ཤེས་རབ་སྙིང་པོ་

ཨོཾ་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བདག་ཉིད་གཞོམ་དུ་མེད་པ་ཉིད་ཡི་གེའི་རྣམ་པར་ཤར་བ་སྟེ། སྒྲའི་དབང་གིས་དོན་མང་པོ་ལ་འཇུག་ཀྱང་འདིར་སླད་ཀྱི་དམ་བཅའ་དང་བཀྲ་ཤིས་པའི་དོན་དུ་གཟུང་ངོ། [༡] [༢]ཨོཾ་ནི་སྐུ་རྡོ་རྗེའི་ས་བོན་ཡིན་ཞིང་། རྡོ་རྗེ་འཛིན་པའི་སྔགས་དོན་ཡང་གཞག་ཏུ་ཡོད་དེ། ཨོཾ་ལ་ཡི་གེ་ཨ་ཨུ་མ་གསུམ་ཡོད་པས། སྐུ་གསུང་ཐུགས་རྡོ་རྗེ་གསུམ་སོ་སོར་མཚོན། ཨ་ལ་ཨུ་བཅུག་པས་ཨོར་སོང་། དེ་ལ་མ་ཡིག་ཐིག་ལེར་བྱིན་པས་ཨོཾ་ཡིག་གཅིག་ཏུ་གྱུར་པས་ན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་མཚོན་པ་ཡིན་པའི་ཕྱིར། མཚོན་དོན་དེ་དྲན་པའི་སྒོ་ནས་ཨོཾ་ཞེས་ལན་གཅིག་བརྗོད་པས་ཀྱང་བསོད་ནམས་དཔག་ཏུ་མེད་པ་ལེན་པས་ནོར་བུ་འཛིན་པའི་སྔགས་ཞེས་བརྗོད་པ་ཡིན་ཏེ། རྒྱུད་རྡོ་རྗེ་རྩེ་མོ་ལས། "ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་དང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད།།" [༣] ཨཱོྃ་ནི་རབ་བསྔགས་ཏེ་ཐུན་མོང་ལྟར་ན་རྒྱུད་རྡོ་རྗེ་རྩེ་མོ་ལས། "ཨཱོྃ་ནི་ཅི་ཞིག་ཡིན་པར་བརྗོད། མཆོག་དང་ནོར་གཏེར་དཔལ་དང་གཡང་། །སྐལ་པ་བཟང་པོ་རྣམས་དང་ལྡན། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཞེས་གསུངས་པ་བཞིན་ནོ། ཐུན་མོང་མིན་པ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་གཞོམ་མེད་ཡི་གེའི་རྣམ་པར་ཤར་བ་སྐུ་ལྔའམ་སྐུ་གསུམ་སྐབས་འདིར་གཙོ་བོ་མཚོན་པའོ། །[༤][༥] == ཀློག་ཚུལ། == རྩོད་པ་སྤུང་བ། ཀློག་པའི་ཚེ་མཁས་རློམ་འགའ་ཞིག །ཨོཾ་གྱི་མ་དང་ཧཱུཾ་གི་ང་། །ཚིག་གྲོགས་དག་ལ་ལྟོས་པ་མིན། །ཞེས་ཟེར་ཏེ་ཨོམ་དུ་ཀློག་པར་བྱེད་ཅིང་བོད་ཕལ་ཆེར་དེའི་རྗེས་སུ་འབྲང་ཡང་མི་འཐད་དེ་རྗེས་སུ་ང་རོའི་སྔགས་ཀྱི་གཟུགས་བཤིགས་ནས་གཞན་དུ་འདོན་པར་སྣང་བའི་ཕྱིར་རོ། །སྒྲའི་གཞུང་དག་ལས་ཨོཾ་ལ་སོགས་པ་གཞན་ལ་མཚམས་མི་སྦྱོར་བར་བཤད་པ་ཡང་རྗེས་སུ་ང་རོ་བཤིགས་ནས་མཚམས་མི་སྦྱོར་བ་ཡིན་མོད། རྗེས་སུ་ང་རོ་མར་བཀླགས་ན་འབྲུ་གསུམ་ལྟ་བུར་ཨོ་མཱཿཧཱུྃ་ཞེས་བཀླག་དགོས་པས་མཚམས་སྦྱར་བ་ཀ་ཡིན་ཞིང་། གཞན་ཀ་སྡེ་ཕ་རོལ་ཨོཾ་ཀཱ་ར་ལྟ་བུར་མར་བཀླགས་ན་མཚམས་སྦྱོར་མི་སྦྱོར་གཉི་ག་དང་འགལ་བ་ཡིན་ནོ། ། རང་ལུགས་བཞག་པ། འོ་ན་རྗེས་སུ་ང་རོ་ཉིད་མ་ཉམས་པར་ཇི་ལྟར་ཀློག་དགོས་ཞེ་ན་འཕགས་ཡུལ་བའི་ངག་རྒྱུན་འདི་ལྟར་ཐོས་ཏེ། ང་རོ་སྣ་ལྡན་གྱི་ལུས་འགྱུར་ཡིན་པས་གདངས་ཀྱི་མཇུག་སྣར་སོན་པའི་ང་ཡིག་གི་མཐའ་ཅན་དང་ཕྱོགས་མཐུན་ཙམ་ཏུ་ཀློག་པ་ལས་ང་ཡིག་དངོས་ཀྱི་སྒྲ་གཏན་མེད་པ་ཞིག་སྟེ་ཨོ་འོད་ཟེར་བ་ལྟ་བུར་ཀློག་དགོས་སོ།། [༦]
== རྩོམ་ཁུངས། ==
སི་ཏུ་ཆོས་ཀྱི་འབྱུང་གནས།, ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་།, ཤིང་པར།, པོད་༦, ཤོག་གྲངས། ༡, Wikisource. [1][2]
པཎ་ཆེན་བློ་བཟང་ཆོས་རྒྱན།, ཡིག་བརྒྱའི་འགྲེལ་པ།, ཤིང་པར།, ཤོག་གྲངས། ༡, Wikisource. [3][4]
དཔལ་ལྡན་ཤེས་རབ།, ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།, ཤིང་པར།, པོད་༡, ཤོག་གྲངས། ༡, Wikisource. [5][6]