ཅིང་འགའ་ཤས་རས་ཀྱི་བཟོས་པའང་ཡོད། །

ཐེར་མ་དང་སྣམ་བུས་བཟོས་པའི་ཤོ་ཁུག་གི་དཔེ་རིས། བརྒྱད་པ། ཤོ་པ། ཤོ་པ་ནི་ཤོ་རྒྱག་མཁན་ནམ་ཤོ་རྩེད་མཁན་རྣམས་ལ་ཟེར།ཤོ་རྒྱག་སྐབས་ཤོ་པ་གཉིས་དང་།གསུམ་མམ་བཞི་དགོས་པ་དང་།འགའ་ཤས་སུ་ཤོ་པ་དྲུག་གིས་མཉམ་དུ་རྩེད་སྲོལ་ཡོད་ཅིང་ཚད་ལྡན་གྱི་ཤོ་རྩེད་ལ་ཤོ་པ་གསུམ་ཡོད་དགོས།ཤོ་པ་གཉིས་ཀྱི་ཤོ་རྩེད་ལ་ཉིས་འཛིང་དང་།གསུམ་ལ་གསུམ་འཛིང་།བཞི་ལ་བཞི་འཛིང་།དྲུག་ལ་དྲུག་འཛིང་དུ་འབོད་སྲོལ་ཡོད་ཅིང་།ཉིས་འཛིང་སྐབས་ལག་སྐྱི་རིགས་མི་འདྲ་བ་གཉིས་སྤྱོད་པ་དང་།གསུམ་འཛིང་ལ་ལག་སྐྱི་རིགས་མི་འདྲ་བ་གསུམ་སྤྱོད་པ་བཞི་འཛིང་སྐབས་ཤོ་པ་ཁ་སྤྲོད་གཉིས་ཕྱོགས་གཅིག་བྱས་ཏེ་ཤོ་པ་གཉིས་ཀྱི་ལག་སྐྱི་རིགས་གཅིག་རེ་བྱས་པས་ཁྱོན་ལག་སྐྱི་རིགས་མི་འདྲ་བ་གཉིས་སྤྱོད་པ་དང་།དྲུག་འཛིང་སྐབས་ཤོ་པ་གཉིས་རེ་ཕྱོགས་གཅིག་བྱས་ནས་ཚོ་པ་གསུམ་གྱི་ལག་སྐྱི་རིགས་མི་འདྲ་བ་གསུམ་པོ་ཆ་ཚང་སྤྱོད་སྲོལ་ཡོད་པ་དང་།དྲུག་འཛིང་སྐབས་ཤོ་པ་མང་བ་དང་རྡེའུ་གྲངས་ཁ་སྣོན་བྱེད་དགོས་པ་དང་རྒྱག་ཡུན་རིང་བ་སོགས་ཀྱི་རྐྱེན་པས་དྲུག་འཛིང་རྩེད་མཁན་ཡང་ཤིན་ཏུ་ཉུང་།ཤོ་རྒྱག་མཁན་ཞིག་ཡིན་ཚེ་ཤོ་པར་འདོད་པས་བོད་རིགས་འདུས་སྡོད་བྱེད་པའི་ཡུལ་གྲུ་ཀུན་དུ་གཞོན་དར་རྒན་གསུམ་གྱི་ཤོ་རྩེད་ལ་དགའ་པོ་བྱེད་ལ་བྱང་ཆུབ་པོའང་ཡོད།ཡུལ་གྲུ་ལ་ལར་ཤོ་པ་ཕལ་ཆེ་བ་ནི་སྐྱེས་པ་བུ་ལས་བུད་མེད་ཀྱི་ཤོ་པ་ནི་ཧ་ཅང་ཉུང་ལ་ཤོ་པའི་གཉེན་སྤུན་དུ་འགྲོ་བའི་བུད་མེད་རྣམས་ཤོ་རྒྱག་སའི་མཁྲིས་སུ་མི་སྡོད་པའམ་སྐྱེས་པ་དང་མཉམ་དུ་ཤོ་མི་རྩེ་བ།ཤོ་རྩེད་མཁན་ཚང་མ་བུད་མེད་ཡིན་པ་ལས་སྐྱེས་པ་བུ་དང་མཉམ་དུ་མི་རྒྱག་སོགས་ནི་ཤོ་བཤད་ཀྱི་ནང་དོན་དང་འབྲེལ་བ་དམ་ཟབ་ཡོད་པའི་རྐྱེན་གྱི་ཡིན་ལ་ཡང་ཡུལ་ཀླུང་འགར་བུད་མེད་ཀྱི་ཤོ་རྩེད་བྱས་ན་རྣམ་ཏོག་བྱེད་སྲོལ་ཡོད་པས་བུད་མེད་རྣམས་ཤོ་མི་རྩེ་བ་ཡང་ཡོད། །

དགུ་པ། ཤོ་བཤད། ཤོ་རྩེད་སྐབས་ཤོ་མིག་གཞིར་བཟུང་དེར་བཤད་པ་རྒྱག་པ་ལ་ཤོ་བཤད་ཅེས་ཟེར།ཤོ་བཤད་ཀྱི་ནང་དོན་ཐད་ལོ་རྒྱུས་དང་། ཆོས་ལུགས། རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་རྣམ་ཀུན་འཚོ་བ་དངོས་དང་འབྲེལ་ཏེ་བསླབ་བྱ་དང་། ཟུར་ཟ། ཐེར་འདོན། དགོད་གཏམ་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ལྡན་ཡོད་པས་ཤོ་བཤད་འདི་ནི་བོད་ཀྱི་ དམངས་ཁྲོད་རོལ་རྩེད་གཞན་དང་ཐ་ན་འཛམ་གླིང་མི་རིགས་གཞན་གྱི་རོལ་རྩེད་གང་ལའང་མེད་པའི་དམིགས་གསལ་གྱི་ཁྱད་ཆོས་ཤིག་ལྡན་ཡོད། ཤོ་རྒྱག་སྐབས་ཤོ་བཤད་རྒྱག་པའི་དགོས་པ་ནི་ཤོ་བཤད་ཇི་བཞིན་ཤོ་མིག་འདི་ཉིད་བསྟན་ པའི་རེ་བ་བྱེད་པ་དང་གཅིགཤོ་བཤད་ལ་བརྟེན་ནས་ཤོ་པའི་ངར་ཤུགས་ཇེ་ཆེར་འཕེལ་ཏེ་ཕ་རོལ་འགྲན་རྩོད་ཀྱི་བསམ་པ་ལས་རྣམ་པར་རྒྱལ་བྱེད་དང་གཉིས། ཤོ་བཤད་ལ་བརྟེན་ནས་ཤོ་པ་རང་ཉིད་ཀྱི་རིག་སྟོབས་གཞན་ལ་ངོམས་པ་དང་ གསུམ། ཤོ་བཤད་ལ་བརྟེན་ནས་ཤོ་པ་རང་ཉིད་དང་ཉེ་འཁོར་རྣམས་སྤྲོ་སྣང་འཕེལ་བྱེད་དང་བཞིའོ། ཤོ་རྒྱག་སྐབས་ཤོ་ པའི་འགྲམ་དུ་ལྟད་མོ་བལྟ་བའམ་ཤོ་བཤད་ཉན་ཚེ་ཧ་ཅང་སྤྲོ་པོ་ཡོང་གི་ཡོད་དེ་དཔེར་ན་ལྷ་སའི་མཛད་སྤྲོད་ཇ་ཁང་ནང་ཤོ་རྒྱག་མཁན་ལས་ལྟད་མོ་བལྟ་མཁན་མང་བ་ཡོད་པ་ལྟ་བུ། དེང་དུས་གྲོང་ཁྱེར་ནང་ཤོ་བཤད་སྐོར་གྱི་དཔེ་དེབ་མང་ པོ་འཚོང་རྒྱུ་ཡོད་ཀྱང་ཤོ་པ་འགའ་ཤས་ཕུད་མང་ཆེ་བས་ཤོ་རྒྱག་ཤེས་པ་ཙམ་ལས་ཤོ་བཤད་བཤད་ཐུབ་མཁན་མེད་དེ། དཔེར་ན།ལྷ་སའི་མཛད་སྤྲོད་ཇ་ཁང་ནང་མི་ཚོགས་མཐུག་དུས་སམ་གཟའ་མཇུག་སྐབས་ལ་ཤོ་པ་ཚོ་ཁག་བཅུ་གྲངས་ལྷག་ཙམ་མཆིས་ཀྱང་ཤོ་བཤད་རྒྱག་ཤེས་མཁན་གྱི་ཤོ་པ་ནི་ཅུང་ཉུང་།ཞིང་འབྲོག་ས་ཁུལ་དུ་ཆ་བཞག་ན་ཤོ་རྒྱག་ཤེས་མཁན་ཞིག་ཡིན་ཚེ་ཕལ་ཆེ་བས་ཤོ་བཤད་རྒྱག་ཐུབ་ཅིང་།ཐ་ན་ཡིག་རྨོངས་སམ་བྱིས་པ་ལོ་བརྒྱད་ཞིག་ཡིན་ནའང་ཤོ་བཤད་ཐད་ཐོག་པ་མེད། ། ༡ ཤོ་བཤད་རྒྱག་སྟངས་ཀྱི་དབྱེ་བ། ཤོ་བཤད་རྒྱག་སྟངས་ཀྱི་དབྱེ་བ་ལ་ཤོ་མིག་གཅིག་གི་ཤོ་བཤད་དང་།ཤོ་མིག་ཟུང་སྦྲེལ་གྱི་ཤོ་བཤད་གཉིས་ཡོད།ཤོ་མིག་གཅིག་གི་ཤོ་བཤད་ནི་ཤོ་མིག་གཅིག་ཁོ་ནར་འགྲོ་བའི་ཤོ་བཤད་ལ་ཟེར།ཤོ་པར་ཤོ་མིག་གཅིག་རྒྱག་དགོས་པའམ་ཡང་ན་ཤོ་མིག་ག་གེ་མོ་ཞིག་བསྟན་པར་ཤོ་མིག་གཅིག་གི་ཤོ་བཤད་རྒྱག་པ་དཔེར་ན།ཤོ་མིག་བརྒྱད་ཀྱི་ཤོ་བཤད་ནི་ཤར་རེར་ཤར་རེར་འགྲོ་བ་དེ།ཨ་ཕོ་སྤྱང་ཀིའི་འགྲོ་སྟངས་རེད།ལྟ་བུ།ཤོ་མིག་ཟུང་སྦྲེལ་གྱི་ཤོ་བཤད་ནི་ཤོ་མིག་གཉིས་ཀྱི་བཤད་པ་དེ་ཤོ་བཤད་གཅིག་ཏུ་བསྡུས་ནས་བརྗོད་པ་ལ་ཟེར་ཞིང་།དེ་ནི་ཤོ་མིག་གང་རུང་གཉིས་རྒྱག་པའམ་བསྟན་དགོས་ཚེ་ཤོ་མིག་དེ་གཉིས་གཅིག་བསྡུས་ཐོག་ཤོ་བཤད་ཞིག་རྒྱག་པ་དཔེར་ན།ཤོ་མིག་བརྒྱད་པ་དང་དྲུག་གམ་ཤ་དང་ལུག་གི་ཤོ་བཤད་ཟུང་སྦྲེལ་ལ། ཤ་ཧྲུག་མར་ལ་བརྔོས་པའི། ཏིག་ཕྲུག་དཔུང་ཐང་ཤིག་ཤིག ལྟ་བུའོ། ༢ ཤོ་བཤད་རྩོམ་སྟངས་ཀྱི་ཁྱད་ཆོས། ཤོ་མིག་གཅིག་གི་ཤོ་བཤད་ཚང་མའི་ཐུན་མོང་གི་ཁྱད་ཚོས་ནི་ཤོ་མིག་དེ་དང་འབྲེལ་ཡོད་ཀྱི་མིང་ཚིག་དེ་སྤྱིའི་ཆ་ནས་ཤོ་བཤད་ཀྱི་ཐོག་མའམ་འགོར་འཇོག་གི་ཡོད། དཔེར་ན། ཁ་ངན་པས་ཕོག་ཐུག་འགྲོ་ས་ མེད། ལག་ངན་པས་ཇག་རྐུན་བྱེད་ས་མེད་ཞེས་པའི་ཁ་ནི་ཤོ་མིག་ལྔའི་འབོད་སྟངས་དང་དེ་ཤོ་བཤད་དེའི་ཐོག་མར་ འཇོག་པའོ། ཤོ་མིག་ཟུང་སྦྲེལ་གྱི་ཤོ་བཤད་ནི་ཤོ་མིག་གཉིས་གཅིག་བསྡུས་བྱས་པ་སྦྲགས་དེ་གཉིས་འབྲེལ་ཡོད་ཀྱི་མིང་ ཚིག་གཅིག་ལ་བཟོས་ཏེ་མཐར་ཤོ་མིག་གཅིག་གི་ཤོ་བཤད་དང་འདྲ་བར་ཤོ་བཤད་ཀྱི་ཐོག་མའམ་འགོར་འཇོག་གི་ཡོད། དཔེར་ན། རི་རྡོ་ཟད་ཟད་གངས་ལ་ཕྱིན། དེ་ནས་གངས་ལ་ཉི་མ་ཤར་ལྟ་བུར་མཚོན་ན་རི་རྡོ་ཞེས་ཤོ་མིག་བདུན་ལ་རི་ དང་ཤོ་མིག་བཅུ་གཅིག་ལ་རྡོག་ཏེ་དེ་གཉིས་མིང་ཚིག་རི་རྡོ་བརྗོད་ནས་ཤོ་བཤད་དུ་གྲུབ་པ་ལྟ་བུའོ།ཤོ་བཤད་རྩོམ་གྱི་དམིགས་གསལ་གྱི་ཁྱད་ཆོས་རྣམས་གཤམ་དུ་བརྗོད་པར་བྱའོ། ༡ ཤོ་བཤད་དེའི་ནང་ཤོ་མིག་གི་མིང་འབོད་ཚུལ་དང་འདྲ་བའི་ཡི་གེ་ཡོད་པའི་ཤོ་བཤད། དཔེར་ན། འབྲུག་པའི་ སྣམ་བུ་ཆུ་ལ་བཀྲུས། སྣམ་བུ་དྲུག་པོའི་ཚོས་གཞི་ལོག་ལྟ་བུར་མཚོན་ན། འབྲུག་ནི་ཤོ་མིག་དྲུག་གི་མིང་འབོད་ཚུལ་ཡིན། ༢ ཤོ་བཤད་དེའི་ནང་ཤོ་མིག་གི་མིང་འབོད་ཚུལ་གྱི་ཡི་གེ་དང་སྒྲ་གཅིག་པའི་ཡི་གེ་ཡོད་པའི་ཤོ་བཤད། དཔེར་ན། ཕྱུ་པ་དཀར་པོ་ཨ་མས་གཡོགས། མིང་ལ་སྐྱ་རིལ་ཨ་མས་བཏགས། ཕྱུ་ཞེས་པ་དང་ཤོ་མིག་བཅུའི་ཆུ་དང་སྒྲ་འདྲ་བའོ། ༣ ཤོ་བཤད་དེའི་ནང་ཤོ་མིག་གི་མིང་འབོད་ཚུལ་གྱི་ཡི་གེའི་མིང་གཞི་གཉིས་གཅིག་མཚུངས་ཡིན་པའི་ཤོ་བཤད། དཔེར་ན། འཚེར་ཟེར་བ་སྤྱང་ཀའི་དྲི་མ་རེད། ལ་སྒང་དུ་བཏང་ན་སྙན་སེ་སྙན། ཞེས་པ་ལས་འཚེར་དང་ཤོ་མིག་བཞིའི་ ཚིགས་ཀྱི་མིང་གཞིའི་ཡི་གེ་གཅིག་མཚུངས་ཡིན་པའོ། ༤ ཤོ་བཤད་དེའི་ཤོ་མིག་གི་གྲངས་རྣམས་ཐད་ཀར་ཤོ་བཤད་ནང་དུ་བརྗོད་པའི་ཤོ་བཤད། དཔེར་ན། དགུ་གསུམ་ ཉེར་ཤུ་རྩ་བདུན་ལ།རྡེའུ་དཀར་ནག་གཏོང་མི་དགོས།དགུ་གསུམ་ནི་ཤོ་མིག་དགུ་དང་གསུམ་ཡིན།བཅུ་དཀར་པོ་དཔོན་གྱིས་གནང་ལེ་རེད། བཅུ་ནག་པོ་ཁྲིམས་ཀྱིས་བཅུན་ལེ་རེད། ཤོ་མིག་བཅུ་པ་ཐད་ཀར་ཤོ་བཤད་དུ་འབོད་པ། ༥ཤོ་བཤད་དེའི་ནང་ཤོ་མིག་གི་མིང་འབོད་ཚུལ་དང་སྒྲ་ཅུང་ཉེ་བའམ་འདྲ་བའི་ཡི་གེ་དང་ལྡན་པའི་ཤོ་བཤད། གངས་སྟོད་མཐོན་པོ་འགྲིམས་པ་ལ། སེང་གེའི་གཡུ་རལ་བཀྲག་མི་དགོས། གངས་སྟོད་ཞེས་ཁ་རྡོག་གི་ཤོ་མིག་དང་སྒྲ་ ཅུང་འདྲ་བའོ། ། ༣ དཔེ་མཚོན་གྱི་ཤོ་བཤད་ལེགས་བཏུས། གཅིག ཤོ་མིག་གཅིག་གི་ཤོ་བཤད། ཤོ་མིག་གཉིས་པ། པ་ར། ༡ པ་ར་དཔལ་འབར་བཀྲ་ཤིས། རྒྱག་མཁན་རྣམ་རྒྱལ་འཕྲིན་ལས།། ༢ སྟེང་ལྷ་ལ་ཞུཊ་པའི་པ་ར་ཞུཊ། འོག་ཀླུ་ལ་ཞུཊ་པའི་པ་ར་ཞུཊ། བར་བཙན་ལ་ཞུཊ་པའི་པ་ར་ཞུཊ། ༣ པ་ར་གཅིག་གི་ང་འགྲོ་ཟེར། པ་ར་གཅིག་གི་ཁོ་འགྲོ་ཟེར། ཤོ་ཕོར་ཕྲ་མོའི་ནང་རོལ་ནས། པ་ར་ང་འགྲོ་ཐར་ལེ་རེད།། ༤ པར་གཅིག་པར་རིའི་ལ་འགོ་ནས། པ་རའི་སྤེན་པ་བཀྲ་ཤིས་ཟེར། པར་གཉིས་པ་རིའི་ལ་འགོ་ནས།ཨ་མའི་བུ་ཆུང་ ཚེ་རིང་ཟེར། ཕག་ཟེར་དུས་པ་ར་མ་བརྒྱབ་ན། ཤིང་ཕྲ་མོའི་ཡོན་ཏན་སྟོང་པ་རེད། པ་ར། ཤོ་མིག་གསུམ་པ། སུ་གེ ༡ འཛོམས་པ་རྣམ་གསུམ་བྱུང་ན། ཨོ་ལོས་ལྷ་ཆོས་ཞུས་ཆོག མཛོ་ཕོ། ༢ སུག་ཐིལ་སྐམ་པོའི་ཐུག་པ་བཀོལ། ནང་ཚང་ཐམས་བཅད་ཧབ་བགད་ཤོར། སུག་གེ ༣ ཙོག་ཙོག་ཞུམ་བུའི་སྡོད་སྟངས་རེད། སྡིག་པ་བསཊ་རྒྱུའི་སྔ་ལྟས་རེད། ཙོག ཤོ་མིག་བཞི་པ། ཙི་གེ ༡ ཚེ་ཚེ་ར་ཕོའི་བསམ་བློ་ལ། བྲག་རི་མཐོན་པོར་འཛེཊ་ན་བསམ། ཚིགས། ༢ ཟེམ་ཟེམ་ལ་བཞེས་དང་། ཞལ་དཀར་གང་ལས་མི་འདུག ། ཟིག ༣ རྫི་བ་གཅིག་གི་རྫིག་མདོག རྫི་ལུང་སྟོང་སྐུད་བཞི་སྒྲིལ། ཟིགས། ཤོ་མིག་ལྔ་པ། ཁ། ༡ ཁ་བདེ་པོ་མི་ཡི་དཔོན་པོ་དང་། ལག་བདེ་མོ་མི་ཡི་གཡོག་པོ། ཁ། ༢ ཁ་ཕོར་འཁྱེར་ནས་ཚོགས་ལ་ཕེབས། དེ་རིང་ཚོཊ་ལ་ཚོཊ་ཆང་ཡོད། ཁ། ༣ ཁ་མཆུ་མ་བརྒྱབ་ཀ་མེད་ལ། བུ་མོ་རྣམ་པའི་འཛོམས་འཛོམས་རེད། ཁ། ཤོ་མིག་དྲུག་པ། ལུག ༡ བླ་མ་བཟང་པོ་ཆོས་དང་ཐུག མགར་བ་ནག་པོ་ལྕཊ་དང་ཐུག ང་དང་སློབ་དཔོན་པདྨ་ཐུག ཐུག ༢ ཆུ་འབྲུག་བུ་མོའི་ལོ་རྟགས་རེད། མོ་དང་ཁྱོ་ག་བདུད་ཟུར་རེད། འབྲུག ༣ ལུག་མཐོང་པ་མ་གསོད་ཀ་མེད། དཔོན་དགྲ་ཆེན་གསོལ་ཚིགས་རྫོཊ་ལེ་རེད། ལུག ཤོ་མིག་བདུན་པ། རི། ༡ རི་ལྡེབས་ལྡེབས་གླ་བ་ཉལ་ས་རེད། ཉལ་དྲཊ་ན་གླ་བ་ཤི་ས་རེད། རི། ༢ སྡིག་པའི་ཁྲོ་ཆུང་སྒལ་པར་འཁུར།ཁ་ནས་ཨོ་བཟང་མ་ཎི་བགྲང་། སྡིག ༣ དིང་རི་མི་ལས་དིང་བ་མེད། དགྲ་སྒོ་རུ་སླེབས་ཀྱང་དིང་དིང་། རི། ཤོ་མིག་བརྒྱད་པ། ༡ ཤྭ་བ་རྣ་བ་དགོ་བ་གསུམ། རྫེ་བཙུན་མི་ལའི་སྤྱན་གཟིགས་རེད། ཤ ༢ དམན་ཆུང་གཟི་བྱུར་རྒྱན་ནས་ཤ་རེ་ཤོག སྟག་ཤར་མདའ་གྲིས་རྒྱན་ནས་ཤ་རེ་ཤོག ཤ ༣ ཤར་པ་ཞབས་བྲོ་མཁས་པ། གླང་ཆེན་ལགས་ཀྱི་ཞབས་བྲོ། ཞབས། ཤོ་མིག་དགུ་པ། ༡ གསོལ་ཚིགས་ལ་ཕུག་སྒོར་བཙོས་རེད། གོང་དང་བཀའ་བློན་ལྷན་རྒྱས་རེད། གུང་།

  ༢ སྒུར་སྒུར་སྤྱང་ཀའི་འགྲོ་སྟངས་ལ། ཨ་ཅེ་ཝ་མི་དགོད་མ་གནང་།  དགུ

ཤོ་མིག་བཅུ་པ། ཆུ། ༡ དབྱར་ཆུ་དབྱར་གྱི་ཆུ། དགུན་ཆུ་དགུན་གྱི་ཆུ། དེ་རིང་ང་ཡི་ཆུ། སང་ཉིན་ཁྱེད་ཀྱི་ཆུ། ཆུ། ༢ ཆུ་ཐོན་སོང་ཟམ་པ་ག་ལེར་བཞུགས། ཕྱིས་ཡོང་དགོས་བྱུང་ན་ཁྱེད་ལ་རེ། ཆུ། ༣ བཅུ་དཀར་པོ་རྒྱག་དང་ནག་པོ་རྒྱག རྒྱག་མི་རྒྱག་གཉིས་ལ་ཐེ་ཚོམ་མེད། བཅུ། ཤོ་མིག་བཅུ་གཅིག ༡ ཐོ་རེང་བྱ་ཕོའི་བྱ་སྐད། ཉི་མ་ཤར་ནས་བརྒྱབ་བྱང་། ཐོག ༢ རྡོག་རྡོག་ཐམས་ཅད་དབུས་ཀྱི་རི། གཉན་ཆེན་ཐང་ལྷ་བྱང་གི་རི། རྡོག ༣ ཕོ་ཐོག་ལ་དགའ་བ་རྒྱལ་བ་བྱམས་པ། མོ་ཐོག་ལ་དགའ་བ་སེང་ལྕམ་འབྲུག་མོ། བུ་ང་ལ་དགའ་བ་རྡོག་གེ་སྔོན་བྱུང་། རྡོག་གེ ཤོ་མིག་བཅུ་གཉིས། ༡ འཇང་ས་ཐམ་རྒྱལ་པོ་མཐོང་ཙ་ན། བདུད་ཨ་ཁྱུང་བྱིས་པ་ལོ་བརྒྱད་འདྲ། འཇང་། ༢ ལྕམ་མོ་ཁྲ་ཁྲ་སོ་དཀར་མ། ཁྲམ་པ་བུ་ཡི་གཉའ་གནོན་རེད། ལྕམ། གཉིས། ཤོ་མིག་ཟུང་འབྲེལ་གྱི་ཤོ་བཤད། ཤོ་མིག་གཉིས་པ་དང་གསུམ་པ། པར་སུག་བྲེ་ལྔ་ཤོ་པའི་ལྟས་ངན་ཡིན། འཛོམས་གཉིས་འཕྲད་པ་བྱུང་ན། ལྷ་ཀླུས་མདའ་དར་གྱི་བསུ། ཤོ་མིག་གཉིས་པ་དང་ལྔ་པ། སྤར་ཁ་ཟོག་ལ་བབ་སོང་། སྐུ་ལ་ཐུགས་ཅག་གནང་དང་། ཤོ་མིག་གསུམ་པ་དང་བརྒྱད་པ། ཤ་བསུར་གཏོང་། འདྲེ་མོའི་གནོད་པ་འདུག ཤོ་མིག་བཞི་པ་དང་བཅུ་གཉིས། རྩི་ལྗང་ནགས་ཀྱི་གསེབ་ཏུ། ཁུ་བྱུག་གསུང་སྐད་སྙན་པ། ཤོ་མིག་ལྔ་དང་དགུ་པ། ཁ་བཀུག་ཆང་ལས། ལུང་ཁུག་གི་དར་ར་ཞིམ། ཤོ་མིག་དྲུག་པ་དང་གསུམ་པ། དྲུག་གསུམ་བཅོ་བརྒྱད་ལོན་པའི་ཚེ། དམག་དང་འཁྲུག་པའི་རྩོད་འདུག་ཤེས། ཤོ་མིག་བདུན་པ་དང་གསུམ་པ། རི་ཟུར་སྤྱང་ཀའི་འགྲོ་ལམ་ཡིན། གཡང་མོ་བྲོས་ནས་ག་ལ་ཐར། ཤོ་མིག་བརྒྱད་པ་དང་བཅུ་གཅིག་པ། ཞབས་སྡོད་ཞུས་ན་སྡེ་པ་གཞུང་ལ་ཞུས། བུན་ཆད་བྱུང་ན་པད་ནག་རྫོང་དུ་ཞོག ཤོ་མིག་དགུ་དང་དྲུག་པ། དགུ་དྲུག་གཙོད་ལ་རྭ་ཡ་མེད། རྭ་ཡ་ཡོད་ན་རྭ་མཐོས་རེད། ཤོ་མིག་བཅུ་པ་དང་བཅུ་གཅིག ཆུ་སྟོད་ཁང་གསར་ལོ་ལེགས། གནས་མོ་བྱམས་ཆང་ཞིམ་པ། ཤོ་མིག་བཅུ་གཅིག་དང་ལྔ་པ། ཐོག་ཁར་སྡོད་མཁན་ལྷ་རེད། འོག་ཁང་ནང་ཁུང་བདུད་རེད། ཤོ་མིག་བཅུ་གཉིས་པ་དང་བཅུ་གཅིག འཇང་སྟོད་གཞུང་ལ་ཀོ་བ་བཏང་། མཉེན་དཔོན་ལགས་ག་ལེ་བཞུགས། ཤོ་མིག་གཅིག་གི་ཤོ་བཤད་དང་ཤོ་མིག་ཟུང་སྦྲེལ་གྱི་ཤོ་བཤད་གང་མང་མཁྱེན་འདོད་ཡོད་ཚེ།༢༠༠༣ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་འགྲེམས་སྤེལ་བྱས་པ་དང་།བདེ་ཆེན་སྒྲོལ་དཀར་ལགས་ནས་ལེགས་བསྒྲིགས་གནང་བའི་༼ཤོ་བཤད།༽ལ་གཟིགས་པར་འཚལ།དེབ་འདི་ཉིད་ནི་བོད་ཡུལ་མང་ཆེ་བའི་ཤོ་བཤད་ལེགས་བཏུས་མཛད་འདུག་ལ་ཤོ་བཤད་ཀྱི་ཁ་གྲངས་མང་ཞིང་ནང་དོན་ཕུན་སུམ་ཚོགས་པ་སོགས་ཀྱི་དགེ་མཚན་དུ་མ་ལྡན་འདུག་གོ །

བཅུ་པ། ཤོ་རྒྱག་ས། སྔ་མོའི་དུས་སུ་ཤོ་རྒྱག་ས་ནི་ཕོ་བྲང་དང་།གཞིས་ཀགླིང་ག་སོགས་སུ་ཡིན་ཞིང་ཉེ་འགྲམ་དུ་རོལ་མོ་དཀྲོལ་མཁན་དང་། ཇ་ཆང་བསྒྲོན་མཁན་གྱི་ཞབས་ཞུ་མ། ད་དུང་སྐུ་བསྲུང་ང་སོགས་ཡོད། ཡང་ལ་ལས་སྤང་དང་། གུར། སྒོ་ར། ལྷས་ར་སོགས་སུ་རྒྱག་པ་དང་། དེང་དུས་ཡང་གླིང་ག་དང་། སྤང་། གུར། སྒོ་ར། ལྷས་ར། ཇ་ཁང་དང་ཟ་ཁང་སོགས་སུ་ཡིན་པ་དང་།དེ་སྔོན་ནང་བཞིན་ཉེ་འགྲམ་དུ་རོལ་མོ་དཀྲོལ་མཁན་མེད་ཀྱང་སྒྲ་སྡུད་དང་སྒྲ་ཕབ་འཕྲུལ་ཆས་སོགས་དེང་དུས་ཀྱི་རོལ་དབྱངས་གཏོང་ལེན་འཕྲུལ་ཆས་ནས་གླུ་དབྱངས་ཕབ་གཏོང་བྱེད་ཀྱི་ཡོད།ལྷ་ས་ཁུལ་དུ་དབྱར་སྐྱིད་གླིང་གའི་དུས་སུ་མི་རྣམས་ནོར་བུ་གླིང་ག་དང་།སྤང་སྟེང་དུ་གུར་ཕུབ་ནས་ཤོ་རྩེད་རོལ་ཅིང་ལ།ལྷ་སའི་མཛད་སྤྲོད་ཇ་ཁང་དུ་དབྱར་དགུན་སྟོན་དཔྱིད་མེད་པར་ཉིན་ལྟར་ཤོ་རྩེད་མཁན་ཡོད་ལ་མི་མང་དུས་སུ་ཤོ་པ་ཚོ་ཁག་བཅུ་ལྷག་ཙམ་ཡོང་གི་ཡོད།སྐར་མ་ཀུན་བཟང་རྒྱུད་ཀྱི་སྲང་ལམ་ཁག་ཏུ་ཤོ་རྩེད་མཁན་ཡང་གང་མང་མཐོང་རྒྱུ་འདུག་ཅིང་ཕལ་ཆེ་བས་ཟ་ཁང་དང་ཇ་ཁང་སྒོ་ར་སོགས་སུ་རྩེད་སྲོལ་འདུག །

བཅུ་གཅིག ཤོ་རྒྱག་སྟངས། ༡ ཤོ་འགོ་འཛུགས་སྟངས། ༼ཤོ་ཀ་ཧྲིལ་བ༽ཞེས་ཤོ་འགོ་དང་ཐོག་སུ་ནས་བཙུགས་མིན་ཐད་ལ་ཡིན་ཏེ་ཤོ་པ་ཚང་མས་ཤོ་ཐེངས་རེ་རྒྱབ་ནས་ཐར་༼སྔ་ཤོ་ཆེ་དང་དགོང་ཤོ་ཆུང་༽གི་ལུགས་ལྟར་ཤོ་པའི་ལོ་ཚད་མཐོ་དམའ་དང་ཤོ་མིག་ཆེ་ཆུང་ལ་གཞིགས་ཏེ་ཤོ་འགོ་འཚུགས་པ་ཡིན།ཤོ་རྒྱག་པའི་སྐོར་བ་ནི་གཡས་སྐོར་ཏེ་ཆོས་འཁོར་བཞིན་འགྲོ་སྲོལ་ཡོད་པ་དང་།ཡང་ཤོ་པ་འགའ་ཐེངས་མང་ཕམ་ཚེ་ཤོ་སྐོར་བོན་སྐོར་བཞིན་རྒྱག་སྲོལ་ཡོད།ཤོ་འགོ་འཚུགས་མ་ཐག་ཤོ་འགོ་འཚུགས་པའི་ཤོ་བཤད་རྒྱག་དགོས་ཏེ་༼ཤོ་འཛུགས་ཤིང་ལེགས་སོ།ཤོ་འཛུགས་དགྲ་ལྷ་དཀར་པོ།ཤོ་ཁྱི་ཙན་དན་དམར་པོ།རང་ཁྱི་དགུ་པོ་དེ་སྒྲིལ་བདེ་བ།མི་ཁྱི་དགུ་པོ་དེ་གསོད་བདེ་བ་ཤོག་ཅིག༽ཞེས་དང་ཡང་བོད་ཡུལ་ཕལ་ཆེ་བར་༼ཚུགས་བཟང་།ཚུགས་བཟང་།ཚུགས་བཟང་།༽ཞེས་ལན་གསུམ་བརྗོད་པ་དེས་ཤོ་འགོའི་ཤོ་བཤད་དུ་ཚབ་བྱེད་པ་དང་།ཤོ་འགོའི་ཤོ་བཤད་བརྗོད་པའི་དགོས་པ་ནི་ཤོ་པ་རང་ཉིད་རྒྱལ་བའི་སྨོན་ཚིག་ཙམ་ཡིན།ཤོ་སྐོར་ཐོག་མ་འགོ་འཚུགས་དུས་དང་ཐོག་ཤོ་མིག་གཞིར་བཟུང་རྡེའུ་བཏང་ནས་ལག་སྐྱི་གཉིས་སམ་གསུམ་བཙུགས་པ་དང་།ཤོ་མིག་བཅུ་གཉིས་སམ་བཅུ་གཅིག་བསྟན་ཚེ་ཆེ་ཕུད་ཞེས་སླར་ཡང་ཐེངས་གཅིག་རྒྱག་གི་ཡོད།གལ་སྲིད་དང་ཐོག་མར་པ་ར་བསྟན་ཚེ་ལག་སྐྱི་ཤོ་པ་གཞན་ལས་གཅིག་གམ་གཉིས་ཀྱི་མང་བ་བཙུགས་ལ་ཤོ་པ་སྔོན་མའི་ཤོ་མིག་དེ་ཤོ་པ་རྗེས་མར་བསྟན་ཚེ་༼ཤོ་ཕབ་པ་༽ཞེས་ལག་སྐྱི་ཤོ་པ་སྔོན་མ་ལས་གཅིག་གམ་གཉིས་ཀྱི་མང་བ་བཙུགས་ཀྱི་ཡོད། ཤོ་འཁོར་དང་པོའི་ལག་སྐྱིའམ་རྡེའིུ་གནས་དེར་ ༼ཨ་མའམ་མ༽ ཞེས་ཟེར་གྱི་ཡོད། ། ༢ ཤོ་རྒྱག་པའི་བརྒྱུད་རིམ། ཤོ་སྐོར་གཉིས་པ་ནས་བཟུང་ལག་སྐྱི་གཅིག་རེ་བཙུགས་ཤིང་གལ་ཏེ་པ་ར་བསྟན་ཚེ་༼པ་ར་མཆོད་པ༽ཞེས་པར་ཆང་དང་སྦྲགས་ཡང་བསྐྱར་ཐེངས་གཅིག་རྒྱག་པ་དང་།ཡང་འགས་སླར་མི་རྒྱབ་པར་༼ཉལ་བ༽ཞེས་རྡེའུ་གཉིས་བཏང་ནས་ལག་སྐྱི་གཉིས་བཙུགས་སྲོལ་ཡོད་པ་རེད།གལ་ཏེ་ཤོ་པ་གཞན་ཞིག་ལ་སླར་ཡང་པ་ར་བསྟན་ཚེ་རང་ཉིད་ཉལ་ནས་སྔོན་ལ་ཉལ་བ་དེ་གསོད་དབང་ཡོད་ལ་མ་བསད་པར་དེའི་སྟེང་ལག་སྐྱི་གསུམ་བཙུགས་ཀྱི་ཡོད།ཤོ་འཁོར་ཐེངས་གཉིས་པའི་སྐབས་ཤོ་པས་རང་ཉིད་ཀྱི་ཤོ་མིག་སྔོན་མ་དེ་བསྟན་ཚེ་༼བརྒྱབ་པ་༽ཞེས་དེའི་སྟེང་དུ་ལག་སྐྱི་གཅིག་བཙུགས་པ་དང་སྦྲགས་སླར་ཡང་ཤོ་ཐེངས་གཅིག་རྒྱག་དགོས་པ་དང་།གལ་སྲིད་ཤོ་མིག་དེ་ཤོ་པ་གཞན་གྱི་ཤོ་མིག་དང་གཅིག་པ་བསྟན་ཚེ་༼ཁ་བརྡབས་པ༽ཞེས་བཙུགས་དབང་མེད་ཅིང་ཤོ་སྐོར་དང་པོའི་ལག་སྐྱིའམ་ཨ་མ་འདི་ཉིད་གཏོང་དགོས།ཤོ་མིག་གི་གྲངས་ལྟར་རྡེའུ་གྲངས་གནས་སྟེང་ལག་སྐྱི་བཙུགས་པའམ་གཏོང་དགོས་ཤིང་།ལག་སྐྱིའི་གྲངས་མང་ཉུང་ལ་གཞིགས་ནས་ཤོ་པ་གཞན་གྱི་ལག་སྐྱི་གསོད་ཐུབ་མིན་ལ་བལྟ་དགོས་ཏེ་ལག་སྐྱིའི་བར་གྱི་རྡེའིུས་གྲངས་ཤོ་མིག་དང་མཚུངས་དགོས་པ་དང་།རང་གི་ལག་སྐྱིའི་གྲངས་གཞན་དང་མཉམ་པའམ་གཞན་ལས་མང་བ་ཡོད་ཚེ་གསོད་པའི་དབང་ཆ་ཡོད་པ་དང་གལ་ཏེ་རྡེའུ་གནས་དང་ཤོ་མིག་གཅིག་མཚུངས་ཡིན་ཀྱང་ལག་སྐྱིའི་གྲངས་གཞན་ལས་ཉུང་བ་ཡོད་ན་བསོད་པའི་དབང་ཆ་མེད་ལ་དེར་༼ཁ་བརྡབས་པའང་༽ཟེར།དེ་ལྟར་ཤོ་སྐོར་ལན་མང་རྒྱབ་རྗེས་ཤོ་པ་སོ་སོའི་ལག་སྐྱི་དགུ་པོ་དག་མཉམ་དུ་སྒྲིལ་བ་བྱེད་པ་དང་སྦྲགས་རང་ཉིད་ཀྱི་ལག་སྐྱིའི་རྡེའིུས་གནས་ས་རིམ་གྱི་འཕར་བ་བྱེད་ལ་ཡང་སྐབས་རེ་ལག་སྐྱི་འགའ་ཤས་གཅིག་ཏུ་སྒྲིལ་པའང་བྱེད་ཀྱི་ཡོད་ཅིང་།ལག་སྐྱི་བཞི་མཉམ་དུ་སྒྲིལ་བ་དང་ལག་སྐྱི་ལྔ་གཅིག་ཏུ་སྒྲིལ་ཚེ་ལྟས་ངན་ཤོ་པའི་༼བཞི་མོ་ལྔ་སྒྲིལ༽ཞེས་སྡུག་པའམ་མི་མཛེས་པར་བྱེད་ཅིང་།བཞི་མོ་ལྔ་སྒྲིལ་ནི་དགུ་མོར་གཅིག་ཏུ་སྒྲིལ་དཀའ་ལ་ཤོ་ཕུད་པའམ་ཐོབ་པའང་ཧ་ཅང་དཀོན་པས་ཡིན་ནོ། ཤོ་སྐོར་ཐེངས་མང་རྒྱབ་པ་དང་སྦྲགས་རང་ཉིད་ཀྱི་ལག་སྐྱི་དག་གཅིག་ཏུ་ སྒྲིལ་བ་བྱེད་པ་དང་རྡེའིུས་གནས་ས་རིམ་གྱི་འཕེལ་བ་བྱེད།ལག་སྐྱི་རྣམས་གཅིག་ཏུ་སྒྲིལ་བར་མིང་ཀློག་དུས་ལག་སྐྱི་གཉིས་སྒྲིལ་བར་ཉིས་མོ་དང་།གསུམ་ལ་གསུམ་མོ། དེ་བཞིན་བཞི་མོ། ལྔ་མོ་དང་། དྲུག་མོ། བདུན་མོ། བརྒྱད་མོ། དགུ་མོ་བཅས་ཡིན་ལ་དགུ་མོ་སྒྲིལ་མེད་པའི་ལག་སྐྱིའི་ཁྲོད་དགུ་མོ་ནི་དབང་ཆེ་ཤོས་ཡིན་པས་ཕ་རོལ་གསོད་ཐུབ་པ་ལས་ཚུར་གསོད་དབང་མེད།གལ་ཏེ་དགུ་མོ་འདྲ་མཉམ་ཡིན་ཚེ་གསོད་དབང་ཡོད་དོ།༼གསོད་དང་བསད་༽ཅེས་པའི་དོན་ནི་ནམ་རྒྱུན་འཚོ་བའི་སྟེང་གི་མི་གསོད་རེས་སམ་སེམས་ཅན་གཞན་བསད་པར་མི་གོ་ལ་ཤོ་པ་ཕན་ཚུན་བསད་པའམ་གསོད་རེས་བྱས་པ་ནི་དེ་བས་ཀྱང་མ་ཡིན་ཏེ།གསོད་ཅེས་པ་ནི་གཞན་གྱི་ལག་སྐྱི་ཕར་སློག་ཏེ་རང་གི་གཞན་གནས་དེ་འཛིན་པ་ལ་ཟེར་།ཡུལ་ལུང་འགར་ཤོ་པ་ཕལ་ཆེ་བས་ཤོ་རྒྱག་པའི་སྐབས་ལག་སྐྱི་ཕན་ཚུན་གསོད་རེས་བྱེད་པས་ཤོ་པའི་ཁ་ནས་འདི་གསོད་ཕ་གི་གསོད་ཅེས་བཀྲ་མི་ཤིས་པར་བརྩི་བས་ཤོ་རྒྱག་ས་ཁྱིམ་དུ་མི་བྱེད་པའང་ཡོད་ལ་དགོན་པ་སོགས་ཆོས་ལུགས་སྤེལ་བའི་གནས་ཀྱི་འགྲམ་དུ་ཤོ་རྒྱག་གི་མེད་པ་ཡང་ཡོད།ཤོ་རྒྱག་སྐབས་མཚམས་རེ་བརྩེགས་ཤོ་བསྟན་གྱི་ཡོད།བརྩེགས་ཤོ་ཞེས་པ་ནི་ཤོ་གཅིག་གི་སྟེང་དུ་ཤོ་གཞན་དེ་བརྩེགས་པ་ལ་བརྗོད་ཅིང་།ཤོ་རྩེད་ལ་བརྩེགས་ཤོ་བསྟན་པ་ཆེས་དཀོན་པས་བརྩེགས་ཤོ་རྒྱག་མཁན་གྱི་ཤོ་པ་དེར་ཐོབ་ཐང་ངེས་ཅན་ཞིག་ཡོད་དེ།ཤོ་འཁོར་དེ་ཤོ་པ་དེ་ཉིད་ལ་རྒྱལ་ཐོབ་པར་བརྩི་ལ་གལ་ཏེ་བརྩེགས་ཤོར་བཤད་པ་བརྒྱག་ཐུབ་ཚེ་ཤོ་ཆས་ཚང་མ་ཐོབ་པར་བརྩི་སྲོལ་ཡང་ཡོད།བརྩེགས་ཤོའི་བཤད་པ་ནི་འདི་ལྟར་ཏེ།༼པ་སུག་རྩི་ཁ་ལུག་སྡིག་དང་།ཞབས་དགུ་ཆུ་རྡོག་ལྕམ་གྱིས་མཆོད།ཤོ་དང་ཤོ་ཕོར་བརྡབས་ཟེ་དང་།ཤོ་གདན་ལག་སྐྱི་རྡེའུ་བཅས་པ་ང་ལ་ཐོབ།༽ཅེས་ཤོ་མིག་ཆ་ཚང་གི་མིང་འགོ་ནས་མཇུག་བར་དང་ཤོ་ཆས་ཀྱི་མིང་ཆ་ཚང་དབུགས་ཐེངས་གཅིག་ནང་ཤོད་ཐུབ་པ་དགོས།ཡང་ཡུལ་གྲུ་འགར་བརྩེགས་ཤོ་བསྟན་མཁན་གྱི་ཤོ་པས་ཤོ་པ་གཞན་ལས་སྔོན་དུ་བརྩེགས་ཤོར་ལག་པ་འཆང་ཐུབ་ཚེ།ཤོ་འཁོར་དེ་ཐོབ་པར་བརྩི་སྲོལ་ཡོད།སྐབས་རེ་ཤོ་པ་གཅིག་གི་ལག་སྐྱི་ཆ་ཚང་གཞན་གྱིས་བསད་ནས་རྡེའུས་སྟེང་མེད་ཚེ་༼དམར་ཧྲིལ༽ཞེས་བརྗོད་པ་དང་།གལ་སྲིད་ཤོ་པ་དེས་ཤོ་མིག་དགུ་དེ་བསྟན་ན་ལག་སྐྱི་དགུ་པོ་དགུ་སྒྲིལ་བྱས་ནས་བཙུགས་པའི་དབང་ཆ་ཡོད་ཅིང་།ཤོ་མིག་གཞན་ལ་འགོ་ཤོར་བཙུགས་པའི་ལག་སྐྱིའི་ཁ་གྲངས་དང་གཅིག་པ་བཙུགས་དགོས། །

༣ ཤོ་མཇུག་སྒྲིལ་སྟངས། ཤོ་མཇུག་སྒྲིལ་སྟངས་ནི་ཤོ་པ་ཕན་ཚུན་ལག་སྐྱི་གསོད་རེས་བྱས་ཏེ་གཞན་གྱི་གནས་ས་ཟིན་ནས་རང་ཉིད་གནས་འཕར་བྱེད་པའམ་ཡང་ན་རང་ནུས་ལས་གནས་ས་འཕར་བ་བྱེད་པ་དང་དུས་མཚུངས་རང་གི་ལག་སྐྱི་རྣམས་གཞན་ལས་སྔོན་དུ་འགྲོ་བ་དང་སྒྲིལ་གང་ཐུབ་པ་བྱས་རྗེས་མཐར་ལག་སྐྱི་དགུ་པོ་ལ་ཕུད་པར་བྱེད།གལ་ཏེ་རང་གི་ལག་སྐྱི་གཅིག་གམ་དགུ་སྒྲིལ་མེད་པ་ཞིག་ལ་ཕུད་དེ་ཤོ་མིག་ལྷག་སྐབས་ད་དུང་ལག་སྐྱི་ལ་མ་ཕུད་པའམ་བཙུགས་རྒྱུ་ཡོད་ཚེ་༼ལ་སྐོར་བ༽ཞེས་ཤོ་མིག་གི་ལྷག་མ་གཞིར་བཟུང་རང་གི་ལག་སྐྱི་གཅིག་བཙུགས་པའམ་ཡང་ན་ལག་སྐྱི་གཞན་གཏོང་གི་ཡོད།༼ལ་ཕུད་པ༽ཞེས་པ་ནི་ལག་སྐྱིས་རྡེའུ་ཆ་ཚང་སྒྲིམ་ཚར་བའམ་ཡང་ན་ལག་སྐྱི་བཏང་རྗེས་རྡེའུ་ཀུན་རྫོགས་པ་ལ་ཟེར།རྡེའུ་ཆ་ཚང་གཞན་ལས་སྔོན་དུ་ལ་ཕུད་ཚེ་ཤོ་འཁོར་འདི་ཉིད་ཐོབ་པར་བརྩི་གི་ཡོད།ལ་ཕུད་སྟངས་ཐད་མི་འདྲ་བ་མང་པོ་ཡོད་དེ་ལག་སྐྱི་དགུ་པོ་གཅིག་ཏུ་སྒྲིལ་ནས་ལ་ཕུད་པ་ལ་༼དགུ་སྒྲིལ༽དང་ཡང་ན་རྒྱ་སྐད་ཀྱི་སྒྲ་ཐད་སྒྱུར་ཛེ་རྨོའོ་ཞེས་པ་དང་།ཡང་དགུ་མོ་མ་ཡིན་པར་ལག་སྐྱི་རེ་རེའམ་ཉིས་མོ་དང་གསུམ་མོ་བཞི་མོ་སོགས་རེ་རེ་བཞིན་ལ་ཕུད་པ་ལ་༼དཀྱུས་མ༽ཞེས་བརྗོད་ཅིང་།དགུ་སྒྲིལ་ཡིན་ཚེ་རྒྱན་ཐོབ་ཤོར་ཆེ་བ་དང་དཀྱུས་མ་ལ་དེ་ཙམ་གྱི་ཐོབ་ཤོར་མེད། །

བཅུ་གཉིས། རྒྱན་འཛུགས་སྐོར། རྒྱན་བཙུགས་ནི་ཤོའི་རྒྱལ་ཕམ་མམ་ཐོབ་ཤོར་གྱི་གཏའ་མ་རུ་ནོར་རྫས་སོགས་འཇོག་པ་ལ་ཟེར།ཤོ་རྒྱག་སྐབས་ཤོ་པ་ཚོས་སྔོན་ལ་རང་ཉིད་ཀྱི་རྒྱུ་དཔལ་འབྱོར་ལ་གཞིགས་ནས་རྒྱན་འཇོག་གཏན་འཁེལ་བྱེད་པ་དང་།ཤོ་སྐོར་གཅིག་གམ་ཤོ་སྐོར་གསུམ་སོང་དུས་རྒྱན་བཙུགས་རྣམས་རྩིས་ལེན་རྩིས་སྤྲོད་བྱེད་ཀྱི་ཡོད།རྗེ་བཙུན་མི་ལའི་རྣམ་མགུར་དུ་ཡབ་མི་ལ་ཤེས་རབ་རྒྱལ་མཚན་གྱི་ཨ་ཕ་ཉིད་ཤོ་རྩེད་ལ་དགའ་བས་ཐེངས་ཤིག་ཤོ་པ་ཞིག་གི་གཡོ་སྒྱུའི་ཐབས་ལ་བརྟེན་ནས་ཁྱིམ་གཞིས་ཡོད་རྒུ་ཤོ་རྒྱན་དུ་བཙུགས་པས་ཐར་ཤོ་ཕམ་ཏེ་ཡུལ་གྱར་དགོས་བྱུང་བ་སོགས་སྔ་མོ་དུས་ཤོའི་རྒྱན་བཙུགས་ཧ་ཅང་ཆེ་བར་བསམ།རང་ཡུལ་གྱི་བགྲེས་སྲོང་རྣམས་ཀྱི་གསུང་བར་གཞིགས་ན་དེ་སྔོན་རྒྱན་དུ་རྟ་ནོར་ལུག་གསུམ་འཇོག་མཁན་བྱུང་མྱོང་ཡོད་ཟེར།ང་རང་གི་མིག་མཐོང་ལག་ཟིན་བྱུང་བ་ནི་ཁོ་པ་ཆུང་ངུའི་སྐབས་ཕ་ཡུལ་དུ་ལས་བྲེལ་མེད་དུས་ཤོ་རྩེད་བྱེད་མཁན་མང་པོ་ཡོད།དེ་དུས་འཚོ་བ་ཅུང་གཞན་པས་ཤོ་པ་ཚོས་རྒྱན་དུ་ཤོག་སྒོར་ཕྲན་བུའམ་འབྲུ་ཉ་ག་༼ཞིང་གྲོང་ཁུལ་དུ་ལྗིད་ཚད་འཇལ་བྱེད་གཅིག་སྟེ་རྒྱ་མ་དང་འདྲ་ལ་ཉ་ག་གཅིག་ལ་རྒྱ་མ་ཕྱེད་ཀ་ཡིན༽གཅིག་གཉིས་སམ་ཡང་ན་ཆང་སོགས་བཙུགས་ཏེ་རྒྱག་གི་འདུགཁོ་པ་ཡང་ཆུང་དུས་སུ་ཤོ་རྩེད་ལ་ཧ་ཅང་དགའ་པོ་ཡོད་པས་དགུན་དུས་སྐབས་རྩེད་གྲོགས་ཚོ་དང་མཉམ་དུ་ལྷས་རའི་༼ལུག་འཇོག་སའི་སྒོ་ར༽ནང་དུ་ཤོ་རྒྱག་གི་ཡོད།རྒྱན་དུ་བྱི་རིལ་དང་ཡང་ན་གདོང་པར་ས་དཀར་བྱུག་པ་སོགས་ཧ་ཅང་སྣང་བ་སྐྱིད་པོ་ཡོང་གི་ཡོད།དེང་དུས་རྒྱན་ལ་ཕལ་ཆེ་བས་ཤོག་དངུལ་བཙུགས་ཏེ་རྒྱག་གི་ཡོད།གལ་ཏེ་ཤོ་མིག་ཡོད་པའི་ཧྥ་ཝང་༼འོ་འཐུང་སྲོག་ཆགས་ཀྱི་རིགས་ཏེ།ལུས་དང་མགོ་བོ་བྱི་བ་དང་འདྲ་ལ་ཡན་ལག་དང་མཇུག་མའི་བར་ལ་སྐྱི་པགས་ཀྱིས་འབྲེལ་བ།མཚན་མོ་འཕུར་ནས་འགྲོ་ཞིང་འབུ་སྲིན་ཟས་སུ་བྱེད་པ་ཞིག་གོ༽ཤོ་པའི་ལུས་ལ་བཏགས་ནས་ཤོ་སྦག་རྒྱབ་ཚེ་ཐམས་བཅད་རྒྱལ་གྱི་ཡོད་པ་དམངས་ཁྲོད་དུ་བཤད་སྲོལ་ཡང་འདུགཤོ་པ་འགས་རྒྱན་བཙུགས་མི་བྱེད་པའམ་ཡང་ན་རྒྱན་ཐོབ་ཤོར་ལ་མི་གཏོས་པར་རང་ཉིད་ངལ་དུབ་སེལ་བའམ་སྤྲོ་སྣང་ལྡན་ཕྱིར་ཤོ་རྩེད་བྱེད་མཁན་ཡང་ཤིན་ཏུ་མང་ངོ་། །

བཅུ་གསུམ། མཇུག་བསྡུ་བ། བོད་ཀྱི་དམངས་ཁྲོད་ཤོ་རྩེད་ལ་ལོ་རྒྱུས་ཡུན་རིང་ལྡན་པས་དམིགས་བསལ་གྱི་ཕན་ནུས་དུ་མ་ལྡན་ཏེ་ལོ་ཆུང་བྱིས་པ་ཚོས་ཤོ་རྩེད་རྩེས་ཚེ་ཤོ་རྒྱག་དུས་ཤོ་རྩིས་གཏོང་དགོས་པས་ངེས་པར་དུ་བསམ་བློ་གཏོང་བའམ་ཀླད་པ་དཀྲུག་དགོས་ཙང་བསམ་བློ་གཏོང་རྒྱུར་སྦྱོང་བརྡར་ཐུབ་པས་སྤྱང་དུ་འགྲོ་ལ་ཤོ་བཤད་སྣ་མང་བློ་འཛིན་དང་གསར་རྩོམ་བྱ་དགོས་པ།ཤོ་བཤད་རྣམས་ངག་སྦྱོང་པོས་དེ་མ་ཉིད་དུ་བཤད་ཐུབ་པ་སོགས་དགོས་པའི་དབང་གིས་བློ་རིག་འཕེལ་བར་ནུས་པ་ཆེན་པོ་ཐོན་གྱི་ཡོད། ན་གཞོན་ཚོས་ཤོ་རྩེད་རྩེས་ན་ལས་ཀའི་ངལ་དུབ་སེལ་ལ་ཤོ་ལ་དབྱིངས་ཚུད་པས་སེམས་ཀྱི་སྡུག་བསྔལ་ བརྗེད་ནས་སྣང་བ་སྐྱིད་པོ་ཡོད་པའི་དགེ་མཚན་ལྡན།རྒན་རྒོན་རྣམས་ནས་ཤོ་རྩེད་རྩེས་ན་ཁེར་རྐྱང་གི་བསམ་མནོའི་དཀའ་སྡུག་སེལ་བ་དང་སྦྲགས་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད།དཔེར་ན་ལྷ་སའི་མཛད་སྤྲོད་ཇ་ཁང་ལྟ་བུར་མཚོན་ན་ཤོ་པ་ན་གཞོན་ཡོད་ལ་བགྲེས་སྲོང་ཡང་ཧ་ཅང་མང་པོ་ཕེབས་ཀྱི་འདུག་སྟེ་བགྲེས་སྲོང་འགའ་ཤས་ཤོ་རྩེད་གནང་བ་ཕུད་ཕལ་ཆེ་བ་ལྟད་མོ་བ་ཤ་སྟག་ཡིན་པ་ལས་མཚོན་ཐུབ་བོ། འོན་ཏེ་དེང་གི་དུས་སུ་བོད་རིགས་ཕལ་ཆེ་བས་རང་མི་རིགས་ཀྱི་ ཕུལ་བྱུང་རོལ་རྩེད་དག་རིམ་བཞིན་སྐྱུར་ཏེ་མི་རིགས་གཞན་གྱི་རོལ་རྩེད་ལ་ཡག་ཉེས་ཀྱི་དབྱེ་བ་མི་བྱེད་པར་དང་ལེན་བྱེད་པར་དགའ་བས་མཐར་གཏུགས་མི་མཛེས་པའི་མཇུག་འབྲས་དུ་མ་བྱུང་དང་བྱུང་བཞིན་ཡོད།དེ་འདྲ་ཡིན་དུས་སྐབས་རེ་ང་ཚོས་རང་མི་རིགས་ཀྱི་ཕུལ་བྱུང་རོལ་རྩེད་རྣམས་ལ་སྦྱང་པ་བྱེད་པའམ་བེད་སྤྱོད་གནང་ཚེ་དགའབའི་སྣང་བ་སྟེར་ལ་སྐྱིད་པའི་ཚོར་བའང་ངང་གི་ཡོང་སྲིད། དེ་ལྟར། ཆ་ཡོངས་སུ་ཚང་བའི་བོད་ཀྱི་དམངས་ཁྲོད་རོལ་རྩེད་ཤོ་ཡིས་རྩེད་ སྟངས་ཤིག་རྒྱུན་འཛིན་དང་།དར་སྤེལ་བྱ་རྒྱུ་ལ་སྐུལ་མ་ཡོང་བའི་རེ་བས་རྟ་ངན་རྒྱུག་གི་སྣ་འདྲེན་གྱི་དཔེ་ལྟར་རང་ནུས་ཅི་ཡོད་ཀྱི་ལྷག་བསམ་དཀར་པོས་བྲིས་པ་འདི་ལ་དགེ་མཚན་གང་མཆིས་བོད་ཀྱི་དམངས་ཁྲོད་ཤོ་རྩེད་ཀྱི་རྒྱུན་འདི་ཉིད་ དབྱར་དུས་ཀྱི་སྐྱིད་ཆུ་སྔོན་མོ་ཇི་བཞིན་རྒྱས་པའི་རྒྱུ་རུ་གྱུརད་ཅིག

 Monday, April 25, 2011 	

QQ:1393469460

དཔྱད་གཞིའི་དཀར་ཆག[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]

"https://bo.wikipedia.org/w/index.php?title=ཤོ།&oldid=130199"ལས་སླར་རྙེད་སོང།